Wb/bo/བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།

From Wikimedia Incubator
< Wb‎ | boWb > bo > བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།

== བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།

གངས་ཅན་འགྲོ་བའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོའི་འཁྲུངས་རབས་རྟོགས་བརྗོད་མདོ་ཙམ་བཀོད་པ་ཛམྦུའི་གསེར་གྱི་སྙེ་མ། བྱམས་བརྩེ་ཀུན་གསལ་འགྲམ་པའི་ཐིག་ལེ་ངོས། ། མ་སྒྲིབ་སྤྱན་དཀྱུས་ཉི་ཟླའི་རྣ་ཆ་འཆང༌། ། གཡོལ་མེད་ཐུགས་བསྐྱེད་འོད་སྣང་གསལ་བའི་དཔྱིད། ། གྲུ་འཛིན་ཞིང་གི་མགོན་པོས་སྣང་བ་སྩོལ། ། ཡེ་ཤེས་ལུས་ཅན་འཇམ་དཀར་གཞོན་ནུ་དང༌། ལྷན་ཅིག་དགའ་བཞིའི་དཔལ་ལ་རྩེན་པ་ཡི། བདེ་ཆེན་ནུ་འབུར་དར་བའི་མཚོ་བྱུང་ལྷ། སྒྲ་ལྡན་སྒེག་མོས་སྨྲ་བའི་ཤིས་པ་སྒྲུབས། ། རིང་ནས་གྲུ་འཛིན་མགོན་དེའི་སྤྲུལ་པའི་རབས། ། རྨད་བྱུང་ལི་ཤིའི་ཡལ་འདབ་ལ་ཟོས་པས། ངོ་མཚར་རྟོགས་བརྗོད་དྲི་བཟང་མངར་མོའི་གཏེར། ། འགྱེད་པའི་ཚུལ་འདིར་ཤེས་ལྡན་སུ་ཡིས་བཤུང༌། ། བྱེ་བ་ཕྲག་བརྒྱའི་ཀླུང་བཞིའི་རྡུལ་སྙེད་དང༌། ། འགྲོགས་པའི་སྤྲུལ་རབས་ངོ་མཚར་མཐའ་ཀླས་པ། ། དེ་ཀོ་རེ་རེའི་རྣམ་པར་ཐར་པའི་ཚུལ། ། བརྗོད་ལ་མཚོ་བྱུང་ལྷ་ཡང་ངལ་བ་འཛིན། ། དེ་སླད་འདི་ན་མཐོང་ཐོས་དྲན་པའི་ངོར། ། གང་ཞིག་གསལ་བའི་སྤྲུལ་རབས་འགའ་ཞིག་ཙམ། ། བསྔགས་བརྗོད་ཛམབུའི་གསེར་གྱི་ཁྲིར་བསུས་ཏེ། ། དོན་ལྡན་ངག་གི་བརྗོད་པའི་སྒོ་འཕར་དབྱེ། ། གཞན་སྡེའི་ངག་གི་ཅ་ཅོ་མ་བསྡམས་པའི། ། ཉེས་པའི་རབ་རིབ་གྲིབ་མས་མ་བསླད་པར། ། འཁྲུངས་རབས་ཟླ་བ་དཀར་པོའི་ཕྲེང་བ་འདི། ། ཁ་བའི་མེ་ཏོག་མཛེས་པའི་རྒྱན་དུ་བསྟར། ། གྲུ་འཛིན་བདེ་ཆེན་དག་པའི་ཞིང་ཁམས་ནས། ། ཐུགས་བསྐྱེལ་སྤྱན་གྱི་བུང་བའི་ལྡིང་བསྐོར་གྱིས། ། གངས་རིའི་འདབ་མ་གྲོལ་བའི་གསིལ་ལྡན་ཞིང༌། ། འཕུར་ལྡིང་རྩེན་པའི་སྐྱེས་རབས་མཚར་དུ་དངར། ། ༈ གཞན་ཕན་ཐུགས་བསྐྱེད་དྲི་བཞོན་དང་འགྲོགས་ཏེ། ། མ་སྨད་གཏོང་སེམས་རྒྱ་མཚོའི་རླབས་གཡོ་བས། ། འགྲོ་ཀུན་སྦྱིན་པའི་སྟོབས་ཀྱིས་དབང་བསྒྱུར་བ། ། འཇིག་རྟེན་དབང་ཕྱུག་གྲགས་པ་དོན་དང་ལྡན། ། ༡རྨད་བྱུང་ཚངས་སྤྱོད་ཛམྦུའི་ཡལ་འདབ་ལ། ། དགེ་ལེགས་དྲི་བསུང་མངར་མོ་འཁྱིལ་བའི་གཏེར། ། སྟོན་པའི་མདུན་སར་ཁྱེའུ་གསལ་བ་ཞེས། ། ་ལུང་གི་སྣང་བ་དཀར་པོའི་འོད་ཞགས་འཆང༌། ། ༢སེར་སྐྱའི་སྲིད་པའི་སྤྲིན་རུམ་ལས་འཛུམ་ཞིང༌། ། ཚངས་སྤྱོད་མཚམས་སྤྲིན་གསར་པའི་ཁ་དོག་འཆང༌། ། རྩེ་གཅིག་སྒྲུབ་པའི་དཀྱིལ་འཁོར་ཡོངས་རྫོགས་པ། །ཁྱེའུ་སྣང་བ་བདེ་འབྱུང་གཙུག་གི་རྒྱན། ། ༣ཀོའུ་ཤམ་བྷི་ཡི་རྒྱལ་སྲིད་འདམ་བ྄ུའི་ཚལ། ། མ་ཆགས་སྤྱན་གྱི་ཨུཏྤལ་འདབ་ཡངས་པོ། ། ཚངས་སྤྱོད་དྲི་བསུང་དང་འགྲོགས་གངས་རིའི་ཚལ། ། འཕེན་མཛད་ངོ་མཚར་རྒྱ་མཚོའི་རྣམ་ཐར་འཆང༌། ། ༤ལེགས་ཉེས་འབྱེད་པའི་རྣམ་དཔྱོད་རྟ་གདོང་མེས། ། མུ་སྟེགས་བསྟན་པའི་ཚང་ཚིང་བསྲེགས་དང་ལྷན། ། ཡངས་པ་ཅན་དུ་བསྟན་པའི་སྐྱེད་ཚལ་སྤེལ། ། ལྷར་བཅས་ཀུན་ཏུ་དགའ་བའི་ལེགས་སྐྱེས་བཟང༌། ། ༥མི་སྲུན་རྒྱལ་པོ་སྦྱིན་པའི་སྟོབས་ཀྱིས་བཏུལ། ། དགྲ་བཅོམ་ཐུགས་རྗེ་སྤྲིན་གྱི་མེ་ཏོག་འཐུང༌། ། ལྷ་ཆེན་རལ་པར་ཞབས་སྐྱེས་རི་མོ་སྦྱིན། ། ལྷ་སྐྱེས་དྲང་སྲོང་ལྷུང་བའི་ནགས་ན་མཛེས། ། ༦བདེ་ལྡན་གྲོང་དུ་མཚན་དཔེའི་མེ་ཏོག་བཞད། ། ཨོ་རྒྱན་ཡུལ་དུ་རྟོགས་པའི་ཟེའུ་འབྲུ་སྨིན། ། གངས་ཅན་བོད་དུ་ལུང་གི་བསེར་བུ་གཡོ། ། དཀོན་མཆོག་བླ་མར་འཛིན་པའི་འབངས་དེར་བསྔགས། ། ༧མི་ཕྱེད་དད་པ་བརྟན་པོའི་གོ་ཆ་བགོས། ། བྱམས་སྙིང་ཐེག་པ་མཆོག་གི་ཉག་ཕྲན་རྣོ། ། མི་སྲུན་ཕག་རྒོད་བསྒྲལ་ནས་བྷང་ག་ལར། ། དམ་ཆོས་སྣང་བ་འགྱེད་པའི་རྟོགས་བརྗོད་རིང༌། ། ༨སྟོབས་ཀྱི་དཔུང་པས་རྒྱལ་ཐབས་བརྟན་པོའི་འཕྲུལ། ། སྡེ་བཞིའི་དཔལ་གྱི་འགྲམ་པའི་ཐིག་ལེ་ངོས། ། ཆོས་བཟང་ཞིང་གི་དགའ་སྟོན་བསུ་བ་ལ། ། དཔལ་གྲུབ་དར་གྱི་གཡབ་མོའི་ཟོལ་དུ་བསྒྱུར། ། ༩ས་སྐྱོང་སངས་རྒྱས་དཔའ་བོའི་རུས་སུ་བལྟམས། ། མི་ཕྱེད་དད་པ་བརྟན་པོའི་གཤོག་རྩལ་ཡངས། ། ནུབ་ཕྱོགས་གྲུ་འཛིན་དག་པའི་ཞིང་དུ་་ནས། ། ཐུགས་བསྐྱེད་ཞགས་པ་གངས་རིའི་ཁམས་སུ་བསྲིངས། ། ༡༠རྣོ་དབལ་མཚོན་དང་འགྲོགས་པའི་བློ་གྲོས་ཀྱིས། ། མི་སྲུན་སྦྲུལ་ནག་དུམ་བུར་གཏུབས་དང་ལྷན། ། ལང་ཚོའི་འཕེལ་ཁ་དར་བའི་རྒྱལ་ཐབས་འཕྲུལ། ། དགེ་ལེགས་རྫོགས་ལྡན་གསར་པའི་མགྲོན་དུ་བསུས། ། ༡༡ཤཱཀྱ་བཤེས་གཉེན་མཁས་པའི་ཞབས་སེན་བསྟེན། ། རྡོ་རྗེ་གདན་དུ་དཀའ་སྤྱད་འབད་པས་སྒྲུབ། ། མུ་སྟེགས་ཁེངས་འཕྲོག་ཁྱེའུ་དགའ་འཛིན་ཞེས། ། དཀོན་བརྩེགས་ལུང་གིས་བསྔགས་པ་དོན་དང་ལྡན། ། ༡༢ཞི༷་བ་ལྷ་དང་ཞི་བའི་དགེ་མཚན་གླེང༌། ། ཆོས་མཆོག་མདུན་སར་ཆོས་ཀྱི་རྒྱལ་མཚན་འཆང༌། ། དགེ་བསྙེན་སྤྱོད་པས་དགེ་མཚན་རི་མོ་འབུར། ། བཙུན༷་པའི་དབུས་ན་དགེ་བསྙེན་བཙུན་པ་མཛེས། ། ༡༣སྲིད་ལས་སྐྱེས་ཀྱང་སྲིད་ལ་མ་ཆགས་པར། ། ཀ་ལན་ཏ་ཀ་སྤྲུལ་པའི་མན་ངག་ལས། ། དགེ་སློང་དགེ་འདུན་དབུས་སུ་རབ་བྱུང་བའི། ། ནོར་བུ་བཟང་པོ་ནོར༷་བུ་དངོས་འདྲ་དྲན། ། ༡༤སྒྲ་ཚད་སྐྱེས་སྦྱངས་རིག་པའི་འོད་རྣོན་གྱིས། ། ཕས་རྒོལ་མུན་པའི་དཔུང་ཚོགས་འཇོམས་དང་ལྷན། ། མཁའ་སྤྱོད་གྲུབ་པས་མཁའ་ལ་བྱ་བཞིན་གཤེགས། ། ཁྱེའུ་ཟླ་བ་ཟླ་བ་དངོས་དང་འདྲ། ། ༡༥མངལ་གྱི་ཐེམ་པ་བརྒལ་བའི་མོད་ཉིད་ལ། ། བསྟན་པ་རིན་ཆེན་མཆོག་གི་སྙིང་པོའི་ཆོས། ། བདེན་བཞིའི་བླང་དོར་གསལ་བའི་ལེགས་བཤད་ཀྱིས། ། སྒྲ་ལྡན་གྲོང་དུ་ཤིས་པའི་དགེ་མཚན་བསྙིལ། ། ༡༦ལྔ་རིག་སྨྲ་བ་བ་སུ་བན་དྷུ་ཡི། ། ཞབས་སྐྱེས་རི་མོ་དཔྲལ་བ་ལ་བཀོད་པས། ། ཁྱེའུ་དུས་ནས་ལུས་ཅན་སྐྱོབ་བྱས་པའི། ། མཁྱེན་བརྩེ་པདྨ་དཀར་པོའི་འདབ་ལྟར་རྒྱས། ། ༡༧སྐྱེས་མ་ཐག་ནས་མི་སྲུན་ཀླུ་བདུད་བྲོས། ། ཁྱེའུའི་དུས་ནས་ཚངས་སྤྱོད་བརྟུལ་ཞུགས་འཆང༌། ། སྦྱིན་པའི་འོད་ཀྱི་ཟེར་མ་རེ་རེས་ཀྱང༌། ། ཐར་པའི་མགྲོན་དུ་འགུགས་པའི་རྣམ་ཐར་བཟང༌། ། ༡༨གཏིང་རིང་སྲིད་པའི་མེ་དོང་རྒྱབ་ཏུ་བསྐྱུར། ། བཤེས་མཆོག་ཀུན་བཟང་དགྱེས་པའི་མན་ངག་འཐུང༌། ། བྱམས་སྙིང་ཐེག་པ་མཆོག་གི་རྩེ་ན་འཛེགས། ། བསླབ་གསུམ་འཕགས་ནོར་འཛིན་པའི་སྤྲུལ་པ་མཚར། ། ༡༩སྤྱོད་མེད་བདུད་ཅན་རྒྱལ་པོའི་དཔུང་དང་བཅས། ། དྲེགས་པའི་ང་རྒྱལ་ས་ལ་བསྙིལ་བའི་ཚུལ། ། ཝ་སྐྱེས་ཚོགས་པའི་མདུན་སར་སེང་གེ་དང༌། ། མཚུངས་པའི་སྒྲ་ཆེན་དབྱར་སྐྱེས་རྔ་དང་འདྲེས། ། ༢༠བསམ་བཞིན་རིགས་ངན་བུ་ཡི་སྐྱེ་བ་འཛིན། ། གདུག་པའི་ཀླུ་ཚོགས་བ་ལང་ཟོལ་དུ་སྐྱོང༌། ། གདུག་སྦྲུལ་སྟག་སེང་ཆོ་འཕྲུལ་གཞོམ་དང་ལྷན། ། རྡོ་འཇོག་རྒྱལ་སར་འཛེགས་པའི་ལེགས་བྱས་མང༌། ། ༢༡དམན་པའི་རང་དོན་ཉིད་བྱེད་བློ་དོར་ཏེ། ། ཕྱུགས་རྗི་ལྟ་བུའི་སེམས་ཀྱིས་ལུས་ཅན་ཀུན། ། སྐྱོབ་པའི་ས་སྐྱོང་ལྷ་ཡི་རྒྱལ་པོ་ཞེས། ། དཱི་པཾ་ཀ་རས་བསྔགས་པའི་མེ་ཏོག་འཐོར། ། ༢༢བས་མཐའི་ནགས་ཁྲོད་ལྕེ་སྤྱང་གཏུམ་པོ་ལ། རང་ཤ་རྗེན་པ་རྩྭ་བཞིན་བཅད་དེ་བཏང༌། ། དགེ་ལ་འདུན་པ་འཕེལ་བའི་སྐྱེས་མཆོག་དེས། ། ཐུགས་རྗེའི་སྤྱན་ཞགས་གངས་ཅན་ཞིང་དུ་བསྲིངས། ། ༢༣འཕགས་པའི་ཡུལ་ནས་བསམ་བཞིན་མདོ་ཁམས་བྱོན། ། ཞི་དུལ་སྤྱོད་པས་དགེ་སློང་གྲོགས་སུ་མོན། ། གདུག་ཅན་མིག་མང་བསྒྲལ་བའི་སྙན་པ་འཆང༌། ། ཕོ་རེང་པོ་ཞེས་བྱ་བའི་ར་ཛཱ་བསྔགས། ། ༢༤ཀ་ཤིའི་གྲོང་ཁྱེར་པདྨའི་རིགས་སུ་འཁྲུངས། ། མི་སྲུན་མཛའ་མོ་སྤྲེའུའི་གནས་ལ་བཀོད། ། སྡེ་བཞིའི་དཔལ་གྱི་འདབ་མ་གྲོལ་བ་ཡིས། ། མི་དབང་གེ་སར་མངའ་རིས་བུང་བའི་དཔྱིད། ། ༢༥སེར་སྣས་འཁྲུགས་པའི་སེམས་ཀྱི་གསོ་བྱེད་མཁན། ། རྫོགས་ལྡན་ནགས་ཀླུང་འགྲིམས་པའི་ས་མཁན་མཆོག ། ལེགས་ཉཻས་བླང་དོར་བསྟན་པའི་སྨྲ་བརྗོད་བདེ། ། སྤྲུལ་པའི་རི་བོང་དར་མའི་རྟོགས་བརྗོད་སྙན། ། ༢༦ལང་ཚོ་ལོ་བརྒྱད་བྱིས་པ་ལ་གནས་ཀྱང༌། ། བློ་གྲོས་རྒན་པོར་ཕལ་གྱིས་འགྲན་ནུས་མིན། ། ཡེ་ཤེས་མཁའ་འགྲོ་བརྩེ་དགའི་གྲོགས་བསུས་ཏེ། ། བདེ་ཆེན་མཁའ་སྤྱོད་དག་པའི་ཞིང་དུ་དེངས། ། ༢༧ཟིལ་ཟིལ་བུང་བའི་གདུང་དབྱངས་ཐོས་པའི་གཏམ། ། རྫུན་དུ་བགྲངས་ནས་ཁྲིམས་མུན་བསྐྱུར་ན་ཡང༌། ། བདེན་པའི་འོད་ཐིག་བབ་པའི་རྫི་བོ་གང༌། ། གདེངས་ཅན་ནོར་བུའི་ཏོག་གིས་ཞབས་སེན་བཏེགས། ། ༢༨གཙང་ལྡན་བྲམ་ཟེ་རིགས་སུ་གནས་ན་ཡང༌། ། གཞན་ཕན་རིན་ཆེན་སེམས་ཀྱིས་རྒྱུད་དྲངས་ཏེ། ། མི་གཙང་མཛེ་མོ་གཡོག་པའི་བྲན་བྱས་པའི། ། མཆོག་གི་མཛད་པ་རླབས་ཆེན་སྤྱོད་པའི་རྒྱན། ། ༢༩དཔལ་གྱི་ཡང་མགུལ་བསམ་གཏན་དབེན་པའི་རིར། ། མི་ནུབ་སྒྲུབ་པའི་རྒྱལ་མཚན་འཛུགས་དང་ལྷན། ། མི་སྲུན་ཕྱུགས་དང་འདྲ་བའི་ཕྱུགས་རྫི་ཡང༌། ། བཟང་པོའི་གནས་ལ་བཀོད་པའི་རྣམ་ཐར་གཙང༌། ། ༣༠རྣམ་རྟོག་ལྕེ་སྤྱང་འདུར་བའི་དུར་ཁྲོད་ན། ། བདག་ལྟའི་རི་བོ་འཇོམས་པའི་རྣལ་འབྱོར་པ། ། བྱམས་སྙིང་མཚོན་ཆས་ཤ་ཟ་བསྒྲལ་བྱས་ཏེ། ། ཞིང་སྐྱེས་ཕྱག་རྒྱར་འཁྱུད་པའི་རྟོགས་བརྗོད་རིང༌། ། ༣༡ཟངས་གཤོག་འདབ་ལྡན་ཉག་ཕྲན་གཅིག་གིས་ཀྱང༌། ། མ་རུང་མཐའ་འཁོབ་རྒྱལ་པོའི་དཔའ་བཀོང་སྟེ། ། འོད་སྟག་སྐྱོབ་པའི་རླབས་ཆེན་སྤྱོད་པའི་དཔལ། ། གླིང་ཕྲན་རྒྱལ་པོའི་མཛད་པ་བརྗོད་ལས་འགོང༌། ། ༣༢མི་བརྟན་མཛའ་བོའི་བསླུ་ཞགས་བྱུར་འདྲེན་དང༌། ། ལྷན་ཅིག་གཅོད་པའི་ཐབས་མཁས་འདབ་ཆགས་བྱ། ། སྲོ་ལོང་ཀུན་ཏུ་རྒྱུ་ཞེས་བྱ་བ་དེའི། ། ལེགས་ཉེས་རྣམ་པར་འབྱེད་པའི་ཚངས་ཐིག་དྲང༌། ། ༣༣མི༷་དང་ཀླུ་ཡི་གདུང་བ་སེལ་བའི་ཆེད། ། མི་གཙང་གླང་རོ་ཁྲོན་པ་ལས་བཏོན་ཅིང༌། ། མི་སྲུན་བློན་པོའང་བདེ་བའི་གནས་བཀོད་པར། ། མི་རྗེ་རྒྱལ་པོ་སྐྱབས་སྦྱིན་འདྲ་བ་དཀོན། ། ༣༤པད་འབྱུང་གསང་གསུམ་ཆེ་བ་འདོན་པའི་ཕྱིར། ། ལྷ་ལྕམ་བཤོས་པར་བསྙོན་ནས་མེར་བསྲེགས་ཀྱང༌། ། ཚུར་མཐོང་ཆུ་བུར་མིག་གིས་མཐོང་སྣང་ལས། ། གཙུག་ལག་འཛིན་པས་ཉེས་ཞེས་སུ་ཡིས་སྨྲ། ། ༣༥བྱང་ཆུབ་སེམས་དཔའ་ཞི་འཚོ་འཁྲུངས་པའི་གདུང༌། ། དི་པྃ་ཀ་ར་ཤྲི་ཛྙ་ནའི་ཡབ། ། ཟ་ཧོར་རྒྱལ་པོ་ས་སྐྱོང་དགེ་བ་དཔལ། ། འབུམ་ཕྲག་ཉེར་བདུན་གྲོང་གི་དབུས་ན་མཛེས། ། ༣༦ ༈ རིགས་ཀྱི་ལྟེ་ཁྲག་སྤོ་བོ་སྒང་དུ་འཕོས། ། སྟོབས་ཀྱི་དཔུང་པས་ཡར་ཀླུང་དབང་དུ་བསྒྱུར། ། དབུས་ཕྱོགས་བོད་འབངས་གཉའ་བར་ཁྲི་བཅས་པའི། ། བོད་རྒྱལ་ཐོག་མའི་མཚན་གྱི་སྙན་པ་འཆང༌། ། ༡སྤུར་རྒྱལ་རིགས་སུ་འོམ་ཐང་སྨན་མཚོར་འཁྲུངས། ། རུ་ལས་སྐྱེས་དང་ལྷ་བུ་དར་དཀར་བསྟེན། ། ལོང་ངམ་བསྒྲལ་ནས་སྐུ་མཁར་སྟག་རྩེ་བརྩིགས། ། ཨེ་ཤོ་ལེགས་ཀྱི་སྙན་པ་གཞན་ལས་ཆེ། ། ༢བོད་རྗེ་ཟ་ནམ་ཟིན་སྡེའི་སྲས་སུ་འཁྲུངས། ། གཤེན་སྟོན་མཚོ་མི་ཀུན་སྣང་དབུ་བླར་བསྟེན། ། ཆུ་ཡི་སྡེ་བརྒྱད་རོལ་པའི་མཚོ་ཆེན་དབུས། ། ལྡེ་འཕྲུལ་ནམ་གཞུང་ལྷུན་པོའི་སྤོ་ལྟར་མཐོ། ། ༣ས་བཙུན་སྙན་རྗེའི་པང་ནས་ལང་ཚོ་དར། ། སྐུ་བོན་ད་ས་ཧ་རི་གཙུག་ཏུ་བཀུར། ། ལྡེ་རྒྱལ་ཆེན་པོའི་དཔའ་མཛངས་རྟུལ་ཕོད་རླབས། །ཆུ་ཡི་ལྡེ་བརྒྱད་གྲགས་པའི་དབུས་ན་མཛེས། ། ༤ཁྲི་བཙན་སྲས་སུ་སྨན་བཟང་ཁྲི་དཀར་བལྟམས། ། ཞང་ཞུང་སྐུ་བོན་མི་ཧ་ལ་ལ་བསྟེན། ། ས་སྐྱོང་མི་དབང་ཁྲི་སྒྲ་དཔུང་བཙན་རྗེ། ། སྟོབས་ཀྱི་ཆབ་སྲིད་བརྟན་པའི་དབུ་རྨོག་བཙན། ། ༥གངས་རིའི་དོ་ཤལ་རྒོད་པའི་མཛའ་ན་མོ། ། གཏན་བདེ་ཐར་པའི་ལམ་བཟང་གསལ་བའི་འཕྲུལ། ། དམ་ཆོས་སྣང་བ་ཐོག་མར་བསུས་པའི་མགོན། ། ཐོ་རི་གཉན་བཙན་གྲགས་པའི་བ་དན་དཀར། ། ༦སྟོབས་ཀྱི་དཔུང་པས་ས་ཆེན་དབང་དུ་བསྒྱུར། ། སྡེ་བཞི་སྲིད་ཀྱིས་རྫོགས་ལྡན་མགྲོན་དུ་བསུས། ། ཆོས་རིག་སྣང་བ་གསར་པའི་ཤིས་པ་སྒྲུབ། ། སྲོང་བཙན་སྒམ་པོའི་མཛདརྗེས་བརྗོད་ལས་འགོང༌། ། ༧དྲག་པོའི་རྒྱལ་ཐབས་བཙན་པོས་དགྲ་སྡེ་འཇོམས། ། ལི་ཡུལ་ལན་ཀྲི་ཟུང་ཆུ་བྲན་དུ་བསྡུས། ། སྐུ་སྲོག་འཇང་གི་གཡུལ་སར་བསྐྱལ་པའི་བུ། ། དཔའ་བོའི་ཁྱུ་མཆོག་འདུས་སྲོང་མང་པོ་རྗེ། །༨འཕགས་པའི་ཡུལ་ནས་མཁན་སློབ་དུ་མ་དྲངས། ། གངས་ཅན་བོད་དུ་མདོ་སྔགས་ཟུང་འབྲེལ་སྤེལ། ། མཐའ་བཞིའི་ཁྱོན་ལ་ལུང་གི་ཕོ་ཉ་འགྲིམས། ། ཁྲི་སྲོང་ལྡེ་བཙན་བཀའ་དྲིན་གཞན་ལས་ཆེ། ། ༩མངའ་བདག་རྒྱལ་པོའི་ཁྲི་ཡི་སྟེང་འགྱིངས་ཀྱང༌། ། དབུ་སྐྱེས་རལ་པ་བཙུན་པའི་གདན་དུ་བཏིང༌། ། རྒྱ་ཡུལ་རྒྱ་སྐྱིད་བོད་ཡུལ་བོད་སྐྱིད་པའི། ། རྩ་ཚིག་རྡོ་རིང་བསླངས་པའི་མཛད་རྗེས་ཟབ། ། ༡༠ ༈ གྲུ་འཛིན་ཞིང་ནས་སྤྲུལ་པའི་འོད་ཞགས་བསྲིངས། ། བསྟན་པའི་སྙིང་པོ་ལྷ་ཆོས་བདུན་ལྡན་འཆང༌། ། བཀའ་གདམས་བསྟན་པའི་མེས་པོ་འབྲོམ་སྟོན་ཞེས། ། གངས་ཅན་མཁས་རྒུས་བསྔགས་པའི་གླིང་བུ་སྙན། ། ༡པད་འབྱུང་ཞལ་རས་མིག་གི་བདུད་རྩིར་སྨིན། ། སྔ་ཕྱིའི་སྐྱེ་བ་ལག་མཐིལ་རྫས་བཞིན་གསལ། ། ཉེ་རྒྱུད་གཏེར་མའི་མང་ཆང་འགྱེད་པ་ལ། ། ཉང་གི་རུས་འཁྲུངས་ཉི་མ་འོད་འདྲ་དཀོན། ། ༢བདེ་སྟོང་དབྱིངས་ནས་རྡོ་རྗེ་སེམས་དཔའ་མཇལ། ། ཟབ་གཏེར་བརྒྱ་རྩ་འགྲོ་བའི་དཔལ་དུ་འགྱེད། ། གསུང་སྤྲུལ་ག་རུ་ཆོས་ཀྱི་དབང་ཕྱུག་མཆོག ། རྫོགས་ཆེན་རིག་འཛིན་འདུས་པའི་གྲལ་མགོར་མཛེས། ། ༣སྒྲ་ཚད་གསོ་བཟོ་ཐེག་པ་རིམ་དགུ་དང༌། ། རིང་བརྒྱུད་བཀའ་དང་ཉེ་བརྒྱུད་གཏེར་མའི་ཚུལ། ། སྨྲ་བའི་དབང་ཕྱུག་མངའ་རིས་པཎ་ཆེན་ལ། ། འཕགས་ཡུལ་མཁས་གྲུབ་བྱེ་བས་འགྲན་ནུས་མིན། ། ༤རོང་མདོའི་ཆུ་ཆེན་འགྲམ་པའི་ཐིག་ལེ་ངོས། ། དྲག་ཤུལ་སྤྱོད་པ་རིགས་བཞིའི་རྟགས་འཆང་བ། ། རྟོགས་ལྡན་སྐྱེས་བུ་ཆོས་རྒྱལ་དབང་པོའི་སྡེ། ། རྫོགས་ཆེན་བདུད་རྩི་མཆོད་ཡོན་ཀློང་ན་འཁྱིལ། ། ༥འཁོན་རིགས་ལྷ་ལམ་མཚན་དཔེའི་ཟླ་བ་བཞད། ། ཞི་བསིལ་བདུད་རྩིས་རྒྱལ་ཁམས་བདེ་ལ་བཀོད། ། འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་མཚན་འཆང༌། ། འཕགས་ཆེན་དམ་པའི་རྣམ་ཐར་བརྗོད་ལས་འགོངས། ། ༦འཕགས་བོད་འཛིན་མའི་ས་མཚམས་བལ་པོའི་ཡུལ། ། ལྔ་རིག་མགྲིན་མཚོར་འཁྱིལ་བའི་པབྱབྱི་ཏ། ། པདྨ་བཛྲ་ཞེས་བྱ་སྙན་པའི་མཚན། ། འགོག་མེད་ཀུན་གསལ་འགྲམ་པའི་ཐིག་ལེར་འཛིན། ། ༧ནུབ་ཕྱོགས་ཀ་ཤི་སྨི་རའི་ཞིང་ཁམས་ནས། ། བྱང་ཕྱོགས་ནོར་ལྷའི་དངོས་གྲུབ་འགུག་པའི་འཕྲུལ། ། ཏིང་འཛིན་ཀྱོ་ལྡན་ཁ་ཆེ་དགོན་པ་བ། ། འཕགས་ཡུལ་གྲུབ་རིགས་རྒྱལ་མཚན་འཆང་བའི་རྒྱན། ། ༨འཁོན་རིགས་དཀོན་མཆོག་རྒྱལ་པོའི་སྲས་སུ་བལྟམས། ། མང་ཐོས་སྒྲུབ་པའི་རྒྱལ་མཚན་བླ་ན་སྒྲེངས། ། གྲུབ་པའི་སར་གཤེགས་ཀུན་དགའ་སྙིང་པོ་རྗེ། ། ཐུབ་པའི་རྒྱལ་ཚབ་ས་སྐྱའི་བསྟན་པའི་རྒྱན། ། ༩ཞང་གི་རུས་འཆང་གུང་ཐང་གདན་ས་པ། ། སྐྱེས་མཆོག་འགྲོ་བའི་མགོན་པོ་གཡུ་བྲག་པས། ། འཛམ་གླིང་བྱེ་བ་ཕྲག་བརྒྱ་རེ་རེར་ཡང༌། ། སྤྲུལ་པ་འགྱེད་པའི་ངོ་མཚར་གཏམ་རྒྱུད་མང༌། ། ༡༠ཚངས་སྤྱོད་ཁྲིམས་ལ་གནས་པས་ཀུན་སྤྱོད་བཙུན། ། ཕག་གྲུའི་བྱིན་རླབས་སྙིང་ལ་ཞུགས་པས་མཁས། ། གཡའ་བཟང་གདན་སར་ཕྱག་ཆེན་སྤེལ་བས་བཟང༌། ། བཀའ་བརྒྱུད་རིང་ལུགས་འཆང་བའི་རྣམ་ཐར་གཙང༌། ། ༡༡སུམ་པའི་སྲས་སུ་སྙེ་མོ་རྒྱལ་དུ་བལྟམས། ། གསོ་བྱེད་གཡུ་ཐོག་གྲུབ་པའི་མན་ངག་འཆང༌། ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཡེ་ཤེས་ཀློང༌། ། ནད་འཇོམས་འཚོ་བྱེད་སྨན་གྱི་གཟུངས་ཐག་འཛིན། ། ༡༢སྐྱིད༷་སྨད་སྐྱིད༷་ཆུའི་འགྲམ་དུ་སྲིད་པ་འཛིན། ། ལྷ་སར་ལྷ་འདྲེ་མི་གསུམ་བྲན་དུ་བཀོལ། ། ར་ཆེན་རགས་རྡོ་ར་སྤུ་འུར་རྡོས་དེད། ། ལྷ་རྗེ་དགེ་འབུམ་ལ༷ྷ་ཡི་འཕྲུལ་འདྲ་དྲན། ། ༡༣བྱང་ཕྱོགས་ཐུབ་པའི་ྋརྒྱལ་ཚབ་ས་སྐྱ་བའི། ། ལུགས་བཟང་བདུད་རྩི་འཁྱིལ་བའི་བློ་གྲོས་ཟབ། ། ལྷག་པའི་ལྷ་ཚོགས་འབུམ་གྱི་ཞལ་གཟིགས་གསལ། ། ལམ་འབྲས་བསྟན་པའི་རྒྱལ་མཚན་སླར་ཡང་བསྒྲེངས། ། ༡༤མཚན་དཔེའི་མཛེས་སྐུ་རིན་ཆེན་འབྱུང་གནས་གཏེར། ། བརྩེ་ཆེན་མཁྱེན་རབ་ནམ་མཁའི་མཐའ་དང་འགྲོགས། ། འཕྲིན་ལས་བཟང་པོས་ཆོས་རྗེ་ས་སྐྱ་པའི། ། མི་ནུབ་བསྟན་པའི་རྒྱལ་མཚན་དབྱིངས་ནས་བསྒྲེངས། ། ༡༥ ༈ རྒྱལ་བ་གཉིས་པའི་ཞབས་སྐྱེས་འཁོར་ལོའི་རྡུལ། ། མི་ཕྱེད་དད་པས་གཙུག་ཏུ་བཀུར་བ་ནས། ། དགེ་ལྡན་རིང་ལུགས་འདུན་པའི་སྐྱེས་མཆོག་གང༌། ། མཁས་གྲུབ་བྱེ་བ་ཕྲག་བརྒྱའི་གཙུག་ན་འཛེགས། ། ༡ཐུབ་བསྟན་སྙིང་པོ་ཞྭ་སེར་རིང་ལུགས་སྲོལ། ། དགེ་ལྡན་བསྟན་ལ་གཅིག་ཏུ་འདུན་པའི་སྡེ། ། མཁྱེན་བརྩེ་ནུས་པས་ཚུལ་བཞིན་སྐྱོང་བ་ཡིས། ། མགོན་ཁྱོད་འཕྲིན་ལས་རྒྱ་མཚོའི་རླབས་དང་འགྲོགས། ། ༢བརྩེ་ཆེན་བསོད་ནམས་དཔུང་པའི་ཟུར་རེས་ཀྱང༌། ། རྒྱ་ཧོར་ཆེ་རྒུའི་དྲེགས་པ་སར་བསྙིལ་ཏེ། ། ཐུབ་བསྟན་རྒྱ་མཚོའི་སྙིང་ནོར་ཞྭ་སེར་བའི། ། རིང་ལུགས་ཕྱོགས་མཐར་སྤེལ་བའི་རྣམ་ཐར་བཟང༌། ། ༣མོང་གོལ་རིགས་སུ་བསམ་བཞིན་སྲིད་པ་འཛིན། ། མཐུ་སྟོབས་ནུས་པས་ཞིང་བཅུའི་དགྲ་བོ་བཏུལ། ། ལྷན་སྐྱེས་མཁྱེན་བརྩེའི་ཡོན་ཏན་བླ་ན་དར། ། ལུས་ཅན་རྒྱ་མཚོའི་མགོན་དེའི་མཛད་པ་གཙང༌། ། ༤མཚན་དཔེའི་མཛེས་སྐུ་ཟ་ཧོར་རུས་སུ་འཆང༌། ། སྐྱེས་སྦྱངས་བློ་ཡིས་བཅུ་ཕྲག་ཤེས་བྱ་མཁྱེན། ། ཐུགས་བསྐྱེད་བཟང་པོས་མདོ་སྔགས་ཆོས་ཚུལ་འཛིན། ། རྒྱལ་བ་རྒྱ་མཚོའི་སྤྲུལ་པ་དོན་དང་ལྡན། ། ༥གཞོམ་མེད་རྩིབས་སྟོང་གསེར་གྱི་འཁོར་ལོ་ཡིས། ། མི་མཐུན་ཚང་ཚིང་ནགས་མ་འཇོམས་དང་ལྷན། ། མདོ་དབུས་ཀུན་བཟོད་ནོར་གྱི་བློ་གྲོས་མ། ། དབང་བསྒྱུར་སྙན་པ་འཆི་མེད་ལམ་དང་འགྲོགས། ། འབུམ་ཕྲག་བསོད་ནམས་ཟོང་གིས་ལེགས་བསྐྲུན་པའི། ། རྨད་བྱུང་དགའ་བ་བརྒྱ་ལྡན་ཕོ་བྲང་ཆེའི། ། ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་ཚོན་ཆེ། ། འགོག་མེད་ཆོས་བཟང་ཞིང་གི་མདུན་སར་གཡོ། ། ཐུགས་བསྐྱེད་ནུས་པ་བཙན་པོའི་མཐུ་བརྟས་པས། ། དཀར་ནག་རྒྱ་ཧོར་བལ་བོད་ཆེ་རྒུ་ཀུན། ། རལ་ཚོགས་ས་ལ་བསྙིལ་ནས་ཁྱེད་ྋཞབས་རྡུལ། ། དཔྲལ་བའི་རྒྱན་དུ་འཆང་བའི་རྟོགས་བརྗོད་རིང༌། ། ཁ་བའི་མེ་ཏོག་འཕུར་བའི་གངས་ཅན་ཞིང༌། ། ཆོས་སྲིད་ཟུང་དུ་འབྲེལ་བའི་རྒྱལ་ཐབས་ཀྱིས། ། རྫོགས་ལྡན་གསར་པའི་དགའ་སྟོན་བསུ་མཛད་པའི། ། མགོན་ཁྱོད་བཀའ་དྲིན་ནམ་ཡང་བསུབ་ཏུ་མེད། ། རིག་འཛིན་སྔགས་འཆང་རྒྱ་མཚོའི་གོས་ཅན་མར། བློ་བཟང་བསྟན་པའི་རིན་ཆེན་འབྱུང་བའི་གཏེར། ། ཚངས་དབྱངས་རྒྱ་མཚོ་འཕྱུར་བའི་རྣམ་ཐར་ཚུལ། ། གསང་བ་བསམ་མི་ཁྱབ་པའི་ཁོ་ལག་ཡངས། ། ༦མདོ་སྡེ་བསྐལ་པ་བཟང་པོའི་མཚན་སྙན་འཆང༌། ། མདོ་སྔགས་ཆོས་ཚུལ་མཐའ་དག་ཐུགས་སུ་ཆུད། ། མདོ་དབུས་ཁྱོན་ཀུན་འཕྲིན་ལས་རྒྱ་མཚོ་བརྟས། ། མདོ་སྔགས་ཟུང་འབྲེལ་གཙང་མའི་རྣམ་ཐར་འཆང༌། ། ༧འཇམ་དཔལ་སྙིང་པོའི་རིང་ལུགས་གཙང་མའི་བསྟན། ། ཐོས་བསམ་སྒོམ་པའི་རྒྱ་མཚོ་ཕྱུར་བའི་རླབས། ། བདེ་སྟོང་ཀུན་གསལ་འགྲམ་པའི་ཐིག་ལེ་དང༌། ། ལྷན་ཅིག་འདྲེས་པའི་མཛད་པར་སུ་མི་དད། ། ༨མཚན་དཔེའི་མེ་ཏོག་མདོ་ཁམས་ཡུལ་ནས་བཞད། ། རང་བྱུང་ལུང་དང་རྟོགས་པའི་ཟེའུ་འབྲུ་སྨིན། ། ཐུགས་བསྐྱེད་རྒྱ་ཆེན་སྤྱོད་པའི་རོལ་མཚོ་དར། ། མཆོག་གི་སྤྲུལ་པ་རྭ་ཡིག་གཉིས་པའི་དཔྱིད། ། ༩སྤྲུལ་པའི་གློག་ཞགས་མདོ་ཁམས་སྒང་ནས་འཁྱུག ། ། ཚུལ་ཁྲིམས་སྤྲིན་གྱི་བླ་རེ་མཁའ་ལ་འཁྲིགས། ། ཆོས་ཚུལ་རྒྱ་མཚོ་བརྟས་པའི་མཁྱེན་རབ་ཟབ། ། མཆོག་གི་མཛད་པ་མདོངས་མཐའ་དགའ་བའི་རྟེན། ། ༡༠མ་སྨད་ཐུགས་བསྐྱེད་བརྟན་པོའི་མཐུ་བརྟས་པས། ། གངས་ཅན་མཁས་གྲུབ་བྱེ་བ་ཕྲག་བརྒྱའི་གཙུག ། ། ཞབས་སེན་འཁོར་ལོའི་རི་མོ་འགོད་པ་ཡི། ། དགེ་ལེགས་སྐྱེས་མཆོག་རྒྱ་མཚོའི་མཚན་སྙན་འཆང༌། ། ༡༡རྒྱལ་ཀུན་གསང་གསུམ་ཡེ་ཤེས་འཁོར་ལོའི་རྡུལ། ། གཅིག་བསྡུས་སྤྲུལ་པའི་ཟློས་གར་རྩེན་པའི་འཕྲུལ། ། གཡོལ་མེད་འཕྲིན་ལས་རྒྱ་མཚོའི་རླབས་གཡོ་བས། ། ལས་ལྡན་དབྱིག་འཛིན་དགེ་བའི་ཤིས་པ་སྒྲུབ། ། ༡༢རྨད་བྱུང་ཐུབ་པའི་ལུང་རྟོགས་བསྟན་པའི་སྲོལ། ། འཛིན་ལ་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་འཇུག ། ། འཇིགས་བྲལ་སྡེ་བཞིའི་སྲིད་ཀྱི་རྒྱལ་ཐབས་འཕྲུལ། ། ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན་དེ་མཆོད། ། ༡༣མཚན་དཔེའི་མེ་ཏོག་གངས་ཅན་བོད་དུ་བཞད། ། ༡༤མཁྱེན་བརྩེའི་སྣང་བ་འཕགས་པའི་ཡུལ་དུ་རྒྱས། ། ནུས་པའི་འཕྲིན་ལས་འཛམ་གླིང་ཡོངས་ལ་ཁྱབ། ། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་རྒྱལ། ། རྒྱལ་ཀུན་བརྩེ་ཆེན་འདོད་འཇོ་འོ་མའི་མཚོ། ། བསྲུབས་སྐྱེས་ཟླ་བ་གཞོན་ནུའི་ལང་ཚོ་ཅན། ། དབང་ཕྱོགས་ཙོང་ཁའི་རི་ནས་འཕགས་པའི་མོད། ། ཤིས་པའི་དགེ་མཚན་འབུམ་གྱི་འོད་སྣང་གསལ། ། བདེ་ལྡན་ཞིང་མགོན་ཆོས་ཀྱི་ཉི་མ་ཡི། ། ལུང་གི་འོད་སྣང་གང་ལ་ཟུག་པའི་ཡུལ། ། སྟག་འཚེར་ལུམ་བིའི་དགའ་ཚལ་ལ་བཞད་པའི། ། མཆོག་སྤྲུལ་ཕྱག་ན་པདྨོའི་འདབ་བརྒྱ་གྲོལ། ། རྨད་བྱུང་གྲུ་འཛིན་གཉིས་པའི་ཕོ་བྲང་དུ། ། འོད་ཆགས་གདོང་ལྔའི་ནོར་བུའི་ཁྲི་འཕང་སྟེང༌། ། ཞབས་སེན་འཁོར་ལོའི་རི་མོ་འཁོད་པའི་མོད། ། ལེགས་ལྡན་བཀྲ་ཤིས་དགེ་བའི་སྣང་བ་འབར། ། ལང་ཚོའི་སྐུ་ཡི་ལྗོན་པ་ཕྲ་ན་ཡང༌། ། མཁྱེན་རབ་དྲི་བསུང་ཕྱོགས་ཀུན་བརྡལ་བའི་གཏེར། ། དགེ་ལེགས་མཆོག་སྐུ་ཧ་རི་ཙན་དྲ་ན། ། དྲི་བཞོན་སྒེག་མོས་བདས་པའི་སྙན་པ་འཆང༌། ། མེས་པོའི་བསོད་ནམས་བྱེ་བས་ལེགས་བསྐྲུན་པའི། ། ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་དཔལ། ། ལུགས་ཟུང་རྩིབས་སྟོང་གསེར་གྱི་འཁོར་ལོ་ཡིས། ། དབང་བསྒྱུར་རྫོགས་ལྡན་གསར་པའི་དགེ་ལེགས་གཡོ། ། མ་སྨད་ཐུགས་བསྐྱེད་ཟླ་བའི་འོད་ཞགས་ཀྱིས། ། སྲིད་ཞིའི་དཔལ་གྱི་ཕུན་ཚོགས་འགུག་དང་ལྷན། ། རྒུད་པའི་མུན་ཚོགས་བཅིལ་བའི་རླབས་ཆེན་འཕྲུལ། ། གཡོལ་མེད་མ་དྲོས་རོལ་བའི་རླབས་དང་འགྲོགས། ། གངས་ཅན་བསོད་ནམས་མ་དྲོས་རོལ་བའི་མཚོ། ། ཤིས་པ་སྒྲུབ་པའི་ཨུ་དུམ་ཝཱ་རའི་ཚལ། ། བདེ་ལེགས་ས་ཆེན་བརྡལ་བའི་ཟེ་བ་ཡིས། ། ལུས་ཅན་འགྲམ་པའི་ཐིག་ལེ་སྣུམ་པོར་བྱས། ། འཇམ་དཔལ་སྙིང་པོའི་རིང་ལུགས་སྨྲ་བ་ལ། ། ངག་དབང་དབྱངས་ཀྱི་རྒྱལ་མོའི་རྗེས་འབྲངས་ཤིང༌། ། བློ་ཆེན་རྒྱལ་བའི་ལུགས་བཟང་འཆང་བའི་དབུས། ། ཡེ་ཤེས་སྣང་བ་འབར་བའི་རྩེ་དགའ་རྒོད། ། བསྟན་འཛིན་རྒྱ་ཆེ་རོལ་མཚོ་ཕྱུར་བའི་འཇིངས༌། ། སྲིད་གསུམ་དབང་བསྒྱུར་དབང་གི་ལྷུན་པོ་མཐོ། ། མཚུངས་པ་མེད་པའི་དཔལ་གྱི་དུམ་བུ་གང༌། ། ཀུན་ཁྱབ་འཕྲིན་ལས་བཟང་པོའི་སྡེ་དང་འགྲོགས། ། འཇམ་དཔལ་རྣོན་པོའི་ངག་གི་འགྱུར་ཁུག་སྙན། ། དབང་ཕྱུག་བརྒྱད་ལྡན་བློ་བཟང་རིང་ལུགས་འཆང༌། ། ཡེ་ཤེས་ཀུན་གསལ་ཐུབ་བསྟན་སྙིང་པོའི་སྲོལ། ། འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རིའི་མགོན། ། ཞབས་སྐྱེས་རྩིབས་སྟོང་འཁོར་ལོའི་རྡུལ་ཕྲན་གྱིས། ། སྲིད་གསུམ་དྲེགས་ལྡན་ཡོངས་ཀྱི་རལ་པའི་རྩེར། ། ཞི་བདེས་དབང་བསྒྱུར་མཚུངས་པ་མེད་པའི་སྡེ། ། འཛམ་གླིང་ས་སྐྱོང་བྱེ་བའི་བླ་ན་མཛེས། ། འཇམ་དཔལ་རྡེོ་རྗེ་རྣོན་པོའི་རྩ་བ་བརྟན། ། ངག་དབང་དབྱངས་ཅན་མཉེས་པའི་ཡལ་འདབ་གྲོལ། ། བློ་བཟང་རིང་ལུགས་མངར་མོའི་འབྲས་བཟང་སྨིན། ། ཡེ་ཤེས་འཕྲིན་ལས་བཟང་པོའི་ཁོ་ལག་ཡངས། ། བསྟན་འཛིན་དགེ་མཚན་མཁྱེན་པའི་བློ་གྲོས་གསལ། ། རྒྱ་མཚོ་རྣམ་བཞི་བསྡུས་པའི་བརྩེ་བ་བརླན། ། སྲིད་གསུམ་དབང་དུ་བསྒྱུར་བའི་ནུས་པ་མྱུར། ། མཚུངས་པ་མེད་པའི་སྡེ་དེ་གངས་རིའི་མགོན། ། འཇམ་དཔལ་ངག་གི་དབང་ཕྱུག་ཡངས་པོའི་མཁར། ། བློ་བཟང་དཀྱིལ་འཁོར་རྒྱས་པའི་ཡེ་ཤེས་འོད། ། རྒྱལ་བསྟན་འཛིན་མའི་དཔལ་གྱུར་རྒྱ་མཚོ་ཆེ། ། སྤེལ་མཛད་བདེ་འབྱུང་རལ་པའི་གཙུག་གི་རྒྱན། ། སྲིད་པ་གསུམ་འདིར་ཞི་བའི་ལམ་བཟང་གིས། ། དབང་བསྒྱུར་མཚུངས་པ་མེད་པའི་རྣམ་ཐར་འཆང༌། ། ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་འདི་ཞེས། ། གྲགས་པའི་རྔ་ཆེན་ཕྱོགས་ཀྱི་བུ་མོས་བརྡུངས། ། འཇམ་དཔལ་རྡོ་རྗེ་རྣོན་པོའི་ངག་ལ་དབང༌། ། བློ་གྲོས་བུམ་བཟང་ཡེ་ཤེས་བདུད་རྩིས་གཏམས། ། བསྟན་འཛིན་རྒྱ་ཆེ་རོལ་མཚོ་མཛེས་པའི་རྒྱན། ། འདོད་འཇོ་བསམ་འཕེལ་ནོར་བུའི་འོད་སྣང་འབར། ། སྲིད་གསུམ་སྲིད་པའི་མཐའ་དག་ལུས་ཅན་ཀུན། ། དབང་བསྒྱུར་དབང་གི་རྒྱལ་མོའི་སྙེམས་པ་འཆང༌། ། མཚུངས་བྲལ་མཚུངས་པ་མེད་པའི་སྡེ་དེ་ཡི། ། འཕྲིན་ལས་ཀུན་གསལ་བུ་མོའི་མཐའ་དང་འགྲོགས། ། གང་ཁྱོད་ཞབས་ཀྱི་པད་མོའི་རྡུལ་རེ་ཡང༌། ། འཛམ་གླིང་ཆེ་རྒུ་རལ་པའི་རྩེ་མོ་ན། ། གདེངས་ཅན་ནོར་བུའི་ཏོག་དང་འགྲོགས་པ་ལས། ། ལེགས་ལྡན་ཕྱོགས་ཀྱི་བུ་མོའི་རྒྱན་དུ་འཆང༌། ། རྒྱལ་དང་རྒྱལ་བའི་མྱུ་གུ་ཕལ་པོ་ཆེ། ། དག་པའི་ཞིང་མཆོག་གཤེགས་པའི་སྙིགས་དུས་འདིར། ། ཐུགས་བསྐྱེད་སྤྱན་སྟོང་གཟིགས་པ་ཡངས་པོའི་ཀློང༌། ། དུས་ལས་གཡོལ་མེད་རྒྱ་མཚོའི་རླབས་དང་འགྲོགས། ། བྷོ་ཊའི་བསྟན་སྲིད་ནོར་གྱི་བློ་གྲོས་མ། ། རྒུད་པའི་སྙིགས་ལྔའི་མུན་མཚོར་བྱིངས་ཉེ་བར། ། སྙིང་སྟོབས་དཔུང་པས་གྱེན་དུ་འདེགས་པའི་འཕྲུལ། ། ལེགས་ལྡན་སྲེད་མེད་བུ་ཡི་ཁེངས་པ་བསྙིལ། ། འཇིག་རྟེན་བརླག་པའི་མཚོན་ཆ་མ་འཆང་བར། ། བརྩེ་ཆེན་དོན་ཡོད་ཞགས་པས་འཛམ་གླིང་འདི། ། ཡོངས་སུ་བཅིངས་ཏེ་འཚེ་མེད་ཞི་བའི་ལམ། ། ཞི་བདེ་གྲོང་ཁྱེར་འགྲིམས་པའི་འཇུག་ངོགས་བསྐྲུན། ། དེ་སླད་ཞི་བདེ་དེད་དཔོན་ཁྱེད་ཉིདཅེས། ། གཟེངས་སུ་བསྟོད་པའི་གསེར་གྱི་འཁོར་ལོའི་རྟགས། ། འཛམ་གླིང་ཆེ་རྒུའི་གཙུག་གིས་ཉེར་བཏེགས་པས། ། གྲགས་པའི་དབྱངས་སྙན་ཚངས་པའི་འཇིག་རྟེན་འགྲིམས། ། མཚོ་བཞི་གླིང་ལྔ་འཇིག་རྟེན་ཟླུམ་པོའི་ཁྱོན། ། གྲགས་ལྡན་ཆེ་རྒུ་གསེར་རི་ཕྲེང་བའི་དབུས། ། དཔལ་གྱིས་མངོན་པར་མཐོ་བའི་ལྷུན་པོ་བཞིན། ། གཟེངས་སུ་བསྟོད་པའི་ངོ་མཚར་བརྗོད་ལས་འགོངས། ། དགེ་མཚན་དགེ་དབང་གཉིས་པའི་དགེ་ལེགས་དབྱངས། ། དབྱངས་སྙན་དབྱངས་ཀྱི་རྒྱལ་མོའི་གླུ་དབྱངས་དཔལ། ། དཔལ་ལྡན་དཔལ་གྱི་དབྱངས་ལྡན་དཔལ་བའི་ལྷ། ། ལྷ་ཡི་ལྷ་མཆོག་ལྷ་རུ་བསྟེན་པ་ལས། ། ལས་ལྡན་སྐལ་བཟང་སྐལ་བཟང་བྱེ་བའི་གཙུག ། གཙུག་གི་ནོར་བུ་ནོར་བུ་དངོས་ཀྱི་ཟླ། ། ཟླ་མེད་སྐྱབས་བཟང་སྐྱབས་བཟང་གཞན་ལས་མཆོག ། ། མཆོག་ཏུ་བསྔགས་པའི་བསྔགས་པ་འདི་ཉིད་སྤེལ། ། སྤེལ་ལེགས་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་དཔལ། ། དཔལ་ལྡན་དཎྜིའི་ལུགས་བཟང་དང་འགྲོགས་ཏེ། ། ཏེ་པོར་བྱ་དཀའི་ལམ་ནས་རྟོགས་བརྗོད་ཚུལ། ། ཚུལ་བཞིན་བརྗོད་པའི་ངལ་བ་འདི་བྱས་དགེས། ། དགེ་ལེགས་འདོད་འཇོ་ནོར་བུའི་རྔ་ཡབ་ཅན། །གདུང་སེལ་ཟླ་བ་བདུད་རྩིའི་རླབས་གཡོ་བ། ། ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཆེ། ། རྟག་བརྟན་ཤིས་པའི་དགེ་ལེགས་འབར་གྱུར་ཅིག ། ངག་དབང་བློ་གཏེར་རྒྱལ་བའི་ལུགས་བཟང་པོ། ། བདུད་ཀྱིས་མི་ཐུབ་ལུང་རྟོགས་བསྟན་པའི་སྲོག ། ། འཛིན་མཁས་རྒྱལ་བ་རྒྱ་མཚོ་གངས་རི་མགོན། ། ཞབས་ཟུང་མི་ཤིགས་རྡོ་རྗའི་གཤིས་གྲུབ་ཤོག ། ། སྲིད་གསུམ་དྲེགས་ལྡན་རལ་པའི་རྩེ་མོ་ན། ། དབང་བསྒྱར་གདེངས་ཀ་ནོར་བུའི་འོད་སྣང་འཚེར། ། མཚུངས་པ་མེད་པའི་སྡེ་དེའི་ཞབས་པད་ཟུང༌། ། སྲིད་གསུམ་ཤིས་པའི་རྟེན་དུ་རྟག་གྱུར་ཅིག ། ཁ་ལྗོངས་ཁ་བའི་འདབ་མ་འཕུར་བའི་ཞིང༌། ། ཞིང་མཆོག་ཞིང་གི་མགོན་པོ་བསམ་འཕེལ་དབང༌། ། དབང་དང་ཉེ་དབང་གཙུག་གི་རྒྱན་འཆང་ལྷ། ། ལྷ་ཡི་ལྷ་མཆོག་དམ་པའི་ཞབས་བརྟན་ཤོག ། རྒྱལ་ཀུན་གསང་གསུམ་དབྱིངས་ནས་སྐུལ་བ་དང༌། ། གང་ཁྱེད་མཚན་གྱི་ཕྲེང་བ་བགྲངས་ཙམ་ཡང༌། ། གདུང་སེལ་བདུད་རྩིའི་འདོད་འཇོར་མཚུངས་པ་ཡི། ། དམ་བཅའི་རི་མོ་ནམ་ཡང་བསྙཻལ་མེད་ཤོག ། གངས་ལྗོངས་བསྟན་སྲིད་པུཎྜ་རི་ཀའི་ཚལ། ། བཞད་དང་མི་བཞད་གང་ལ་ལྟོས་པའི་མགོན། ། ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོའི་རླབས། ། ཐུགས་བསྐྱེད་དུས་ལས་གཡོ་བ་མེད་གྱུར་ཅིག ། ཕལ་གྱིས་མི་གཞལ་ཞིང་ཁམས་རྒྱ་མཚོའི་ཁྱོན། ། བ་སྤུའི་ཁུང་བུ་རེས་ཀྱང་ཉེར་སྤྲུལ་པའི། ། འཕྲིན་ལས་རྒྱ་མཚོའི་གཏིང་མཐའ་མི་མངོན་པས། ། ཞིང་ཁམས་རྒྱ་མཚོའི་ཁྱོན་ཀུན་ཤིས་གྱུར་ཅིག ། གྲགས་སྙན་ཁོར་ཡུག་རི་བོ་ལས་བརྒལ་ཏེ། ། མི་མངོན་གནམ་གྱི་དགུ་ཚིགས་ལ་མཆེད་པའི། ། འགྲན་དུ་མེད་པའི་རྣམ་ཐར་འདི་འཆང་བཞིན། ། ཁམས་གསུམ་སྐྱེ་རྒུའི་བླ་ན་མཛེས་གྱུར་ཅིག ། སྙན་འཇེབས་གསུང་གི་འགྱུར་ཁུག་རེ་རེས་ཀྱང༌། ། སྲིད་ཞིའི་མཐའ་ལས་འགོང་པའི་འཇུག་ངོགས་གསལ། ། རྒུད་པའི་ཟུག་རྔུ་བཅིལ་བའི་བདུད་རྩིའི་ཁམས། ། ལྷུན་གྲུབ་སྤོབས་པས་གནམ་མཐོངས་དགེ་གྱུར་ཅིག ། ཐུགས་རྗེ་སྤྱན་སྟོང་གཡོ་བའི་ཞགས་པ་ཡིས། ། འཛམ་གླིང་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་འཆིང༌། ། འགྲོ་བའི་སྡུག་བསྔལ་སྐྱོབ་པའི་ཕྱག་སྟོང་གིས། ། སྐྱབས་སྦྱིན་ཕྱག་རྒྱའི་དགེ་ལེགས་གཡོ་གྱུར་ཅིག ། མི་སྲུན་རྒུད་པའི་མཐའ་ལ་འཛེགས་པ་ཡི། ། བརླང་སྤྱོད་རི་བོའི་རྐང་པ་བཅག་དང་ལྷན། ། གཞན་སྡེ་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། ། གཞོམ་མེད་རྡོ་རྗེའི་རུ་མཚོན་འབར་གྱུར་ཅིག ། ། གྲུ་འཛིན་གཉིས་པའི་གཞལ་མེད་ཕོ་བྲང་ཆེ། ། མི་ཤིགས་གསེར་གྱི་ཁྲི་འཕང་མཐོན་པོའི་སྟེང༌། ། གང་ཁྱེད་ཞབས་ཟུང་རྩིབས་སྟོང་འཁོར་ལོ་ཡི། ། བཀྲ་ཤིས་དཔལ་གྱི་རི་མོ་མཛེས་གྱུར་ཅིག ། ཆོས་སྲིད་ཟུང་དུ་འབྲེལ་བའི་ལུགས་བཟང་གི། ། སྡེ་བཞི་དཔལ་གྱི་རྒྱལ་ཐབས་བཙན་པོ་ཡིས། ། རྨད་བྱུང་དགའ་བ་བརྒྱ་ལྡན་ཕོ་བྲང་ཆེ། ། ཕུན་ཚོགས་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག ། གཞིས་བྱེས་བོད་འབངས་བྱེ་བ་ཕྲག་བརྒྱའི་རླབས། ། བསིལ་ལྡན་རྭ་བའི་ཕང་པར་འཁྱིལ་བའི་ཀློང༌། ། མཐོང་གྲོལ་མཚན་དཔེའི་སྐུ་ཡི་ཟླ་བ་ནི། ། དད་པའི་མིག་གི་བདུད་རྩིར་སྨིན་པར་ཤོག ། དགེ་བཅུའི་ཁྲིམས་ཀྱིས་མཐོ་རིས་ལམ་བཟང་གསལ། ། སྡེ་བཞིའི་སྲིད་ཀྱིས་གཞན་སྡེ་རྣམ་པར་མནན། ། མཐའ་དག་གངས་ལྗོངས་རང་དབང་གསར་པ་ཡིས། ། རྫོགས་ལྡན་དཔྱིད་ཀྱི་དཔལ་ཡོན་བཞད་གྱུར་ཅིག ། དེའི་མཐུས་མཐའ་དག་རྒྱུད་ལྔའི་འགྲོ་བ་ཀུན། ། རྒུད་པའི་ཉེས་པས་ནམ་ཡང་མི་བརྫི་བར། ། བདེ་ཆེན་ཞིང་དང་རྫོགས་ལྡན་བསྐལ་པ་བཞིན། ། ཕུན་ཚོགས་བདེ་དགའ་རྒྱ་མཚོས་འཚོ་གྱུར་ཅིག ། སྲིད་ཞིའི་ཕན་དང་བདེ་བ་མ་ལུས་ཀུན། ། ཀུན་འབྱུང་དཔག་བསམ་ཡོངས་འདུའི་ལྗོན་པ་མཆོག ། མཆོག་གྱུར་ཞི་བསིལ་དམ་བའི་ཆོས་ཀྱི་དབྱག ། དབྱིག་འཛིན་འགྲམ་པའི་ཐིག་ལེར་བརྡལ་གྱུར་ཅིག ། ཚེ་རབས་ཀུན་ཏུ་ཕྱག་ན་པདྨོ་ཡི། ། ཞི་བསིལ་ཆོས་ཀྱི་སྦྲང་རྩི་ཕོན་པོའི་གཏེར། ། ལོངས་སུ་སྤྱོད་པའི་སྐལ་བཟང་དགའ་སྟོན་ལས། ། ཅུང་ཟད་ཙམ་ཡང་འདའ་བར་མ་གྱུར་ཅིག ། སྐུ་ལ་རྣམ་གསུམ་ངུར་སྨྲིག་རྒྱན་གྱིས་མཛེས། ། གསུང་དབྱངས་མདོ་སྔགས་ཆོས་ཚུལ་ལེགས་བཤད་སྙན། ། ཟབ་ཡངས་ཐུགས་ལ་མཁྱེན་བརྩེ་ནུས་པ་རྫོགས། ། གསུམ་ལྡན་རྗེ་བཙུན་བླ་མའི་བཀྲ་ཤིས་ཤོག ། ཅེས་པ་འདི་ཡང་རང་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་བགྲང་བྱ་སུམ་བརྒྱ་དྲུག་ཅུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་རྩོམ་བསྐུལ་བཀའ་ཡི་མེ་ཏོག་སྤྱི་བོའི་རྒྱན་དུ་བླངས་ཏེ། འཕགས་མཆོག་ཕྱག་ན་པདྨོ་སྐུ་རབས་ཕྲེང་བ་ལ་མི་ཕྱེད་པའི་དད་པ་བརྟན་ཅིང༌། མཁས་གྲུབ་བཤེས་གཉེན་དུ་མའི་བཀའ་དྲིན་ལས་རྒྱ་བོད་ཤེས་བྱ་རིག་པའི་གནས་ཕལ་པོ་ཆེར་སྨྲ་བའི་སྤོབས་པ་དགེ་བ། གངས་རིའི་ཁྲོད་ཀྱི་སྙན་ངག་པ་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་སྣ་ཚོགས་ཞེས་བྱ་བ་ཆུ་རྟ་ལོའི་འདོད་འཕེལ་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པའི་ཚེས་བཟང་ལ། འཕགས་མཆོག་ཕྱག་ན་པདྨོ་འཁྲུངས་རབས་རྣམ་ཐར་དུ་མར་འདྲིས་ཤིང་ཆུབ་པར་བྱས་ནས། འཕགས་ཡུལ་ལྷོ་ཕྱོགས་གདན་ས་འབྲས་སྤུངས་རང་ཤག་ལྔ་རིག་ནོར་བུའི་ལྡིང་ཁང་དུ་གུས་པ་ཆེན་པོས་བྲིས་པ་དགེ་ལེགས་ཕེལ། ། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་པར་བསྐྲུན་བྱས་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་རྩོམ་ཕྱོགས་བསྡེབས་༼ངེས་རྙེད་ཡིད་ཆེས་འདྲེན་པའི་ཤིང་རྟ་༽ཐོག་བཀོད།

ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཚེ་བརྟན་ཅིང་འཕྲིན་ལས་རྒྱས་པའི་གསོལ་འདེབས་རྟག་བརྟན་རྡོ་རྗེའི་རང་སྒྲ་ཞེས་བྱ་བ་བཞུགས་སོ།   །ཨོཾ་སྭཱ་སྟི།    ལྷུན་གྲུབ་སྤྲོས་བྲལ་བདེ་ཆེན་རོལ་པའི་ཀློང༌།   །ཆོས་ལོངས་སྤྲུལ་པའི་གངས་ཀྱི་ཤ་ར་བྷ།   །ལས་བྱུང་སེམས་ཀློང་མན་ངག་འོ་མའི་གཏེར།   །སྔ་འགྱུར་རྒྱལ་བའི་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   གསུང་རབ་དགོངས་འགྲེལ་བཅས་པའི་བཀའ་ལུང་ཀུན།   །གང་ཟག་གཅིག་གི་ཉམས་ལེན་གདམས་པའི་གནད།   །འགལ་མེད་གྲོགས་སུ་ཁྱེར་བའི་ལམ་བཟང་མཆོག  །   ཇོ་བོ་བཀའ་གདམས་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   ལྟ་བ་མཐའ་བྲལ་མཻ་ཏྲི་པ་ཡི་ལུགས།   །རྨད་བྱུང་སྤྱོད་པ་བཀའ་གདམས་རིང་ལུགས་འཆང༌།   །མན་ངག་སྙིང་པོ་ན་རོ་ཏཱ་པའི་སྲོལ།   །བཀའ་བརྒྱུད་རྒྱལ་བའི་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   ཞེན་པ་བཞི་དང་བྲལ་བའི་ལྟ་སྤྱོད་བཟང༌།   །གསུང་ངག་ལམ་འབྲས་སྒོམ་པའི་མན་ངག་ཟབ།   །འཕྲིན་ལས་ཕྱོགས་བརྒྱར་འབར་བའི་རྣམ་ཐར་སྙན།   །དཔལ་ལྡན་ས་སྐྱའི་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   གཞན་གནོད་གཞི་ལས་ལྡོག་པའི་སྤྱོད་པ་བཙུན།   །རྟག་ཆད་མཐའ་དང་བྲལ་བའི་ལྟ་བ་ཟབ།   །བྱིངས་རྨུགས་མུན་པ་བྲལ་བའི་སྒོམ་པ་བཟང༌།   །མཉམ་མེད་དགའ་ལྡན་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་དང༌།   །རི་ཆོས་ངེས་དོན་གཞན་སྟོང་ཆེན་པོའི་སྲོལ།   །ཟུང་འབྲེལ་བཀའ་སྲོལ་རྒྱུད་པའི་མན་ངག་རྒྱུན།   །རྨད་བྱུང་ཇོ་ནང་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   མཚུངས་མེད་ཐུབ་པའི་མདོ་སྔགས་གཞུང་ལུགས་ཀུན།   །དྲི་མེད་ལུང་རིགས་གཙང་མས་འབྱེད་པ་ལ།   །རྩོད་མེད་མཁས་རྒུས་མགྲིན་གཅིག་བསྔགས་པའི་ཡུལ།   །བསླུ་མེད་བུ་སྟོན་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   གསུང་རབ་དགོངས་འགྲེལ་བཅས་པའི་ངེས་དོན་དང༌།   །རྒྱ་ཆེན་ཀུན་རྫོབ་རིག་པའི་ཤེས་བྱ་ཀུན།   །རྣམ་པར་འབྱེད་ལ་གཞན་དྲིང་མི་འཇོག་པའི།   །མཚུངས་མེད་བོ་དོང་རིང་ལུགས་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   མདོར་ན་ཐུབ་ཆེན་ཀཻ་ལ་ཤ་རིའི་སྤོ།   །ལས་བྱུང་ཁ་འབབ་རྣམ་བཞིའི་བདུད་རྩིའི་རྒྱུན།   །བྱང་རྒྱུད་བྷོ་ཊའི་ཞིང་ཁམས་ལ་འཇོ་བའི།   །དྲི་མེད་ཞི་བསིལ་རྣམ་བྱང་བདེན་པའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   མགོན་པོ་གང་གི་རྨད་བྱུང་ཐུགས་བསྐྱེད་དང༌།   །གངས་ཅན་འགྲོ་བའི་མི་ཕྱེད་དད་པ་ཟུང༌།   །ལུས་དང་གྲིབ་མ་ཇི་བཞིན་འགྲོགས་པ་ཡི།   །ནམ་ཡང་བསླུ་མེད་དམ་ཚིག་གཙང་མའི་མཐུས།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །རྨད་བྱུང་གསང་གསུམ་རྟག་པའི་གཤིས་གྲུབ་ཅིང༌།   །ཕན་བདེའི་མཛད་བཟང་ནམ་མཁའི་མཐའ་དང་འགྲོགས།   །འཕྲིན་ལས་ཉི་ཟླའི་འོད་སྣང་འབར་གྱུར་ཅིག  །   དེ་ལྟར་གདུང་ཤུགས་དྲག་པོས་ཉེར་བསྐུལ་ན།   །རྩ་གསུམ་ལྷ་དང་བླ་མའི་བྱིན་རླབས་དང༌།   །ལས་འབྲས་རྟེན་འབྱུང་བསླུ་མེད་བདེན་པའི་མཐུས།   །ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་གྱུར་ཅིག  །   ཅེས་པ་འདིའང་མགོན་པོ་གང་གི་སྐུ་རབས་ཕྲེང་བ་རིམ་བརྒྱུད་ཀྱི་རྣམ་པར་ཐར་པ་ལ་ཤེས་ནས་དད་པ་ཐོབ་ཅིང༌།    བཤེས་གཉེན་མཁས་པ་དུ་མའི་བཀའ་དྲིན་ལ་བརྟེན་ནས་སྡེ་སྣོད་གསུམ་གྱིས་བསྡུས་པའི་རྒྱ་བོད་ཀྱི་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང༌།    ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་ལེན་གྱི་སྐལ་བས་དབུལ་བ་མདོ་ཁམས་བེ་རི་རྒྱལ་པོའི་བཀའ་འབངས་སུ་གཏོགས་པ་བློ་བཟང་ཐུབ་བསྟན་འཇིགས་མེད་དབང་རྒྱལ་ལམ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས་རབ་བྱུང་བཅུ་བདུན་པའི་ཤིང་བྱ་ལོའི་ས་ག་ཟླ་བའི་དཀར་ཕྱོགས་རྒྱལ་བ་དང་པོར་༢༠༠༥/༥/༡༡འཕགས་ཡུལ་ནུབ་ཕྱོགས་ཧི་མ་ཅལ་མངའ་ཁུལ་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་ཀུ་ལི་མ་ན་ལི་ཞེས་སྐབས་གསུམ་མཛེས་ལྗོངས་མི་ཡུལ་དུ་འཕོས་པ་འདྲ་བའི་གནས་མཆོག་བྱེས་འབྱོར་དྭགས་པོ་བཤད་སྒྲུབ་གླིང་གི་གདན་སར་གདུང་ཤུགས་དྲག་པོས་སྦྱར་བ་དགེ་ལེགས་འཕེལ།    །       །    །   

བསྔགས་བརྗོད་རྟག་བརྟན་རྡོ་རྗེའི་རང་སྒྲ། དཔལ་ལྡན་ས་སྐྱའི་སྒྲོལ་མ་ཕོ་བྲང་པ་ངག་དབང་ཐེག་ཆེན་འཕྲིན་ལས་དཔལ་འབར་བསམ་འཕེལ་དབང་གི་རྒྱལ་པོའི་བརྟན་བཞུགས་སུ་ཕུལ་བ། གནམ་གྱི་མཐོངས་ན་གནམ་འགྲོ་ཟླུམ་པོས་གནམ་གྱི་འཇུག་ངོགས་གསལ་བ་ལྟར། །ས་ཡི་ཁྱོན་འདིར་ས་སྐྱ་པ་ཞེས་ས་སྐྱོང་རྒྱལ་པོའི་གཙུག་ན་བཀུར། །ཐུབ་པའི་བསྟན་ལ་ཐུབ་པ་ཇི་བཞིན་ཐུབ་པའི་རིང་ལུགས་འཆང་བའི་མགོན། །དཔལ་སྟུག་བྱེ་བའི་དཔལ་གྱི་སྙིང་པོ་དཔལ་ལྡན་ས་སྐྱའི་རིང་ལུགས་རྒྱལ། །འདབ་དྲུག་ཁ་བའི་མེ་ཏོག་འཕུར་བའི་བྱང་རྒྱུད་གངས་ལྷ་སྒེག་མོའི་ཞིང༌། །ལོག་རྟོག་རྨོངས་པའི་སྤྲིན་གྱི་དྲ་བ་མི་མངོན་དབྱིངས་སུ་གཅོད་མཛད་པའི། །མཁྱེན་རབ་གློག་གི་གདེབས་ཆ་རྣོན་པོས་བདེ་གཤེཊ་དགོངས་པ་གསལ་བའི་གཉེན། །བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རིམ་བྱོན་བསྔགས་པའི་མེ་ཏོག་སུས་མི་འཐོར། །ལྷ་རིགས་འཁོན་གྱི་གདུང་རྒྱུད་ལས་མཆེད་རིགས་གསུམ་སྒྱུ་འཕྲུལ་རིམ་བྱོན་ལས། །ཤིན་ཏུ་མི་བཟོད་སྙིགས་མའི་དུས་འདིར་ཐུགས་བསྐྱེད་དོན་ཡོད་ཞགས་པའི་འཕྲུལ། །དུས་ལས་གཡོལ་མེད་རྒྱ་མཚོའི་རླབས་བཞིན་སྲིད་པར་སྐྱེ་བ་གཟུང་མཛད་པ། །གང་ཁྱོད་འཁོན་གྱི་གདུང་རབས་ཁྲོད་ན་ཉ་རྒྱས་ཟླ་བའི་དཀྱིལ་འཁོར་བཞིན། །གནས་ལྔ་སྨྲ་བའི་ངག་ལ་དབང་འབྱོར་ཀུན་ཏུ་དགའ་བའི་ལེགས་བཤད་སྙན། །ཐེག་ཆེན་ཆོས་ཀྱི་སྒྲ་བརྒྱ་དགོད་པས་དཔལ་གྱི་སྙན་པ་ཕྱོགས་བརྒྱར་འབར། །འཕྲིན་ལས་ཁོ་ལག་ཡངས་པོའི་གདུག་དཀར་ཕྱོགས་མེད་འཛམ་གླིང་ཁྱོན་ལ་འཁོར། །བསམ་འཕེལ་དབང་གི་རྒྱལ་པོར་བསྙད་པ་དོན་དང་མཐུན་པའི་མཚན་དུ་ངེས། །མཚོན་དཔེའི་སྐུ་ཡི་ལང་ཚོའི་འདབ་མ་ཆོས་ཀྱི་གདན་སར་བཞད་མ་ཐག ། ལྷན་སྐྱེས་དཔལ་གྱི་དྲི་བསུང་དང་འགྲོགས་ངོ་མཚར་བྱེ་བའི་སྙིང་པོར་སྨིན། །ངག་གི་དབང་ཕྱུག་བློ་གྲོས་ཉི་མ་གཞན་ཕན་འོད་ཀྱི་སྙིང་པོ་ཡིས། །གང་ཁྱོད་སྐྱེས་སྦྱངས་མཁྱེན་པའི་ཟེའུ་འབྲུ་དབྱར་གྱི་ཆུ་གཏེར་ཇི་བཞིན་བརྟས། །གསེར་མདོག་ཅོད་པན་འཆང་བའི་གཙུག་རྒྱན་འཕགས་མཆོག་ཕྱག་ན་པདྨོ་དང༌། །རྫོགས་པ་ཆེན་པོའི་མན་ངག་གཏེར་མཛོད་མཁྱེན་བརྩེ་དཔལ་གྱི་དུམ་བུ་སོགས། །གཙུག་གི་ནོར་བུའི་ཟོལ་དུ་བསྟེན་ནས་སྙིམ་པའི་མེ་ཏོག་ཟིམ་པ་ལས། །གསར་རྙིང་མཁས་གྲུབ་བྱེ་བའི་གཞེད་པ་ཐུགས་ཀྱི་དགོངས་པའི་ཀློང་ན་བརྟོལ། །གངས་རིའི་ཆོས་ཚུལ་གསེར་རིའི་དབུས་ན་གསེར་གྱི་ལྷུན་པོ་ལྟར་འཕགས་པ། །གསུམ་གྱིས་ལྷག་པའི་བཅུ་ཕྲག་གཅིག་གི་གསེར་ཆོས་གཙང་མའི་བང་མཛོད་ཀྱི། །ལུང་རིགས་མན་ངག་བསྲེགས་བཅད་བརྡར་པའི་ས་ལེ་སྦྲམ་གྱི་ལྡེ་མིག་ནི། །ངག་བློའི་དཔལ་གྱི་མགུལ་དབྱངས་སྙན་པོས་གང་ཁྱོད་ཕྱག་སོར་རྩེ་ན་བཏོད། །གོང་མའི་ཞལ་ཆེམས་ཞེན་པ་བཞི་བྲལ་ལྟ་སྤྱོད་གཙང་མའི་རྣམ་ཐར་བཟང༌། །འཕགས་བོད་མཁས་གྲུབ་དུ་མའི་གསུང་ངག་ལམ་འབྲས་སྒོམ་པའི་མན་ངག་ཟབ། །མི་འཇིགས་སྤོབས་པའི་ང་རོ་དང་འགྲོགས་གསུང་གི་མཛད་པའི་འཕྲིན་ལས་ཡངས། །དཔལ་ལྡན་ས་སྐྱའི་རིང་ལུཊ་གཙང་མའི་བསྟན་པའི་རྒྱལ་མཚན་དབྱིངས་ནས་བསྒྲེངས། །གངས་རིའི་ལྗོངས་འདིའི་ཆོས་ཚུལ་མཐའ་དག་སྒྲིབ་མེད་སྤྱན་གྱིས་ལྷམ་མེར་གཟིཊ། །གསར་རྙིང་མཁས་གྲུབ་བྱེ་བའི་མན་ངག་ཐོས་པའི་ལམ་ནས་གསལ་ལེར་གསན། །བདེ་གཤེཊ་དགོངས་པའི་ཆོས་ཚུལ་མཐའ་དག་དགོངས་པའི་ཀློང་ན་ཝ་ལེར་མཁྱེན། །རིས་མེད་བསྟན་པའི་སྲོག་ཤིང་འཛིན་པའི་བསྟན་འཛིན་སྐྱེས་བུ་ཁྱོད་འདྲ་དཀོན། །མཐའ་དག་ཐུབ་པའི་མདོ་སྔགས་ཆོས་ཚུལ་ཐོས་བསམ་སྒོམ་པས་ཉམས་འོག་བཙུད། །རིས་མེད་རྒྱུད་ལྔའི་འགྲོ་བ་མཐའ་དག་ཐུགས་རྗེ་སྤྱན་གྱི་ཞགས་པས་བཅིངས། །ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་དགུང་སྔོན་མཐོན་པོའི་དབྱིངས་ན་བཏེཊ། །ལུགས་ཟུང་གནས་ལ་གཟིགས་པ་ཡངས་པོའི་འཕྲིན་ལས་རྒྱ་མཚོའི་མཐའ་དང་འགྲོཊ། །བྷོ་ཊའི་ལུགས་ཟུང་གསེར་གྱི་འཁོར་བསྒྱུར་གང་གི་ཞལ་གྱི་བུམ་བཟང་ལས། །གང་ཁྱོད་གངས་ཅན་སྔགས་འཆང་ཡོངས་ཀྱི་གཙུག་གི་རྒྱན་དུ་བཀུར་རོ་ཞེས། །བསྔགས་པའི་བདུད་རྩི་བྲན་པའི་ཐིག་པ་ཕྱོགས་མེད་འཛམ་གླིང་ཟླུམ་པོའི་ཁྱོན། །ཡོངས་སུ་བསྒྲགས་པའི་སྙན་པའི་བ་དན་ཀུན་གསལ་འགྲམ་པའི་ཐིགས་ལེར་འཛིན། །འཛམ་གླིང་ཤར་ནུབ་འཇིག་རྟེན་ཁྱོན་ཀུན་ཞབས་ཟུང་འཁོར་ལོའི་རེ་ཁ་བཀོད། །ཟབ་གསང་ཆོས་ཚུལ་བདུད་རྩིའི་རྒྱུན་བཟང་ཆར་པའི་ཟོལ་གྱིས་དབབ་བྱས་ཏེ། །མཐའ་ཀླས་གདུལ་བྱའི་འཛིན་མ་ཡངས་པོར་དགེ་ལེགས་མྱུ་གུ་འབུས་པའི་འཕྲིན། །སྔོན་བྱོན་གོང་མ་རིམ་བྱོན་དག་གི་བསྒྲུན་དུ་མེད་པའི་མཛད་པ་སྐྱོང༌། །བསིལ་ལྡན་ཞིང་འདིའི་བསྟན་སྲིད་སྤྱྀ་དང་དཔལ་ལྡན་ས་སྐྱའི་རིང་ལུགས་སྲོལ། །དུས་ཀྱི་སྙིགས་མའི་ཡང་མཐར་བཏུགས་པ་གཞན་ཡུལ་མུན་པའི་གོ་ར་འདིར། །སྙིང་སྟོབས་སྤོབས་པའི་རླབས་ཆེན་སྤྱོད་པ་གཞན་དྲིངས་མེད་པའི་དཔུང་ཤུཊ་ཀྱིས། །རྒུད་པའི་འདམ་ལས་བཏོན་དང་ལྷན་ཅིག་རྫོཊ་ལྡན་བསྐལ་བའི་མགྲོན་དུ་སྐྱེལ། །དེ་སླད་སྐྱེས་ཆེན་དམ་པ་ཁྱོད་ཉིད་འཛམ་གླིང་སྤྱྀ་དང་གངས་ཅན་པའི། །སྐྱེ་རྒུའི་མགོན་དང་དཔུང་གཉེན་དམ་པར་ཚད་མ་གསུམ་གྱིས་ངེས་རྙེད་དེ། །སྒོ་གསུམ་དད་པའི་སྙིམ་པའི་མེ་ཏོག་སྙིང་གི་ངོས་ལ་ཟུམ་བྱས་ཏེ། །གདུང་དབྱངས་དྲག་པོས་བསྟོད་ཅིང་བསྐུལ་ན་ཐུགས་རྗེ་ལྕཊ་ཀྱུས་གཟུང་བར་མཛོད། །ཇི་སྲིད་གནམ་མཐོངས་སྔོན་པོའི་དབྱིངས་ནས་ཉི་ཟླའི་དཀྱིལ་འཁོར་མ་ལྷུང་བ། །ས་འཛིན་ལྷུན་པོའི་བང་རིམ་མཐོན་པོས་ཆུ་གཏེར་སྨད་གཡོག་མ་དོར་བ། །དེ་སྲིད་གང་གི་མཚན་དཔེའི་མཛེས་སྐུ་གསང་བ་གསུམ་གྱི་དཀྱིལ་འཁོར་ནི། །གཞོམ་མེད་རྟག་བརྟན་རྡོ་རྗེའི་ངོ་བོར་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག ། ཕྱི་ལོ་༢༠༠༤། ༡༠། ༡། ལ་བྲིས། ༼ས་སྐྱ་བདག་ཁྲི་རིན་པོ་ཆེ་དགུང་གྲངས་༦༡ལ་ཕེབས་པའི་བརྟན་བཞུགས་མཛད་སྒོའི་ཆེད་དེབ་༽ ཐོག་བཀོད། དྲི་མེད་སེམས་ཀྱི་ལྷ་དར་དཀར་པོ། ༼རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ། ༽མཚན་དཔེའི་སྐུ་ཡི་མེ་ཏོག་ཚོམ་བུ་མདོ་ཁམས་ལྷ་ཐོག་སྒང་ནས་བཞད། །སྐྱེས་སྦྱངས་མཁྱེན་རབ་སྦྲང་རྩིའི་ཕོན་པོ་དབུས་འགྱུར་འཕགས་པའི་ཞིང་དུ་སྨིན། །ལེགས་གསུང་སྙན་པའི་དྲི་བསུང་མངར་མོ་ཕྱོགས་མེད་འཛམ་གླིང་ཁྱོན་ཀུན་བརྡལ། །རྒྱལ་བའི་དབང་པོ་ཀརྨ་པ་ཞེས་གྲགས་པའི་མཚན་སྙན་དོན་དང་མཐུན། །ཐུགས་བསྐྱེད་མཐའ་བྲལ་མ་དྲོས་རོལ་མཚོར་གཞན་ཕན་རླབས་ཀྱི་རྩེ་འཇོ་རྒོད། །བློ་གྲོས་སྤོབས་པའི་གསེར་གྱི་རི་བོར་སྐྱེས་སྦྱངས་ཉི་ཟླའི་རྣ་ཆ་འཆང༌། །གསང་གསུམ་འཕྲིན་ལས་དཔལ་གྱི་དུམ་བུར་མ་ལ་ཡ་ཡི་དྲི་བསུང་འཁྱིལ། །བྱ་དཀའི་མཛད་པ་རྒྱ་མཚོའི་ཀློང་ནས་ཕན་བདེའི་དཔག་བསམ་ལྗོན་བཟང་སྨིན། །ལགས་ཏེ་ཁྱོད་ཀྱི་སྐུ་རབས་ཕྲེང་བ་མུ་ཏིག་བསྒྲིགས་པའི་ཚོམ་བུ་ནི། །སྐྱོན་གྱི་དྲི་མས་ནམ་ཡང་མ་གོས་པདྨ་དཀར་པོའི་རྩ་བ་བཞིན། །རྒྱལ་སྲས་དཔའ་བོའི་རྣམ་ཐར་གཙང་མ་དགེ་ལེགས་སྨན་གྱི་ལྗོན་པ་ཡིས། །དམུ་རྒོད་གདུལ་དཀའི་རྒྱ་ཧོར་བོད་ཀྱི་ཉེས་བརྒྱའི་ཟུག་ངུ་དྲུང་ནས་འབྱིན། །གནམ་གྱི་མཐོངས་ན་ཉི་མ་དང་ནི་འཛིན་མའི་ཁྱོན་འདིར་ལྷུན་པོ་བཞིན། །འགྲན་པའི་ཟླ་བྲལ་གོང་མ་དེ་དག་མི་མངོན་དབྱིངས་སུ་གཤེགས་པའི་རྗེས། །གཟིགས་པ་དུས་ལས་གཡོལ་བ་མེད་པར་སྤྲིན་ནག་འཁྲིགས་པའི་མཁའ་ཀློང་ནས། །གང་ཁྱོད་རང་བྱུང་འོད་སྣང་གསལ་བ་ཚེས་གསུམ་ཟླ་བ་བཞིན་དུ་འཆར། །སྙིང་སྟོབས་སྤོབས་པའི་སྦར་ཁྱིམ་གཅིག་གིས་མུན་པའི་ལྕགས་དྲ་ཧྲིལ་ལེར་གཏོར། །ཧི་མ་ལ་ཡའི་གངས་རི་མཐོན་པོ་གོམ་པའི་འདེགས་འཇོག་གཅིག་གིས་བརྒལ། །གློག་འོད་འཁྱུག་པའི་སྤྱན་ཞཊ་གཅིག་གིས་ཕུག་རྒྱངས་རིང་པོའི་མདུན་ལམ་གསལ། །བྱིས་པའི་དུས་ནས་རླབས་ཆེན་མཛད་པས་འཛམ་གླིང་ཧྲིལ་པོ་གཡོ་འགུལ་བྱས། །དེ་རིང་ཁྱོད་ཀྱི་འཁྲུངས་སྐར་དུས་སུ་བདག་ཀྱང་ཞུགས་པའི་སྐལ་བཟང་ཐོབ། །ལྷོད་མེད་སེམས་ཀྱི་རང་མདངས་མཚོན་པའི་དྲི་མེད་ལྷ་དར་དཀར་པོ་འདི། །སྙིམ་པའི་མེ་ཏོག་ཟོལ་གྱིས་བཏེགས་ཏེ་གདོང་ལྔ་འབར་བའི་ཁྲིར་བཏུད་ན། །གང་ཁྱོད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོཊ་བརྒྱར་འབར་གྱུར་ཅིག ། ༢༠༠༤། ༦། ༢༦། ཉིན་སྤྱི་འཐུས་རྒྱུན་ལས་ཁང་དུ་བྲིས། ༼བོད་ཀྱི་བང་ཆེན་༽ཐོག་ཏུ་བཀོད།

གནས་བརྟན་བཅུ་དྲུག་གི་ཞལ་ཐང་རྒྱབ་ཡིག་བཞུགས་སོ།   །རྨད་བྱུང་ཐུགས་བསྐྱེད་ཤར་རིའི་ཕྲག་པ་ནས།   །གྲངས་མེད་ཚོགས་གཉིས་ཆ་ཤས་བསགས་པ་ལས།   །སྐུ་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡི།   །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ།   །ཛམྦུ་ནཱ་དའི་ཅོད་པཎ་ཀཻ་ལ་ཤར།   །རྩེ་གཅིག་མཉམ་པར་བཞག་དང་ལྷན་ཅིག་ཏུ།   །ཐུགས་བསྐྱེད་དྲི་བཟང་རྔ་གཡབ་རླུང་གིས་བསྐུལ།   །གནས་བརྟན་ཡན་ལག་འབྱུང་ལ་ཕྱག་འཚལ་ལོ།   །མ་སྨད་དྲང་སྲོང་རི་བོའི་ངོས་ཤོད་ན།   །རྩེ་གཅིག་མཉམ་པར་བཞག་པའི་ཕྱག་རྒྱ་ཡིས།   །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན་མཛད་པའི།   །གནས་བརྟན་མ་ཕམ་པ་ལ་ཕྱག་འཚལ་ལོ།   །འཕགས་ནོར་ལོ་མ་བདུན་པའི་ནགས་ཁྲོད་ནས།   །སྡིགས་མཛུབ་མཚོན་གྱིས་བདག་འཛིན་མཐར་བསྐྲད་ཅིང༌།   །རྔ་གཡབ་བསིལ་བས་འགྲོ་བའི་གདུང་བ་འཇོམས།   །གནས་བརྟན་ནགས་ན་གནས་ལ་ཕྱག་འཚལ་ལོ།   །ལངྐའི་དབང་ཕྱུག་གནས་པའི་ཟངས་གླིང་ནས།   །ཐེག་མཆོག་གསེར་གྱི་རྣ་ཀོར་ཟླུམ་པོ་ནི།   །ངེས་ལེགས་གོ་འཕང་མཛེས་པའི་དཔལ་སྦྱིན་པ།   །གནས་བརྟན་དུས་ལྡན་ཞབས་ལ་ཕྱག་འཚལ་ལོ།   །འཛམ་བུའི་ཆུ་བོའི་འགྲམ་གྱི་སིང་ག་ལར།   །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་ངས་སྒྲོལ་ཞེས།   །མཚོན་ཕྱིར་སྡིགས་མཛུབ་རྔ་གཡབ་བསྣམས་མཛད་པ།   །གནས་བརྟན་རྡོ་རྗེ་མའི་བུ་ལ་ཕྱག་འཚལ།   །དབུས་འགྱུར་ནུབ་རྒྱུད་ཀ་ཤི་སྨི་རི་ན།   །ཐུགས་བསྐྱེད་འདོད་འཇོ་བ་མོ་ལས་འཁྲུངས་ཤིང༌།   །དཔལ་ཀུན་གསེར་གྱི་ཞགས་པས་འགུགས་མཛད་པའི།   །གནས་བརྟན་གསེར་གྱི་བེའུ་ལ་ཕྱག་འཚལ་ལོ།   །ནུབ་ཕྱོགས་བ་ལང་སྤྱོད་པའི་གླིང་མཆོག་ན།   །ཟག་མེད་མཉམ་པར་བཞག་པའི་ཏིང་འཛིན་གྱིས།   །སྲིད་ཞིའི་རྒུད་པའི་རྨོངས་གཉིད་དཀྲོག་མཛད་པའི།   །བྷ་ར་ངྷ་ཛ་གསེར་ཅན་ལ་ཕྱག་འཚལ།   །ལྷུན་པོའི་བྱང་ཕྱོགས་སྒྲ་མི་སྙན་གླིང་ན།   །ཕོངས་པའི་རྒུད་ཚོགས་ང་ཡིས་བཅིལ་ནུས་ཞེས།   །འདོད་འཇོ་ནོར་བུ་སྐྱུགས་པའི་ནེའུ་ལེ་འཆང༌།   །གནས་བརྟན་བ་ཀུ་ལ་ལ་ཕྱག་འཚལ་ལོ།   །གནས་མཆོག་པྲི་ཡང་ཀི་ཡི་གླིང་ན་བཞུགས།   །སེམས་མཆོག་རིན་ཆེན་པྲོག་ཞུ་འཛིན་པ་ཡིས།   །འགྲོ་ཀུན་ཐེག་པ་མཆོག་ལ་དབང་བསྐུར་བ།   །གནས་བརྟན་སྒྲ་གཅན་འཛིན་ལ་ཕྱག་འཚལ་ལོ།   །འཛམ་གླིང་གནས་མཆོག་བྱ་རྒོད་ཕུང་པོའི་རིར།   །མ་སྨད་མཁྱེན་རབ་ཉི་ཟླའི་སྤྱན་ཞགས་ཀྱིས།   །འགྲོ་ཁམས་མོས་པ་རྒྱ་མཚོའི་ཚུལ་གཟིགས་པ།   །གནས་བརྟན་ལམ་ཕྲན་སྟོན་ལ་ཕྱག་འཚལ་ལོ།   །ལྷུན་པོའི་ནུབ་ཕྱོགས་ལུས་འཕགས་གླིང་ན་ནི།   །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་འཇོ་དང་ལྷན།   །ངན་ངོན་བསོད་སྙོམས་ལེན་པའི་ལྷུང་བཟེད་འཆང༌།   །བྷ་ར་ངྷ་ཛ་བསོད་སྙོམས་ལེན་ལ་འདུད།   །སྐབས་གསུམ་གནས་མཆོག་སུམ་ཅུ་རྩ་གསུམ་ན།   །ཟབ་རྒྱས་ཆོས་ཀྱི་གླེགས་བམ་ཁ་ཕྱེས་ཏེ།   །ཆོས་ཚུལ་རྒྱ་མཚོ་འཆད་པའི་འཕྲིན་ལས་ཅན།   །གནས་བརྟན་ལམ་སྟོན་ཞབས་ལ་ཕྱག་འཚལ་ལོ།   །བང་རིམ་བཞི་ལྡན་ལྷུན་པོའི་ངོས་སུ་བཞུགས།   །གཞན་ཕན་བདུད་རྩིས་གང་བའི་བུམ་པ་དང༌།   །བྱང་ཕྱོགས་སོ་བདུན་མཚོན་པའི་མཁར་བསིལ་བསྣམས།   །གནས་བརྟན་ཀླུ་ཡི་སྡེ་ལ་ཕྱག་འཚལ་ལོ།   །གནས་མཆོག་རི་བོ་བྷི་ཧི་ལ་བཞུགས་ནས།   །རྣམ་གྲོལ་ཐར་པའི་ལམ་བཟང་ངས་བསྟན་ཅེས།   །ཕྱག་གཉིས་གླེགས་བམ་བསྣམས་པའི་ཕྱག་རྒྱ་འཆང༌།   །གནས་བརྟན་སྦེད་བྱེད་ཞབས་ལ་ཕྱག་འཚལ་ལོ།   །བྱང་གི་བྱང་ཕྱོགས་རི་བོ་གངས་ཅན་ན།   །ལྷར་བཅས་ཆེ་རྒུ་བསོད་ནམས་ཞིང་གི་རྟེན།   །རྨད་བྱུང་བྱང་ཆུབ་མཆོད་རྟེན་བསྣམས་མཛད་པ།   །གནས་བརྟན་མི་ཕྱེད་པ་ལ་ཕྱག་འཚལ་ལོ།   །སྣང་མཐའི་མདུན་ས་དད་པའི་ས་གཞི་ལ།   །གཏོང་ཕོད་འབྱོར་པའི་མྱུ་གུ་འབུས་པ་ལས།   །ཞིང་མཆོག་འཕགས་ཚོགས་མཉེས་པའི་སྙེ་མ་ཅན།   །དགེ་བསྙེན་ངྷ་རྨ་ཏཱ་ལར་ཕྱག་འཚལ་ལོ།   །རྒྱལ་ཐང་སུམ་རྩེན་གླིང་གི་མཁན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་གྱིས་འབྲས་སྤུངས་ཕུ་ཁང་ཁང་ཚན་དུ་གནས་བརྟན་བཅུ་དྲུག་གི་ཞལ་ཐང་སྤྱི་འཇོག་ཐོག་ཀའི་རྒྱབ་ཡིག་ཏུ་འབྲི་རྒྱུར་ཕུ་ཁང་དགེ་བཤེས་བརྩོན་འགྲུས་ཀྱིས་སྐུལ་བ་ལྟར་བྲིས་པ་དགེ་ལེགས་འཕེལ།    འདི་མན་མ་དཔེ་ཕུ་ཁང་ཁང་ཚན་ནས་ཚུན་ཁུར་མ་བྱུང་བས་སྒྲིག་ཐབས་མ་བྱུང༌།   

རྗེས་དྲན་སྙིང་གི་རི་མོ། ཨ་ལགས་ཤར་གདོང་རིན་པོ་ཆེ་ཞི་བར་གཤེགས་པའི་དྲན་རྟེན་དུ་ཕུལ་བ། ཐུཊ་བསྐྱེད་ཟླ་བ་དཀར་པོའི་རྔ་གཡབ་མཚམས་སྤྲིན་གསར་པའི་མདངས་དང་འདྲེས། །མཁྱེན་རབ་མ་དྲོས་རོལ་བའི་མཚོ་ཆེར་དཔྱོད་པའི་རླབས་ཀྱི་རྩེ་འཇོ་རྒོད། །ནུས་པའི་འཕྲིན་ལས་བཟང་པོའི་མཛད་པ་ཀུན་གསལ་བུ་མོའི་མཐའ་དང་འགྲོགས། །སྲིད་ལས་འདས་ཀྱང་སྲིད་པ་འཛིན་པའི་མགོན་པོ་མཆོག་དེར་སྙིང་ནས་འདུད། །གང་ཁྱེད་སྐུ་ཡི་མཚན་དཔེའི་མེ་ཏོག་མདོ་སྨད་ཞིང་དུ་འབུས་པའི་མོད། །དམ་པའི་རང་མདངས་དྲི་བསུང་མངར་མོ་དྲི་བཞོན་སྒེག་མོའི་ཕང་པར་བཅིབས། །དགེ་ལྡན་མེས་པོའི་གདན་ས་དང་པོ་བྱང་རྒྱུད་བྱ་ཁྱུང་གྲགས་པའི་སྡེར། །མི་འཇིགས་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་འཁོར་ལོའི་རེ་ཁཱ་འཁོད། །མ་སྨད་གུས་སྟོབས་སྦྱོར་བ་བཙན་པོའི་སྟོབས་ཀྱི་དཔུང་པ་ཡོངས་རྫོགས་ཤིང༌། །སྐྱེས་དང་སྦྱངས་པའི་མཁྱེན་རྩལ་རབ་རྫོགས་གོམ་པའི་སྟངས་སྟབས་གཅིག་གིས་ཀྱང༌། །བཅུ་ཕྲག་ཤེས་བྱའི་ས་ཆེན་ཟླུམ་པོ་རྟག་ཏུ་མནན་པའི་ཆོ་འཕྲུལ་གྱིས། །བརྟན་གཡོ་ཆོས་ཀུན་ཐུགས་ཀྱི་ཀློང་ན་ལག་མཐིལ་གནས་པའི་རྫས་བཞིན་གསལ། །མཛད་བཟང་ཟླ་བ་དཀར་པོའི་དཀྱིལ་འཁོར་དབང་སྔོན་དབྱིངས་ནས་འཛུམ་པའི་མོད། །མི་སྲུན་ཀླ་ཀློའི་གདུག་པའི་ཁ་རླངས་སྤྲིན་ནག་ཡོལ་བས་སྒྲིབ་པ་དང༌། །ལྷན་ཅིག་གངས་ཅན་རྫོགས་ལྡན་ཞིང་ཁམས་དམྱལ་བའི་བཤས་ར་ལ་བསྒྱུར་ཏེ། །བཟོད་ཐབས་མེད་པའི་སྡུག་བསྔལ་བརྒྱ་ཡིས་སེམས་ཀྱི་རྨ་ཁ་སྟོང་ཕྲག་སྐྲུན། །གངས་ཅན་མགོན་པོའི་ཐུགས་བསྐྱེད་རླུང་གིས་རྒུད་པའི་སྤྲིན་ཚོཊ་དབྲལ་བ་དང༌། །གང་ཁྱེད་མཚན་དཔེའི་ཟླ་བ་དཀར་པོ་སླར་ཡང་མཁའ་མཐའ་ལ་འཛེགས་ཏེ། །ལེགས་ཉེས་འབྱེད་པའི་དཀྱིལ་འཁོར་ཡོངས་རྫོགས་ལེཊ་བཤད་འོད་ཀྱི་ཞགས་པ་ཡིས། །གངས་ཅན་ཞིང་དུ་ཆོས་རིག་སྣང་བས་བཀྲིས་དཔལ་གྱི་དགེ་མཚན་འགུག ། ཚོང་པ་ཕལ་ཆེར་གསེར་སྐུ་བཙོང་ནས་སྦག་སྦག་བཞོན་པ་ལ་དགའ་ཞིང༌། །ཨ་ལགས་འགའ་རེ་རིག་མ་བཞེས་ནས་ཤི་བའི་བསྔོ་རྟེན་ལེན་པར་དགའ། །བླ་ཆེན་ཁ་ཅིག་རྒྱལ་ཁབ་བཙོང་ནས་རང་གི་གོ་ས་ཉོ་བར་དགའ། །རྫོང་དཔོན་ལ་ལ་ལྐོག་རྔན་བཟས་ནས་གཟིམ་ཤག་མཐོན་པོར་བརྩིགས་ལ་དགའ། །གང་ཁྱེད་ཐུགས་ཀྱི་དགོངས་པའི་ཀློང་ན་ཉེས་པའི་དྲི་མ་དེ་དག་གིས། །གཞར་ཡང་མ་གོས་ལེགས་ཉེས་རྣམ་འབྱེད་ཉི་ཟླའི་སྒྲོན་མེ་དགུང་ལ་འདེགས། །ཙི་ནའི་རྒྱལ་ས་ནང་བསྟན་སློབ་གླིང་སྤྲུལ་སྐུ་བརྒྱ་ཕྲག་ཚོགས་པའི་སར། །ཆོས་དང་མི་རིགས་ལ་རྒྱ་བརྟན་པོའི་མི་འཇིགས་སེང་གེའི་ང་རོ་སྒྲོགས། །ཁ་སང་ཁྱོད་སྐུ་ཉི་མའི་དཀྱིལ་འཁོར་ཆུ་ལྷའི་རི་བོ་བརྒལ་བའི་གཏམ། །གཟུགས་མེད་བསེར་བུའི་རྒྱུན་དང་འདྲེས་ནས་དབུ་འགྱུར་འཕགས་པའི་ཞིང་དུ་རྒྱུ། །ལ་རྒྱའི་གངས་སེང་གངས་ལ་འགྱིངས་པའི་རྣམ་ཐར་བདག་གིར་མི་བཞེས་པར། །གང་དུ་གཤེགས་སམ་སྐྱེས་ཆེན་དམ་པ་ད་ནི་གཞིས་ཀྱི་རེ་ས་སུ། །འོན་ཀྱང་གང་གི་རླབས་ཆེན་མཛད་པས་གངས་ཅན་ཆོས་དང་རིག་པའི་གཞུང༌། །མཞོམ་གཞིགས་མེད་པའི་མི་རིགས་ལ་རྒྱའི་དར་ཆེན་དགུང་ལ་འཕྱར་བ་དེའི། །མཛད་རྗེས་རི་མོ་སྙིང་ལ་བྲིས་ནས་གང་ཁྱོད་སྲིད་མཐའི་བསྐ྄ལ་པའི་བར། །ནམ་ཡང་མི་བརྗེད་བཀའ་དྲིན་དྲན་གསོ་དམ་བཅའི་རི་མོ་སྙིང་ལ་བཀོད། །ཨ་ལགས་ཤ་གདོང་རྗེས་དྲན༼གདུང་སེལ་གསེར་གྱི་མཆོད་སྡོང་༽ཐོག་བཀོད། ལྷོད་མེད་སེམས་ཀྱི་གདུང་དབྱངས། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་གློ་བུར་ཞི་བར་གཤེགས་པའི་རྗེས་དྲན་དུ་ཕུལ་བ། མདོ་ཁམས་ཏྲེཤོད་མཎྜལ་ཐང་འདབས་ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང༌། །གསུང་རབ་བདུད་རྩིའི་དགའ་སྟོན་མྱོང་སྐབས་གསེར་རྟ་མཁན་པོ་འཇིཊ་ཕུན་ཞེས། །གྲགས་པའི་མཚན་སྙན་རྣ་བར་ཐོས་ཀྱང་མཚན་དཔེའི་སྐུ་དངོས་མ་མཇལ་བར། །ལས་ཀྱིས་བསྐོས་པའི་རྡོག་སྣེ་རིང་པོ་དབུས་འགྱུར་འཕགས་པའི་ཡུལ་དུ་འཐེན། །ལོ་ཟླའི་ཕྲེང་བ་འགའ་ཞིག་བགྲངས་རྗེས་ལྷོ་ཕྱོགས་མོན་གྷོ་འདོད་རྒུའི་གླིང༌། །གོང་ས་ཆེན་པོའི་ཞབས་སོར་འཁོད་དུས་གསེར་རྟ་མཁན་པོ་ཕེབས་འདུག་ཅེས། །ལྷོ་རླུང་བསིལ་པོའི་དྲི་བཞོན་དང་འགྲོཊ་སྙན་པའི་གཏམ་བཟང་བརྡལ་བ་དང༌། །ལྷན་ཅིག་གང་ཁྱེད་གསུང་ཆོས་རྭ་བའི་ཁྲི་འུའི་སྒང་ན་བཞུགས་པ་མཇལ། །ཐེངས་གཅིག་མཇལ་བའི་སྐལ་བཟང་ཐོབ་ཀྱང་ཕྱག་དབང་ཙམ་ཡང་ཞུ་སྐལ་བྲལ། །གྲགས་པ་སྙན་མོ་རྣ་བར་སོན་ཀྱང་སྐུ་དངོས་སླར་ཡང་མཇལ་སྐལ་བྲལ། །ལེཊ་བཤད་དེབ་ཕྲེང་རྒྱུན་པར་མཐོང་ཡང་བཀའ་ལུང་མན་ངག་ཞུ་སྐལ་བྲལ། །རྒྱུ་མཚན་ཤེས་ནས་དད་པ་ཐོབ་ཀྱང་གུས་ཕྱག་ཙམ་ཡང་འབུལ་སྐལ་བྲལ། །ཁ་རྩངས་ཁྱེད་ཉིད་མཚན་དཔེའི་མཛེས་སྐུ་བསྙུན་གཞི་དྲག་པོས་གནར་ཚུལ་གྱིས། །བཅིངས་འགྲོལ་དམག་མིའི་སྨན་ཁང་ནང་དུ་རྒྱུ་རྐྱེན་ཇི་བྱས་མི་ཤེས་པར། །གློ་བུར་མི་མངོན་ཆོས་ཀྱི་དབྱིངས་སུ་སྐུ་ཚེ་འཕེན་པ་ཐིམ་སོང་ཞེས། །མི་སྙན་གཏམ་ངན་རླུང་ཡན་གཅིག་གིས་འཛམ་གླིང་ཧྲིལ་པོ་གཡོ་འགུལ་བྱས། །ཀྱེ་མ་ཀྱི་་ཧུད་ཁྱེད་ཀྱི་ཐུགས་བསྐྱེད་ནམ་མཁའི་ལམ་དང་འགྲོགས་པ་ལས། །རྨད་བྱུང་མཛད་བཟང་ཉི་མ་བྱེ་བའི་གཞན་ཕན་འཕྲིན་ལས་འོད་སྣང་གིས། །མཚོ་བཞི་གླིང་ལྔའི་འཛམ་གླིང་ཡངས་པོར་ལྷམ་མེ་ལྷན་ནེར་གསལ་བཞིན་དུ། །གློ་བུར་སྒྲ་གཅན་མུན་པའི་མཆེ་འོག་ཇི་ལྟར་བྱས་ནས་ཕེབས་པ་ལགས། །རི་ཁྲི་ཆུ་སྟོང་ཕན་ཚུན་འཛིངས་པའི་འཛམ་གླིང་ཤར་ནུབ་ཡངས་པོའི་ཁྱོན། །ཞབས་ཟུང་བཀྲིས་རེ་ཁ་དང་འགྲོགས་དམ་པའི་ཆོས་ཀྱི་དར་ཆེན་འཛུགས། །སྐྲ་དང་སྐད་ཡིག་ཤ་མདོག་མི་གཅིག་ཕྱོགས་མཐའི་རྒྱལ་ཁབ་དུ་མ་ཡི། །སྐལ་བཟང་སློབ་ཚོགས་ཁྲི་ཕྲག་དུ་མར་ཞི་བསིལ་བདུད་རྩིའི་བསྒོ་སྐལ་འགྱེད། །ཕྱག་ན་པདྨོའི་གསང་བ་གསུམ་དང་གང་ཁྱེད་བཞེད་དགོངས་གཅིག་ཏུ་འདྲེས། །ས་ཡ་དྲུག་གི་ལ་རྒྱའི་སྙིང་སྟོབས་སྙིང་གི་རྩ་དང་ལྷན་གཅིག་འཕར། །ཕྱོགས་ལས་རྣམ་རྒྱལ་དགའ་ལྡན་ཕོ་བྲང་མི་མངོན་སུམ་རྩེན་དབྱིངས་ན་བཏེཊ། །ཆོས་སྲིད་རང་དབང་གཙང་མའི་དར་ཆེ་སྙིང་སྟོབས་སྤོབས་པས་གྱེན་དུ་བསྒྲེངས། །གསལ་སྟོང་འཛིན་མེད་བདེ་སྟོང་ཟུང་མཇུག་སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་དང༌། །གའུ་ཁ་སྦྱོར་དཀར་པོ་ཆིག་ཐུབ་དབུ་མའི་ལམ་དང་རྫོགས་ཆེན་སོགས། །གངས་ཅན་གསར་རྙིང་མཁས་གྲུབ་བྱེ་བའི་ཐུཊ་ཀྱི་དགོངས་པའི་མན་ངག་ཀུན། །ཐར་བའི་ལམ་དུ་འགལ་མེད་མཁྱེན་ནས་རིས་མེད་བསྟན་པའི་རྒྱལ་མཚན་འཆང༌། །ལེགས་བཤད་གསུང་གི་ཆ་ཤས་རེས་ཀྱང་སྐལ་བཟང་རྣ་བའི་དགའ་སྟོན་བསྐྲུན། །མཚན་དཔེའི་སྐུ་ཡི་བ་སྤུ་རེས་ཀྱང་འགྲོ་བའི་ཉེར་འཚེ་གདུང་བ་སེལ། །མཚན་གྱི་སྙན་པ་ཐོས་པ་ཙམ་གྱིས་རྣམ་དཀར་ས་བོན་སྐྲུན་མཛད་པའི། །ཟླ་བྲལ་དམ་པའི་སྐྱེས་ཆེན་ཁྱོད་འདྲ་འཇིག་རྟེན་འདི་ན་འབྱུང་བ་དཀོན། །དམར་པོའི་རླུང་འཚུབ་ལྡང་བའི་ཁྲོད་དུ་མི་རིགས་ལ་རྒྱའི་དར་ཆེན་འཛུགས། །སྐར་ལྔའི་དར་དམར་གཡོ་པའི་གསེབ་ནས་གངས་སེངས་དཀར་མོའི་ང་རོ་སྒྲོཊ། །མུན་པའི་ལྕགས་སྒྲོག་དོག་པོའི་ཀློང་དུ་བཤད་སྒྲུབ་བསྟན་པའི་སྒྲོན་མེ་སྦར། །རྒྱལ་སྲས་དཔའ་བོའི་སྐར་ཚོཊ་ཁྲོད་ན་རླབས་ཆེན་སྤྱོད་པའི་དཀྱིལ་འཁོར་རྫོཊ། །བླ་ཆེན་ཕལ་ཆེར་ཕྱི་རྒྱལ་ཕེབས་ནས་གསང་སྔགས་ཁྲོམ་བསྒྲགས་བྱེད་པའི་དུས། །ཚོང་པ་ཕལ་ཆེར་རྒྱ་ནག་རྒྱུགས་ནས་སྐུ་རྟེན་ནག་ཚོང་བརྒྱབ་པའི་དུས། །དམན་ཤར་ཕལ་ཆེར་གྲོང་ཁྱེར་འགྲིམས་ནས་རང་ལུས་ཚོང་རྫས་བྱེད་པའི་དུས། །ན་གཞོན་ཕལ་ཆེར་སློབ་གྲྭ་དོར་ནས་ཉལ་ཐ་ནག་པོ་འཐེན་པའི་དུས། །སྐུ་དྲག་མཐོན་པོའི་མདུན་ཅོག་སྒང་ནས་རྩ་དོན་རླུང་ལ་བསྐུར་བའི་དུས། །དྲུང་ཆེ་མཁས་པའི་ཡིག་སྣོད་ནང་དུ་ལྟོག་སྒོའི་ཡོལ་བ་ཕྱེ་པའི་དུས། །བླ་སྤྲུལ་མཐོན་པོའི་པང་ཁའི་ནང་དུ་རྒྱ་མོ་གཅེར་བུ་ཉར་བའི་དུས། །ཚོང་པ་རྒྱགས་པས་གསེར་སྐུ་བཙོངས་ནས་མོ་ཏྲ་ཏི་སི་གཏོང་པའི་དུས། ། གང་ཁྱེད་འཇོན་པོའི་གྲས་ལ་མ་ཞུགས་མདོ་ཁམས་གསེར་རྟ་འཛིན་མའི་ཁྱོན། །བསྟན་སྲིད་རིག་གཞུང་རྩ་བ་ཟུག་པའི་གཙུག་ལག་རིག་པའི་བསྟི་གནས་མཆོག ། བླ་རུང་ལྔ་རིག་ནང་བསྟན་སློབ་པའི་བསམ་འཕེལ་ནོར་བུའི་གླིང་ཡངས་པོ། །སྔོན་མེད་གསར་བསྐྲུན་གནང་བའི་མཛད་རྗེས་འཛད་མེད་ནམ་མཁའི་མཐའ་དང་འགྲོཊ། །མདོར་ན་གང་གི་རླབས་ཆེན་སྤྱོད་པས་མདོ་དབུས་འཛིན་མའི་ཁྱོན་ཀུན་ཏུ། །ལུགས་ཟུང་གཙུག་ལག་འོད་སྣང་གསལ་བའི་རྣམ་ཐར་གཙང་མའི་ཚུལ་འདི་འདྲ། །སྔོན་ཆད་མ་བྱུང་ད་ལྟར་མེད་ཅིང་ཕྱིས་ཀྱང་འབྱུང་བ་དཀོན་པས་ན། །ལྷོད་མེད་སེམས་ཀྱི་དད་པའི་མེ་ཏོག་སྙིམ་པའི་ཟོལ་གྱིས་ཁྱོད་ལ་ཕུལ། །གང་ཁྱེད་མཚན་དཔེའི་སྐུ་ཡི་ཕུང་པོ་མེ་ལྷའི་ཞལ་དུ་བསྟབས་ན་ཡང༌། ། ཟག་མེད་ཐུཊ་ཀྱི་དགོངས་པའི་ཆོས་སྐུ་ལོངས་སྤྱོད་རྫོཊ་པའི་དབྱིངས་ན་བཞེངས། །གྲགས་པ་སྙན་པོའི་མཚན་གྱི་ཨུཏྤལ་ཕྱོགས་ཀྱི་བུ་མོའི་རྣ་ལུང་མཛེས། །ས་ཆེན་འགྲམ་པའི་ཐིག་ལེ་ཟླུམ་པོར་འཕྲིན་ལས་བཟང་པོའི་ཞབས་རྗེས་ཕབ། །སྐྱེས་པ་ཕོ་ཡི་ལུས་སུ་སྐྱེས་ཀྱང་ཕོ་བླ་བཙོང་པའི་ཕོ་ཐ་འགའ། །དམར་ཆུང་སེམས་ལ་དམར་བའི་སྙིང་དོན་དམར་པོའི་རྒྱ་ལ་བསྐྱལ་སྲིད་ཀྱང༌། །ས་ཡ་དྲུག་གི་ས་ཁྱོན་དོན་དུ་ས་བཞིན་བརྟན་པའི་ཕོ་རབ་ཚོས། །སྐྱེས་ཆེན་དམ་པ་ཁྱེད་ཀྱི་མཛད་རྗེས་ནམ་ཡང་བརྗེད་པའི་སྐབས་མི་སྲིད། །ལེ་དབར་སྟོང་གིས་ཆོད་པའི་ལྷོ་ཕྱོགས་རྒྱ་གར་འཕགས་པའི་ཡུལ་གྲུ་ན། །རོ་དྲུག་འདུས་པའི་མིག་ཆུ་སྐྱུར་མོས་སྙིམ་པའི་མེ་ཏོག་བཀང་བྱས་ཏེ། །ཁྱོད་ཀྱི་རླབས་ཆེན་མཛད་པའི་ཚུལ་ལ་ཤེས་ནས་དད་པ་ཐོབ་པའི་བུ། །བེ་རི་སྨྱོན་པའི་གདུང་དབྱངས་འདི་ཉིད་བཞུགས་སྒར་དྷ་རམ་ས་ནས་ཕུལ། ། ཅེས་པ་འདི་ཡང་གངས་ཅན་པའི་བསྟན་སྲིད་རིག་གཞུང་དང་བཅས་པར་བསུབ་ཐབས་མེད་པའི་རླབས་ཆེན་མཛད་པའི་རྣམ་ཐར་བཟང་པོ་བདག་གིར་སྐྱོང་པ་གསེར་རྟ་མཁན་ཆེན་དམ་པ་ཞི་བར་བཤེགས་པའི་རྗེས་དྲན་ཚོགས་ཆུང་གིས་ཇི་ལྟར་བསྐུལ་གནང་མཛད་པ་བཞིན། དམ་པ་གང་དེར་ཤེས་ནས་དད་པ་ཐོབ་པ། གཙུག་ལག་སྨྲ་བ་བེ་རི་འཇིགས་མེད་ཀྱིས་དད་གདུང་དྲག་པོས་མཚམས་སྦྱར་ནས། རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་དབྱུ་གུ་དཀར་ཕྱོགས་སྟོང་བ་གསུམ་པའི་སྤྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༢༧ཚེས་བཟང་ལ་ཤར་མར་སྤེལ་བ་དགེ་ལེགས་འཕེལ། ། ། །༼ཚུར་ལ་གཟིགས་དང་མིག་ཆུས་མཆོད༽ཀྱི་ཐོག་ཏུ་བཀོད། ལྕགས་སྒྲོག་ལས་ཤོར་བའི་རྒྱ་སྟགཨ་ཀྱཱ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་ཕུལ་བ། རྒྱལ་བ་གཉིས་པའི་ལྟེ་བའི་མཚལ་གྱིས་ཤིས་པ་སྒྲུབ་པའི་དགེ་མཚན་ལས། ། ལྗོན་པའི་ཤིང་ལས་བདེ་གཤེགས་སྐུ་བརྙན་འབུམ་ཕྲག་བཀྱེ་བའི་དགོན་དེ་ཡི། ། ལུགས་ཟུང་གསེར་གྱི་འཁོར་ལོ་ཟླུམ་པོ་གང་གི་ཕྱག་མཚན་བསྣམས་མཛད་པ། ། བློ་བཟང་ཐུབ་བསྟན་སྙིང་པོའི་དཔལ་གྱུར་མཁས་བཙུན་བཟང་པོའི་མགོན་དེ་མཆོད། མཚན་དཔེ་སྐུ་ཡི་རྒྱ་སེ་མེ་ཏོག་མདོ་སྨད་ཡུལ་ནས་འཁྲུངས་པའི་མོད། ། གོང་མའི་མཁྱེན་ཡོན་གེ་སར་དཔལ་གྱི་དྲི་བསུང་མངར་མོ་ཕྱོགས་ཀུན་བརྡལ། ། ལང་ཚོའི་འཕེལ་ཁ་དར་བའི་མོད་ལ་དབང་ཕྱོགས་ཉི་མ་དམར་པོ་ཡིས། ། བྲན་པའི་ལག་རིང་བསྙབས་ཐེངས་གཅིག་གིས་ལོ་འདབ་ཟེའུ་འབྲུ་ས་ལ་གཏོར། ། སླར་ཡང་སླུ་བྲིད་ལྕགས་ཐག་སྔོན་པོ་ལྡུམ་རའི་ཟོལ་དུ་བསྐྲུན་བྱས་ཏེ། ། མདོ་དབུས་འཛིན་མའི་སྐྱེས་ཆེན་ཕལ་ཆེར་ཧ་ལོའི་མེ་ཏོག་ཕྲེང་བ་གཡོགས། ། ཆོས་ཀྱི་རྒྱལ་མཚན་ས་ལ་བསྙིལ་ཏེ་ཡང་སྲིད་བརྩད་གཅད་བྱས་པའི་སྐབས། ། བདེན་པའི་ལོ་རྒྱུས་རྒྱབ་ཏུ་བོར་ཏེ་ཡང་སྲིད་རྫུན་མ་ཁྲི་འདོན་བྱས། ། ཏཱ་ལའི་རུ་ཚོགས་རྒོལ་རྡུང་དགོས་པའི་རྩ་ཚིག་གང་སར་འབྲུག་བཞིན་བསྒྲགས། ། མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་རྐུན་མའི་རྫས་བཞིན་བཙོན་དུ་སྦས། ། ཆོལ་གསུམ་བོད་རིགས་ཀུན་གྱི་ཁ་ལ་སྨྲ་བ་བཅད་པའི་དྲ་རྒྱ་བཏབ། ། ལ་རྒྱ་མེད་པའི་བླ་སྤྲུལ་ཚོ་ལ་གོ་ས་མཐོན་པོའི་ཆོ་ལོ་གནང༌། ། དེ་ཚེ་ཁྱོད་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་གོ་ཆ་སྐུ་ལ་བགོས། ། གུང་ཁྲན་ཏང་གི་ཚོགས་འདུ་ནང་དུ་བདེན་པའི་གཏམ་གྱི་ང་རོ་སྒྲོགས། ། གོང་ས་མཆོག་གིས་ངོས་འཛིན་གནང་བའི་དགེ་འདུན་ཆོས་ཀྱི་ཉི་མ་ལ། ། པཎ་ཆེན་ཡང་སྲིད་ངོས་ལེན་དགོས་ཞེས་སྦ་གསང་མེད་པའི་དགོངས་འཆར་བཏོན། ཁ་རྩང་ཁྱོད་རང་ཀོང་ཏུང་བརྒྱུད་ནས་གནམ་གྲུ་ནང་དུ་སོང་བ་ཐོས། ། དེ་རིང་ཁྱོད་རང་ནུབ་ཕྱོགས་རྒྱལ་ཁབ་ཨ་རི་ཡུལ་དུ་སླེབས་པ་གོ ། འཁོན་འཛིན་སྙིང་ལ་རྨ་ཁ་མེད་ན་རང་ཡུལ་རྒྱབ་ལ་བཞག་དོན་ཅི། ། རྒྱལ་གཅེས་ལྷག་བསམ་སེམས་ལ་མེད་ན་རྒྱུས་མེད་མི་ཡུལ་འཁྱམས་དོན་གང༌། ། ཁྱོད་ཀྱི་ཐོབ་དང་གོ་ས་ཡོངས་རྫོགས་མཆིལ་མའི་ཐལ་བ་བཞིན་གཡུགས་ཏེ། ། མི་ཡུལ་ཕེབས་ནས་རང་ཡུལ་གནས་སྟངས་འཛམ་གླིང་ཡོངས་ལ་བསྒྲགས་པ་ན། ། གུང་ཁྲན་ཏང་གི་དཔོན་ངན་ཚོ་དང་རྒྱལ་འཚོང་སྐུ་དྲག་རྒན་པོ་ཚོའི། ། རྫུན་རྐུབ་རྫ་མའི་མཐིལ་བཞིན་བརྡོལ་བའི་ངོ་ཚའི་སྔོ་ལོ་དགུང་ལ་འཕྱར། ། སྐུ་དྲག་འགའ་ཞིག་ཨ་རིར་ཕེབས་ནས་བོད་དོན་རྡོག་པའི་འོག་ཏུ་བརྫིས། ། བླ་ཆེན་འགའ་ཞིག་ཨ་རིར་ཕེབས་ནས་འཛམ་བུ་གླིང་ལ་སྔོ་ལོ་འཕྱར། ། འཆལ་མོ་འགའ་ཞིག་ཨ་རིར་བསྐྱོད་ནས་ལུས་སྨད་བཙོང་བའི་ཕྱག་ལས་གནང༌། ། ཚོང་དཔོན་འགའ་ཞིག་ཨ་རིར་སོང་སྟེ་སྐུ་རྟེན་ནག་འཚོང་བརྒྱབ་ནས་བྲེལ། ། ཁྱེད་རང་ཨ་རིའི་ཡུལ་དུ་ཕེབས་ཤིང་ཨ་རིའི་ཡུལ་དུ་བཞུགས་པ་དེ། ། སྐྲ་ནག་མཛེས་མའི་ལང་ཚོ་དང་ནི་སྐྲ་སེར་ཡུལ་གྱི་ཁོར་ཡུག་དཔལ། ། ཨ་སྒོར་ལྗང་ཁུས་དངུལ་ཁུག་བརྒྱང་རྒྱུའི་རེ་དགོངས་བཅངས་པ་མ་ལགས་ཏེ། ། མི་རིགས་ལ་རྒྱ་སྙིང་ལ་བཅངས་ནས་མི་ཡུལ་སྐྱབས་བཅོལ་ལྷགས་པ་ལགས། ། རྡ་རམ་ས་ལའི་ཤིང་ནགས་གསེབ་ནས་རང་བཙན་སྐད་འབོད་བྱེད་མཁན་དང༌། ། མན་ཇུག་ཊི་ལའི་ཆང་ཁང་ནང་ནས་མི་རིགས་ལ་རྒྱ་བཤད་མཁན་ཚོ། ། རྒྱལ་གཅེས་དཔའ་བོའི་མཚན་སྙན་བཏཊ་ནས་གསར་འགྱུར་ཐོག་ཏུ་བཀོད་ཆོག་ན། །ལ་རྒྱའི་སྙིང་ཁྲག་སྙིང་ནས་འཕྱུར་བའི་དམ་པ་ཁྱོད་ལ་ལོས་བསྟོད་ལགས། ། རྐུབ་བཀྱག་མཐོན་པོའི་སྒང་ལ་བསྡད་ནས་ཁ་ལྕེ་བདེ་པོས་གཞན་སེམས་བསླུ། ། དྲུང་ཆེ་མཐོན་པོའི་མདུན་ཅོག་ཐོག་ནས་གཞུང་དངུལ་རྐུ་མ་བྱེད་མཁན་ཚོར། ། རླུང་འཕྲིན་ཐོག་ནས་གཞི་རྩ་མེད་པའི་གཏམ་བཟང་འདྲ་མིན་བཏང་ཆོག་ན། ། ངེས་དོན་དཔའ་བོའི་ཁྱུ་མཆོག་ཁྱོད་ལ་བསྟོད་པའི་སྙན་ཚིག་ལོས་འབྲི་ལགས། ། རྒྱལ་ཁབ་བཙོང་པའི་སྐུ་དྲག་ཚོ་དང་རང་ལུས་འཚོང་བའི་འཆལ་མོ་ཚོའི། ། རྐུབ་དང་ནུ་མར་བསྟོད་ར་བྱེད་པའི་སྙན་ཚིག་འདྲ་མིན་འབྲི་བ་ལས། ། ལུགས་ཟུང་གནས་ལ་གཟིགས་པ་ཡངས་པའི་སྐྱེས་མཆོག་དམ་པ་འདི་འདྲ་ལ། ། བསྔགས་བརྗོད་སྙན་ཚིག་འབྲི་བར་མཛོད་ཅེས་བེ་རི་སྨྱོན་པས་བསྐུལ་བ་ལགས། ། ལྷོ་ཕྱོགས་གྲོང་ཁྱེར་ཁགྱརྐྱངཇརྐྱཁམཐོ་སློབ་ཀྱི་ཉལ་ཁང་ཞིག་ནང་དུ་ ༢༠༠༡་༩་༡༦་གི་མཚན་མོར་བྲིས། ཨ་ཀྱཱ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རིན་པོ་ཆེ་མཆོག་ལ་ཕུལ་བའི་དགའ་བསུའི་སྙན་རྩོམ་ལྷན་བསྡེབས་༼ཙོང་ཆུའི་རླབས་སྒྲ༽ཐོག་བཀོད། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་སྐལ་ལྡན་གྱི་རྟོགས་པ་བརྗོད་པ་དད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །བློ་ཆེན་རྒྱལ་བ་ཡོངས་ཀྱི་དགོངས་པའི་མཚོ། །བློ་གྲོས་འཇུག་པའི་ཧུབ་ཀྱིས་བཏུང་བ་ལས། །བློ་ལྡན་མཁས་རྒུ་དགྱེས་པའི་དཔྱིད་འཇོ་བ། །བློ་བཟང་རྒྱལ་བ་གཉིས་པས་དགེ་ལེགས་སྩོལ། །ཟུར་མིག་བརྡ་ཐབས་རྣོན་པོས་རྒྱལ་རྣམས་ཀུན། །དགའ་བཞིའི་མགྲོན་དུ་འགུག་པའི་ཕོ་ཉ་མོ། །གཟུང་འཛིན་སྒྲིབ་གཡོག་བྲལ་བའི་རྗེན་གཅེན་མ། །མཁའ་སྤྱོད་དག་པའི་དབྱིངས་ནས་གཟིགས་མོ་མཛོད། །བློ་ཆེན་རྒྱལ་བའི་མཛད་པ་བཟང་པོའི་འཕྲིན། །སྐལ་ལྡན་འགྲོ་བའི་དཔྱིད་དུ་འཇོ་བ་ཡི། །ངེས་དོན་མཁས་དང་གྲུབ་པའི་རྩེད་འཇོ་ཚུལ། །འདི་ན་དོན་ལྡན་ངག་གི་བརྗོད་པ་དབྱེ། །མགོན་ཁྱོད་མདོ་ཁམས་དབང་ཕྱོགས་རྟ་འུ་ཞེས། །དགེ་བཅུ་གཡང་དུ་འཁྱིལ་བའི་ཞིང་དེ་ན། །མཚན་དཔེའི་སྐུ་ཡི་མེ་ཏོག་བཞད་པའི་མོད། །ངོ་མཚར་ལྟས་བཟང་ལྷ་མིའི་དགའ་སྟོན་འགྱེད། །ན་ཚོད་སྐུ་ཡི་ལྗོན་པ་ཕྲ་ན་ཡང༌། །གོམས་པའི་བག་ཆགས་འདབ་སྟོང་གྲོལ་བ་ལས། །དམ་པའི་རང་རྟགས་མངར་མོའི་དྲི་བསུང་འབུམ། །མུ་མེད་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་བརྡལ། །བྱིས་པའི་དུས་ནས་རྣམ་དག་ངེས་འབྱུང་བློས། །འདོད་ཡོན་སྒྱུ་མའི་རོལ་རྩེད་དང་འགྲོགས་པའི། །སྲིད་བདེ་སྲིན་མོའི་འཛུམ་མདངས་ལ་སྐྲག་སྟེ། །དཀྱུས་རིང་སྤྱན་ཞགས་ཐར་བའི་ཞིང་དུ་བསྲེངས། །ཧོར་སྲས་ཆོས་རྗེའི་ཐུགས་བསྐྱེད་ཀཻ་ལ་ཤའི། །འཕྲིན་ལས་གངས་རྒྱུན་འཇུག་པ་ཉ་྄མཚོ་རུ། །པདྨོའི་མཚོ་ལ་འཁོར་ལོའི་ལག་ལྡན་དང༌། །སྐྱེད་མའི་ཚལ་ལ་བུང་བ་ཇི་བཞིན་འཇུག ། གཞི་གསུམ་ཁྲིམས་གྱིས་དུལ་བའི་ཆོས་སྡེ་དེར། །བསྟན་པའི་མཛེས་རྒྱན་དུ་མའི་ཞབས་བསྟེན་ནས། །ཡི་གེ་ཕྱི་མོ་ཆོས་སྤྱོད་བློ་འཛིན་ཆུས། །ཚེགས་མེད་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། །བདུན་ལྷག་བཅུ་ཡི་བགྲངས་བྱའི་ཕང་པ་ནས། །འབད་པའི་དཀའ་སྤྱོད་དྲག་པོ་ལུྷར་བླངས་ཏེ། །ཞབས་ཟུང་བཀྲ་ཤིས་འཁོར་ལོའི་རེ་ཁཱ་ནི། །དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་བསྒྱུར། །རྒྱན་དྲུག་མཁྱེན་རབ་གཅིག་ཏུ་བསྡུས་པའི་ཁམས། །ཟླ་མེད་དཔྱོད་ལྡན་མཁས་པ་དུ་མའི་ཞབས། །གདེངས་ཀ་ནོར་བུའི་ཏོག་གི་རྒྱན་བཀོད་དེ། །གསུང་རབ་རྒྱ་མཚོ་བརྩོན་པའི་རླབས་྄ཀྱིས་བསྲུབས། །རིགས་གསུམ་མི་ཡི་རྣམ་རོལ་གྲུབ་པའི་གཟུགས། །མཁྱེན་བརྩེ་ནུས་པའི་དཔལ་དུ་གྱུར་པ་ཡི། །སྐྱེས་ཆེན་དུ་མའི་ཞབས་ཀྱི་བུམ་བཟང་ལས། །དབང་བཞིའྀ་མན་ངག་རྣམ་བཞིའི་བདུད་རྩི་འཐུང༌། །གངས་ཅན་ལྷ་གཅིག་ཐུབ་བསྟན་རྒྱ་མཚོའི་སྡེའི། །ཐུགས་བསྐྱེད་སྣ་ལྔའི་འཇའ་ཡི་གུར་ཁྱིམ་ནང༌། །ཡོངས་རྫོགས་བསྙེན་པར་རྫོགས་པའི་ཁྲིམས་མནོས་ཏེ། །ངེས་དོན་ཐུབ་པའི་རྒྱལ་ཚབ་ཆེན་པོར་གྱུར། །ཟ་ཧོར་རྒྱལ་སྲས་བྷོ་དྷི་ས་ཏྭ་དང༌། །ཞི་དུལ་སྤྱོད་པ་མཆོག་གྱུར་ཉེ་བར་འཁོར། །བཅས་དང་རང་བཞིན་ཉེས་པས་མ་གོས་པ། །གང་ཁྱོད་ཕན་ཚུན་རྣམ་པར་འགལ་བ་ཙམ། །དགའ་ལྡན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང༌། །མཁས་མང་ཁྲི་ཕྲག་ཚོགས་པའི་རྡོ་གཅལ་ཁར། །ལུང་རིགས་མན་ངག་བསྲེགས་བཅད་དརྡར་བ་ཡིས། །ཞིམ་པ་མེད་པར་སེངྒེའི་ང་རོ་སྒྲོགས། །དེ་ཚེ་སྡེ་འདིའི་གཟུར་གནས་མཁས་རྒུ་ཡི། །བཀྲ་ཤིས་གཡས་སུ་འཁྱིལ་བའི་མགྲིན་པའི་དུང༌། །མཉམ་དུ་སྡེབ་པའི་བསྔགས་པའི་དབྱངས་སྙན་ནི། །ཕྱོགས་ཀྱི་བུ་མོའི་ཐོས་འཛིན་རྒྱན་དུ་ལྷངས། །ཐུགས་བསྐྱེད་ཉི་འོད་རྣོན་པོས་འབིགས་པ་ན། །འཕྲིན་ལས་འདབ་མ་གྲོལ་བ་དངོས་པོའི་གཤིས། །དེ་སླད་གང་གི་ཞབས་ཟུང་འཁོར་ལོ་ཡིས། །བཀྲ་ཤིས་རེ་ཁཱ་མདོ་ཁམས་སྒང་དུ་བཀོད། །དད་སྟོབས་དབྱར་གྱི་བཞིན་རས་དང་འགྲོགས་པའི། །གཞིས་ཀྱི་སེར་སྐྱ་སྟོང་ཕྲག་ལ་ཉེ་བས། །ཕེབས་བསུའི་རླབས་ཀྱི་གཉེར་མ་འཁྲུགས་པ་ཡིས། །ས་ཆེ་འགྲམ་པའི་ཐིགས་ལེ་སྣུམ་པོར་བྱས། །རྣམ་བཞི་འཕགས་པའི་རིགས་ཀྱི་མཐུ་བརྟས་ཏེ། །ངན་ངོན་བཞི་ཡི་འཚོ་བའི་སྲུབ་ཀ་ནས། །དཔྱོད་འཇོག་ཟུང་དུ་འབྲེལ་བའི་སྒཽམ་སྟོབས་ཀྱིས། །སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་བླ་ན་འདེགས། །ལ་ཕྱི་གངས་དང་སྨིན་དྲུག་རྫ་རི་ཁྲོད། །ཐོས་པ་དགའ་དང་ཚེ་དབང་ནོར་བུ་བཞིན། །གང་ཁྱོད་ཀུན་འབྱམས་དབེན་པའི་རི་ཁྲོད་དུ། །ཤིས་པ་སྒྲུབ་པའི་ཞབས་རྗེས་རི་མོ་ཕབ། །ཕྲ་རགས་རྣལ་འབྱོར་གོམས་པའི་ཀྱོ་བ་ཡིས། །ལས་བཞི་ཐུན་མོང་གྲུབ་པའི་མཐུ་བཀུག་ཅིང༌། །ཐུན་བཞིའི་གནམ་རུ་འཁྱོག་པོའི་རྩ་ཁམས་ནས། །དྷཱུ་ཏིའི་ཉག་ཕྲན་གློག་དང་ལྷན་ཅིག་བསྲིངས། །རོ་རྐྱང་རྒྱུ་བའི་ལམ་བུ་བཀག་པ་དང༌། །རླུང་སྔགས་རྡོ་རྗེ་བཟླས་པའི་འཁོར་ལོ་ཡིས། །འདབ་བརྒྱད་སྙིང་གིེ་་རྩ་མདུད་གྲོལ་བའི་འཕྲུལ། །མི་ཕྱེད་བརྩོན་པའི་རླུང་ཤུགས་དྲག་ཏུ་བསྐྱོད། །དེ་ཚེ་གཟུང་འཛིན་ན་བུན་དབྱིངས་སུ་ཡལ། །དཔེ་དང་དོན་གྱི་འོད་གསལ་ལས་བྱུང་བའི། །བདེ་སྟོང་ཟུང་དུ་འཇུག་པའི་འོད་སྣང་གསལ། །སྐུ་གསུམ་ནོར་བུའི་མཛོད་ཀྱི་སྒོ་འཕར་ཕྱེས། །རྒྱལ་ཀུན་བརྩེ་ཆེན་རྣམ་འཕྲུལ་གྲུ་འཛིན་མགོན། །མཚན་དཔེའི་ཟླ་གཞོན་ཕྱོགས་འདིར་འཛུམ་པའི་སྐབས། །དྲུག་ཅུའི་དབྱངས་ཀྱིས་སྡེ་འདིར་འཆད་ཉན་སྲོལ། །འཛུགས་པའི་སྐལ་བཟང་འོད་སྣང་ཁྱོད་ལ་འཇོ། །མདོ་ཁམས་མཁས་གྲུབ་བྱེ་བའི་རབ་དང་ཕུལ། །བློ་བཟང་དཔལ་དང་ལྡན་པའི་རིང་ལུགས་བསྟན། །འཛིན་མཁས་སྙན་གྲགས་འབར་བའི་ལེགས་བཤད་རྣམས། །སྡེ་འདིའི་འཆད་ཉན་བྱེད་པའི་རྟེན་དུ་སྐྲུན། །ལུང་རིགས་གཤོག་དྲུག་དར་བའི་གསེར་མིག་ཉ། །འབུམ་ཕྲག་གཅིག་ཏུ་འཕྱུར་བ་རོལ་བའི་མཚོ། །གསེར་སྦྱངས་རིང་ལུགས་འཆང་བའི་དགོན་སྡེ་དེར། །བཤད་སྒྲུབ་རླབས་ཕྲེང་གཡོ་བས་ཤིས་པ་སྒྲུབ། །ཀྱེ་མ་ས་སྟེང་དམྱལ་བའི་ལས་མཁན་གང༌། །དུས་ཀྱིས་རྒུད་པའི་རང་མཚང་ཆུ་བཞིན་བརྡོལ། །ངོ་རྒོལ་བཞི་ཡི་མེ་ལྕེ་དགུང་ལ་མཆེད། །རིག་གནས་གསར་བརྗེའི་རླུང་འཚུབ་ཀུན་ནས་ལྡང༌། །ཆག་ཆག་རྡོར་བརྡེབས་འཚིག་འཚིག་མེ་ལ་སྲེགས། །མཁོ་མཁོ་རྒྱ་མཛོད་བསྡུས་པའི་སྨུག་ཀློང་ཁྲོད། །གང་ཁྱོད་མཚོན་དཔེའི་སྐུ་ཡི་ཟླ་གཞོན་ཡང༌། །མ་རུངས་སྒྲ་གཅན་མུན་པའི་ཁ་རུ་ཚུད། །མི་བསད་རྟ་སྒྲིལ་བྱས་པའི་ལག་དམར་དང༌། །རྐུན་འཕྲོག་གཡོ་རྫུན་ཉེས་པ་མ་བསགས་པར། །མུན་པའི་ཁུང་བུ་ནང་དུ་ཡིབས་དགོས་པ། །ཀྱེ་མ་ཅི་ཞིག་བྱས་པའི་ལས་འབྲས་སམ། །དོན་གྱི་བདག་པོའི་ཐུགས་བསྐྱེད་རླུང་ཤུགས་ཀྱིས། །དུས་ཀྱི་སྤྲིན་ནག་དབྲལ་བའི་སྲུབ་ཀ་ནས། །གུ་ཡངས་སྲིད་ཀྱི་གོ་སྐབས་དང་བསྟུན་ནས། །སླར་ཡང་བསྟན་པའི་མེ་རོ་ཁྱོད་ཀྱིས་གསོས། །རིགས་ཀྱི་ལ་རྒྱ་སྙིང་ལ་ཞུགས་པའི་བུར། །ཟུངས་ཁྲག་དྲོན་མོའི་རྒྱུན་དང་ལྷན་གཅིག་དུ། །བྷོ་ཊའི་ཆོས་དང་གཙུག་ལག་རིག་པའི་རྒྱུན། །དམར་ཆུང་སྙིང་གི་དབུས་སུ་བསྐྱིལ་བར་མཛད། །སྲིད་པའི་རང་མཚང་འཁྲུགས་པའི་རླུང་ནག་གིས། །རྨངས་ནས་བསྒྱེལ་བའི་ཉ་མཚོ་གཙུག་ལག་ཁང༌། །ཆོས་འབྱོར་སྤྲིན་གྱི་མེ་ཏོག་འཇོ་བ་ལས། །བཀོད་ལེགས་ལྷ་ཡི་ཞིང་ཁམས་འདྲ་བར་བསྒྱུར། །ངེས་འབྱུང་རླུང་གིས་གཡོ་བའི་ཐར་འདོད་ཁྱུ། །བརྒྱ་ཕྲག་གཅིག་ཏུ་ཚོགས་པའི་ཤམ་བུ་ལ། བསླབ་གསུམ་ནོར་བུའི་ཏོག་གིས་མཛེས་བྱས་ཏེ། །ཐུབ་བསྟན་ཁང་བཟང་དབུས་ན་མངོན་པར་འཚེར། །འབུམ་ཕྲག་བསོད་ནམས་ཟོང་གིས་ཉེར་བསྒྲུབས་པའི། །སྔོན་མེད་གསར་དུ་བསྐྲུན་པའི་རྟེན་གསུམ་གྱི། །བྱིན་རླབས་འོད་ཀྱི་ཚན་ཁ་རྣོན་པོ་ཡིས། །འབྱོར་ལྡན་བསོད་ནམས་གསག་པའི་ཞིང་ས་གཤིན། །མ་སྨད་ངེས་འབྱུང་རོལ་བའི་མཚོ་ཆེ་ཡངས། །རྣམ་དག་སེམས་བསྐྱེད་གསེར་རིའི་ཕྲེང་བ་མཛེས། །ཡང་དག་ལྟ་བའི་བང་རི་མངོན་པར་མཐོ། །གསུམ་ལྡན་འཕགས་ཆེན་དམ་པ་ཁྱོད་འདྲ་དཀོན། །མཁྱེན་པའི་ཉི་འོད་ཤེས་བྱ་ཀུན་ལ་འཇུག ། རྗེས་བརྩེ་ཟླ་གཞོན་ལུས་ཅན་ཡོངས་ལ་མཉམ། །ནུས་པའི་ཐོག་ལྕེ་སྒྲིབ་གཉིས་དགྲ་ལ་རྣོ། །གསུམ་ལྡན་སྐྱེས་མཆོག་དམ་པ་ཁྱོད་འདྲ་དཀོན། །ཕྱི་ཡི་ཀུན་སྤྱོད་ཉེ་བར་འཁོར་བཞིན་དུལ། །ནང་གི་རྟོགས་པ་སཱ་ར་ཧ་ལྟར་མཐོ། །གསང་བའི་མན་ངག་མདོ་སྔགས་འགལ་མེད་མཁྱེན། །གསུམ་ལྡན་རྡོ་རྗེ་འཛིན་པ་ཁྱོད་འདྲ་དཀོན། །འཆད་ན་ཟབ་རྒྱས་གཞུང་གི་དགོངས་དོན་འབྱེད། །རྩོད་ན་དཀའ་གནད་འབྱེད་པའི་རིགས་ལམ་རྣོ། །རྩོམ་ན་སྡེབ་ལེགས་ཚིག་གི་སྒྱུ་རྩལ་སྙན། །གསུམ་ལྡན་མཁས་པའི་ཁྱུ་མཆོག་ཁྱོད་འདྲ་དཀོན། །ངུར་སྨྲིག་མཛེས་སྐུ་གསེར་གྱི་རི་བཞིན་བརྗིད། །གསུང་གི་འཕྲིན་ལས་ནམ་མཁའི་མཐའ་དང་མགྲོགས། །ཐུགས་ཀྱི་མཁྱེན་བརྩེ་ཉི་ཟླའི་འགྲོས་དང་མཉམ། །གསུམ་ལྡན་བཤེས་གཉེན་དམ་པ་ཁྱོད་འདྲ་དཀོན། །ཐོས་པ་རྒྱ་མཚོའི་གཏིང་མཐའ་གཞལ་དུ་མེད། །བསམ་པའི་རླབས་ཀྱི་རྩེད་འཇོ་ཅི་ཡང་རྒོད། །སྒོམ་པ་འདོད་འཇོ་བསམ་འཕེལ་ནོར་བུས་གཏམས། །གསུམ་ལྡན་གདེངས་ཅན་དབང་པོ་ཁྱོད་འདྲ་དཀོན། །སྨིན་བྱེད་བསྐྱེད་པས་ལས་བཞིའི་དངོས་གྲུབ་བརྙེས། །གྲོལ་བྱེད་རྫོགས་པས་སྙིང་གི་རྩ་འདབས་གྲོལ། །སྐུ་ཐུགས་ཟུང་དུ་འཇུག་པའི་ལྷན་སྐྱེས་རྩལ། །གསུམ་ལྡན་གྲུབ་པའི་དབང་ཕྱུག་ཁྱོད་འདྲ་དཀོན། །གང་ཁྱོད་ཞིང་འདིའི་གདུལ་བྱ་རྫོགས་པ་ན། །ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་ནས༌། །མ་སྒྲིབ་དཀྱུས་རིང་གཡོ་བའི་སྤྱན་ཞགས་ཟུང༌། །འོག་མིན་བདེ་ཆེན་དག་པའི་ཞིང་དུ་གཏད། །དེ་ཚེ་གང་གིས་རྗེས་སུ་བཟུང་བ་ཡི། །དད་ལྡན་འབུམ་གྱི་ཆོ་ངེ་འབྱིན་པའི་སྒྲ། །དབྱིག་གི་བློ་གྲོས་མ་དང་ལྷན་ཅིག་འདར། །སེམས་མེད་གནམ་གྱི་མཆི་མའི་ཆར་རྒྱུན་འཇོ། །གང་ཁྱོད་དག་པའི་ཞིང་དུ་གཤེགས་ན་ཡང༌། །མ་སྨད་འཕྲིན་ལས་ནམ་མཁའི་མཐའ་དང་འགྲོགས། །ཐུགས་བསྐྱེད་བཙན་པོའི་དམ་བཅའ་མ་བསྙེལ་བར། །མཆོག་གི་སྤྲུལ་པ་སླར་ཡང་བྱོན་པ་ལེགས། །ས་ཆེན་འདི་ཉིད་ཤོག་གུ་ལ་བསྒྱུར་ཏེ། །རྒྱ་མཚོ་ཡོད་ཚད་སྣག་ཚ་བྱས་ན་ཡང༌། །མགོན་པོ་གང་གི་རྣམ་པར་ཐར་པའི་རིས། །ཆ་ཤས་ཙམ་ལས་རྫོགས་པར་བརྗོད་ནུས་མིན། །འོན་ཀྱང་རྒྱ་མཚོའི་ཆུ་ལས་ཆུ་ཐིགས་དང༌། །ལྷུན་པོའི་སྤོ་ལས་ཕྲ་རབ་རྡུལ་ཕྲན་ཙམ། །བརྗོད་པའི་ངལ་བ་བརྟེན་འདིས་འགྲོ་བ་ཀུན། །དམ་པའི་རྣམ་ཐར་འཆང་བའི་རྒྱུར་གྱུར་ཅིག ། རབ་བྱེད་དད་པའི་མེ་ཏོག་ཕྲེང་བ་འདི། །རིག་པའི་གྲོགས་པོ་རྟ་འུ་ཆོས་མཛད་ཀྱིས། །སྐུལ་ཚིག་སྙིམ་པའི་མེ་ཏོག་བཏེགས་པ་ལས། །སྡེབ་ལེགས་ཚིག་གི་བསྲད་བུར་འདི་བཞིན་བརྒྱུས། །སྙན་ཚིག་འཁྱོགས་པོའི་གནམ་རུ་མ་བཀུག་པར། །ངོ་མཚར་བརྗོད་དོན་གཏམ་གྱི་སྒྲོ་ལྡན་འདི། །འཇིགས་མེད་ཚིག་སྦྱོར་སྨྲ་བ་ངག་གི་དབང༌། །དབྱངས་ཀྱི་རྒྱལ་མོ་དགྱེས་པ་སྐྱེད་དེས་སྤེལ། །ཅེས་བཀའ་བདམས་བསྟན་པའི་མཛེས་རྒྱན་དགེ་བའི་བཤེས་གཉེན་ཆེན་པོ་མདོ་རམས་པ་བློ་བཟང་སྐལ་ལྡན་དཔལ་བཟང་པོ་མཆོག་གི་བསྔགས་པ་བརྗོད་པ་དད་པའི་མེ་ཏོག་ཞེས་པ་འདི་ནི། ལུགས་གཉིས་གནས་ལ་གཟིགས་པ་ཡངས་པ་རྟ་འུ་ཆོས་མཛད་ཕུན་ཚོགས་ཀྱིས་ནན་གྱིས་སྐུལ་བ་ལྟར། ནོར་རྒྱུན་མའི་གསེར་རྐྱལ་ལ་གྱེས་མཇལ་ཞུས་ནས་དབྱངས་ཅན་མའི་བྲང་གཞུང་ལ་འགྲམ་པ་སྦྱར་བ་ལས། རྒྱ་བོད་ཀྱི་གཙུག་ལག་ཤེས་བྱ་རིག་པའི་གནས་ཕལ་བོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་འོད་འཕྲོ་བའི་སྤོབས་པ་ཅུད་ཟད་དགེ་བའི་སྙན་ངག་པ་བེ་རི་འཇིགས་མེད་དམ་བརྡ་སྤྲཽད་ཀུན་བཤདཀྱི་མིང་དུ་ངག་དབང་དབྱངས་ཅན་དགྱེས་པའི་བློ་ལྡན་དུ་འབོད་པས། རབ་བྱུང་བཅུ་བདུན་པའི་སྣ་ཚོགས་དབྱིག་གི་སྤྱི་ལོ་༢༠༠༡ལྷ་བབ་དཀར་ཕྱོགས་རྫོགས་པ་གསུམ་པའི་ཉིན་རང་ཤག་ལྔ་རིག་ནོར་བུའི་ལྡིང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ། ། ། །༼དགེ་བའི་བཤེས་གཉེན་ཆེན་པོ་མདོ་རམས་པ་བློ་བཟང་སྐལ་ལྡན་དཔལ་བཟང་པོའི་རྣམ་ཐར་སྐུ་གསུམ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་༽ཀྱི་མཇུག་ཏུ་བཀོད།

ཐུག་རྟགས་མཁས་རྒུ་དགྱེས་པའི་མཆོད་སྤྲིན།   ཐུགས་བསྐྱེད་སྐབས་གསུམ་འཇུག་ངོགས་ཡངས་པོར་རྨད་བྱུང་སྔོན་བསགས་ཚོགས་གཉིས་སྤྲིན་ཕུང་སྐུ་བཞིའི་ལྡིང་ཁང་ལེགས་གསུང་དབྱར་སྐྱེས་རྔ་དང་འགྲོགས་པ་ལས།   །སྣ་ཚོགས་སྤྲིན་གྱི་མེ་ཏོག་རབ་འཐོར་གདུལ་བྱའི་དབྱིག་འཛིན་ཕང་པ་བརླན་དང་ལྷན་ཅིག་རྨ་བྱ་དགའ་བའི་མཇུག་སྒྲོ་ཟླུམ་པོས་གར་རྩེན་པས།   །ས་གསུམ་ཤིས་པའི་ལང་ཚོ་འགུགས་པའི་རྨད་བྱུང་མཛད་པའི་ལྟད་མོ་དག་ནི་མིག་གི་མཁའ་ལ་རླུང་གི་རྒྱལ་མཚན་དབྱིངས་སུ་འཆར་བ་ཞིན།   །ཚངས་དབང་མེ་སྐྱེས་ཐ་གུའི་ལྟོ་ཅན་སོགས་ཀྱི་རློམ་པའི་ཁེངས་པ་ས་འོག་བཅིངས་མཛད་ཐུབ་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་མགོན་དེས་སྐྱོངས།   །མཐའ་ཡས་རྒྱལ་བ་རྒྱ་མཚོའི་དགོངས་པའི་ཀློང༌།   །བསམ་ཡས་ལུང་དང་རིགས་པའི་གྲུར་ཞུགས་ནས།   །ངེས་དོན་ནོར་བུས་ཐུབ་བསྟན་རྒྱལ་མཚན་རྩེ།   །མཛེས་བྱེད་འཕགས་ཡུལ་པཎ་གྲུབ་འཛམ་གླིང་རྒྱན།   །ཐུབ་ཆེན་ཏི་སེ་གངས་རི་ལས།   །ལེགས་འོང་ཁ་འབབ་རྣམ་བཞིའི་རླབས།   །བྱང་རྒྱུད་ཁ་བའི་རི་སུལ་ན།   །འདྲེན་མཁས་རྒྱལ་བླློན་ལོ་པཎ་བསྔགས།   །ཐུབ་ཆེན་མེས་པོའི་རལ་ཚོགས་ཀློང་འཁྱིལ་ཟབ་དང་རྒྱ་ཆེའི་མཐའ་དག་ཆོས་ཚུལ་རྣམ་དཔྱོད་སྦར་མོས་བཙིར་བ་ལས།   །རྒོད་བག་རྩིང་སྤྱོད་ཛ་ཧུ་ན་ཡི་ལྟོ་བར་དྲངས་ཏེ་ཚངས་སྤྱོད་ཞུམ་པའི་རྣམ་ཐར་གཙང་མའི་བརྟུལ་ཞུགས་འཆང༌།   །ལམ་གསུམ་དལ་འབབ་ཡན་ལག་བརྒྱད་ལྡན་འགྲོ་འདིའི་རྒུད་ཚོགས་དྲི་མ་གཞོམ་ཞིང་སྐལ་ལྡན་ཤིང་རྟ་དག་པའི་གླིང༌།   །ཡོངས་སུ་འདྲེན་མཛད་ལྷ་ཆོས་བདུན་ལྡན་བཀའ་གདམས་པ་ཞེས་སྙན་པའི་བ་དན་ཀུན་གསལ་འགྲམ་པའི་ཐིག་ལེར་མཛེས།   །བླློ་ཆེན་རྒྱལ་བའི་གཞུང་བཟང་འདོམས་ལ་གྲགས་པའི་སྙན་པ་ཕྱོགས་བརྒྱར་འབར།   །རྣམ་དཔྱོད་དར་མ་མཛེས་མའི་ལུས་ལ་ལུང་རིགས་རིན་ཆེན་དོ་ཤལ་འཆང༌།   །དགེ་ལྡན་སྙན་རྒྱུད་བསྟན་པའི་བདུད་རྩིས་ལེཊ་བཀང་དཔལ་གྱི་བུམ་པ་བཟང༌།   །ཞྭ་སེར་རིང་ལུགས་གཙང་མའི་རྒྱལ་མཚན་ཐུབ་བསྟན་ཁང་བཟང་རྩེ་ན་མཛེས།   །འཇམ་པའི་དབྱངས་བདུན་རྫོགས་པ་ཡི།   །བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང༌།   །ལེགས་གསུང་མགྲིན་པའི་རྒྱན་འཆང་བ།   །དཔལ་ལྡན་མཁས་རྒུའི་གཙུག་ན་མཛེས།   །མདོ་སྔགས་ཆོས་ཚུལ་རབ་འབྱམས་སྨྲ་བར་ཆགས་ཐོགས་རྨོངས་པའི་མདུད་རྒྱ་གྲོལ།   །འཕགས་ཡུལ་པཎ་ཆེན་བྱེ་བས་མི་མཚོན་བསོད་ནམས་དཔུང་པའི་རྩལ་རྫོགས་པ།   །གྲགས་པ་སྙན་པོའི་དཔལ་དང་འགྲོགས་པའི་རྣམ་དཔྱོད་མཆོག་གི་ལང་ཚོ་དར།   །ཕྱོགས་ལས་རྣམ་རྒྱལ་གྲགས་པའི་སྡེ་དེའི་རྨད་བྱུང་མཛད་པའི་རྣམ་ཐར་སྙན།   །གངས་ཅན་ཆོས་སྡེ་གསེར་རི་ཕྲེང་བའི་དབུས།   །རྣམ་བཞི་རིན་ཆེན་བརྩེགས་པའི་ལྷུན་པོ་བཞིན།   །རབ་དང་ཕུལ་བྱུང་ཆོས་ཀྱི་སྡེ་འདི་ཡི།   །སྔོན་བྱོན་མཁས་དང་གྲུབ་པའི་བཤེས་རྣམས་གུས།   །ཐོས་བསམ་སྒོམ་པའི་ཕ་མཐའ་དང་བྲལ་འཆད་རྩོད་རྩོམ་པའི་རླབས་ཕྲེང་གཡོ།   །མཁས་བཙུན་བཟང་པོའི་རློན་གྱི་གཤིན་ལ་ལྟ་སྒོམ་སྤྱོད་པའི་འཇིང་ཟབ་པ།   །བསླབ་གསུམ་ནོར་བུས་ཡོངས་སུ་གཏམས་པའི་དངོས་བརྒྱུད་བཤེས་གཉེན་དམ་པོ་འི།   །བརྗོད་བྲལ་བཀའ་དྲིན་ནམ་ཡང་དྲན་ནོ་ཚེ་རབས་ཕྲེང་བར་རྗེས་སུ་ཟུངས།   །མཚུངས་མེད་བཤེས་གཉེན་དུ་མའི་ཞལ་ཆབ་ཆུ།   །ཆོས་ཀྱི་འཁོར་ལོ་འཁྱིལ་བའི་ལེགས་བཤད་མཚོར།   །དད་བརྩོན་སྙིམ་པ་ཟུང་གིས་བཏེགས་དང་ལྷན།   །ཡུན་རིང་འཐུང་བའི་སྐལ་བཟང་ཁོ་བོས་ཐོབ།   །དེ་སླད་གསུང་རབ་དགོངས་དོན་སྨྲ་བའི་འདབ།   །ཕྲག་དོག་མེ་ཡིས་མགྲིན་པའི་ཕུགས་བསྐམས་པའི།   །དགུན་གྱི་ཁུ་བྱུག་རྒན་པོ་ལས་འགང་སྟེ།   །ལེགས་བཤད་མགྲིན་པའི་བྲེ་འགྱུར་རྩེན་ལ་དབང༌།   །ལུང་རིགས་དབྱངས་སྙན་ཕྱོགས་མཐར་འཕུར་བ་ཡི།   །རྣམ་གསུམ་ཁྲིམས་ལྡན་བླློ་གསལ་བྱེ་བ་ཕྲག །   འདུས་པའི་གླིང་འདིར་སྐྱེས་སྦྱངས་གོམ་པའི་འགྲོས།   །གང་ཞིག་རེག་པའི་མཆོད་སྤྲིན་བསྟར་བར་བྲེལ།   །དེ་སླད་ཀུན་བཟང་ཞིང་གི་མཆོད་པའི་སྤྲིན།   །ཕྱོགས་འདིར་འཕོས་འདྲའི་གཏོང་རྩ་རྒྱ་མཚོའི་རླབས།   །རིག་གྲོལ་ཀླུ་དབང་འབུམ་སྡེ་ཚོགས་པའི་ཞིང༌།   །གཏོང་ཕོད་མཛོད་ཀྱི་སྒོ་འཕར་ཕྱེས་པའི་དགེས།   །གངས་ཅན་ལུགས་གཉིས་པུ་ཌ་རུ་ཀའི་ཚལ།   །བཞད་དང་མི་བཞད་གང་ལ་ལྟོས་པའི་མགོན།   །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཆེ།   །གསང་གསུམ་རྟག་བརྟན་མཛད་བཞེད་ལྷུན་གྲུབ་ཤོག  །   ཚེ་རབས་ཀུན་ཏུ་ལམ་སྟོན་བཤེས་གཉེན་གྱིས།   །རྗེས་བཟུང་གསུང་རབ་དགོངས་འགྲེལ་བཅས་པའི་དོན།   །བཤད་སྒྲུབ་ཟུང་དུ་འབྲེལ་བའི་རྣམ་དཀར་གྱིས།   །མཐའ་དག་ལུས་ཅན་སྒྲོལ་བའི་དཔལ་ཐོབ་ཤོག  །   སྐྱབས་རྗེ་ཟམ་གདོང་ཡོངས་འཛིན་འབྲས་བློ་གླིང་མཁན་རབས་དོན་གཉིས་པ་བཤེས་གཉེན་ཆེན་པོ་འཇམ་དཔལ་བསམ་འཕེལ་མཆོག་གི་ཡང་སྤྲུལ་བླློ་བཟང་ལུང་རིགས་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ་མཆོག་གིས་དགེ་བཤེས་གཏོང་རྩའི་སྒོ་འཕར་ནམ་མཁའ་མཛོད་ལྟར་ཕྱེས་པའི་སྐབས་བླ་བྲང་ཕྱག་མཛོད་ཀྱིས་ཇི་ལྟར་སྐུལ་བ་བཞིན་གདན་ས་ཆེན་པོ་འདིའི་སྔོན་གྱི་ཕྱག་སྲོལ་ལྟར་དད་གུས་སྤྲོ་བ་དང་བཅས་སྦྱར་བ་དགེ་ལེགས་འཕེལ།    མངྒལཾ།   །

གྱེས་མཇལ། མཚན་ཚོགས་ཞབས་བྲོ་འཁྲབ་དུས་ངོ་ཤེས་པའི། །ཁྱོད་རང་ཡང་སྐྱར་ཐེངས་གཅིག་མཇལ་བསམ་ནས། །སུམ་བཅུའི་དུས་དྲན་སྐབས་སུ་མི་ཚོགས་ཁྲོད། །ཇི་ཙམ་བཙལ་ཀྱང་ཁྱོད་རང་མཇལ་མ་བྱུང༌། །གངས་ལྗོངས་རང་དབང་བདེན་མཐའ་སེལ་བའི་ཆེད། །ཞི་བའི་གོམ་བགྲོད་བྱེད་པའི་ལམ་བུ་ལ། །ཁྱོད་ཉིད་འཚོལ་བའི་ཕྱིར་དུ་སོང་ན་ཡང༌། །གང་ཁྱོད་མཇལ་བའི་སྐལ་བ་ཐོབ་མ་བྱུང༌། །ལྡི་ལི་ཟས་བཅད་ངོ་རྒོལ་བྱེད་པའི་སྐབས། །ཁྱོད་ཉིད་མཇལ་བའི་རེ་བ་བྱས་ན་ཡང༌། །སྐུ་ལུས་དྲི་མ་ཙམ་ཡང་མ་མཐོང་བས། །ཡིད་ཐང་ཆད་ནས་སྐྱོ་བས་ཉིན་ཤས་བསྐྱལ། །ཁ་རྩངས་ལྡི་ལི་དོན་གཅོད་ཁང་གི་འགྲམ། །ལག་ཁྱེར་སེར་པོ་བཟོ་ས་འཚང་ཀའི་ནང༌། །མ་མཇལ་ཡུན་རིང་སོང་བའི་སྙིང་སྡུག་ཁྱོད། །ཐེངས་གཅིག་མཇལ་བའི་སྐལ་བ་ཐོབ་བྱུང་ལགས། །དེ་རིང་ཨ་རི་གཞུང་ཚབ་ཁང་གི་ནང༌། །ཝི་ས་བཟོ་སར་སླར་ཡང་ཐེངས་གཅིག་མཇལ། །སྔོན་ཆད་ཁྱོད་དང་ཁྱོད་ཀྱི་ལང་ཚོ་ལ། །དུང་བའི་གཏམ་རྒྱུད་ཐེངས་གཅིག་ཕྱིར་ཀློག་བྱས། །བོད་དོན་ངེས་འབྱུང་སྐྱེས་པའི་སྙིང་སྡུག་ལགས། །ཨ་རི་ཐར་བར་འཛིན་པའི་བོད་མོ་ལགས། །ཁྱོད་ཀྱིས་དྲན་རྟེན་གནང་བའི་ཚིགས་ཁེབས་འདི། །དེ་རིང་བདག་གིས་ཁྱོད་ལ་ཕྱིར་འབུལ་བྱེད། །སྤྱི་ལོ་༢༠༠༠ ༤ ༢༠ ལ་པོ་ཏཱ་ལའི་མགྲོན་ཁང་དུ་བྲིས། ༢༠༠༡ལོར་༼ནོར་ལྡེ་༽ ཚགས་པ་ཐོག་བཀོད།

ཚེ་སྲོག་གིས་བྲིས་པའི་རྐང་རྗེས།   གཞོན་སྐྱེས་དཔའ་བོ་རྭ་རྒྱ་བློ་བཟང་དར་རྒྱས་ལ་ཕུལ་བ།   དཀར་ནག་རྒྱ་ཧོར་བལ་ཡུལ་བཅས་པས་སོ་དང་སེན་མོས་མཐའ་ནས་བཅུན།    །   ནང་ཁུལ་ཕུ་ནུས་ཆོས་དང་ཆོལ་ཁ་རྩོད་པའི་ནད་ཀྱིས་ནང་ནས་བཅུན།    །   བཅུན་པའི་མཐའ་མར་མི་ཡུལ་གྱར་བའི་ཉམ་ཐག་བོད་ཀྱི་འགྲོ་བ་ལ།    །   ཐུགས་རྗེ་སྤྱན་གྱི་གཟིགས་པ་མ་ཆུང་འཕགས་མཆོག་ཕྱག་ན་པདྨོ་ཀྱི།    །   སྔོན་རབས་མེས་པོ་གོང་མའི་དབང་ཐང་དགུང་སྔོན་དབྱིངས་སུ་འདེཊ་པའི་དུས།    །   སྟག་སེང་ཁྱུང་འབྲུག་འཕྱོ་བའི་རུ་མཚོན་བར་སྣང་མཐོངས་སུ་བསྐྱོད་པའི་དུས།    །   ཕོ་རྒོད་དཔའ་བོའི་འདུ་འཛོམས་ཁྲོད་ནས་ཀི་སྒྲས་ནམ་མཁའ་དབྲལ་བའི་དུས།    །   བོད་སྲུང་དགྲ་ལྷའི་སྡོང་གྲོགས་གཉན་པོས་རླུང་རྟའི་ཀ་ཆེན་བསླངས་པའི་དུས།    །   སུམ་གཉིས་ས་ཁྱོན་བྷོ་ཊས་བཟུང་བའི་ཡར་ཐོག་བསྐལ་བ་རིང་མོའི་ནང༌།    །   གདོང་དམར་བོད་དང་ཐང་གི་མི་རིགས་མི་དང་ཁྱི་ཡི་གནས་བབ་བཞིན།    །   ཕུ་ནུའི་མཚོན་རྩེ་ནང་ལ་བསྐོར་ནས་ཕུ་མདའ་དཀྲུགས་པའི་ཉིན་མོ་ནས།    །   ཀྱེ་ཧུད་རྙིང་ཧྲུལ་ལོ་རྒྱུས་བཀླགས་པས་སྙིང་ཆུང་འདི་ཉིད་འགད་ལ་ཁད།    །   ད་ནི་གནའ་རབས་སྐམ་པོ་འདི་དག་གྱེན་དུ་སློང་འདོད་མི་འདུག་པས།    །   ད་རབས་གདོང་དམར་བོད་ཀྱི་གནས་སྟངས་རླུང་འཕྲིན་ནང་ནས་ཉན་ན་བསམ།    །   ད་རེས་སེམས་ཁམས་སྤྲོ་པའི་གཏམ་ཞིག་རྣ་བའི་ལམ་དུ་ལྷུང་ན་བསམ།    །   ད་ནི་སྔས་མགོ་ཐང་ལ་འཕངས་ཏེ་ཐང་སྟེགས་ཉལ་ནས་གློག་སྒོ་ཕྱེས།    །   ཨ་ཙི་གཟུགས་མེད་རླུང་གི་རྒྱུད་ནས་གང་ཁྱེད་ཚེ་སྲོག་དམར་པོའི་ཁམས།    །   གུང་ཁྲན་ཏང་གིས་སྔོན་པོའི་མཚོན་གྱིས་བཞི་ཤད་འཐེན་པའི་གསར་འགྱུར་གཏམ།    རྣ་བའི་ལམ་ལ་ལྷུང་མ་ཐག་ཏུ་སྒྲ་སྡུད་འཁོར་ལོ་ས་ལ་ཤོར།    །   སྙིང་གི་ཁྲག་རྩ་ཁྲག་གིས་སྦག་པས་ཟུར་གསུམ་སྙིང་ཆུང་འགད་ལ་ཁད།    །   གང་ཁྱོད་དར་དམར་འོག་ཏུ་སྐྱེས་ཀྱང་དམར་སྲུང་དམག་མི་མ་བྱས་པར།    །   ཕ་དང་མེས་པོའི་པགས་རྩག་འོག་ནས་བློ་དང་སྤོབས་པའི་སྙིང་སྟོབས་རྫོགས།    །   ཆོས་སྲིད་ལུགས་བཟང་གཙང་མའི་དོན་དུ་ཕ་དང་མ་ལ་གྱེས་མཇལ་བྱས།    །   གྲུབ་ཐོབ་རྫུན་མའི་རྣམ་ཐར་མ་བསྐྱངས་གདན་ས་ཆེན་པོའི་གྲལ་དུ་ཞུགས།    །   གུས་རྟག་སྦྱོར་བའི་བརྩོན་འགྲུས་བསྟེན་པས་གཞུང་ལུགས་ཆེན་པོའི་དོན་ལ་མཁས།    ཆོས་གོས་སྣམ་སྦྱར་ལུས་ལ་གོན་པས་ཞི་དུལ་ལུས་ཀྱི་སྤྱོད་པ་བཙུན།    །   ལུས་སྲོག་ཕངས་མེད་གཏོང་ལ་མི་ཞུམ་གཞན་དོན་སྒྲུབ་པའི་ལྷག་བསམ་བཟང༌།    །   གོ་ལའི་ཟེ་བ་མཐོན་པའི་སྒང་དུ་མཁས་བཙུན་བཟང་པོའི་རྒྱལ་མཚན་བཙུགས།    །   བསྟན་སྲིད་རང་དབང་གཙང་མའི་དོན་དུ་ཞབས་ཀྱི་གོམ་ཁ་བོད་དུ་བསྒྱུར།    །   མེས་པོའི་གསོན་སྙིང་མཚོན་རྩེར་འདོགས་མཁན་དམར་པོ་རྒྱ་ཡི་སྲིད་གཞུང་ལ།    །   མ་འཁྱོག་དྲང་པོའི་ལམ་སྣེར་བཟུང་ནས་བདེན་པའི་ཚིག་གི་སུན་འབྱིན་འཕེན།    །   སྐར་ལྔའི་དར་དམར་ས་ལ་བསྙིལ་ཏེ་གངས་སེང་དཀར་མོའི་རུ་མཚོན་བསྒྲེངས།    །   མེ་མདའི་དྲག་ཆར་འབབས་པའི་གསེབ་ནས་ལྕགས་ཀྱི་ཁུ་ཚུར་མཁའ་ལ་འཕྱར།    །   རྒྱ་དམར་སྟོང་གི་འཚང་ཀའི་གསེབ་ནས་རང་བཙན་འབོད་པས་གནམ་ས་དབྲལ།    །   འཇིགས་རུང་ཁྲིམས་སའི་བཙོན་རྭ་ནང་དུ་ཞུམ་པ་མེད་པའི་ལན་གྱིས་བསྙད།    །   སྐུ་སྲོག་སྐྱེལ་སའི་མེ་མདའི་ཁ་ནས་ཕྱག་ན་པདྨོའི་མཚན་སྙན་བསྒྲགས།    །   གང་ཁྱེད་ཚེ་སྲོག་དམར་པོའི་མཐའ་སྡོམ་སྔོན་པོའི་མཚོན་གྱིས་བརྒྱབ་བྱས་ཏེ།    །   ཁ་དོག་མེད་པའི་རྣམ་ཤེས་འཁྱམས་པོ་མི་མངོན་དབྱིངས་སུ་ཡལ་བ་དང༌།    །   ཁྲག་གིས་འཚོས་པའི་སྐུ་ཕུང་རློན་པ་ས་ཡི་འོག་ཏུ་མནན་ན་ཡང༌།    །   དོན་ལྡན་སྙན་པའི་གྲགས་པ་དཀར་པོ་མཚོ་བཞི་གླིང་ལྔའི་ཁྱོན་དུ་འཕུར།    །   གང་ཁྱོད་བསྟན་སྲིད་རང་དབང་དོན་དུ་གཅེས་པའི་རང་སྲོག་བཏང་བ་ལ།    །   སྲོང་བཙན་སྒམ་པོའི་བྱ་དགའ་དང་ནི་གངས་སྐྱིད་མཆོད་རྟེན་བཞེངས་པ་དང༌།    །   ཚོགས་ཁང་ཆེན་མོའི་མིང་གིས་བསྙད་པའི་རྗེས་དྲན་བྱས་རབས་མི་འདུག་ཀྱང༌།    །   བརྗེད་མེད་སེམས་ཀྱི་རྨ་ཁའི་དྲན་རྟེན་ས་ཡ་དྲུག་གི་སྙིང་ལ་བརྐོས།    །   སྐུ་ངོ་མཐོན་པོའི་གསུང་བཤད་གཏམ་དང་དྲུང་ཆེ་མཁས་པའི་རྩིས་ཁྲ་ལ།    །   དམར་ཆུང་སེམས་ཀྱིས་ཡིད་ཆེས་བྱས་ནས་བསྔགས་བརྗོད་མེ་ཏོག་འཐོར་བ་ལས།    །   རང་སྲོག་དམར་པོས་འགྲོ་གྲོན་བཏང་ནས་རང་བཙན་རྩོད་ལེན་གནང་མཁན་གྱི།    །   ཕོ་རྒོད་དཔའ་བོའི་ཡང་རྩེ་ཁྱེད་ལ་རྗེས་དྲན་རི་མོ་ལོས་འབྲི་ལགས།    །   ལོངས་ཤོག་ལོངས་ཤོག་ས་ཡ་དྲུག་གི་སྤུན་ཟླ་མི་རིགས་ད་ལོངས་ཤོག  །    གཟིགས་ཤིག་གཟིགས་ཤིག་དགྲ་དཔུང་དམར་པོས་སྤུན་ཟླ་བསད་པའི་ཁྲག་རྗེས་ལ།   ། མཆོངས་ཤིག་མཆོངས་ཤིག་དཔའ་མཛངས་གཉིས་ལྡན་བོད་རིཊ་དཔའ་བོ་ཕོ་མོ་ཚོ།    ལོག་འགྲོ་ལོག་འགྲོ་རང་ཡུལ་བོད་དུ་རང་བཙན་ལེན་མཁན་ད་ལོག་འགྲོ།    །   ༢༠༠༣།   ༡༠།   ༩་ལ།    རྒྱལ་གཅེས་དཔའ་བོ་བློ་བཟང་དར་རྒྱས་ཀྱི་མཛད་རྗེས་དང་རྗེས་དྲན་ཕྱོགས་བསྒྲིགས་༼ལ་རྒྱ་དང་ཚེ་སྲོག་གི་བརྒྱུད་རིམ༽ ཐོག་བཀོད།    བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཀྲམས།   

ཁ་བའི་རྣམ་ཤེས་འཚོལ་བའི་སྙན་ཚིག །ནུབ་ཕྱོགས་སུ་ཐེངས་གཅིག་བསྐྱོད་པའི་ཉིན་ཐོའི་ཟུར་ཆ་ཞིགཤར་ཕྱོགས་མགོ་ནག་མི་ཡི་ཡུལ་ནས་མི་མངོན་གནམ་གྱི་དབྱིངས་བཏེགས་ཏེ། ། ནུབ་ཕྱོགས་མགོ་སེར་ཞིང་གི་ཡུལ་ལྗོངས་ཨ་མེ་རི་ཁའི་རྒྱལ་ཁབ་ན། ། ལོ་རྒྱུས་འཁྲིད་མཁན་སློབ་དཔོན་བསྐུལ་ཏེ་ཨིན་ཌི་ཨ་ནའི་མཐོ་སློབ་༡འགྲིམས། ། ངེས་མེད་མཐོང་སྣང་རླུང་འཚུབ་ཁྲོད་ནས་གཟའ་འཁོར་སྔ་མའི་ཉིན་ཐོ་ཀློག ། ཁ་རྩངས་ཁ་བ་འབབ་པའི་མཚན་མོར་ཁ་བའི་ཞིང་ཁམས་རྨི་ལམ་བཏང༌། ། དེ་རིང་སྨུག་པ་འཐིབས་པའི་གསེབ་ཏུ་སེམས་པ་སྨུག་པའི་ཀློང་དུ་བསྟིམས། ། གངས་ལམ་གཤགས་ནས་མོ་ཊ་བཏང་སྟེ་གངས་ཅན་མགོན་པོའི་སྐུ་མཆེད་༢འཚོལ། བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་བོད་པའི་ལ་རྒྱ་དལ་གྱིས་ཞུས། ། རྒྱ་བོད་དབྱིན་གསུམ་ཆགས་ཐོགས་མེད་པ་སི་པན་ལིང་༣གི་མཚམས་སྦྱོར་དང༌། ། ལྷ་སའི་ཡུལ་གྱི་ལྷ་མོ་གཉིས་པོ་༤ལ་རྒྱའི་གྲོགས་སུ་མེལ་བྱས་ཏེ། ། ཨ་རི་ཨེ་ཡུའུ་དཔེ་མཛོད་༥ཁང་ནས་ཨ་མེས་རྒན་པོའི་རྣམ་ཤེས་འཚོལ། ། ཆིང་བོད་བར་གྱི་ལོ་རྒྱུས་༦སྐྱུར་མོ་སླར་ཡང་བསྐྱར་ཞིབ་ཐེངས་གཅིག་བྱས། ། ཏཱ་ཀོན་༧གོང་མའི་ཆིང་སྲིད་ཆང་གིས་ཆིན་ཧྲན་ཨམ་བན་༨བཟི་བའི་ངོར། ། གཞུང་བླའི་འགལ་འདུ་༩ཤིག་གི་རོལ་འབྲོང་གཡག་གསོན་པོའི་གཟུགས་བརྙན་འཆར། ཚེ་སྨོན་གླིང་༡༠གི་ཚེ་མཇུག་ཕལ་ཆེར་ཧན་ལུའུ་ཅང་༡༡དུ་བསྐྱལ་བ་སོགས། ། དུས་རབས་བཅུ་དགུའི་ཡོ་ལང་འདི་ཡིས་སེམས་ཀྱི་རྨ་ཁ་སླར་ཡང་འཕར། ། སང་ཉིན་ཡང་བསྐྱར་མཐོ་སློབ་ཁང་དུ་སློབ་ཚན་མཇུག་སྣེ་བསྐྱལ་དགོས་པས། སེར་སྨད་མཁན་པོའི་༡༢ལས་དབང་འདི་ཀོ་བསྐྱར་ཞིབ་མི་བྱེད་ཀ་མེད་རེད། ། དཔེ་མཛོད་ཁང་གི་ཐོག་བརྩེཊ་དགུ་པར་༡༣ཡང་བསྐྱར་ཐེངས་གཅིག་ཉུལ་བའི་ཞོར། ། ཏུན་ཧོང་ཡིག་ཆའི་འདྲ་བཤུས་༡༤དེ་དག་ད་དུང་ཐེངས་གཅིག་ཀློག་དགོས་སྙམ། ། ད་ནི་ནམ་ཕྱེད་ཐུན་མཚམས་ཟིན་པས་གཉིད་ཀྱི་ཞིང་ཁམས་འགྲིམས་ན་རན། ། གལ་ཏེ་སང་ཉིན་ལྷིང་འཇགས་དབྱིངས་ནས་ཁ་བའི་འདབ་མ་འཕུར་གྱུར་ན། ། སྒེའུ་ཁུང་ཕྱེས་ཏེ་ནམ་མཁའི་དབྱིངས་ནས་ཁ་བའི་མེ་ཏོག་འཐུ་བའི་ཞོར། ། དགའ་སྐྱོ་འདྲེས་མའི་ཚོར་སྣང་འབབ་པའི་ཁ་བའི་སྙན་ཚིག་སླར་ཡང་འབྲི། ། མཆན། ༡ ཨིན་ཌི་ཨ་ནའི་མཐོ་སློབ། (Indiana unvasty) སྤྱི་ལོ་༡༨༠༠ནང་གསར་སྐྲུན་བྱས་པའི་གཙུག་ལག་སློབ་གྲྭ་ཆེན་པོ་ཞིག་གི་མིང་ཡིན། སློབ་གྲྭ་འདིའི་ནང་འཛམ་གླིང་རྒྱལ་ཁབ་དང་མི་རིགས་ཡོངས་རྫོགས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་བསྟི་གནས་ཡོད། ༢ གངས་ཅན་མགོན་པོའི་སྐུ་མཆེད། ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་མཆེད་རྒན་པ་སྟག་འཚེར་རིན་པོ་ཆེ་ཡིན་ལ། གོང་གསལ་མཐོ་སློབ་དེའི་ནང་བོད་རིག་པའི་ཞིབ་འཇུག་སྡེ་ཚན་ཐོག་དང་བོད་དོན་ཐོག་བཅས་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་བླ་མ་རྩ་ཆེན་ཞིག་ཡིན། ༣ སི་པེན་ལིང༌། ྔསྣྲྟརྣརྡདྲརྣཐྲཨི་ཤེ་ཡ་མི་རིགས་རིག་པའི་གཞུང་ལུགས་ཀྱི་ཕོ་ཧ྄ཕིང་སར་ཡིན། མཐོ་སློབ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་སྟག་འཚེར་རིན་པོ་ཆེའི་དགེ་ཕྲུག་ཡིན། ༤ ལྷ་སའི་ཡུལ་གྱི་ལྷ་མོ་གཉིས་པོ། གྲྕ མཐོ་སློབ་ཏུ་དབྱིན་སྐད་སློབ་མཁན་ལ་ཡོང་བའི་བོད་རིགས་བུ་མོ་གཉིས་ཏེ། གཅིག་གི་མཚན་ལ་བཅོ་ལྔ་ལྷ་མོ་ཟེར་ཞིང་ཁོང་ནི་བོད་ལྗོངས་སློབ་གྲྭ་ཆེན་པོའི་མི་རིགས་རིག་པའི་གཞུང་ལུགས་ཀྱི་དགེ་རྒན་རེད། གཅིག་གི་མཚན་ལ་ཟླ་བ་ལྷ་མོ་ཟེར་ཞིང་ཁོང་ནི་པེ་ཅིན་ཀྲུང་དབྱངམི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རླུང་འཕྲིན་བཤད་མཁན་རེད། ༥ ཨེ་ཡུའུ་དཔེ་མཛོད། གྲྕ རྒདྲཏཔྱཎཔྱཕྲ མཐོ་སློབ་འདིའི་དཔེ་མཛོད་ཁང་ཆེན་པོ་ཞིག་ སྟེ་སྐད་རིགས་དང་ཡིག་རིགས་བརྒྱ་ཕྲག་དང་དེབ་ཕྲེང་འབུམ་ཕྲག་མང་པོ་གསོག་པའི་བསྟི་གནས་ཆེན་པོ་ཞིག་ཡིན། ༦ ཆིང་བོད་ལོ་རྒྱུས། སྤྱི་ལོ་༡༦༤༤ ནས་༡༩༡༡ བར་གྱི་ཆིང་བོད་བར་གྱི་ལོ་རྒྱུས་སྐོར། ༧ ཏཱ་ཀོན། ཆིང་གི་རྒྱལ་རབས་བདུན་པ་དེ་ཡིན་ལ་༡༨༢༡་༡༨༥༡བར་གྱི་ཆིང་གོང་མ་ བྱས། ༨ ཆིན་ཧྲན། བོད་སྡོད་ཨམ་བན་ང་བདུན་པ་དེ་ཡིན། ༡༨༤༣བོད་དུ་ལོ་གཅིག་བསྡད། ཚེ་སྨོན་གླིང་དང་མ་འགྲིག ༩ གཞུང་བླའི་འགལ་འདུ། བཀྲས་ལྷུན་བླ་བྲང་གི་ཕྱག་མཛོད་ཅིག་བླ་བྲང་དང་འཁོན་ནས་དབུས་སུ་ཡོང་བར་རྒྱལ་ཚབ་ཚེ་སྨོན་གླིང་འདིས་གོ་གནས་ཆེན་པོ་སྤྲད་པའི་དོན་རྐྱེན་ལ་ཟེར། འདིའི་སྐོར་ལོ་རྒྱུས་སྙོག་འཛིང་ཆེ། ༡༠ ཚེ་སྨོན་གླིང༌། ཚེ་གླིང་སྐུ་ཕྲེང་གཉིས་པ་༡༨༡༩་༡༨༤༣བར་བོད་ཀྱི་རྒྱལ་ཚབ་གནང་མཐར་ཇུས་ཉེས་བྱུང་བའི་ལོ་རྒྱུས་ཤིན་ཏུ་རིང༌། ༡༡ ཧན་ལུའུ་ཅང༌། འབྲུག་ནག་གཙང་པོ་སྟེ་རྒྱ་ནག་གི་ས་མཐར་ཡོད་པའི་མཐའ་འཁོབ་ཅིག ༡༢ སེར་སྨད་མཁན་པོ། ཚེ་གླིང་རྒྱལ་ཐོག་སྐབས་ཀྱི་སེར་སྨད་མཁན་པོ་ལས་ཐོག་དགེ་འདུན་ཚུལ་ཁྲིམས་༡༨༤༣ལོར་ཚེ་གླིང་རྒྱབ་སྐྱོར་ལངས་པས་བཙོན་འཇུག་རྡུང་རྡེག་གི་ལོ་རྒྱུས་མང༌། ༡༣ ཐོག་བརྩེགས་དགུ་པ། གྲྕདཔེ་མཛོད་ཐོག་བརྩེགས་དགུ་པའི་སྦུག་ཏུ་བོད་ཡིག་ གི་སྐོར་ཡོད། ༡༤ ཏུན་ཧོང་ཡིག་ཆའི་འདྲ་བཤུས། ཏུན་ཧོང་ཡིག་ཆ་ཁག་མང་གི་འདྲ་བཤུས་ཚོན་ཁྲ་ཅན་མ་དེབ་དང་ཁྱད་མེད་ལྟ་བུ་དཔེ་མཛོད་ཁང་དེའི་ནང་དུ་འདུག༢༠༠༣ ལོའི་༼ ལྡུམ་ར་༽འདོན་ཐེངས་བཅུ་གསུམ་པའི་ཐོག་བཀོད་པ། ཟིལ་མང་བདུད་རྩི་འཁྱིལ་བའི་སྨན་ཤར་མ། ལྷོ་ཕྱོགས་ས་ར་སྭ་ཏིའི་མཚོ་འགྲམ་ན། །རབ་དཀར་ངང་མོ་ཞོན་པའི་སྨིན་ལེགས་མ། །ལང་ཚོའི་ནུ་འབུར་དར་བའི་མཚོ་བྱུང་ལྷ། །མངོན་གྱུར་མིག་གི་དགའ་སྟོན་སྨིན་གྱུར་ཅིག ། རྣམ་གསུམ་ངུར་སྨྲིག་སེར་པོའི་ཐུ་འོག་ནས། །སྲབ་མེད་སེམས་ཀྱི་རྟ་རྒོད་སྨྱོན་པ་འདི། །བཀག་ཀྱང་མ་ཁོག་ས་མཆོང་གནམ་མཆོང་གིས། ། སླུད་བྲིད་སྲིད་པའི་རྩ་ཐང་དབྱིངས་ན་འཁྱམས། །དམ་པའི་ཆོས་ཀྱི་ལུགས་དང་མི་མཐུན་ཡང༌། དམར་ཆུང་སེམས་ཀྱི་ཚོར་སྣང་དང་འགྲོགས་པའི། །སྒྱུ་རྩལ་ཚིག་གི་མེ་ཏོག་བཀྲམ་པ་འདི། །སྙན་ངག་པ་ལ་དམིགས་བསལ་ཉིད་དུ་དགོངས། །མ་དག་ཆུ་བུར་མིག་འདིའི་འཁྲུལ་སྣང་ངོར། །གང་ཤར་རི་མོའི་གཟུགས་སུ་སྤེལ་དགོས་ན། །གླེགས་བམ་སྟོང་གི་རི་བོ་ཆགས་སྲིད་ཀྱང༌། །དེ་ཀོ་མཉམ་ཉིད་སེམས་ཀྱི་དབྱིངས་སུ་བསྟིམས། །ད་ཀོ་ཟུར་གསུམ་སྙིང་ལ་མི་ཤོང་པའི། །སེམས་ཀྱི་བག་ཆགས་དཀྲུགས་པའི་ཐུར་མ་ཞིག ། དྷ་སའི་སྣེ་ལེན་ཁང་གི་མར་ཤམ་ནས། །ཁྲ་ཆུང་མིག་གི་ལྕགས་ཀྱུའི་སྣེ་མོར་འཁེལ། །སྟོན་ཁའི་རླུང་ལྟར་འཚུབ་པའི་གོས་ཐུང་ཁྲོམ། །རྒྱ་མཚོའི་རླབས་ལྟར་འཁྲུགས་པའི་མི་ཚོགས་ཁྲོད། །སྲེད་པའི་མིག་ཞགས་འཕེན་འདོད་མི་འདུག་ཀྱང༌། །ལས་དབང་བཙན་པོའི་རྡོག་སྣེ་ཁྱེད་སར་ཟུག ། ཞལ་རས་ཟླ་བ་དཀར་པོའི་འཛུམ་མདངས་དང༌། སྨིན་འཁྱོག་ཐོ་རང་སྐར་ཆེན་བཀྲ་བའི་མིག ། ཕྲ་ལྡེམ་ཙཱ་རིའི་སྨྱུགས་མ་གསར་པའི་སྐུ། །མཐོང་ཚེ་ཡིད་ཀྱི་བརྟན་པ་ཁྱོད་ཀྱིས་འཕྲོག ། རྐང་པའི་གོམ་ཁ་གངས་སྐྱིད་བསྒྱུར་ན་ཡང༌། དམར་ཆུང་སེམས་ཁམས་ཁྱོད་ཀྱི་སྙིང་ཁར་ཐིམ། །སུ་དང་གང་གིས་ངོ་སྤྲོད་མ་བྱས་པར། །ཐོལ་བྱུང་གདོང་ཁ་ཐེབས་པ་འདི་ཅི་ཞིག ། གློ་བུར་ཐེངས་གཅིག་མཇལ་བ་མ་གཏོག་པ། །ཕ་མ་སྤུན་ཉེ་མིང་དང་རིགས་རུས་སོགས། །ཆ་རྒྱུས་ཙམ་ཡང་ལེན་ལོང་མ་བྱུང་གོང༌། །སེམས་ཀྱི་ཁྱེའུ་ཆུང་ཁྱོད་སར་མཆོང་དོན་ཅི། །ལས་ཀྱི་བག་ཆགས་བསུབ་ཐབས་མི་འདུག་པས། །སོག་མོར་ལག་གདང་སྦྲེལ་བའི་སོག་གྲྭ་འགའི། །ལྐོག་ཏུ་ཟུང་ཆུ་ཆོས་ཀྱི་གྲགས་པ་ལ། །ཁྱོད་ཀྱི་ལོ་རྒྱུས་སབ་སིབ་སྐད་ཀྱིས་དྲིས། །རབ་བྱུང་གྲྭ་པའི་ལྐོག་གཏམ་ཤབ་ཤུབ་འདི། །ཁྲོམ་བསྒྲགས་བྱེད་པའི་འདོད་པ་མི་འདུག་ཀྱང༌། །ཚོར་འདུའི་ཆང་གིས་སེམས་ཁམས་བཟི་དྲགས་པས། །གསང་རྒྱའི་གཏམ་ཡང་སྨྱུ་གུའི་རྩེ་ནས་ཤོར། །ཕོ་བརྒྱའི་སེམས་ཁམས་འཕྲོག་པའི་ཆོམ་རྐུན་མ། །མོ་བརྒྱའི་སྙིང་ཁམས་དཀྲུགས་པའི་དཀྲུགས་ཤིང་མ། །རྣམ་གསུམ་ངུར་སྨིག་འཆང་བའི་རབ་བྱུང་མ། །ཁྱོད་ཀྱི་ལོ་རྒྱུས་དེ་རིང་གཞི་ནས་གོ། ལོ་རབས་བདུན་ཅུའི་དུས་ཀྱི་ལོ་ཟླའི་ཁྲོད། །ནང་ཆེན་ཟིལ་མངས་བདུད་རྩི་འཁྱིལ་པའི་རྫིང༌། །གསེར་བྱ་ངང་མོ་འདྲ་བའི་སྨིན་ལེགས་ཁྱོད། །རབ་དཀར་དངུལ་གྱི་མེ་ཏོག་བཞིན་དུ་འཁྲུངས། །བྱམས་བརྩེ་ཨ་མའི་པང་ནས་འཚར་ཁ་བཞད། །གཡང་དཀར་ལུ་གུའི་ཁྲོད་དུ་རྩེད་འཇོར་གཡེངས། །བེའུ་ཡ་རུ་ལྷན་དུ་ལང་ཚོ་དར། །ཕྱུགས་རྫིའི་གླིང་བུ་སྙན་པོའི་གདངས་དང་འགྲོགས། །ཁྲ་ལྡན་མེ་ཏོག་བཞད་པའི་སྤང་བཞུང་ལ། །རྐང་ཆུང་སྣོལ་མར་རྩེན་པའི་ཟློར་གར་དང༌། །ཆུ་མིག་དགུ་སྒྲིལ་བྱས་པའི་འུར་རྡོ་ཡིས། །གཡང་དཀར་ལུག་ཁྱུ་འཚོ་བའི་རྫི་བོ་བྱས། །སྔོ་ལྗང་སྤང་རི་མཐོན་པོའི་དགུང་ཁ་ན། །ལྷབ་ལྷུབ་དར་ཅོག་གཡོ་བའི་ལ་རྩེ་ནས། །དགུ་སིང་དྲུག་འགྱུར་སྙན་པོའི་ལ་ཡུས་ཀྱིས། །ཨ་ཁུ་འབྲོག་པའི་རྣ་བའི་དགའ་སྟོན་སྐྲུན། །དབྱར་གསུམ་དཀར་འཇམ་ལུ་གུའི་ཚྭ་རུ་དང༌། དགུན་གསུམ་ལུག་པགས་འཐུག་པོའི་པགས་རྩག་ལ། །ཕྲུག་ཁྲ་མཐའ་ཤན་རྒྱབ་པའི་གོས་བཟང་གིས། །འབྲོག་གཞོན་དར་མའི་མིག་ལ་འཁྲུལ་སྣང་བསྟན། །ཞོགས་པ་འབྲི་དང་མཛོ་མོ་གཞོ་བའི་རྗེས། །ཉིན་གུང་མཛོ་གཡག་འབྲི་ལུག་འཚོ་བ་དང༌། །དགུང་མོ་གོ་ཁའི་མེ་ཁ་གསོ་བ་ཡིས། །འབྲོག་པའི་ཕ་ཁྱིམ་འདེབས་པའི་ཀ་བ་བྱས། །དབྱར་གྱི་ཆར་ཆུས་རི་ཀླུང་གཤེར་ཡང་རུང༌། །དགུན་གྱི་ཁ་བས་སྦྲ་ནག་བཀབ་ན་ཡང༌། ། ཟངས་ཤན་བརྒྱབ་པའི་འོ་ཟོ་དྲེག་པ་ཅན། །ནམ་ཡང་མ་གློད་འབྲོག་མོའི་ཀུན་སྤྱོད་བསྟེན། །ནག་ནོག་དྲེག་པའི་གསེབ་ནས་འཛུམ་མདངས་མངོན། །པགས་རྩག་འཐུག་པོའི་ནང་ནས་ནུ་འབུར་རྒྱས། །དཀར་ནག་ཕྱུགས་རིགས་གསེབ་ནས་ལང་ཚོ་དར། །ཕྱུགས་རྫིའི་གླིང་བུའི་གདངས་ལས་སྒེག་ཉམས་འཕེལ། །འབྲོག་ཁྱིའི་འབ་སྒྲ་རྩུབ་པའི་མཚན་མོ་ལ། །ངེས་མེད་དབྱར་དགུན་འཚེར་སར་སྤོ་ཆོག་པའི། །དྲོ་སྐྱིདསྦྲ་ནག་ཟླུམ་པོའི་ཕ་ཁྱིམ་དུ། །མངོན་སུམ་འདྲེས་མའི་རྨི་ལམ་འདྲ་མིན་བཏང༌། །ཁྱོད་ཀྱི་ཁ་འབྲས་མཚར་བའི་འཛུམ་ཀོང་གིས། །རྒྱ་སྟག་ངར་མ་འདྲ་བའི་ཕོ་གཞོན་ཚོ། །སྔོན་པོ་ལྕགས་ལས་གྲུབ་པའི་ཁུ་ཚུར་གྱིས། །ཕོ་རྩལ་སྣ་དགུ་འགྲན་པའི་སྣ་འདྲེན་བྱས། །སྣང་བ་ཨ་སྔོན་དགུང་ལ་བཏེགས་བྱས་ཏེ། །སྤྲིན་པའི་ཨོ་སྒྲོག་དཀྲིས་པའི་ཕོ་གསར་ཚོ། །ཁྱོད་ཀྱི་རྐང་པའི་རི་མོ་མཐོང་ཙམ་གྱིས། །ཞུམ་པའི་དཔྲལ་རིས་ས་ཡི་ངོས་སུ་ཕབ། །སྣ་ལྔའི་འཇའ་ཚོན་ཟླུམ་པོའི་གུར་ཁྱིམ་འོག ། གཡང་དཀར་ལུ་གུའི་འབའ་སྒྲ་སྙན་པོའི་གསེབ། །སྒྲིབ་མེད་ནུ་འབུར་གཡོ་བའི་རྩེད་འཇོ་ཡིས། །ཚངས་ཆེན་མེས་པོའི་བློ་ཡང་འདར་བར་བྱེད། །གནག་སྣུམ་དབུ་སྐྲ་རླུང་གིས་བསྐྱོད་པ་ཡིས། །དཀར་འཇམ་ཞལ་རས་སྒྲིབ་པའི་གསུབས་ཀ་ནས། །དྭངས་གཙང་མིག་གི་མཚོ་མོ་གཡོ་བ་ཡིས། །ཕོ་གཞོན་དར་མའི་སྙིང་ལ་ཟུག་ངུ་འབྱིན། །ན་མཉམ་འབྲོག་མོ་སྟོང་གི་རྩེད་རའི་ནང༌། གཟུགས་དང་ལང་ཚོའི་ཁ་འབྲས་མཚར་བའི་མདངས། །སྐར་མའི་ཕྲ་ཚོམ་བཏབ་པའི་ནམས་མཁའ་ལ། །ཉ་གང་སྟོན་ཀའི་ཟླ་བ་ཇི་བཞིན་གསལ། །སྦྲ་འོག་མི་ཚེ་སྐྱེལ་བའི་འབྲོག་རྒན་ཚོས། །འབྲོག་པའི་ཕ་ཁྱིམ་བཟུང་བའི་མོ་རབས་ཞེས། །མ་ཎི་འབྲུ་དྲུག་བགྲང་པའི་བར་སྲུབས་ནས། །བསྔགས་པའི་དབྱངས་ཀྱིས་རི་ཀླུང་གཡོ་འགུལ་བྱས། །སྟོད་སྨད་འབྲོག་ཁྱིམ་དུ་མའི་གཉེན་སློང་གིས། །རྟ་གཡག་འགྲོས་མ་བརྒྱ་ཡི་ལམ་སྣེ་ཟུག ། སྒོ་ཁྱིས་སྐོར་འཐེན་བྱས་པའི་འདུ་ལོང་གིས། །ལྕགས་ཐག་ལྷུ་ལག་ཕྲལ་བ་ཉུང་ཉུང་མིན། །ལང་ཚོའི་མེ་ཏོག་འཕེལ་ཁ་དར་ན་ཡང༌། རྩེ་མདངས་སེམས་ཀྱི་ཟེའུ་འབྲུ་མ་སྨིན་པར། ། གསེར་མང་འཕུར་ལྡིང་རྩེན་པའི་འཚང་ཀ་གསེབ། །ལས་འབྲས་སྟོན་རླུང་འཚུབ་མས་དེད་མགོ་ཚུགས། །ཕོ་བརྒྱ་གདོང་མཆོང་རྒྱབ་པའི་རྩོད་གཞི་དང༌། །མོ་བརྒྱ་སྙིང་རླུང་ལྡང་བའི་འཚུབ་མའི་ཁྲོད། །སྙིང་གི་འཕར་སྒྲ་གནོན་ཐབས་མ་རྙེད་པར། །ཐུན་གསུམ་མཚན་མོར་ཕ་མའི་ལྐོག་ནས་བྲོས། །ལྷོད་མེད་བྱམས་བརྩེ་ཕ་མའི་བཀའ་དྲིན་དང༌། རྟ་ལུག་འབྲི་མཛོ་མང་བའི་རུ་བ་ལ། ། ཕྱི་མིག་ཅེར་ནས་མིག་ཆུ་འཐོར་བཞིན་དུ། །ཟླ་འོད་སབ་སིབ་གསེབ་ནས་དབུས་ལམ་འཚོལ། །སྒང་དྲུག་རི་བོ་རྡོག་པའི་འོག་ཏུ་བརྫིས། །གཙང་ཆེན་རྣམ་བཞིའི་སྐེད་པ་འཕྲེད་དུ་བཅད། །རི་ཀླུང་བརྒྱ་ཕྲག་བརྒལ་པའི་ལམ་སྣེ་ནས། །དབུས་འགྱུར་སྐྱིད་ཤོད་ལྷ་སའི་གྲོང་ཁྱཻར་ཉུལ། །བྱིན་རླབས་ཚན་ཁ་གཞན་དང་མི་མཉམ་པའི། །ལྷ་སའི་ཇོ་བོའི་གསེར་ཞལ་མཇལ་མ་ཐག ། ཕ་མེས་བུ་རབས་ཚ་རྒྱུད་བཅས་པའི་ཆེད། །དད་པའི་མིག་ཆུ་སྙིམ་པ་ཟུང་གིས་བཏེགས། ། རུ་བཞི་དབུས་གཙང་དམ་པའི་ཆོས་ཀྱི་ཞིང༌། །རྟེན་གསུམ་དགེ་འདུན་སྡེ་དང་བཅས་པ་ལ། ། ཕྱག་སྐོར་མཆོད་འབུལ་ཚོགས་བསགས་སྒྲིབ་སྦྱོང་གིས། །རྣམ་དཀར་དམ་པའི་ཆོས་ཀྱི་ས་བོན་བསྐྲུན། །མྱི་མང་སྣ་འདུས་ལྷ་སའི་ཁྲོམ་རའི་ནང༌། །ཟླ་བའི་སྲས་མོ་འདྲ་བའི་བུ་མོ་ཁྱོད། ། ལྡེམ་འཁྱུག་གོམ་པའི་འགྲོས་ཀྱིས་བསྐྱོད་པ་ན། །མཆོད་འཇལ་སྟོང་གིས་ལྟད་མོའི་འཚང་ག་བྱེད། །ར་སའི་གཙུག་ལག་ཁང་གི་བར་སྐོར་ནང༌། རྒྱ་བོད་ཧོར་གྱི་ན་ཆུང་བུ་མོ་སྟོང༌། ། ལང་ཚོའི་འཆོར་སྒེག་ངོམས་པའི་ཁེངས་པ་ཀུན། །ཁྱོད་ཀྱི་མདུན་སར་ཆུ་བུར་ཇི་བཞིན་ཡལ། །ཟུར་མིག་རྣོན་པོའི་ལྕགས་ཀྱུ་གཡོ་ཙམ་གྱིས། །རབ་བྱུང་བཙུན་པའི་སྙིང་གི་ཨ་ལོང་འཁེལ། ། གནག་སྣུམ་སྐྲ་ཡི་ལན་བུ་ཙམ་གྱིས་ཀྱང༌། །སྙིང་ལ་འདའ་དཀའི་བག་ཆགས་འཐུག་པོ་བསྐྲུན། །ཚོང་ཁང་མགྲོན་ཁང་གཉེར་བའི་སྦྱིན་བདག་དང༌། སྟག་གཟིག་པགས་པའི་ནག་ཚོང་རྒྱག་མཁན་གྱི། །ཚོང་ཆེན་རྒྱག་པ་བརྒྱ་ཡི་ཆང་རའི་ནང༌། །སྨྲ་བརྗོད་གཏམ་གྱི་བརྗོད་གཞི་ཁྱོད་ཉིད་ཙམ། །དཔལ་འབྱོར་ནོར་གྱིས་ཕྱུག་པའི་ཚོང་དཔོན་ཚོས། །ཁྱོད་ཀྱི་ཆེད་དུ་ཚིགས་ཁོག་གདུབ་བུ་སོགས། ། ཕན་ཚུན་འགྲན་ནས་ཉོ་སྒྲུབ་བྱས་པ་དག ། བསྡོམས་ན་གསེར་སྲང་སྟོང་ཁ་ལོངས་པར་ངེས། །ལྕགས་ཐོའི་མགོ་སྐོར་བསྣམས་པའི་ཨ་མདོ་བ། །གྲི་རིང་རྐེད་པར་གཟེར་པའི་ཁམས་པའི་བུ། ། ཁ་འཇམ་ཚིག་ལ་མཁས་པའི་དབུས་གཙང་པ། །ཕོ་གསར་སྟོང་གིས་ཁྱོད་ལ་འཚང་ཁ་བྱེད། །གཟུགས་མེད་སེམས་ཀྱི་བརྩེ་མདངས་དང་འགྲོགས་པའི། །རེ་བའི་ཞགས་པ་ངེས་འབྱུང་མཚོན་གྱིས་གཅོད། ། སྟོན་མཇུག་གནམ་འཕང་གཅོད་པའི་ཁྲུང་ཁྲུང་བཞིན། །རྐང་པའི་གོམ་ཁ་འཕགས་པའི་ཡུལ་དུ་འཁྱོག ། འཁྱར་འཁྱོག་རྐང་རྗེས་གངས་ལའི་ངོས་སུ་བཞག ། ཞོགས་རླུང་བསིལ་པོས་སེམས་ཀྱི་སྐྱོ་སྣང་འཕེལ། ། དགུང་ཁའི་མུན་པས་རྨི་ལམ་མགྲོན་པོར་བསུས། །བར་དོ་ལྟ་བུའི་བལ་བོད་ས་མཚམས་འགྲིམས། །དཔུང་གདང་སྦྲེལ་ནས་གཡང་གཟར་འཕྲེད་དུ་བཅད། །ཐག་ཟམ་རྒྱུད་ནས་གཙང་ཆེན་དུ་མ་བརྒལ། ། ནགས་ཀླུང་རི་ཐང་བརྒྱ་ཕྲག་འགྲིམས་པའི་མཐར། །རྒྱལ་ས་ཀ་ཋ་མི་ཊའི་གྲོང་ཁྱེར་མཐོང༌། །བྱ་རུང་ཁ་ཤོར་མདུན་དུ་ཁ་བཏགས་འཐེན། །བྱ་བ་ཡིད་བཞིན་འགྲུབ་པའི་སྐྱབས་འཇུག་ཞུས། །འཕགས་པ་ཤིང་ཀུ་མདུན་དུ་རྐྱང་ཕྱག་ཕུལ། །འཕགས་པའི་ཡུལ་ཏུ་སླེབས་པའི་སྨོན་ལམ་བཏབ། །ཤུལ་རིང་ལམ་གྱི་འཕྲང་སྣེ་འཁྱོག་པོའི་ཁྲོད། །དཀའ་ལྟོགས་བཀྲེས་སྡུག་བརྒྱ་ཡིས་མནར་ན་ཡང༌། །བལ་བོད་ན་ཆུང་བུ་མོ་མཐའ་དག་གིས། །ཆ་ཤས་ཙམ་ཡང་འགྲན་པའི་ནུས་པ་བྲལ། །ཁྱོད་རང་མཆོད་རྟེན་སྐོར་བར་འགྲོ་བའི་སྐབས། །ཕོ་གསར་སྟོང་གིས་རྒྱབ་ནས་འཚང་ག་བརྒྱབ། ། མོ་གསར་བརྒྱ་ཡིས་མདུན་ནས་ཡིད་སྨོན་བྱེད། །དགེ་རྩའི་ཕག་ནས་སྡིག་པའི་མྱུ་གུ་སྨིན། །ཆོས་སྡེ་ལྷ་ཁང་མཇལ་བའི་དགོན་གསེབ་ན། །ལུས་ལ་ཆོས་གོས་གོན་པའི་ཨེན་ཆུང་ཚོས། །གྲྭ་ཤག་གྲུ་བཞིའི་ཤེལ་ཁྲའི་སྒེ་ཁུང་དབར། །གསང་བ་ལྐོག་གྱུར་ལམ་ནས་གཟིགས་མོ་གནང༌། །བླ་ཆེན་སྤྲུལ་སྐུ་མང་པོའི་གསུང་འཕྲིན་དང༌། ཚོང་ཆེན་རྒྱག་པ་དུ་མའི་ལག་རྟགས་ལ། །མ་ཆགས་སེམས་ཀྱི་འཕར་ལྡིང་ཐེངས་གཅིག་གིས། །ཕྱི་ཕྱག་ཕུལ་ནས་འགྲུལ་འཁོར་ནང་དུ་ཞུགས། །རྒྱ་བལ་འགག་འཕྲང་དོག་པའི་ས་མཚམས་ནས། །ཡི་དྭགས་གསོན་པོ་འདྲ་བའི་ས་སྲུང་ཚོས། །ཁྱོད་ཀྱི་ལང་ཚོའི་ཁ་འབྲས་མཐོང་ཙམ་གྱིས། །ཟ་རྔམས་འདོད་པ་ནམ་མཁའི་འཇལ་ལྟར་ཡལ། །གནམ་ས་གཅིག་ཏུ་འདྲེས་པའི་ཐང་སྣེ་ནས། །འཆར་ཀའི་ཉི་འོད་གསར་པའི་ལྟད་མོ་མཐོང༌། །མེ་ལྕེ་དམར་པོ་འབར་འདྲའི་ཚ་བ་ཡིས། །དྭངས་གཙང་གངས་ཆུ་བསིལ་མའི་རིན་ཐང་ཤེས། །འདི་མན་མ་དཔེ་བརླགས་ནས་རྙེད་མ་བྱུང༌། སྨྱོན་པ་གཉིས་ཀྱིས་བཞག་པའི་དྲན་རྟེན། ལྡི་ལི་མན་ཇུག་ཏྲི་ལའི་གནས་བབ་དང་འབྲེལ་བའི་ཚོར་སྣང༌། བེ་སྨྱོན། ཀ་ཤི་མཛེས་དགའ་འདྲ་བའི་བུ་མོ་ཚོས། །ཁ་དང་མིག་ལ་མཛེས་མཚོན་འདྲ་མིན་བྱུགས། །ག་ས་ངེས་མེད་སྒེག་པའི་ལང་ཚོ་ངོམ། །ང་ཡིན་ཁོ་ཡིན་སྙམ་པའི་མཛེས་མ་མང༌། །ཀླུ་སྨྱོན། ཅ་ཅོ་བོད་དབྱིན་ཧིན་འདྲེས་གླེང་མོལ་ཐོས། །ཆ་ལུགས་ནུ་རྐུབ་དབྱིབས་མངོན་ཆས་གོས་མཐོང༌། །ཇ་དང་ཆུ་མངར་ཚ་གྲང་སྣ་ཚོགས་མྱོང༌། །ཉ་ཉོག་མི་ཚོགས་མན་ཇུ་ཏྲི་ལ་གནས། །བེ་སྨྱོན། ཏ་ཐཱ་ག་ཏའི་གྲྭ་ཆས་ལུས་ལ་གོན། །ཐ་གྲུ་འགྲིམས་པའི་ལམ་ཡིག་ཞུ་མཁན་དང༌། །ད་ལྟར་ཁྱི་བཞིན་འཁྱམས་ཉུལ་བྱེད་པ་ཡི། །ན་གཞོན་ཉལ་ཐ་འཐེན་མཁན་ལས་མེད་མང༌། །ཀླུ་སྨྱོན། པ་སངས་གངས་ཁྲོད་བོད་མི་འཁྱམས་པོ་དང༌། །ཕ་མཐའ་རྒྱང་རིང་ཕྱི་གླིང་མགོ་སེར་སོགས། །བ་ལང་ལྷ་མཆོད་མུ་སྟེགས་ཧུནྡྷི་སོགས། །མ་ལུས་མན་ཇུག་ཏྲི་ལར་མི་ཚེ་སྐྱེལ། །བེ་སྨྱོན། ཙ་གེ་ཙི་གེའི་ཉོ་ཚོང་བྱེད་མཁན་དང༌། །ཚ་གེ་ཚི་གེའི་ནག་ཚོང་རྒྱག་མཁན་གཉིས། །ཛ་རེ་ཛོ་རེའི་སྲིད་ཀྱི་སྙོག་གྲ་གསུམ། །ཝ་ལེ་ཝོ་ལེ་བསྣོལ་པའི་ལྟད་མོ་མཐོང༌། །ཀླུ་སྨྱོན། ཞྭ་སེར་བསྟན་འཛིན་རི་བོ་དགེ་ལུགས་པ། །ཟ་འཐུང་འདོད་ཡོན་ལམ་ཁྱེར་རྙིང་མ་པ། །འ་འུར་རྒྱང་སྤངས་མཉམ་མེད་བཀའ་བརྒྱུད་པ། །ཡ་ཀི་ལྷ་རིགས་འཁོན་གདུང་ས་སྐྱ་པ། །ཞ་ཟ་འ་ཡ་བཞིན་དུ་གནས་འདིར་འདུས། །བེ་སྨྱོན། རྭ་ལྟར་འཁྱོག་པའི་ཕོ་གསར་འཁྱམས་པོ་དང༌། །ལྭ་ཐུང་གོན་པའི་བུ་མོ་གཞང་འཚོང་གཉིས། །ཤ་ཆང་བག་མེད་སྤྱོད་པའི་གྲྭ་གཟུགས་གསུམ། །ས་གནས་འདི་ན་ཆུ་ནང་ཉ་བཞིན་མང༌། །ཀླུ་སྨྱོན། ཧ་ཅང་དོན་ལ་གནས་པའི་ཀ་རྩོམ་འདི། །ཨ་མདོ་ཁམས་པའི་སྨྱོན་པ་ཟུང་གིས་བརྩམས། །ཨ་མའི་བུ་ཆུང་ལང་ཤོར་ལག་པ་བཞི། ཧ་ལས་གྱུར་ན་ཁྱོད་ཀྱིས་གཏུབས་རོགས་གྱིས། །བེ་སྨྱོན། ཨ་རེ་ཁམས་ཕྲུག་བེ་རི་སྨྱོན་པ་དང༌། ཨ་མདོའི་ཨ་ལགས་ཀླུ་སྨྱོན་ཧེ་རུ༔ཀས། །ཨ་མདོ་ཏྲི་ཏྲི་ཨ་མའི་ཟ་ཁང་ནང༌། །ཨ་མཚར་ཚོར་སྣང་དྲན་རྟེན་ཆེད་དུ་བྲིས། །༢༠༠༢་ ཟླ་བ་ ༦ ཚེས་ ༨ ཉིན་བེ་སྨྱོན་དང་ཀླུ་སྨྱོན་གཉིས་ཀྱིས་ལྡི་ལི་མན་ཇུག་ཏྲི་ལ་ཏྲི་ཏྲི་ཟ་ཁང་ནང་དུ་བྲིས། ༢༠༠༥ལོར་༼གཉན་ཆེན་ཐང་ལྷ་༽ཐོག་བཀོད།

དུངས་པའི་འཚམས་འཕྲིན།   རྒ་རྒྱ་ཕུལ་བ།   ལོ་ཟླ་ཞག་གི་དུས་ཡུན་རིང་མོའི་ནང༌།   །ལྷན་ཅིག་མཇལ་བའི་སྐལ་པ་མི་ལྡན་ཡང༌།   །ལྷོད་མེད་སྙིང་ནས་འཕོས་པའི་འཚམས་འཕྲིན་འདི།   །ཐེངས་ཅིག་ཀློག་པར་གནང་རོགས་ལྷ་མོ་ལགས།   །ན་ནིང་ཕྱི་རྒྱལ་ཡུལ་ནས་ལོག་མ་ཐག །   གནམ་གྲུའི་ཐང་ནས་མན་ཇུག་ཏྲི་ལར་ཡོང༌།   །ཀཻ་ལ་ཤ་ཡི་ཟ་ཁང་འགྲིམས་ན་ཡང༌།   །ཁྱོད་རང་ཞལ་མཇལ་མ་བྱུང་ལྷ་མོ་ལགས།   །ད་ལོ་དྷ་སར་ཡོང་བའི་འབབ་ཚུགས་སུ།   །མན་ཇུག་ཏྲི་ལར་ཉིན་འགར་སྡོད་ན་ཡང༌།   །ཁྱོད་རང་ཨ་སམ་སུད་ཚོང་ཐད་ཚར་བས།   །ཡང་བསྐྱར་ཞལ་མཇལ་མ་བྱུང་ལྷ་མོ་ལགས།   །ཁ་རྩངས་གྱེན་ལོག་ཚོགས་པའི་འབར་རྫས་ཀྱིས།   །གྲོང་ཁྱེར་ཁྲོམ་རྭ་གཏོར་བའི་འདུ་ལོང་ཁྲོད།   །བོད་རིགས་བསད་རྨས་བྱས་པའི་གཏམ་ཐོས་ཚེ།   །སེམས་ཀྱི་མཚོ་རླབས་འཁྲུགས་སོང་ལྷ་མོ་ལགས།   །དེ་རིང་ཁྱོད་ཀྱིས་ཞོགས་པའི་ཁ་པར་ནང༌།   །སྐྱོན་མེད་བདེ་ཐོག་ཁྲོམ་རྭ་ཚོང་ལས་ཁྲོད།   །ཡུལ་དུས་འཚམས་པའི་ཁེ་སྤོགས་ཡོད་པའི་ཚུལ།   །གོ་བས་སེམས་པ་སྤྲོ་བྱུང་ལྷ་མོ་ལགས།   །གང་ཁྱོད་ཕྲ་ལྡེམ་ཙྭ་རིའི་སྨྱུག་མའི་སྐུར།   །ཞལ་རས་ཟླ་བ་དཀར་པོའི་འཛུམ་མདངས་དང༌།   །ཟུར་མིག་དཔྱིད་ཀྱི་མཚོ་མོ་གཡོ་བའི་ཚུལ།   །ནམ་ཡང་བརྗེད་ཐབས་མི་འདུག་ལྷ་མོ་ལགས།   །དེ་སྔོན་རྒྱང་ནས་ཁ་པར་ཡི་གེ་དང༌།   །མདུན་ནས་སེམས་གཏམ་ཐེངས་མང་གསུང་པ་དེས།   །ཁྱེད་ཀྱི་སེམས་པའི་ཕུག་ཏུ་སུ་ཡོད་པ།   །ང་ཡིས་གསལ་པོ་ཤེས་སོ་ལྷ་མོ་ལགས།   །དེ་སླད་ཉམ་ཆུང་ང་ཡི་མི་ཚེ་ནང༌།   །སྐྱིད་སྡུག་འདྲེས་མའི་ཀྱག་ཀྱོག་མང་ན་ཡང༌།   །ལྷད་མེད་དམར་ཆུང་སེམས་ཀྱི་ཁང་བཟང་ནང༌།   །ཁྱོད་ལས་གཞན་པ་མེད་དོ་ལྷ་མོ་ལགས།   །འོན་ཀྱང་མི་ཚོགས་སྟོང་གི་ཁ་དམག་དང༌།   །ཆོས་དང་གནའ་སྲོལ་བཙན་པོའི་བག་ཆགས་འོག །   ངེས་མེད་གནོན་ཤུགས་རླུང་འཚུབ་ལྡང་པའི་ཁྲོད།   །ཡང་ཡང་མཇལ་ཐབས་མི་འདུག་ལྷ་མོ་ལགས།   །རྡི་མག་སྤུར་དང་དྷ་རམ་ས་ལའི་བར།   །ལེ་དབར་བརྒྱ་ཕྲག་འགའ་ཞིག་ཆོད་ན་ཡང༌།   །གཟུགས་མེད་བརྩེ་སེམས་དམར་པོའི་ཞགས་བ་ཡིས།   །ནམ་ཡང་གློད་ཐབས་མི་འདུག་ལྷ་མོ་ལགས།   །སྐྲ་ནག་མཛེས་མའི་གདོང་གི་རྣམ་པ་དང༌།   །སྐྲ་སེར་བུ་མོའི་བྲང་གི་ནུ་འབུར་སོགས།   །ཆུ་བུར་མིག་འདིས་ལྟད་མོ་མང་མཐོང་ཡང༌།   །ཁྱོད་ལས་ལྷག་པ་མི་འདུག་ལྷ་མོ་ལགས།   །དུང་སེམས་ཞགས་པས་གློད་པ་མ་གནང་ཞེས།   །ཁྱོད་ཀྱིས་ང་ལ་སྔར་ནས་བརྗོད་མྱོང་ཡོད།   །འོན་ཀྱང་ལས་དབང་རླུང་འཚུབ་ལྡང་པའི་གསེབ།   །དཔུང་གདང་གཤིབ་ཐབས་མ་བྱུང་ལྷ་མོ་ལགས།   །ཉིན་མོ་ལས་ཁུངས་འགྲིམས་ནས་དུས་ཚོད་སྐྱེལ།   །མཚན་མོ་གློག་འོད་འོག་ཏུ་སྙན་ངག་བྲིས།   །ལོ་ཟླ་ཞག་གི་ཕྲེང་བ་བགྲངས་པའི་སྣེ།   །རེ་བའི་ཞགས་པ་ཆད་སོང་ལྷ་མོ་ལགས།   །སེམས་གཏམ་ཁ་ནས་བཏོན་ན་འཕྱ་སྨོད་བྱེད།   །གྲྭ་ཆས་ལུས་ནས་ཕུད་ན་ཞབས་འདྲེན་ཆགས།   །དེ་སླད་མགོ་ནག་འཇིག་རྟེན་མི་ཡུལ་འདིར།   །འཛོམས་པའི་རེ་བ་བྲལ་སོང་ལྷ་མོ་ལགས།   །༢༠༠༤ ཟླ་ ༡༡ ཚེས་ ༢༥ ཉིན་དྷ་ས་གངས་ཅན་སྐྱིད་གཤོངས་སྤྱི་འཐུས་ཚོགས་ཁང་དུ་བྲིས།    ༢༠༠༥ ༼ནོར་མཛོད་༽ ཐོག་བཀོད།  
སེམས་ཀྱི་རང་མདངས་མཚོན་པའི་འཚམས་འཕྲིན།   ཆོས་ཀྱི་གྲོགས་པོ་དགེ་བཤེས་བསྟན་འཛིན་རྡོ་རྗེ་མཆོག་ལ་ཕུལ་བ།   དཔལ་ལྡན་སྟོབས་བཅུ་མངའ་བའི་ལུང་རྟོགས་བསྟན།   །འཛིན་མཁས་ངེས་པ་དོན་གྱི་རྣལ་འབྱོར་པ།   །གསང་སྔགས་རྡོ་རྗེ་ཐེག་པའི་སྤུན་གྲོགས་ལགས།   །འཇིགས་མེད་སྙན་ངག་སྨྲ་བའི་འཕྲིན་འདི་གསོན།   །ཉེ་ཆར་གང་སྐུ་མཚན་དཔེའི་ཟླ་གཞོན་ལ།   །ཉམས་རྟོགས་དཀྱིལ་འཁོར་རྫོགས་པའི་འོད་སྣང་རིས།   །ཡིག་ངག་གང་གི་ལམ་ནས་མ་སོན་ཀྱང༌།   །བརྒྱུད་ནས་འཚམས་འདྲི་བྱས་པའི་གཏམ་ལས་ཐོས།   །ཀུན་རྟོག་མཚོ་རླབས་གཡོ་བའི་སེམས་ངོགས་ན།   །གང་སྐུ་ཟླ་བའི་འོད་སྣང་འཇོ་བའི་གཟུགས།   །བསིལ་རླུང་དལ་བུས་བདས་པའི་མཚོ་གྲུ་བཞིན།   །ངེས་མེད་ཆུ་གཉེར་འགྲོས་དང་བསྟུན་ནས་འཆར།   །རྒྱལ་ཀུན་གསང་གསུམ་གཅིག་ཏུ་བསྡུས་པའི་གར།   །ཀླུ་སྦྱིན་རྗེ་བཙུན་བླ་མའི་ཞབས་དྲུང་དུ།   །ན་རོ་མཁའ་སྤྱོད་དབང་བཞིའི་བྱིན་རླབས་ཀྱི།   །རྡོ་རྗེའི་མནའ་ཆུ་ལྕེ་ཐོག་མཉམ་དུ་མྱོང༌།   །མདོ་སྔགས་གསུང་རབ་དུ་མའི་བཤད་འཁྲིད་དང༌།   །བྱང་ཆུབ་ལམ་གྱི་རིམ་པའི་མྱོང་འཁྲིད་སོགས།   །དབང་ལུང་འཁྲིད་དང་མན་ངག་བདུད་རྩིའི་རྒྱུན།   །མཉམ་དུ་སྤྱོད་པའི་སྐལ་བཟང་དགའ་སྟོན་མྱོང༌།   །དེ་སླད་དམ་ཚིག་གཅིག་པའི་སྤུན་གྲོགས་ཀྱི།   །མཛའ་བའི་གསེར་ཐག་གློད་ཐབས་མི་འདུག་པས།   །ཧ་ཅང་བསྡུས་པའི་ཚིག་སྦྱོར་དང་འགྲོགས་པའི།   །གསལ་འདེབས་ཚིག་གསུམ་ཞུ་བར་གཟིགས་མོར་མཛོད།   །མངལ་གྱི་ཐེམ་པ་བརྒལ་ནས་མི་རིང་བར།   །རྐང་ཆུང་སྟེང་ནས་ལང་འདུག་ཐུབ་པའི་སྐབས།   །ཁྱི་དང་ལི་ལི་རྡོ་རྡུང་བྱེད་པ་སོགས།   །བྱིས་སྤྱོད་ངན་པས་ཁྱོད་ལ་གོས་མྱོང་མེད།   །རྐེད་རགས་སྦོ་ལ་འཆིང་དཀྲོལ་ཐུབ་ནས་བཟུང༌།   །འུར་རྡོ་ཁྲ་རིང་སྐེད་པ་ལ་གཟེར་ནས།   །ར་ལུག་ཕག་གསུམ་འཚོ་སའི་གྲོང་གསེབ་དེར།   །མ་བཞུགས་དམ་པའི་ཆོས་ཀྱི་གདན་སར་ཕེབས།   །བཀྲ་ཤིས་དར་རྒྱས་དགོན་པའི་ཆོས་གྲྭའི་ནང༌།   །རྒྱ་སྐད་མཆོད་བརྗོད་བྱེད་པའི་ལུགས་སྲོལ་ལ།   །ཕྱི་མིག་ཅེར་ནས་ཤེས་བྱའི་སྤང་ལྗོངས་ངོགས།   །དབྱངས་གསལ་སོ་བཞིའི་སྙན་པའི་རྒྱང་གླུ་གྱེར།   །རྟ་ཕོའི་འགྲོས་དང་མེ་མདའི་ཁ་ཚ་ལ།   །ཞེ་ཆགས་མེད་པར་གོམ་ཁ་དབུས་སུ་བསྒྱུར།   །ཇོ་ཤཀ་རྣམ་གཉིས་མདུན་དུ་མཇལ་ཕྱག་ཕུལ།   །ཐེག་ཆེན་གླིང་དུ་ཆོས་ཀྱི་སྒྲོ་འདོགས་བཅད།   །ས་ཕག་དུས་འགྱུར་འབར་བའི་མེ་རླབས་ཁྲོད།   །དམར་པོ་རྒྱ་ཡི་མེ་མདའི་སོ་ཁ་ནས།   །དར་མདོ་ལྔ་མཆོད་དགོན་པའི་འདུ་ཁང་ནང༌།   །འཁྱགས་ལྟོགས་རྡུང་རྡེག་གསུམ་གྱིས་ནམ་ཟླ་བསྐྱལ།   །ཕྱི་ཡི་ཆ་ལུགས་ཁྲིམས་ཀྱིས་བསྒྱུར་ན་ཡང༌།   །ནང་གི་དད་པ་དམ་ཚིག་སྡོམ་པའི་ཁྲིམས།   །སུ་དང་གང་གིས་བཅོས་སུ་མ་བཏུབ་པར།   །རྡོ་རྗེ་བྲག་གི་རི་བོ་བཞིན་དུ་གནས།   །རིག་གནས་གསར་བརྗེ་ཆེན་པོའི་རླུང་འཚུབ་ཁྲོད།   །ཁྲེལ་མེད་ཧུར་བརྩོན་བརྒྱ་ཡིས་རྡུང་རྡེག་དང༌།   །ན་ཆུང་བུ་མོ་སྟོང་གི་མཛེས་ཁའི་ཁྲོད།   །གང་ཁྱོད་ཐོགས་རེག་བཀག་པའི་ནམ་མཁའ་བཞིན།   །ཕོ་ཐ་ཕལ་ཆེར་ལ་ཁའི་དར་ལྕོག་བཞིན།   །ཤར་ནུབ་རླུང་གིས་ཕན་ཚུན་བསྐྱོད་པ་དང༌།   །འཚུབ་མའི་རླུང་གིས་གྱེན་དུ་བསྐྱོད་པའི་སྐབས།   །གང་ཁྱོད་ལྕགས་ཀྱི་ཕ་བོང་བཞིན་དུ་བཞུགས།   །སྲང་མདོའི་ཁྱི་ལྡོམ་འདྲ་བའི་སྤྲང་ཕྲུག་ཚོས།   །སྐུ་རྟེན་འདམ་སྙོག་གསེབ་ཏུ་འཕེན་པ་དང༌།   །གསུང་རྟེན་གླེགས་བམ་མེ་ལ་བསྲེགས་པའི་སྐབས།   །ཁྱོད་ཀྱིས་རྟེན་གསུམ་སྦས་པའི་ལས་འགུལ་བརྩམས།   །དམར་སྲུང་དམག་གིས་དྲག་པོའི་བསྔོག་བཤེར་འོག  །   གསུང་རྟེན་སྦས་བསྐུངས་བྱས་པའི་ནག་ཉེས་ཀྱིས།   །ལྷ་འདྲེ་གདོན་བགེགས་བྲིས་པའི་ཤོག་ཞྭ་གཡོག  །   ཁྲོམ་སྐོར་ཁྲིད་ནས་རྡུང་རྡེག་སྣ་ཚོགས་མྱངས།   །ཕ་ཁའི་ཆུ་འཁོར་གྲོང་པའི་བསྟན་དགའ་དང༌།   །ཚུར་ཀའི་བྲག་གདོང་ཚང་གི་ཡོན་ཏན་གཉིས།   །གོ་ལོ་ཤང་གི་རྒྱ་མིའི་ལས་བྱེད་ཚོའི།   །མིག་གི་ནང་དུ་གྲ་མ་བཞིན་དུ་གྱུར།   །གནམ་ལ་བཀལ་ནས་རྟ་ལྕག་གཞུས་པ་དང༌།   །ས་ལ་ཕབ་ནས་ཆུ་འཁྱགས་བཤོས་པ་སོགས།   །དམྱལ་ཁམས་ས་སྟེང་འཕོས་འདྲའི་འཐབ་རྩོད་ནང༌།   །དད་པ་དམ་ཚིག་ནམ་ཡང་ཤོར་མྱོང་མེད།   །ཡ་ཀི་མདའ་ཧོར་བྲག་རྒྱབ་མན་ཆད་ནས།   །མ་ཀི་བྲག་གདོང་མཆོད་རྟེན་ཡན་ཆད་ཀྱི།   །གོ་ལོ་བརྒྱད་ཅུ་ཤོག་པའི་གྲོང་ཚོ་ནང༌།   །སྙིང་སྟོབས་སྤོབས་པ་ཁྱོད་འདྲ་སུ་ཡང་མེད།   །ཨ་ལོག་བཙོས་ནས་ལོ་གསར་བཏང་བ་དང༌།   །ར་ལྤགས་གོན་ནས་གཟབ་འཆོར་སྤྲས་པའི་སྐབས།   །ལྟོ་གོས་དོན་དུ་ངལ་ལས་མི་འགྲོ་བར།   །དམ་པའི་ཆོས་ལ་ལྐོག་ནས་ཉམས་ལེན་གནང༌།   །ལ་ཁའི་བྱ་སྤུ་འདྲ་བའི་ཕོ་ཐ་ཚོ།   །དམར་པོའི་རླུང་གིས་གང་སར་སྤུར་པའི་སྐབས།   །ཆུ་འཁོར་བསྟན་དགའ་བསྟན་ལ་དགའ་བ་ལས།   །དམར་པོ་རྒྱ་ལ་དགའ་བའི་ལོ་རྒྱུས་མེད།   །ལོ་བརྒྱད་བྱིས་པས་ར་རྐུས་བྱེད་ས་དང༌།   །དྲུག་ཅུ་རྒན་པོ་མག་པར་འགྲོ་ས་ཡི།   །ཡ་མཚན་གཏམ་རྒྱུད་མང་བའི་གྲོང་གསེབ་དེར།   །གང་ཁྱོད་གསེར་གྱི་ཞུན་མ་བཞིན་དུ་འཚེར།   །དྲུག་གིས་ལྷག་པའི་ལོ་རབས་བདུན་ཅུའི་ནང༌།   །ཀྲུའུ་ཏེ་ཀྲུ་ཨེ་ལན་དང་མའོ་ཙེ་ཏུང༌།   །ཚེ་སྲོག་དུར་སའི་འགག་འཕྲང་དོག་པོ་ནས།   །གཤིན་རྗེ་གྲོང་ཁྱེར་འགྲིམས་པའི་གཏམ་བཟང་ཐོས།   །དེང་རབས་ཅན་བཞིའི་ཁ་གཡང་སྙན་པོའི་ཁྲོད།   །མི་བཞི་ཤོག་ཁག་རྡུལ་དུ་བརླགས་པའི་གསེབ།   །ཅི་དང་གང་ཡིན་རྒྱུ་མཚན་མ་ཤེས་པར།   །སླར་ཡང་ཉེས་རྡུང་འཐབ་རྩོད་ཐེངས་གཅིག་བཟེད།   །སྐྱེས་པ་ཕོ་ཡི་ལུས་རྟེན་ཐོབ་ནས་བཟུང༌།   །དོན་ལྔ་སྣོད་དྲུག་ཚང་པ་ལོས་མཚུངས་ཀྱང༌།   །སྐྱིད་སྡུག་མེ་ཆུ་འཐབ་པའི་ཡོ་ལངས་ཁྲོད།   །ཕོ་རབ་དམ་པའི་རང་མདངས་ཁྱོད་ཀྱིས་བསྟན།   །ལོ་རབས་དོན་དགུའི་ཏང་གི་ཚོགས་ཆེན་ཐོག  །   གྲངས་ཉུང་མི་རིགས་ཁུལ་གྱི་སྐད་ཡིག་དང༌།   །ཆོས་རིག་རང་སྐྱོང་ཆོག་པའི་དྲིལ་བསྒྲགས་འོག  །   སྤྲིན་པའི་གསེབ་ནས་ཉི་འོད་ཐེངས་གཅིག་ཤར།   །ཕྱག་ན་པདྨོའི་ཐུགས་བསྐྱེད་དྲི་བསུང་རླབས།   །བདེན་པའི་རླུང་གིས་ཕྱོགས་འདིར་བདས་པ་དང༌།   །ཆོས་ཀྱི་རྒྱལ་མཚན་མཐོན་པོའི་གྲིབ་བསིལ་འོག  །   བོད་འབངས་འགྲོ་བའི་ཚེ་སྲོག་གཉིས་པ་ཐོབ།   །སྔགས་པའི་མགོ་ལ་རལ་པ་བསགས་པ་དང༌།   །བཙུན་པའི་ལུས་ལ་ཆོས་གོས་གོན་ཆོག་པའི།   །རི་སྤྱང་དམར་པའི་ཁ་ནང་ལུ་གུ་ཡིས།   །འཕག་འཚག་ཐེངས་གཅིག་ཆོག་པའི་གོ་སྐབས་ཐོབ།   །ཏིང་ཤོའུ་ཕིང་གི་རིག་པའི་གཞུང་ལུགས་ལྟར།   །བསྒྱུར་བཅོས་སྒོ་དབྱེ་བྱས་པའི་ཆོག་མཆན་འོག  །   ཚོང་ཁང་མགྲོན་ཁང་མཉེར་མཁན་མང་ན་ཡང༌།   །སྲིད་འབྱོར་ནོར་ལ་སྲེད་པའི་འཆིང་ཐག་བཅད།   །ཆོས་དད་རང་མོས་ཆོག་པའི་ཁྱབ་བསྒྲགས་གཏམ།   །གོ་མ་ཐག་ནས་ཁང་པའི་རྒྱ་སྒོ་བསྡམས།   །མདོ་སྨད་ཞྭ་སེར་བསྟན་པའི་སྒྲོན་མེ་མཆོག  །   ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་དུ་བཅར།   །ང་ཡང་སྔོན་གྱི་བག་ཆགས་མི་དམན་པས།   །དགེ་རྒན་དམ་པའི་མདུན་དུ་བཅར་བའི་སྐབས།   །ཁྱོད་དང་ང་གཉིས་དགེ་ཕྲུག་གཅིག་པ་ཡི།   །མི་ཕྱེད་དམ་ཚིག་གཙང་མའི་ཆོས་གྲོགས་གྱུུར།   །རྒྱུ་ཡི་ཐེག་པ་མཚན་ཉིད་རིག་པའི་གཞུང༌།   །འབྲས་བུའི་ཐེག་པ་རྒྱུད་སྡེ་བཞི་ཡི་དོན།   །གཅིག་ཏུ་བསྡུས་པ་ལམ་གྱི་རིམ་པའི་གནད།   །གང་ཁྱོད་ཐུགས་ཀྱི་རྒྱ་མཚོའི་ཀློང་ན་འཁྱིལ།   །མི་ཕྱེད་དད་པ་ས་གཞི་བཞིན་དུ་བརྟན།   །མི་གཤིས་རང་བཞིན་སྨྱུག་མའི་མདའ་ལྟར་དྲང༌།   །མི་ལ་ལྟ་བུའི་དཀའ་སྤྱོད་སྙིང་རུས་ཟབ།   །མི་མཆོག་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན།   །གསེར་སྐུ་བཙོངས་ནས་སྦག་སྦག་ཞོན་མཁན་དང༌།   །ཕོ་བླ་བཙོང་ནས་གོ་གནས་ལེན་མཁན་ཚོར།   །ཁྲོས་ནས་གདོང་མིག་འཕེན་པའི་ལོ་རྒྱུས་ལས།   །རེ་བའི་རྨི་ལམ་བཏང་རབས་ཁྱོད་ལ་མེད།   །ལྐོག་རྔན་ཟོས་ནས་གཟིམས་ཤག་བརྩེགས་པ་དང༌།   །བསྔོ་རྟེན་རུག་ནས་ཆང་རག་འཐུང་མཁན་གྱི།   །མཐོན་པོའི་དཔོན་དང་སྤྲུལ་སྐུ་རྫུན་མ་ལ།   །ཡིད་ཆེས་དད་པའི་འཇའ་ཚོན་སྔར་ནས་ཡལ།   །རྒྱལ་ཁབ་བཙོང་ནས་མོ་ཊ་གཏོང་མཁན་དང༌།   །ཆོས་གོས་གོན་ནས་རྒྱ་མོ་རུམ་མཁན་གྱི།   །དེང་གི་བསྟན་འཛིན་སྐྱེས་བུ་དེ་དག་ལ།   །བདེན་པའི་ཚིག་མཚོན་བཏབ་ནས་ཕྱིར་ཕྱག་ཕུལ།   །རྒྱ་མགོ་མཐོ་དུས་རྒྱ་མིའི་རྐུབ་གཡོག་རྒྱུགས།   །ཆོས་མགོ་མཐོ་དུས་ཆོས་གོས་ལུས་ལ་གོན།   །བྱ་ཚོགས་ཁྲོད་ན་བྱ་ཐན་ཕ་ཝང་བཞིན།   །སྤྱོད་ངན་དེ་ཚོའི་སྤྱོད་པ་ཁྱོད་ལ་མེད།   །ནམ་མཁའི་འཇའ་རིས་མིག་གི་ལྟད་མོ་ཙམ།   །རྒྱ་ནག་གླིང་བུ་རྣ་བའི་སླུ་བྲིད་ཉིད།   །།   དེ་སླད་མིག་འཁྲུལ་འདྲ་བའི་མཛེས་ཚོན་ལ།   །ཞེ་ཆགས་མ་བྱས་ཆོས་གྲྭའི་དགེ་རྒན་ཕེབས།   །ཆོས་ས་བུ་དང་ཆོས་ཀྱི་གྲོགས་པོ་ཆགས།   །ཆོས་གྲྭའི་ནང་དུ་ཆོས་ཀྱི་དཔེ་ཁྲིད་གནང༌།   །ཆོས་ཀྱི་གདན་ས་ཆོས་ཀྱིས་འཛིན་སྙམ་ཡང༌།   །ཆོས་སྡེ་གླིང་ན་ཆོས་མིན་བར་ཆད་མང༌།   །ཕར་སྤྱང་ཝ་མོ་ཚོགས་པའི་ལུང་མདོ་ན།   །གཡང་དཀར་ལུ་གུའི་འཕེལ་ཁ་མི་དར་བས།   །ལུག་རྫི་རྒན་པོས་སྦྲ་གུར་ཕབ་བྱས་ཏེ།   །འབྲོག་པའི་མཚེར་ས་སྤོ་བར་ཐུགས་ཁག་ཅི།   །མུན་སྟུག་ན་བུན་འཐིབས་པའི་གྲོང་འདབས་ན།   །ལྕགས་ཐག་སྐེ་ལ་གོན་པའི་ཁྱི་ནག་མདུན།   །སེངྒེའི་པུས་མོ་ས་ལ་འཛུགས་པའི་དུས།   །སྤྱན་ཞགས་གངས་ལ་མི་འཕེན་རང་དབང་ཅི།   །རྨོངས་པའི་ནགས་ཀྱི་སྤྲེལ་རྒན་ཚོགས་པའི་ས།   །སྨྲ་བརྗོད་ཤེས་པའི་འཇིག་རྟེན་མི་ཡི་རྐུབ།   །རྔ་མ་མེད་པའི་འཕྱ་སོྨད་མ་བཟོད་ནས།   །གང་ཁྱོད་ནགས་ལ་གྱེས་མཇལ་ཞུ་དགོས་བྱུང༌།   །རི་བོ་སྒང་དྲུག་རྡོག་པའི་འོག་ཏུ་བརྫིས།   །གཙང་ཆེན་རྣམ་བཞིའི་སྐེད་པ་འཕྲེད་དུ་བཅད།   །ཀོང་པོའི་བར་ལ་བརྒལ་ནས་དབུས་ལམ་བསྙེགས།   །གདན་ས་གསུམ་དང་ཇོ་ཤག་རྣམ་གཉིས་མཇལ།   །ཞབས་རྗེས་རི་མོ་གངས་ལའི་ངོས་སུ་ཕབ།   །རེ་བའི་མིག་ཞགས་འཕགས་པའི་ཡུལ་དུ་འཕེན།   །དད་པའི་མིག་ཆུ་ྋགོང་ས་མཆོག་ལ་འཐོར།   །བལ་བོད་ས་མཚམས་བརྒལ་ནས་བལ་ཡུལ་སླེབས།   །མོ་ཊའི་ནང་དུ་ཉིན་མཚན་སྦྲེལ་ནས་ཕེབས།   །ཚ་བའི་ནང་དུ་ཆུ་འཁྱགས་བཏུང་གིན་ཡོང༌།   །བཙན་བྱོལ་བཞུགས་སྒར་དྷ་རམ་ས་ལར་འབྱོར།   །གོང་ས་ཆེན་པོའི་གསེར་ཞལ་རྗེན་པར་མཇལ།   །ཐེག་ཆེན་གླིང་དུ་སླར་ཡང་ཆོས་ཞུགས་གནང༌།   །གཞུང་ཆེན་བཀའ་པོད་ལྔ་ལ་བསྐྱར་སྦྱངས་བྱས།   །རབ་འབྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག  །   རྒྱུད་གྲྭར་འགྲིམས་ནས་གསང་སྔགས་གཞུང་ལ་བསླབ།   །ཐོས་དོན་སེམས་ལ་སྦྱར་ནས་རང་སེམས་བརྟགས།   །རྩེ་གཅིག་སྒྲུབ་པ་བརྒྱབ་ནས་སེམས་རྒྱུད་འདུལ།   །ཉམས་ལེན་གནད་དུ་འཆང་བའི་ཚུལ་འདི་ལ།   །ལྷ་རམས་དགེ་བཤེས་བརྒྱ་ཡིས་འགྲན་ནུས་མིན།   །ལུག་གསོད་བཤན་པས་འཁོར་ལོ་བསྐོར་བ་དང༌།   །འབུ་ཟན་ནེ་ཙོས་མ་ཎི་བགྲངས་པ་ལྟར།   །མ་ཡིན་གང་ཁྱོད་མཉམ་ཉིད་སེམས་ཀྱི་ཁམས།   །ཕྱིན་དྲུག་བསྡུ་བཞིའི་དཔལ་གྱི་རི་མོ་གསལ།   །སློབ་མ་སྟོང་གིས་བསྐོར་བའི་བླ་མ་དང༌།   །མཚམས་ནག་སྒོ་བཅད་བྱས་པའི་སྒོམ་ཆེན་ཚོས།   །ཆོས་བརྒྱད་འབུར་འཇོམས་བྱེད་པའི་ཉམས་ལེན་ཚུལ།   །ཁྱོད་དང་བསྡུར་ན་སྲིན་བུ་མེ་ཁྱེར་བཞིན།   །ལྷ་རམས་གཏོང་དུས་ལྷ་སྐུ་འདྲ་བ་འགའ།   །ཕྱི་རྒྱལ་ཡུལ་དུ་ཕྱི་རོལ་པ་བཞིན་རྒྱུགས།   །ཆོས་གོས་གྱོན་ནས་ཆོས་འཚོང་རྒྱག་མཁན་དང༌།   །གང་ཁྱོད་ཕྱི་རྒྱལ་ཕེབས་པ་གང་ནས་འདྲ།   །ཌོ་ལར་སྤྲད་ནས་ཐར་པ་ཉོ་ཆོག་ན།   །ཆོས་ཚོགས་ཡོད་པའི་ཕྱི་རྒྱལ་དགེ་བཤེས་ཚོ།   །ཐར་བའི་ཞིང་སར་དང་པོར་ལོས་ཕེབས་ཀྱང༌།   །དཔལ་འབྱོར་ནོར་གྱིས་ཐར་ལམ་ཁུག་ནུས་མིན།   །དེ་སླད་ཁྱོད་ཉིད་ཕྱི་རྒྱལ་ཆོས་ཚོགས་ནང༌།   །མ་བཞུགས་རྨས་སྐྱོན་ཕོག་པའི་རི་དྭགས་བཞིན།   །གནམ་གྲུ་ནང་དུ་བཞུགས་ནས་རྒྱ་གར་ལོག  །   །རྫ་ཤག་གྲུ་བཞིའི་ནང་དུ་སྐུ་མཚམས་བཞུགས།   །སྣང་སྟོང་ཟུང་དུ་འཇུག་པའི་དབུ་མ་དང༌།   །བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟུང༌།   །གཉུག་མའི་འོད་གསལ་སེམས་དང་བསྲེས་པ་ཡི།   །སྐུ་ཐུགས་ཟུང་དུ་འཇུག་པའི་ལམ་བཟང་འཚོལ།   །བཤེས་གཉེན་ཚུལ་བཞིན་བསྟེན་པས་དམ་ཚིག་གཙང༌།   །ཐོས་སྟོབས་རྒྱ་ཡན་མ་སོང་ཞི་ཞིང་དུལ།   །སྒོམ་སྟོབས་བྱིངས་རྨུག་མ་གྱུར་ཉོན་མོངས་འཇོམས།   །གང་ཁྱོད་དོན་གྱི་བསྟན་འཛིན་སྐྱེས་བུ་དངོས།   །བྱམས་སོགས་འཕགས་ནོར་བདུན་གྱིས་ཐུགས་རྒྱུད་ཕྱུག  །   བཀའ་གདམས་ཕུག་ནོར་བཅུ་ཡི་ཉམས་ལེན་ཟབ།   །དགེ་ལྡན་རིང་ལུགས་གཙང་མའི་སྤྱོད་པ་བཙུན།   །ངེས་དོན་བསྟན་འཛིན་སྐྱེས་བུ་ཁྱོད་འདྲ་དཀོན།   །སྟོབས་དང་གོ་ས་དཔལ་འབྱོར་ཐོབ་ཐང་སོགས།   །མཆིལ་མའི་ཐལ་བ་ཇི་བཞིན་ཐང་དུ་བོར།   །ཆོས་བརྒྱད་དཀར་ནག་འདྲེས་མའི་འདམ་རྙོག་གིས།   །མ་གོས་ཁྱོད་ནི་པདྨ་དཀར་པོ་བཞིན།   །ཐུགས་ཀྱི་དགོངས་པའི་ཀློང་དུ་གང་ཤར་བ།   །སྨྲ་བརྗོད་གསུང་གི་སྒོ་ནས་བཏོན་རྐྱང་ལས།   །མདུན་ནས་རྒྱ་གླིང་གཏོང་པའི་ཕེབས་བསུ་དང༌།   །རྒྱབ་ནས་རྭ་དུང་འབུད་པའི་ལོ་རྒྱུས་མེད།   །སྲན་རྡོག་གཅིག་གིས་གཡོ་འགུལ་བྱེད་པ་དང༌།   །ཆུ་ཐིགས་་གཅིག་གིས་བརླན་རྐྱང་བྱེད་པ་ཡི།   །སྲང་དང་རྒྱ་ཤོག་འདྲ་བའི་ཕལ་བ་དང༌།   །གང་ཁྱོད་ཐུགས་ཀྱི་ལྗི་ཁོག་ག་ལ་འདྲ།   །ཁྱོད་ཀྱིས་ང་ལ་ཀྱལ་ཀ་གནང་བ་ཡང༌།   །ཆོས་གྲོགས་དམ་པའི་དམ་ཚིག་གཙང་བའི་ཕྱིར།   །ལྷོད་མེད་དགོངས་པའི་ཀློང་གི་སྐད་ཆ་ལས།   །སྨ་འབེབས་ཡིན་སྙམ་སེམས་ཀྱི་ཟུར་ན་མེད།   །གང་གི་གསུང་ཟུར་ཐོས་པའི་ཅོལ་ཆུང་བུ།   །ས་ཕུག་མ་ཆོད་ས་ཟད་ཁྱུ་གཅིག་གིས།   །རི་གཏམ་ཁྱིམ་ལ་ཁུར་ནས་ཕ་ཡུལ་ན།   །གཞི་མེད་བསྐུར་འདེབས་བྱས་པའི་མཐོང་ཐོས་མང༌།   །འོན་ཀྱང་ཁོ་བོ་འབྲས་སྤུངས་པར་ཁང་ནང༌།   །ཉིན་རེར་སྐར་ཆ་བཅོ་ལྔ་ཙམ་ཞིག་ལས།   །དུས་ཚོད་ཡུན་རིང་སྐྱེལ་དགོས་མི་འདུག་པས།   །སློབ་གཉེར་འཕྲོ་ལ་གནོད་པ་མ་བྱུང་ལགས།   །སྐར་ཆ་བཅོ་ལྔའི་དུས་ཡུན་སྐྱེལ་བ་དེས།   །ཞིང་ཁ་ཐབ་རེས་བཅས་པའི་ལས་ཀ་ཀུན།   །དམིགས་བསལ་མ་ཟད་ད་དུང་ཆོས་རིག་ལ།   །ཕན་པའི་བག་ཆགས་ཅུང་ཟད་བཞག་ཡོད་སྙམ།   །ཉིན་མོར་དགེ་རྒན་མདུན་ནས་དཔེ་འཁྲིད་དང༌།   །མཚན་མོར་ཆོས་གྲྭའི་ནང་དུ་རྩོད་པ་གཉིས།   །རྒྱུན་དུ་གཞུང་ཚན་བློ་འཛིན་བྱེད་པ་གསུམ།   །རེས་འཇོག་མེད་པར་བསྐྱངས་ནས་ལོ་ཟླ་བསྐྱལ།   །ཞར་ལ་གཙུག་ལག་དཔེ་བསྐྲུན་ཞུ་དག་དང༌།   །ཤག་དང་སློབ་གྲྭའི་སློབ་འཁྲིད་དགེ་རྒན་གཉིས།   །བློ་གསལ་རྩོམ་སྒྲིག་ཁང་གི་འགན་འཛིན་གསུམ།   །ཆོས་རིག་སྣང་བ་དམ་པའི་དགེ་མཚན་བསྐྲུུན།   །ཡབ་ཆེན་མཁས་དབང་དམ་པའི་བཀའ་དྲིན་དང༌།   །ཀླུ་སྦྱིན་དགེ་བཤེས་ཆེན་མོའི་བྱིན་རླབས་ཀྱིས།   །རྒྱ་བོད་གཙུག་ལག་རིག་པའི་ཤེས་བྱ་ཀུན།   །ཤེས་པའི་ལག་རྗེས་འདི་སྙམ་སྤོབས་པ་སྐྱེས།   །དབུ་ཕར་རྒྱུགས་སྤྲོད་རྩེ་ཕུད་ཁོ་ན་བླངས།   །ལེགས་བཤད་སྙིང་པོ་བཟུང་ནས་བློ་རྒྱུགས་ཕུལ།   །རྩ་བ་ཤེས་རབ་ཉིན་ཞག་བརྒྱད་ལ་བཟུང༌།   །འདི་ཀོ་ཁྱོད་ལ་ཕུལ་བའི་ལེགས་སྐྱེས་ལགས།   །དེ་སླད་པར་ཁང་ཞུ་དག་བསྡད་པའི་རིང༌།   །སློབ་གཉེར་འཐུས་ཤོར་བཏང་པའི་ལོ་རྒྱུས་མེད།   །ད་དུང་ཐལ་རྡུལ་ཆགས་པའི་དྲ་མིག་ལས།   །རྒྱ་གཞུང་པོ་ཏི་དུ་མའི་གླེགས་ཐག་བཀྲོལ།   །དེང་སང་ནུབ་ཕྱོགས་ཨ་མེ་རི་ཁ་ན།   །ཨིན་ཌ་ཨ་ན་སློབ་གྲྭ་ཆེན་མོའི་ནང༌།   །ལོ་རྒྱུས་རིག་པའི་དགེ་རྒན་ཆེན་མོ་དང༌།   །འཕགས་བོད་ཆོས་འབྱུང་ཆེན་མོ་འབྲི་བཞིན་མཆིས།   །ཐོས་དོན་སེམས་ལ་སྦྱར་བའི་ཉམས་ལེན་གྱིས།   །དམ་པའི་རྣམ་ཐར་བསྐྱངས་པ་མ་ནུས་ཀྱང༌།   །འཆད་རྩོད་རྩོམ་པས་འཛམ་གླིང་ཤར་ནུབ་ཀུན།   །མཁས་པའི་ལག་རྗེས་ཅུང་ཟད་བཞག་ཡོད་སྙམ།   །དེ་ཀོ་ཆོས་གྲོགས་དམ་པ་ཁྱོད་ཉིད་ལ།   །སྒྲུབ་པའི་མཆོད་པ་འགྱུར་སྙམ་ཞུས་པ་ལས།   །གཞི་རྩ་མེད་པའི་འབྲུག་གི་སྟོང་སྒྲ་ལྟར།   །རང་བསྟོད་འུར་སྒྲོག་བྱས་པའི་བཅོས་གཏམ་མིན།   །ལུག་མགོ་བསྟན་ནས་ཁྱི་ཤ་བཙོང་པ་དང༌།   །གདོང་འབག་གོན་ནས་ལྷ་མོ་འཁྲབ་པ་སོགས།   །གཡོ་རྒྱུའི་འཚོང་དང་ཁྲམ་པའི་སྡིངས་ཆ་ལ།   །རེ་བའི་གོམ་ཁ་ནམ་ཡང་སྤོ་མྱོང་མེད།   །དེ་སྔོན་ཁྱོད་ལ་བྲིས་པའི་ཀ་རྩོམ་དེ།   །རང་དགར་ཁ་ཤགས་རྩེད་མཚར་ཞུས་ཙམ་ལས།   །གནད་དུ་འབིགས་པའི་མཚང་འབོད་མ་ལགས་ཏེ།   །ཞིབ་ཏུ་གཟིགས་ན་ཅིས་ཀྱང་མཁྱེན་པར་ངེས།   །བླ་མ་གཅིག་ལས་མཆེད་པའི་སློབ་མ་ཟུང༌།   །ཕ་མ་གཅིག་ལས་སྐྱེས་པའི་བུ་ཕྲུག་བཞིན།   །སེམས་ཀྱི་གཏིང་ནས་མཛའ་བའི་དམ་ཚིག་ལ།   །ནམ་ཡང་གློད་ཐབས་མི་འདུག་མཆེད་གྲོགས་ལགས།   །གནམ་གྱི་ཚ་གྲང་གནམ་ལ་འཐབ་པ་ལས།   །གློག་འོད་འཁྱུག་ཅིང་འབྲུག་གི་སྒྲ་གྲགས་ཀྱང༌།   །གནམ་མཐོངས་རལ་བའི་ལོ་རྒྱུས་མི་སྲིད་པས།   །ཁྱོད་དང་ང་གཉིས་དམ་ཚིག་རལ་དོན་མེད།   །ཆུ་བོ་བརྒྱ་ཕྲག་རྒྱ་མཚོའི་ཁོག་པར་ཤོང།   །རི་བོ་སྟོང་ཕྲག་སྟོང་པའི་ནམ་མཁར་ཤོང།   །ངེས་དོན་རྣལ་འབྱོར་ཆེན་པོའི་ཁོག་པ་ནང༌།   །ཚིག་གི་ཟུར་མདའ་རེ་གཉིས་ལོས་ཤོང་ལགས།   །སྦྲང་གཤོག་སྲབ་མོས་ཉི་འོད་སྒྲིབ་ནུས་མིན།   །གྲོག་མའི་རྐང་པས་རི་བོ་སྒུལ་མི་ནུས།   །ཁ་ཤགས་སྙན་ངག་ཚིག་གསུམ་བྲིས་པ་དེས།   །ཆོས་གྲོགས་དམ་པའི་ཐུགས་དང་འགལ་བསམ་མེད།   །རྒྱ་མཚོ་འཁྲུགས་པའི་ཆུ་རླབས་མཚོ་ལ་ཐིམ།   །ཚ་གྲང་འཐབ་པའི་གློག་འོད་མཁའ་ལ་ཡལ།   །སེམས་མེད་འབྱུང་ཁམས་རང་སར་ཞི་གྱུར་ན།   །ཚིག་གི་རྩེད་མཚར་རང་སར་ཞི་བ་སླ།   །ཉེ་ཆར་ལྐུགས་པའི་རང་སྣང་མཐོ་བ་འགའ།   །ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མཐུ་མེད་པར།   །ཕ་མགོ་སྟ་རེས་གཤགས་པའི་ལྷག་བསམ་གྱིས།   །དགེ་སློབ་དམ་ཚིག་དཀྲུགས་པའི་དབྱེན་སྦྱོར་སྤེལ།   །ཉེ་ཆར་རླུང་ཡན་གསེབ་ནས་འཛེར་བའི་གཏམ།   །དོན་ལ་བདེན་རྫུན་ཇི་ཡིན་མི་ཤེས་ཀྱང༌།   །མདོག་ཆ་མེད་པའི་ཁྭ་ཏ་ཁྱུ་གཅིག་གིས།   །རྒྱབ་ནས་ཨོ་སྐད་འཛེར་པའི་འུར་སྒྲོག་ཐོས།   །ཕྱོགས་རེས་རོ་ལངས་མང་བའི་དུར་ཁྲོད་ནང༌།   །རྣམ་རྟོག་འདྲེ་མོ་ངུ་བའི་འབོད་སྒྲ་དང༌།   །སྒྲོ་སྐུར་ལྕེ་སྤྱང་འདུ་བའི་འཚང་ཀའི་ཁྲོད།   །ཉམ་ཆུང་གསོན་པོ་རོ་ཡི་གྲས་ལ་གཡུགས།   །མི་ཡི་གཤིས་ཀ་རྒྱུ་དག་མེད་ལུགས་དང༌།   །རྩོམ་རིག་རྣམ་གཞག་སྒྱུ་རྩལ་མེད་རབས་སོགས།   །ཐུན་གསུམ་མཚན་མོར་འུག་པའི་ཧ་རྒོད་གཏམ།   །མཚན་ཕྱེད་རྐུན་མའི་རྭ་དུང་བཞིན་དུ་འབུད།   །དམིག་ལོང་གྲོག་མས་རི་བོ་མཐོ་ཚད་གཞལ།   །ཁྲོན་པའི་སྦལ་བས་རྒྱ་མཚོ་འདོམ་འཇལ་བྱེད།   །རང་སྣང་དག་པའི་ཡ་མཚན་གཏམ་རྒྱུད་འགའ།   ཐོས་ཚེ་དགོད་མོ་མི་འཆོར་རང་དབང་ཅི།   །སྤྲང་ཤིག་འདྲོགས་ནས་རྩག་པ་དབྲལ་བ་དང༌།   །ཙི་ཙི་རྒྱུགས་ནས་གདུང་མ་བཅག་པ་གཉིས།   །སྦལ་པ་མཆོངས་ནས་རྒྱ་མཚོ་དཀྲུགས་པ་གསུམ།   །མ་བྱུང་མི་འབྱུང་ཕྱིས་ཀྱང་འབྱུང་མི་འགྱུར།   །ཁྱུང་ཆེན་མཁའ་ལམ་གཤགས་པའི་གཤོག་རྩལ་ལ།   །སྐྱག་སྦྲང་གཤོག་པས་སྙེགས་ཐབས་མེད་ན་ཡང༌།   །ཕྲག་དོག་འུར་སྒྲས་རྣ་བ་བཀར་བྱེད་པའི།   །སྤྱོད་ཚུལ་འདི་ལ་ཡ་རབས་སུ་ཞིག་རྩི།   །ཁྱི་ཤིག་བསད་ནས་དཔའ་རྟགས་བཞག་པ་དང༌།   །སྲོ་མ་བཅུན་ནས་དཔུང་ཤུགས་ངོམས་པ་གཉིས།   །ཕོ་རྒོད་དཔའ་བོའི་ལུགས་དང་མི་མཐུན་པས།   །དོན་གྱི་དཔའ་རྟགས་ཡིན་སྙམ་སུ་ཡིས་དྲན།   །དགེ་ལྡན་ལུགས་བཟང་རྩོམ་རྒྱུགས་གླེགས་བམ་ཚད།   །གདན་གསུམ་མཁས་པས་སྲང་ལ་གཞལ་བའི་སྐབས།   །ལྕི་ཡང་གསལ་བསྒྲགས་ལྷ་ཁང་ནང་གསང་ཡང༌།   །བསྐོར་ལམ་ནང་དུ་འུར་བ་ཀུན་ཀྱིས་ཐོས།   །གནམ་གྱི་རྨུ་ཐག་དུམ་བུ་ཆད་ཀྱང་རུང༌།   །ས་ཡི་བརྟེན་ཕུར་ཧྲིལ་ལེར་འཐོར་ན་ཡང༌།   །བདེན་པའི་ཚིག་གི་རྣོ་དབལ་ཕྱུང་བ་ལ།   །ཆགས་ཐོགས་ཞེད་སྣང་སྤུ་རྩེ་ཙམ་ཡང་མེད།   །དམ་པའི་ཡོན་ཏན་ཇི་བཞིན་ཤེས་དཀའ་ཡང༌།   །མི་ཡི་སྐྱོན་མཚང་མཐོང་བ་ཤིན་ཏུ་སླ།   །དེ་སླད་ཐུག་པ་དཀྲུག་མཁན་མ་བྱན་འགའི།   །མི་གཤིས་རང་བཞིན་བརྗོད་ན་ཤིན་ཏུ་མང༌།   །འོན་ཀྱང་ཁྱི་ངན་རྒྱུགས་རྡུང་བྱེད་པ་དང༌།   །སྐྱག་པ་རྡོ་འབེན་བཟོ་འདོད་མི་འདུག་པས།   །རེ་ཞིག་དགེ་སྦྱོང་བཙུན་པའི་ཆོས་བཞི་ལ།   །བསྟེན་ནས་ལན་འདེབས་བྱེད་མཚམས་འདི་ནས་བཞག  །   བཤེས་གཉེན་ཆེན་པོ་གང་ཐུགས་ནམ་མཁའི་མཐོངས།   །ཕྱོགས་འཛིན་འབྲུག་སྒྲ་ལྡིར་བའི་སྤྲིན་ཕུང་ལ།   །ཞེན་པའི་ཐོགས་རེག་བཀག་ནས་སྟོང་པའི་དབྱིངས།   །མཉམ་ཉིད་སེམས་ཀྱི་རང་ཞལ་གཟིགས་མོར་མཛོད།   །འདི་ནས་མི་ཕམ་ཆོས་རྗེ་མདུན་ས་དང༌།   །མཁའ་སྤྱོད་དག་པའི་ཞིང་ཁམས་གང་དུ་ཡང༌།   །ཀླུ་སྦྱིན་རྗེ་བཙུན་བླ་མའི་ཞབས་དྲུང་དུ།   །འཁོར་གྱི་ཐོག་མར་མཉམ་དུ་སྐྱེ་བར་སྨོན།   །ཚེ་རབས་ཀུན་ཏུ་རྗེ་བཙུན་བླ་མ་ཡི།   །ཞལ་བཟང་མཇལ་ཞིང་གསུང་བཟང་ཐོས་པ་ཡིས།   །ས་ལམ་རྟོགས་པ་རིམ་གྱིས་འཛེགས་པའི་མཐར།   །ལྷན་ཅིག་ཟུང་འཇུག་གོ་འཕང་མངོན་གྱུར་ཤོག  །   རྗོད་བྱེད་ཚིག་སྦྱོར་སྙན་ངག་མ་བྱས་ཤིང༌།   །བརྗོད་བྱ་འཁྱོག་པོའི་ལམ་དུ་མ་བཏང་བར།   །གང་ཁྱོད་ཐུགས་ཀྱི་དགོངས་པ་སངས་པའི་སླད།   །སེམས་ཀྱི་རང་མདངས་མཚོན་པའི་འཚམས་འཕྲིན་འདི།   །ལྗོན་པའི་ཡལ་འདབས་གཉེར་མའི་རི་སྐྱེས་ཀྱིས།   །འཁྱུད་པའི་རྒྱལ་ཟླ་དམར་ཕྱོགས་བཟང་པོའི་དཔལ།   །གསུམ་པའི་ཉིན་མོར་འཇིགས་མེད་མིང་ཅན་གྱིས།   །འཕགས་ཡུལ་བྱང་ཕྱོགས་དྷ་རམ་ས་ནས་ཕུལ།   །སྤྱི་ལོ་༢༠༠༥ཟླ་༢ཚེས་༦ཉིན་བྲིས།   

གྲོགས་པོ་ལ་ཕུལ་བ། རིང་ནས་འགྲོགས་པའི་ཉེ་བའི་གྲོགས་པོ་དེའི། ། སྐྱོན་མཚང་ཁྲོམ་བསྒྲགས་ཞུ་འདོད་མི་འདུག་ཀྱང༌། ། ཚོར་འདུའི་ཆང་གིས་སེམས་ཁམས་བཟི་དྲགས་ནས། ། ཚིག་གསུམ་སྙན་ངག་འདི་ཉིད་འབྲི་དགོས་བྱུང༌། ། མདོ་ཁམས་སྒང་དྲུག་རི་ནས་མདོ་མེད་བུ། ། བློ་བཟང་མིང་གིས་བསྙད་པའི་བློ་ངན་ཁྱོད། ། ཕ་མའི་བསླབ་བྱ་མ་ཉན་ཕ་ཡུལ་གཡུགས། ། དབུས་ལམ་འཚོལ་ནས་དབུས་འགྱུར་ལྷ་སར་འཁྱམས། ། ལྷ་སའི་ཆང་ཁང་ནང་ནས་ལྷ་མོ་འཇལ། ། མགྲོན་ཁང་ནང་དུ་མགྲོན་པོའི་ཟོལ་གྱིས་ཁྲིད། ། ཆོས་གོས་འོག་ཏུ་ཆོས་པ་བཞིན་དུ་རུམ། ། དམ་ཚིག་སྡོམ་པ་ཉམས་པས་དམ་ཉམས་ཆགས། ། ཚོང་ཁང་བཟུང་ནས་ཚོང་ལས་བྱས་ན་ཡང༌། ། མཅང་ཚད་མེད་བརྒྱབ་ནས་མ་རྩ་བརྡིགས། ། ཏག་སེ་རྩེད་ནས་ཚོང་ཁང་ཏག་ཏག་བྱས། ། ཨ་རག་ཚད་མེད་བཏུང་ནས་ཨ་ཅག་བརྡུངས། ། བཟའ་ཟླ་གཡུགས་ནས་བཟའ་ཚང་ཁ་བྲལ་བཏང༌། ། གངས་ཅན་བོད་ལྗོངས་བཞག་ནས་གངས་ལ་བརྒལ། ། བལ་བོད་ས་མཚམས་བར་ནས་བལ་ཡུལ་འགྲིམས། ། རྒྱ་གར་སླེབས་རྗེས་རྒྱ་དང་ཁ་སྤུ་བཞར། ། ལོ་ན་སུམ་ཅུ་བརྒལ་ཀྱང་ལོ་གཞོན་ཁྲོད། ། ཤེ་ས་རབ་དགའ་ཚལ་ཤེས་རིག་སྦྱོང་མཁན་སོང༌། ། ཡིག་ཚད་གཏོང་དུས་ཡིག་འབྲུ་ཁ་ཤས་བྲིས། ། སློབ་སྦྱོང་མེད་པས་སློབ་མའི་གྲས་ནས་བུད། ། ལྡི་ལི་གྲོང་ཁྱེར་ཉུལ་ནས་ལྡི་ལྡི་འཚོལ། ། ནག་ཁུང་ནང་དུ་ནག་མོ་འདྲ་མིན་ཁྲིད། ། མགོ་འཐོམས་བོད་རིགས་མང་པོ་མགོ་སྐོར་བཏང༌། ། ལམ་ཡིག་རྫུན་མས་ཕྱི་རྒྱལ་ལམ་སྟོན་བྱེད། ། རང་ཡུལ་བཞག་ནས་རང་མགོ་ཅི་ཐོན་བྱས། ། མི་ཡུལ་འཁྱམས་ནས་མི་ལ་སླུ་བྲིད་བྱས། ། ཡ་མཚན་ཅན་གྱི་ཡ་མེད་ཐུ་རི་འདིས། ། ཞབས་ཞུའི་ཚབ་ཏུ་ཞབས་འདྲེན་ཞུས་པ་མང༌། ། ཨ་རིའི་ཡུལ་དུ་ཕེབས། རྒྱ་ནག་བུ་མོའི་གདོང་གི་རྣམ་པ་དང༌། ། རྒྱ་གར་མཛེས་པའི་ལུས་ཀྱི་རྣམ་འགྱུར་གཉིས། ། ནུབ་ཕྱོགས་བུ་མོའི་རྐུབ་ཀྱི་གཡུག་ཟོལ་གསུམ། ། གདོམ་ཁ་འདོད་ན་ཨ་རིའི་ཡུལ་དུ་ཕེབས། ། དགེ་རྒན་མཁས་པའི་བཀའ་སློབ་ཉན་པ་དང༌། ། དགེ་བསྐོས་བཙན་པོའི་ལྕགས་རྒྱུགས་བྲོ་བ་གཉིས། ། གྲྭ་ཆས་དམར་པོའི་སྒྲིག་འཛུགས་ཁུར་བ་གསུམ། ། གཡུག་སྙིང་བྲོ་ན་ཨ་རིའི་ཡུལ་དུ་ཕེབས། ། བྱ་སྐེ་སྟོང་ཕྲག་བཅད་པའི་སྡིག་པ་དང༌། ། རྒྱུ་ནོར་ལོངས་སྤྱོད་འདྲ་མིན་སྣ་ཚོགས་གཉིས། ། ཌོ་ལར་སྟོང་ཕྲག་ཁྲི་ཕྲག་དུ་མའི་གྲངས། ། གསོག་པར་འདོད་ན་ཨ་རིའི་ཡུལ་དུ་ཕེབས། ། བཟའ་ཟླ་བུ་ཕྲུག་རྒྱབ་ཏུ་གཡུག་པ་དང༌། ། ངེས་མེད་ས་མཐའ་མི་ཚེ་བསྐྱེལ་བ་གཉིས། ། ཕྱི་གླིང་གསང་སྤྱོད་བཀྲུ་རྒྱུའི་ལས་ཀ་གསུམ། ། སྤྲོ་བོ་ཡོད་ན་ཨ་རིའི་ཡུལ་དུ་ཕེབས། ། སེམས་ཀྱི་ཚོར་འདུ་འཁྲུགས་པའི་གདུང་འབོད། ཁ་རྩངས་གནམ་གཤིས་ཚ་གྲང་འཐབ་པས། ། ཆམ་པའི་ནད་གཞི་སླར་ཡང་འཕར་སོང༌། ། འདང་ནུབ་ཆམ་པས་རྨི་ལམ་དཀྲུགས་པས། ། ད་ནངས་ནད་གཞི་ཇེ་སྡུག་སོང་འདུག༌། ལུས་འདི་རྒྱ་གར་འཕགས་ཡུལ་བསྡད་ཀྱང༌། ། སེམས་པ་གངས་ཅན་བོད་ལ་ཤོར་སོང༌། ། ལུས་སེམས་ཡ་བྲལ་སོང་བའི་བླ་རྒན། ། འགྲོ་འདུག་གཏད་སོ་རང་དབང་མི་འདུག ། གྲོང་གསེབ་རྒྱུག་པའི་ཁྱི་རྒན་རྒྱ་བོ། ། སེངྒེ་པགས་པ་ལུས་ལ་གོན་ནས། ། དཀར་གཙང་གངས་རིའི་ངོས་ལ་འཛེགས་དུས། ། སེམས་པ་མི་སྐྱོ་རང་དབང་མི་འདུག༌། རི་སྤྱང་སྔོན་པོ་རི་ནས་བབས་ཏེ། ། ལུག་ལྤགས་གོན་ནས་ལུག་ཁྱུ་དཀྲུགས་དུས། ། ཤ་བ་ཡིན་ཡང་ཤ་ཚ་སྐྱེ་ན། ། སྙིང་རྗེ་ཅན་ལ་སྙིང་ནད་ལོས་ཆགས། ། ངྷ་རམ་ས་ལའི་ཤིང་ནགས་གསེབ་ཏུ། ། སྤྲེ་འུ་བཞིན་དུ་བསྡད་འདོད་མི་འདུག ། ལྷོ་ཕྱོགས་ཙནྡན་འཁྲིགས་པའི་ནགས་ཁྲོད། ། ལྷ་བྱ་ཁུ་བྱུག་བཞིན་དུ་འཕུར་འགྲོ། ། ངྷ་རམ་ས་ལར་མགྲོན་ཁང་མི་དགོས། ། ཨ་མེ་རི་ཁར་ཆོས་ཚོགས་མི་དགོས། ། ལྷོ་ཕྱོགས་གདན་ས་འབྲས་སྤུངས་གླིང་དུ། ། རྫ་ཤག་གྲུ་བཞི་དེ་གས་འགྲིགས་སོང༌། ། སྐྲ་སེར་བུ་མོའི་བྲང་གི་ནུ་འབུར། ། སྐྲ་ནག་མཛེས་མའི་གདོང་གི་རྣམ་པ། ། སུ་དང་གང་ལ་ཞེན་ཆགས་མི་འདུག ། དབེན་པའི་ནགས་སུ་གཅིག་པུར་བསྡད་མཆོག ། ནུབ་ཕྱོགས་ཨ་རིར་ཐར་བའི་སྨོན་ལམ་བཞུགས་སོ། །འཕགས་པ་བྷུ་ཤི་ལ་ཕྱག་འཚལ་ལོ། །ཛམྦུ་ནཱ་དའི་ལྷོ་གླིང་ཡངས་པོའི་ཁྱོན། །ཀུན་གྱིས་དག་པ་ལྷ་ཡུལ་བརྩི་བའི་ཞིང༌། །ཌོ་ལའི་དངོས་གྲུབ་ཆར་ལྟར་འབབ་པའི་གཏེར། །ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག ། ཡིག་ཆ་རྫུན་མས་སྟོང་གསུམ་ཀླད་ཡུག་བསྐོར། །ཝི་ས་རྫུན་མས་གཞུང་ཚབ་མགོ་བསྐོར་བཏང༌། །གྲྭ་ཆས་རྫུན་མས་སྦྱིན་བདག་སླུ་བྲིད་བྱེད། །ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག ། སྐུ་དྲག་མཐོན་པོས་གཞུང་གི་ལས་ཤོག་བཙོང༌། །བླ་སྤྲུལ་མཁས་པས་དམ་ཚིག་སྡོམ་པ་བཙོང༌། །ལྷ་ལྕམ་མཛེས་མས་རང་ལུས་རྗེན་པ་བཙོང༌། །ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག ། ནང་མིའི་བརྩེ་དུང་ནམ་མཁའི་འཇའ་ལྟར་ཡལ། །ཡ་རབ་སྤྱོད་བཟང་མར་ངོས་ཟླ་བཞིན་འགྲིབ། །རྒྱལ་ཞེན་ལྷག་བསམ་མར་མེ་བཞིན་དུ་ཤི། །ནུབ་ཕྱོགས་ཨ་རིའི་ཞིང་དུ་ཐར་བར་ཤོག ། མདོར་ན་ཕ་མ་སྤུན་ཉེ་བུ་ཕྲུག་དང༌། །རྩ་དོན་ལ་རྒྱ་ཆོས་དང་རིག་གཞུང་སོགས། །གང་ལའང་ཞེ་ཆགས་སྤུ་ཙམ་མི་མངའ་བ། །ནུབ་ཕྱོགས་ཨརིའི་ཞིང་དུ་ཐར་བར་ཤོག ། དགེ་བ་འདི་ཡིས་མྱུར་དུ་བདག ། ཇོ་ཤུ་བྷུ་ཤི་འགྲུབ་གྱུར་ཅིག ། བོད་མི་གཅིག་ཀྱང་མ་ལུས་པ། །ཨ་མེ་རི་ཁར་ཐར་བར་ཤོག ། ༢༠༠༥ལོར་༼ནོར་ལྡེ༽ཐོག་བཀོད། ལྕོག་ཙེ་སྒང་གི་ཡི་གེ་འདི་ལ་གཟིགས། བྲག་གཡབ་ལ་རྩེད་མོ་བྱས་ནས་བྲིས་པ། ལྡི་ལི་རྒྱལ་མཐའ་མ་ཇུག་ཊི་ལ་འདིར། །དེ་སྔོན་གོ་རྒྱུ་ཚོར་རྒྱུ་མེད་ན་ཡང༌། །དེང་སང་ས་གྲགས་གནམ་གྲགས་ཆགས་པའི་བུ། །ཨ་ཕོ་བྲག་གཡབ་བསྟན་འཛིན་བྱམས་ཆེན་ལགས། །ཁ་རྩང་ཁ་པར་ཐེངས་འགར་བཏང་ན་ཡང༌། །ཁ་ལན་ཚིག་ལན་གནང་མཁན་མི་འདུག་པས། །ད་ནངས་ཞོགས་པར་གཟིམས་ཤག་ནང་ལ་བཅར། །ད་ལྟ་བར་དུ་སྒུག་ནས་བསྡད་པ་ཡིན། །རྒྱ་གར་གཡོག་པོ་རྐང་ཆག་ནག་རིལ་དེར། །གར་སོང་སྐད་ཆ་ཚིག་གསུམ་དྲིས་ན་ཡང༌། །རྒྱ་སྐད་བོད་སྐད་གོ་བརྡ་མི་འཕྲོད་པས། །ཡིག་འབྲུ་ཁ་ཤས་བྲིས་ནས་བཞག་དགོས་བྱུང༌། །སྤྱི་སྒེར་འདྲེས་མའི་ཕྱག་ལས་མང་བ་དང༌། །ཕོ་མོ་སུ་ཐུག་ངོ་ཤེས་སྒྲུབ་དགོས་པས། །མྱི་མང་སྣ་འདུས་རྒྱལ་ས་ལྡི་ལི་ནས། །ཁྱོད་རང་མཇལ་ཁ་དཀའ་བ་གཞི་ནས་ཤེས། །ཉིན་མཚན་མེད་པར་ལྡི་ལི་གསར་པར་རྒྱུག ། དགྲ་གཉེན་མེད་པར་ཀུན་དང་འབྲེལ་བ་བྱེད། །ཚོང་དང་ཆབ་སྲིད་གཉིས་ཀ་འཇོན་པའི་བུ། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །ཁམས་པ་རྒན་པོའི་སྐུ་སྲུང་བྱེད་པ་དང༌། །བླ་ཆེན་དུ་མའི་ཕྱག་མཛོད་གནང་བ་སོགས། །དཔའ་དང་བློ་ཁོག་ཐབས་དང་གཡོ་སྒྱུ་ཀུན། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །མོ་ལུས་ལེན་ཚད་བཀུག་ནས་འཛག་པ་དང༌། །ཕོ་ལུས་ལེན་ཚད་འགྲོགས་ནས་གྲོགས་པོ་བྱེད། །གཞན་སེམས་འགུག་པའི་ཐབས་ལམ་བསྟན་པ་ལ། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །བཤད་ན་ཁ་ལྕེ་གློག་གི་ཞགས་པ་བཞིན། །འཛག་ན་མཇེ་མགོ་ལྕགས་ཀྱི་ཐོ་བ་བཞིན། །འཛིངས་ན་དཔུང་པ་གླང་ཆེན་སྣ་ཞགས་བཞིན། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །རྒྱ་གར་གྲོས་ཚོགས་འཐུས་མི་མན་ཆད་དང༌། །བལ་ཡུལ་སུན་ཀྲ་འཚོང་མཁན་ཡན་ཆད་ལ། །ཉིན་འཛག་མཚན་འཛག་བྱས་པའི་ལོ་རྒྱུས་ཀྱང༌། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །ཉི་མ་ལྷ་མོ་ནུབ་ཕྱོགས་ལྷ་ཡུལ་བཏང༌། །ཟླ་བ་མཚོ་མོ་ཟླ་འོད་འོག་ཏུ་རུམ། །སྐར་མ་ཆོས་འཛོམས་སྐར་མ་བཟང་དུས་འཁྲིད། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །བྲག་གཡབ་དོན་དུ་དཔུང་པ་བྲག་ལས་སྲ། །ཁམས་པའི་དོན་དུ་སྙིང་ཁམས་ལྕགས་ལས་མཁྲེགས། །རྒྱལ་ཁབ་དོན་དུ་རྒྱལ་བའི་བཀའ་བཞིན་སྒྲུབ། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །རང་བཙན་དོན་དུ་རང་དོན་རྩ་ལྟར་དོར། །གསར་གཏོད་ཆེད་དུ་གསར་འགོད་ནང་དུ་ཞུགས། །ལྡི་ལྡི་དོན་དུ་ལྡི་ལི་གྲོང་ཁྱེར་ཉུལ། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །ཛ་དྲག་སྐབས་སུ་ལུས་སྲོག་གཏོང་པར་ནུས། །ལྷིང་འཇགས་དུས་སུ་ཉིན་མཚན་གཉིས་ཀར་ཉལ། །དགོས་པའི་དུས་སུ་དུས་ཐོག་ཆར་པ་བཞིན། །བྲག་གཡབ་ཁྱོད་འདྲ་འཇིག་རྟེན་འདི་ན་དཀོན། །བེ་རི་སྨྱོན་པའི་སྨྱོ་རྟགས་བསྟན་དྲགས་ནས། །མ་ཇུག་ཊིག་ལ་ཧེ་རོ་བྲག་གཡབ་ལ། །ཨ་མཚར་རྩེད་མོ་ཚིག་གསུམ་བྲིས་པ་འདི། །དགོངས་པ་མ་འཚང་ཞིབ་ཆ་ཀློག་རོགས་གྱིས། །༢༠༠༥། ༦། ༡། ཉིན་བྲིས། མན་ཇུག་ཊི་ལའི་ལྟད་མོ་སླར་ཡང་མཐོང༌། ཁ་རྩངས་དགུང་མོར་དྷ་རམ་ས་ནས་ཡོང༌། །ད་ནངས་ཞོགས་པར་མ་ཇུག་ཊི་ལར་སླེབས། །སང་ཉིན་ཉིན་གུང་ལྷོ་ཕྱོགས་འགྲོ་དགོས་ཀྱང༌། །དེ་རིང་འདི་ན་མི་འདུག་ཀ་མེད་རེད། །མྱི་མང་སྣ་འདུས་མ་ཇུག་ཊི་ལའི་ཁྲོམ། །ཡུན་རིང་བསྡད་འདོད་སེམས་ལ་མེད་ན་ཡང༌། །མེ་འཁོར་འཛིན་བྱང་དུས་ཐོག་མ་རག་པས། །ད་དུང་ཉིན་ཤས་མ་བསྡད་རང་བསྡད་རེད། །དེ་སྔོན་ནུབ་ཕྱོགས་ཨ་རིར་འཕུར་སྐབས་དང༌། །དྷ་རམ་ས་ལར་ཐེངས་མང་བསྐྱོད་པའི་སྐབས། །ལྷ་འདྲེའི་ཆོ་འཕྲུལ་འདྲ་བའི་གྲོང་ཚོ་འདིར། །ཐེངས་གཅིག་མིན་པར་ཡང་ཡང་འགྲིམས་ནས་སོང༌། །སྟོན་མཇུག་རླུང་ལྟར་འཚུབ་པའི་ཁོར་ཡུག་འདིར། །ཇི་ཙམ་སླེབས་ཀྱང་རྫོགས་མཐའ་མི་མངོན་པའི། །ཡ་མཚན་ལྟད་མོ་འདྲ་མིན་མང་དྲགས་ནས། །ཐམས་ཅད་བྲིས་ན་རྫོགས་མཐའ་ག་ལ་ཡོད། །དེ་རིང་གསར་དུ་མཐོང་བའི་ལྟད་མོ་འགའ། །དོན་གྱི་སྙིང་པོར་སྒྲོ་བཏགས་མ་བྱས་ཤིང༌། །ཚིག་གི་ལོ་མས་བརྗོད་དོན་མ་སྒྲིབ་པར། །བདེན་པའི་གཏམ་གྱི་ཉིན་ཐོ་འབྲི་འདོད་སྐྱེས། །ཆང་ཁང་བཀག་ནས་ཞག་གསུམ་མ་ལོན་གོང༌། །ཨ་ཁང་སྒོ་འབྱེད་བྱས་པའི་མཛད་སྒོ་མཐོང༌། །བྱམས་བརྩེ་དཀར་སྐྱོང་ཚོགས་མིའི་ཟ་ཁང་ནང༌། །ར་ཤ་གླང་ཤའི་རྒྱས་སྤྲོས་སྔར་བས་ཆེ། །གཉེན་སྒྲིགས་རྟེན་འབྲེལ་བྱས་པའི་སྔར་ནུབ་ཏུ། །བཟའ་ཟླའི་ཕང་ནས་ཕྲུ་གུ་སྐྱེས་པ་ཐོས། །བུ་དགུ་ཨ་མས་པ་ཇ་བྷ་ཛའི་ཁྲོམ། །འཇའ་མ་བརྫིས་ནས་སྟུ་བཙོང་རྒྱབ་པ་ཐོས། །གྲྭ་ཆས་གོན་ནས་ཨེ་སིང་མགྲོན་ཁང་ནང༌། །ན་གཞོན་བུ་མོ་རུམ་པའི་ལྟད་མོ་མཐོང༌། །ཨེ་བྷི་སི་ཌི་ཡིག་ངོ་མི་ཤེས་པར། །ཡིག་ཆ་རྫུན་མའི་ནག་འཚོང་རྒྱག་མཁན་མང༌། །གཞང་འཚོང་བུ་མོ་བཀག་པའི་ཁྱབ་བསྒྲགས་འོག ། མོ་བྷེལ་ཨང་གྲངས་འཁོད་པའི་འཛིན་བྱང་གསལ། །ཚོང་པ་རྒན་པོ་བསྡད་སའི་མགྲོན་ཁང་ནང༌། །སྨད་ཚོང་བུ་མོའི་དགོད་སྒྲ་གཞན་ལས་སྙན། །རྒྱབ་ལྕོག་གྲུ་བཞི་བསྒྲིགས་པའི་སྦག་ཁང་ནང༌། །ཁྲི་ཕྲག་འབུམ་ཕྲག་འཛུགས་པའི་རྒྱན་རྩེད་མཐོང༌། །ཁྱོ་ག་ཆང་གིས་བཟི་ནས་གཉིད་པའི་རྗེས། །བཟའ་ཟླ་གཡོག་པོས་རུམ་པའི་གཏམ་རྒྱུད་མང༌། །མན་ཇུག་ཊི་ལའི་ཡ་མཚན་ལྟད་མོ་ཀུན། །ཤོག་ཐོག་ཕབ་ན་རྫོགས་མཐའ་མི་འདུག་ཀྱང༌། །དེ་རིང་ཁ་རྩངས་མཐོང་ཐོས་བྱུང་བ་རྣམས། །ཉིན་ཐོ་གྲུ་བཞིའི་ནང་དུ་བཀོད་པ་ལགས། །༢༠༠༥། ༦། ༦། ཉིན་ལྡི་ལི་ནས་བྲིས། རྨི་ལམ་ནང་དུ་ཁྱོད་རང་སླར་ཡང་མཇལ། ༼C.Y ་ལ་ཕུལ་བ། ༽བལ་ཡུལ་ཀ་ཐ་མཎ་ཊུའི་གྲོང་ཁྱེར་ནས། །གང་ཁྱོད་ལྡི་ལི་རྒྱལ་སར་ཕེབས་པའི་སྐབས། ། ཐེངས་གཅིག་མཇལ་བའི་སྙིང་སྡུག་ཆོས་དབྱངས་ལགས། །ལྷོད་མེད་བརྩེ་བའི་འཕྲིན་འདི་གསོན་རོགས་གྱིས། །ཉེ་སྔོན་རྡ་རམ་ས་ནས་ལྡི་ལི་ལ། །གློ་བུར་ཐོག་རྒྱག་བྱས་ནས་ཡོང་པའི་སྐབས། །ཧོང་ཀོང་གཉིས་པ་མ་ཇུག་ཊི་ལའི་འགྲམ། །པ་ཇ་བྷ་ཛར་གྲགས་པའི་ཁྲོམ་གཞུང་འགྲིམས། །སྐར་ཚོགས་ས་ལ་འཐོར་འདྲའི་མི་ཚོགས་ཁྲོད། །མ་བསམ་ཚེ་སྔོན་ལས་ཀྱིས་བསྐོས་པ་ཡིས། །ནག་ནོག་དྲི་མའི་སྐྱོན་གྱིས་མ་གོས་པའི། །ཁྱོད་ཞལ་ཟླ་བ་དཀར་པོའི་དཀྱིལ་འཁོར་མཇལ། །ཁ་ཉིན་བྲག་གཡབ་ཕོ་རྒོད་གཟིམས་ཤག་ཏུ། །ལས་ཀ་གྲོལ་ནས་འཆམ་འཆམ་སོང་པའི་སྐབས། །མ་འབོད་མགྲོན་པོའི་དཔེ་བཞིན་མཉམ་དུ་འཛོམས། །མཚམས་སྦྱོར་གཏམ་གྱི་འོ་ཆུ་གཅིག་ཏུ་འདྲེས། །ལྷོད་མེད་སེམས་ཀྱི་བརྩེ་མདངས་མཚོན་པའི་གཏམ། །བཅོས་མའི་འདྲ་འབག་ཕུད་ནས་གསུང་ན་ཡང༌། །འཇིག་རྟེན་ཆོས་བརྒྱད་འཐུག་པོའི་བག་ཆགས་འདི། །དབྲལ་བ་མ་ནུས་སྤོམ་པོར་བསྡད་ཁུལ་བྱས། །ཁ་རྩངས་ཁྱོད་རང་བལ་ཡུལ་ཐད་སོང་ཞེས། །ཨ་ཕོ་བྲག་གཡབ་བརྒྱུད་ནས་གོ་མ་ཐག ། ཟུར་གསུམ་དམར་ཆུང་སྙིང་གི་ཁང་བཟང་ནང༌། །གནམ་ས་བླ་འོག་བསྒྱུར་འདྲའི་ཚོར་སྣང་ཤར། །རྒྱང་རིང་བལ་ཡུལ་ཐད་པའི་ཆོས་དབྱངས་ལགས། །ཕེབས་ཁར་བདག་ལ་མ་གསུངས་རྒྱུ་མཚན་ཅི། །བརྩེ་སེམས་ཞགས་པས་གློད་ཐབས་མི་འདུག་ཅེས། །ཁྱོད་ལ་ཞུ་བའི་གཏམ་འདི་ཕྱིས་དྲགས་སོང༌། །འདང་དགུང་ཐུན་གསུམ་མཚན་མོའི་རྨི་ལམ་ནང༌། །ཁྱོད་ཞལ་པདྨ་དཀར་པོའི་འདབ་མ་ལས། །དུང་སེམས་ཟེའུ་འབྲུ་སྨིན་པའི་གཏམ་གྱི་ཕྲེང༌། །མི་ཕྱེད་མཛའ་བའི་མགུལ་དུ་འཁྱུད་པར་རྨིས། །ད་ནང་ཞོགས་པ་ཞི་བདེ་མགྲོན་ཁང་འགྲམ། །གང་ཁྱོད་ཕྱིར་དྲན་བྱས་ནས་ཐོ་བཞིན་ལངས། །གངས་ཅན་ཟ་ཁང་ནང་གི་སྐད་ཅ་རྣམས། །དྲན་ཚེ་མིག་ཆུའི་ཐིགས་པ་ཁོག་ཏུ་བཞུར། །དེ་སྔོན་ཆོས་བརྒྱད་རྫུན་མའི་སྤམ་མདོག་ལ། །དགོངས་པ་མ་འཚང་སྙིང་སྡུག་ཆོས་དབྱངས་ལགས། །ཁྱོད་ལ་བརྩེ་བའི་ལྷག་མ་ལུས་ཡོད་ན། །ཡང་བསྐྱར་མཇལ་འཕྲོད་ཞུ་ཆོག་ཆོས་དབྱངས་ལགས། །རྒྱང་རིང་བལ་པོའི་ཡུལ་དང་རྒྱ་གར་གཉིས། །ལེ་དབར་སྟོང་གིས་ཕན་ཚུན་ཆོད་ན་ཡང༌། །གཟུགས་མེད་ལས་དབང་བཙན་པོའི་བག་ཆགས་འདི། །ནམ་ཡང་ཡལ་ཐབས་མི་འདུག་ཆོས་དབྱངས་ལགས། །༢༠༠༥། ༦། ༢༨། ལྡི་ལི་མན་ཇུག་ཊི་ལ་ས་སྐྱའི་མགྲོན་ཁང་གསར་པའི་ནང་བྲིས།

འཚམས་འཕྲིན་དྲང་སྲོང་དགྱེས་པའི་མཆོད་སྤྲིན།   ཆོས་ཀྱི་གྲོགས་པོ་དགེ་བཤེས་བློ་བཟང་བསྟན་འཛིན་ལ་ཕུལ་བ།   བློ་གསལ་མཁས་མང་ཚོགས་པའི་གླིང་འདིའི་ཆེད།   །བཟང་པོའི་བྱ་བ་ལས་ཀྱི་འཁོར་ལོ་ཡིས།   །བསྟན་ལ་སྨོན་པའི་རླབས་ཆེན་མཛད་པའི་ཁུར།   །འཛིན་མཁས་ཆོས་གྲོགས་དམ་པ་གང་དེའི་དྲུང༌།   །རྒྱ་བོད་གཙུག་ལག་ཤེས་བྱ་རིག་པའི་གཞུང༌།   །འཆད་རྩོད་རྩོམ་པའིསྤོབས་པ་མི་དམན་ཀྱང༌།   །ཐོས་དོན་ཉམས་ལེན་མེད་པའི་རྟོག་གེ་བ།   །ཉམ་ཆུང་འཇིགས་མེད་འཕྲིན་འདི་གསན་པ་འཚལ།   །ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མཁའ་ལྟར་ཡངས།   །མཁྱེན་རབ་ཉི་མ་བྱེ་བའི་དཀྱིལ་འཁོར་རྒྱས།   །གཞན་ཕན་འོད་སྣང་ཕྱོགས་བརྒྱར་འཕྲོ་བའི་ཚུལ།   །ཤེས་ནས་ཡི་རངས་མེ་ཏོག་ཁྱོད་ལ་རྒོད།   །གང་ཁྱོད་རླབས་ཆེན་ཐུགས་བསྐྱེད་ལྷ་ཡི་ལམ།   །མཛད་བཟང་སྐབས་གསུམ་གླང་པོ་དང་འགྲོགས་པའི།   །འཕྲིན་ལས་སྤྲིན་གྱི་མེ་ཏོག་འཐོར་བའི་ཆུས།   །ནུབ་ཕྱོགས་འཛིན་མའི་དཔྱིད་ཀྱི་མཛེས་པ་བསྐྲུན།   །སྐྲ་སེར་ཡུལ་དུ་དམ་པའི་ཆོས་རིག་སྤེལ།   །ཞྭ་སེར་བསྟན་ལ་སྨོན་པའི་མཐུན་རྐྱེན་སྦྱར།   །ནུབ་ཕྱོགས་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར།   །ཤར་ཕྱོགས་གླིང་དུ་བསྟན་པའི་སྦྱིན་བདག་མཛད།   །གང་ཁྱོད་ཐུགས་ཀྱི་ཆུ་མཚོ་ཡངས་པོའི་ཀློང༌།   །གཡོལ་མེད་ཐུགས་བསྐྱེད་རླབས་ཀྱི་རྩེ་འཇོ་རྒོད།   །ཆོས་རིག་བསམ་འཕེལ་ནོར་བུས་ཡོངས་གཏམས་པ།   །མཐོང་ཚེ་དང་བ་མི་འདྲེན་ཤེས་ལྡན་སུ།   །གང་ཁྱོད་མཚན་སྙན་སྔར་ནས་ཐོས་ན་ཡང༌།   །སྐུ་དངོས་མཇལ་བའི་སྐལ་བ་མ་བྱུང་ལུས།   །སྔ་ལོར་ཨ་རིར་སློབ་དགེ་ཡོང་བའི་སྐབས།   །ཁྱོད་ཞལ་དངོས་སུ་མཇལ་བའི་སྐལ་བ་ཐོབ།   །ཆོས་སྤྱན་གཟིགས་པ་ཡངས་པོའི་ཞགས་པ་ཡིས།   །ཉམ་ཆུང་བདག་ཀྱང་བོང་བ་གསེར་གཟིགས་ཀྱིས།   །ཕྱོགས་དེར་འགུགས་པའི་འཕྲིན་དང་ལྷན་གཅིག་ཏུ།   །མེས་དབོན་ལོ་རྒྱུས་འཆད་པའི་སྐལ་བ་ཐོབ།   །བློ་གླིང་མཁན་སློབ་འདུས་པའི་བཀའ་དགོངས་བཞིན།   །ཁོ་བོ་འཕགས་པའི་ཡུལ་དུ་སླེབས་པའི་རྗེས།   །ཕྱོགས་དེར་འཚམས་འཕྲིན་མེ་ཏོག་འདེགས་དགོས་ཀྱང༌།   །ལེ་ལོའི་ལྕགས་སྒྲོག་དྲ་བའི་ཀློང་ན་འཆིངས།   །གྲྭ་ཚང་འདི་དང་འབྲེལ་ཡོད་ཆེ་མགོ་ཀུན།   །དགོངས་པའི་རེ་བ་ཡིད་བཞིན་བསྐང་པའི་སླད།   །འཕགས་བོད་ཆོས་འབྱུང་ཛམྦུའི་འཁྲི་ཤིང་འདི།   །གླེགས་བམ་གཉིས་ཙམ་བསྒྲིགས་ནས་དཔེ་བསྐྲུན་ཟིན།   །མཛད་པ་ནམ་མཁའི་མཐའ་ལས་ཡངས་པ་དང༌།   །འཕྲིན་ལས་རྒྱ་མཚོའི་གཏིང་ལས་ཟབ་པ་ཡི།   །གང་ཁྱོད་མཉེས་པའི་མཆོད་སྤྲིན་གླེགས་བམ་ཟུང༌།   །སྙིམ་པའི་མེ་ཏོག་ཟོལ་གྱིས་འབུལ་བ་ལགས།   །ད་དུང་བསྒྲིག་འགྱུར་གླེགས་བམ་ཕྱི་མ་གཉིས།   །རིང་མིན་དཔེ་བསྐྲུན་ཞུ་རྒྱུའི་འཆར་གཞི་ལྟར།   །དེ་སྔོན་དེ་ནས་ཞུས་པའི་ས་བོན་ཐོག  །   ད་དུང་དཔྱད་གཞི་གང་ཡོད་གནང་རོགས་འཚལ།   །གུས་པ་ཕྲན་ཆུང་ད་ལྟར་ནོར་གླིང་དུ།   །གོང་ས་མཆོག་གི་མཛད་རྣམ་འབྲི་བཞིན་མཆིས།   །སྤྱི་འཐུས་མིང་གི་སེང་པགས་་གོན་ན་ཡང༌།   །ཝ་སྐྱེས་རྒྱལ་པོ་བསྐོས་པའི་གཏམ་བརྒྱུད་བཞིན།   །གང་གི་མཁྱེན་དཔྱོད་འཇོན་ཐང་འཕྲིན་ལས་བཅས།   །ཤེས་ནས་བསྔགས་པའི་རོལ་མོ་འཁྲོལ་བའི་དབྱངས།   །སུས་ཀྱང་མ་བསྐུལ་ངང་གིས་འབྱུང་བའི་རླབས།   །དྲང་སྲོང་དགྱེས་པའི་གླུ་འདི་ཁྱོད་ལ་བཏེགས།   །སླད་ཀྱང་གང་སྐུ་ཟླ་བ་གཞོན་ནུའི་ཁམས།   །འཕྲིན་ལས་ག་བུར་ཞུན་མ་དང་འགྲོགས་ཏེ།   །ཤར་ནུབ་འཇིག་རྟེན་ཟླུམ་པོའི་མཁའ་དབྱིངས་སུ།   །རྟག་བརྟན་ཤིས་པའི་དཀྱིལ་འཁོར་རྒྱས་གྱུར་ཅིག  །   གུས་འདུད་བཅས་ཕྲན་དགེ་མིང་ཟུར་ཙམ་འདྲེན་པ་བེ་རི་འཇིགས་མེད་དབང་རྒྱལ་གྱིས་རྒྱ་གར་ནས་༢༠༠༥་༧ ༢༠་ཉིན་ཕུལ།   ཕྱིར་དྲན་ཤོར་བའི་འཚམས་འཕྲིན།   མ་མཇལ་ཟླ་ཤས་ཀྱི་རིང་ལ།   །སེམས་ཉིད་སྟོང་གསལ་དུ་ཐིམ་ཡང༌།   །ཁ་རྩང་ཞལ་པར་ཞིག་འབྱོར་བས།   །དྲན་པའི་སྐུལ་འདེད་ཅིག་བཏང་བྱུང༌།   །སྙིང་གི་ཁོག་སྲུབ་ནས་ཤོར་བའི།   །གསང་གཏམ་ཁ་པར་ནས་བརྒྱུད་དེ།   །ཟུང་ལྡན་ཐོས་འཛིན་གྱི་འདབ་མར།   །དུས་ཐོག་ཆར་པ་བཞིན་འབབ་བྱུང༌།   །འདང་དགུང་ཐུན་གསུམ་གྱི་རྨི་ལམ།   །དབྱར་གྱི་མཚོ་མོ་བཞིན་འཁྲུགས་སོང༌།   །ད་ནང་ཞོགས་ཇ་ཡང་བརྗེད་ནས།   །གོམ་ཁ་ལས་ཁུངས་ལ་སྤོས་འདུག  །   ཁྱོད་ཞལ་ཟླ་གཞོན་གྱི་འཛུམ་རླབས།   །བརྩེ་མདངས་འོད་རིས་ཀྱིས་ཁྱུད་ནས།   །བདག་སེམས་དྭངས་གཙང་གི་མཁའ་དབྱིངས།   །བཅོ་ལྔའི་དུང་ཟླ་བཞིན་ཚེས་བྱུང༌།   །མ་བཅོས་སེམས་ཁམས་ཀྱི་རི་མོ།   །སེམས་ལ་སྦས་ཐབས་ཤིག་མི་འདུག  །   རང་དབང་སྨྲ་བརྗོད་ཀྱི་བརྡ་དོན།   །ནག་ཆུང་ཨང་ཡིག་ཐོག་ཕབ་ཡོད།   །ངུར་སྨྲིག་བླ་གོས་ཀྱི་གསེབ་ནས།   །གསང་རྒྱའི་དབུ་ཁྱུད་ཀྱི་བརྡ་ཡིག  །   ཞོགས་པའི་བསིལ་རླུང་ལ་བསྐུར་ན།   །བྱམས་བརྩེའི་སྤྱན་ཞགས་ཤིག་འཕེན་རོགས།   །༢༠༠༥་༧་༢༨་ཉིན་ནོར་གླིང་དུ་བྲིས།   ཡ་མཚན་ཡིན།   བློ་གྲོས་ཁབ་ཀྱི་བུ་ག་ལས་དོག་ཀྱང༌།   །ཚེ་ཚེ་ར་བཞིན་མཐོ་སྙེགས་ལ་དགའ་བའི།   །སྐྱབས་འགྲོ་མེད་པའི་གནས་བརྟན་བགྲེས་སོང་ཞིག  །   སྤྱི་པའི་རྒན་གྲས་སྙེགས་པ་ཡ་མཚན་ཡིན།   །རང་ཕྱོགས་ཆགས་པའི་ཆུ་ཀླུང་ཐུར་དུ་འབབ།   །གཞན་ཕྱོགས་སྡང་བའི་མེ་ལྕེ་དགུང་ལ་ཕྱུར།   །གནས་ལུགས་རྨོངས་པའི་མུན་པ་ཐིབས་བཞིན་དུ།   །སྤྱི་བའི་འཐུས་མིར་རེ་བ་ཡ་མཚན་ཡིན།   །བཤད་ན་སྤྱི་པའི་བརྡ་སྐད་མི་འཕྲོད་ཅིང༌།   །འབྲི་ན་རང་གི་ས་རྟགས་མི་ཤེས་པར།   །ཆེ་བཙན་སྟག་མོའི་གདུང་རྒྱུད་ཡིན་རློམ་གྱིས།   །གོང་ནས་བཀའ་བཀོད་བྱེད་པ་ཡ་མཚན་ཡིན།   །དོར་ནག་གན་རྒྱ་སྟོང་གིས་སྔས་མགོ་བཅས།   །ཧ་ནག་བུ་ལེན་འབུམ་གྱིས་རྐུབ་ནས་རུལ།   །ད་དུང་གཞན་སྐྱོན་ཁབ་ཀྱིས་འཚོལ་བྱེད་པ།   །འདི་ཀོ་ཡ་མཚན་གསར་པའི་མཚན་གཞི་ཡིན།   །ཡ་མཚན་པའི་གཏམ་འགའ་ཞིག་གོ་རྗེས་༢༠༠༥ཋ༡༢ཋ༤ཋལ་བྲིས།   སྨྱོན་པའི་ཐོལ་གླུ།   དུས་རབས་ཀྱི་ཀྱོག་མཚམས་ཤིག་ནས་རྒྱངས་བལྟས་ཐེངས་གཅིག་བྱས་རྗེས།   རྩོད སྟག་བྲག་རྭ་སྒྲེང་བར་དུ་སྲིད་ཁྲི་རྩོད།   ། གསར་མ་རྙིང་མའི་བར་དུ་གྲུབ་མཐའ་རྩོད།   །གྲྭ་བ་ཨ་ནེའི་བར་དུ་ཐོབ་ཐང་རྩོད།   །ཁྱོད་དང་ང་གཉིས་བར་དུ་རྩམ་ཁུག་རྩོད།   །ཞེན རྒྱལ་ཞེན་ཅན་རྣམས་རྒྱ་ཡི་བཙོན་ཁང་ཉུལ།   །དངུལ་ཞེན་ཅན་རྣམས་ཨ་རིའི་གཡོག་པོ་རྒྱུག  །   དཔོན་ཞེན་ཅན་རྣམས་རྡ་སའི་རྐུབ་བཀྱག་རྩོད།   །ཆོས་ཞེན་ཅན་རྣམས་ཆོས་ཀྱི་གདན་སར་ལུས།   །ཨ ཨ་ཁུ་བསྟན་པ་སྤྱང་དྲགས་ནས།   །ཨ་ནེ་དགོན་པའི་སྒྲིག་འཛུགས་བཤིགས།   །ཨ་ཅེ་མཛེས་མ་ཡག་དྲགས་ནས།   །ཨ་ལགས་སྤྲུལ་སྐུ་མག་པར་འཁྲིད།   །ཆེ ཨ་ཞང་ཚོང་དཔོན་འཇོན་ཐང་ཆེ།   །སྐུ་ཤ་ལྟོ་བ་གཞན་ལས་ཆེ།   །འཇིགས་བྱེད་གསེར་སྐུ་རིན་ཐང་ཆེ།   །སྦག་སྦག་སྐད་སྒྲ་གཞན་ལས་ཆེ།   ། 	བཟི རབ་བྱུང་བཙུན་པ་དཀོར་གྱིས་བཟི།   །སྐུུ་ངོ་སྐུ་དྲག་དངུལ་གྱིས་བཟི།   །བསྟན་སྲུང་རྒྱ་མཚོ་ཇ་ཁུས་བཟི།   །ན་གཞོན་ཕོ་མོ་འདོད་པས་བཟི།   །གོནལུས་ལ་གྲྭ་ཆས་གོན་ནས་ཨ་རིའི་གཞུང་ཚབ་འགྲིམས།   །མགོ་ལ་སྐྲ་རྫུན་གོན་ནས་ཕོ་གསར་ཚོ་དང་འགྲོགས།   །མཇེ་ལ་འགྱིག་ཤུབས་གོན་ནས་གཞང་ཁང་ནང་དུ་འཛུལ།   །ངོ་ལ་གདོང་འབག་གོན་ནས་ལྷ་མོའི་རྣམ་ཐར་འཁྲབ།   །༢༠༠༢།   ༥།   ༡༦ སློབ་གྲྭར་བྲིས།    ༢༠༠༥ལོར་༼གཉན་ཆེན་ཐང་ལྷ༽་ཐོག་བཀོད།    སྐྱབས་མགོན་ཡིད་བཞིན་ནོར་བུར་བསྟོད་གླུ།   །གངས་ཅན་བོད་ཀྱི་ལྷ་སྐལ།   །འཛམ་གླིང་ཞི་བའི་དེད་དཔོན།   །  དམ་པའི་ཆོས་ཀྱི་དབུ་ཁྲིད།   ། སྐྱབས་མགོན་ཡིད་བཞིན་ནོར་བུ།   ། སྐུ་ལ་ཆོས་གོས་རྣམ་གསུམ།   །གསུང་ལ་འཚེ་མེད་ཞི་བ།   །  ཐུགས་ལ་བྱམས་དང་སྙིང་རྗེ།   །སྐྱབས་མགོན་ཡིད་བཞིན་ནོར་བུ།   །འཛམ་གླིང་མི་དམངས་ཡོངས་དང༌།   །  ལྷག་པར་གངས་ཅན་བོད་མི།   ། ཀུན་གྱི་སྐྱབས་གནས་དམ་པ།   །  སྐྱབས་མགོན་ཡིད་བཞིན་ནོར་བུ།   །གཞས་ཚིག་འདིས་དྷ་སའི་བུ་ཁྱིམ་ནས་གཞས་ཚིག་བྱ་དགའ་ཨང་དང་པོ་རག གཞས་གཏོང་མཁན་ཁ་ར་སྤེན་པ་ཡིན།    ༼རྒྱལ་བའི་བཀའ་དྲིན་༽སོགས་འཁོར་ལེབ་མང་པོའི་ཐོག་འཁོད།   པཎ་ཆེན་ཆོས་ཀྱི་རྒྱལ་མཚན།   ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ།   །པཎ་ཆེན་བླ་མ་ཆོས་ཀྱི་རྒྱལ་མཚན།   །གངས་ཅན་བོད་ཀྱི་མགོན་སྐྱབས་དཔུང་གཉེན།   །ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག  །   ཐུགས་བསྐྱེད་སྨོན་ལམ་དུས་ལ་སྨིན་སོང༌།   །གངས་ལྗོངས་ཞིང་ཁམས་ཆོས་ཀྱིས་བསྐྱངས་སོང༌།   །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བཙུགས་སོང༌།   །ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག  །   ནམ་མཁའི་དབྱིངས་ཀྱི་ཉི་ཟླ་རྣམ་གཉིས།   །གངས་ཅན་བོད་ཀྱི་མུན་སེལ་སྒྲོན་མེ།   །ས་ཡ་དྲུག་གི་སེམས་པའི་ནང་དུ།   །ཁྱོད་ཀྱི་བཀའ་དྲིན་བརྗེད་ཐབས་མི་འདུག  །   ཕ་མའི་བཀའ་དྲིན།   ཆུང་ནས་ཕ་མས་བསྐྱངས་སོང༌།   །ཕ་མ་བཀའ་དྲིན་ཆེན་སོང༌།   །དྲིན་ཆེན་ཕ་མའི་བཀའ་དྲིན།   །ནམ་ཡང་བརྗེད་ཐབས་མི་འདུག  །   རིན་ཆེན་གསེར་དངུལ་ཟེར་བ།   །ག་ས་ག་ལ་འདུག་ཀྱང༌།   །དྲིན་ཆེན་ཕ་མ་ཟེར་བ།   །རང་ཡུལ་མ་གཏོགས་མི་འདུག  །   རི་ཁྲི་ཆུ་སྟོང་བརྒལ་ནས།   །མི་ཡུལ་ལུང་པར་སླེབས་སོང༌།   །མཚན་མོའི་རྨི་ལམ་ནང་དུ།   །དྲིན་ཅན་ཕ་མ་མཇལ་བྱུང༌།   ། སྙིང་སྡུགཐུག་བསམ་སེམས་ལ་མེད་ཀྱང༌།   །ཚེ་སྔོན་ལས་ཀྱིས་ཐུག་སོང༌།   །ད་ནི་ཉིན་མཚན་དུས་དྲུག  །   ཁྱོད་རང་དྲན་ནས་བསྡད་ཡོད།   །སྙིང་སྡུག་སྙིང་ལ་ཉར་ནས།   །སྙིང་ལ་སྙིང་ནད་བཟོས་སོང༌།   །སྙི་ལ་སྙིང་རྗེ་མེད་ན།   །སྙིང་སྡུག་སྙིང་པཽ་མི་འདུག  །   ཁྱོད་དང་ང་གཉིས་བར་ལ།   །ལས་འབྲས་མདུད་པ་ཡོད་ན།   །ནམ་མཁའི་ལྷ་དང་བླ་མས།   །འགྲོགས་པའི་དུས་གཅིག་གནང་རོགས།   ། བརྩེ་བའི་ཕ་མ་སྤུན་མཆེད།   བརྩེ་བའི་དྲིན་ཅན་ཕ་མ་སྤུན་མཆེད།   །སྐྱིད་པའི་ཕ་ཡུལ་ལུང་པར་བཞུགས་ཀྱང༌།   །ཉམ་ཆུང་བུ་ང་ཚེ་སྔོན་ལས་ཀྱིས།   །རྒྱུས་མེད་མི་ཡུལ་ལུང་པར་སླེབས་སོང༌།   །དྲིན་ཅན་ཕ་མའི་འཁྲིས་ལ་བསྡད་དུས།   །ཕ་མའི་བཀའ་དྲིན་བསམ་ཤེས་མ་ཐུབ།   །རྒྱུས་མེད་མི་ཡུལ་ལུང་པར་སླེབས་དུས།   །ཕ་མའི་བཀའ་དྲིན་སྙིང་ནས་དྲན་བྱུང༌།   །བརྩེ་བའི་དྲིན་ཅན་ཕ་མ་སྤུན་མཆེད།   །སྐུ་ཚེ་ཞབས་པད་བརྟན་ནས་བཞུགས་རོགས།   །བཀྲ་ཤིས་ཉི་མ་གནམ་ནས་ཤར་དུས།   །མཉམ་དུ་འཛོམས་པའི་སྨོན་ལམ་བཏབ་ཆོག  །    ཁེར་རྐྱང༌།   བྱམས་པའི་ཕ་མ་ཡོད་ཀྱང་ཕ་ཡུལ་ཕྱོགས་ལ་ལུས་སོང༌།   །བརྩེ་བའི་སྙིང་སྡུག་ཡོད་ཀྱང་ཨ་རི་ཕྱོགས་ལ་འཕུར་སོང༌།   །ཉམ་ཆུང་ཁེར་རྐྱང་བུ་ང་རྒྱ་གར་ཡུལ་དུ་ལུས་སོང༌།   །ཕ་མས་ཕ་ཡུལ་ཤོག་ཟེར་ཕྱག་བྲིས་ཡང་ཡང་འབྱོར་བྱུང༌།   །བྱམས་པས་ཨ་རིར་ཕེབས་ཞེས་ཞལ་པར་ཡང་ཡང་བཏང་བྱུང༌།   །ཉམ་ཆུང་ཁེར་རྐྱང་བུ་ང་བྱེད་ཐབས་མ་ཤེས་ལུས་སོང༌།   །ནམ་མཁའི་ལྷ་དང་བླ་མས་བརྩེ་བའི་སྤྱན་གྱིས་གཟིགས་ནས།   །ཉམ་ཆུང་ཁེར་རྐྱང་ང་ལ་ཞལ་གཟིགས་ཐོབ་ཐབས་མེད་ཀྱང༌།   །མཚན་མོའི་རྨི་ལམ་ནང་དུ་ལུང་བསྟན་ཐེངས་གཅིག་གནང་རོགས།   །གོང་གསལ་གཞས་ཚིག་འདི་ཚོ་སྐུལ་བ་པོའི་རེ་བ་བཞིན་གཞས་ཚིག༼ཕ་མའི་བཀའ་དྲིན་༽འཁོར་ལེབ་ཐོག་བཀོད།    གཞས་གཏོང་མཁན་བྲག་གཡབ་ཀུན་དགའ་ཡིན།   དུས་རབས་བོད་ཀྱི་བུ་མོ།   ༡གཟུགས་པོ་དྷ་སར་སྡོད་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །ཐུགས་སེམས་ཨ་རིར་གཏད་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །ཞལ་རས་ཟླ་བ་འདྲ་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །གསུང་སྐད་དབྱིན་ཇི་སྐྱོན་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །སྐུ་གཟུགས་སྨྱུག་མ་འདྲ་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །སྐུ་སྨད་ཚོང་རྫས་བྱེད་དུ།   །ཞེན་པ་གཏིང་ནས་ལོག་སོང༌།   །ཟླུམ་རྒྱས་ནུ་མ་འབུར་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །བུ་གསོད་སྨན་ཁབ་གཟེད་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །རྣམ་པ་ལྷ་ལས་མཛེས་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །སྤྱོད་པ་འདྲེ་ལས་ངན་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །༢ཀུན་དང་གྲོགས་པོ་བྱེད་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །མི་ཚེ་རིན་ཐང་བརླག་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །ཀྲོག་ཀྲོག་གཞན་ལས་ཚ་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །དབྱིན་ཇི་སྤོ་ཏོས་ཁྲིད་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །ཁ་ལ་ལིབ་སི་བྱུག་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །ཕྱི་གླིང་མཇེ་མགོ་ནུ་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །ངྷ་སའི་གཞུང་ཞབས་གནང་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །ཕྱི་རྒྱལ་གསང་སྤྱོད་འཁྲུད་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །སྐུ་གཟུགས་རྨ་བྱ་འདྲ་དུས།   །སེམས་པ་ཁྱོད་ལ་ཤོར་སོང༌།   །།   སྟུ་ཤ་ཚོང་རྫས་བྱེད་དུས།   །ཞེན་པ་གཏིང་ནས་ལོག་སོང༌།   །༢༠༠༡།   ༥།   ༢༢ ཉིན་ལྡི་ལི་ནས་བྲིས།    ༼སྤྱི་ཚོགས་མེ་ལོང༽ཐོག་བཀོད།     གོ་ལྡོགསྐུ་སྟོད་འཕྲོད་བསྟེན་གནང་སྟངས།   །ལྷ་མོ་ལས་ཀྱང་མཛེས་པ།   །སྐུུ་སྨད་སྤྱི་རྫས་བྱེད་སྟངས།   །གསང་སྤྱོད་ལས་ཀྱང་བཙོག་པ།   །ཞལ་ནས་བརྩེ་དུང་གསུང་དུས།   །ཁུ་བྱུག་ལས་ཀྱང་སྙན་པ།   །ཁོག་ནས་གཡོ་སྒྱུ་བྱེད་སྟངས།   །སྲིན་མོ་ལས་ཀྱང་ངན་པ།   །དུག་ལོག་ཧཕོན་ཤན་གོན་དུས།   །དབྱིན་མོ་ལས་ཀྱང་མཛེས་པ།   །ཤེས་བྱ་ཡོན་ཏན་མེད་པ།   །ཕག་པ་ལས་ཀྱང་སྐྱོ་བ།   །གཞན་ལ་སྐྱོན་བརྗོད་བྱེད་དུས།   །སྨྲ་མཁས་ནེ་ཙོ་འདྲ་བ།   །རང་གི་ཀུན་སྤྱོད་མདོག་ཆ།   །ཁྭ་ཏ་ལས་ཀྱང་བཙོག་པ།   །༢༠༠༡།   ༥།   ༢༢ ཉིན་ལྡི་ལི་ནས་བྲིས།    ༼སྤྱི་ཚོགས་མེ་ལོང༽ཐོག་བཀོད།   སེམས་པ་གཏིང་ནས་སྐྱོ་བྱུང༌།   རྐུབ་བཀྱག་མཐོན་པོའི་ཐོག་ནས།   །དབང་ཆེན་སྐུ་ངོ་རྒྱགས་པས།   །རྒྱལ་ཁབ་འཚོང་རྫས་བྱེད་དུས།   །སེམས་པ་གཏིང་ནས་སྐྱོ་བྱུང༌།   །ཆོས་ཁྲི་མཐོན་པའི་ཐོག་ནས།   །བླ་སྤྲུལ་དགེ་བཤེས་རྣམ་པས།   །གསུང་རབ་འཚོང་རྫས་བྱེད་དུས།   །སེམས་པ་གཏིང་ནས་སྐྱོ་བྱུང༌།   །དཔལ་འབྱོར་ནོར་གྱིས་ཕྱུག་པའི།   །ཨ་ཇོ་ཚོང་པ་རྫིག་པོས།   །སྐུ་རྟེན་ནག་ཚོང་རྒྱབ་དུས།   །སེམས་པ་གཏིང་ནས་སྐྱོ་བྱུང༌།   །མི་རིགས་འདྲ་མིན་གསེབ་ཏུ།   །ཨ་ཅེ་བོད་མོ་རྣམ་པས།   །རང་ལུས་ཚོང་རྫས་བྱེད་དུས།   །སེམས་པ་གཏིང་ནས་སྐྱོ་བྱུང༌།   །༢༠༠༡ །    ༥།   ༢༢ །    ལ་ལྡི་ལི་ནས་བྲིས།   ༼སྤྱི་ཚོགས་མེ་ལོང༽་ཐོག་བཀོད།    ཕྱི་མིག༼ཁ་ཁ དང་ཁ་རྩོད་ཐེངས་གཅིག་ཤོར་རྗེས།   ༽རེ་སྙེགས་དང་ཚོར་འདུ་ལ་བཀག་རྡོ་འཁེལ།   མདུན་ལྗོངས་དང་རྐང་ལམ་ལ་སྨུག་ཞགས་འཐེན།   ལས་དབང་དང་འགྲན་སེམས་ལ་བཟློག་ཐབས་མེད་པས།   དུས་དེ་ནས།    རང་དབང་གི་དགོད་སྒྲ་གཞན་དུ་སྒྲོག སྒྱུ་རྩལ་གྱི་མིག་ཆུ་གཞན་དུ་འཐོར།   ཕྱི་ཕྱག་དང་གྱེས་མཇལ་ཁྱོད་ལ་ཞུ།   མ་འོངས་པའི་གཏམ་རྒྱུད་གཞན་ལ་འཚོལ།     སྙན་ངག་རྐང་གསུམ།   པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ལ་ཕུལ་བ།   ཁ་རྩངས།   ཁྱོད་ཀྱིས་་་་་་་་་་་་་་་་༌།   ལབ་རྩེ་དང་རྡེའུ་འབུམ་བརྩིགས་པའི་གངས་འདབས་ན།   མཚལ་གྱིས་བྲིས་པའི་ཁྲི་ཕྲག་བདུན་གྱི་ཡིག་འབྲུ།   ཁ་བ་དང་ལྷན་ཅིག་འབབ་སྟེ་འཇིག་རྟེན་འདིར་གྱེས་མཇལ་བྱས།   དེ་རིང༌།   ཁྱོད་ཀྱིས་་་་་་་་་་་་༌།   འཁྱག་ཀློང་དང་ན་བུན་བསྟིབས་པའི་འཇིག་རྟེན་དེར།   བརྩེ་མདངས་ཀྱི་གཤོག་ཟུང་བརྐྱངས་ནས་ལྡིང་སྐོར་བྱེད་དུས།   གདོལ་བའི་རིགས་ཀྱི་རླུང་རྩིའི་དྲ་རྒྱ་རུ་་བཙུད།   སང་ཉིན།   ཁྱོད་ཀྱིས་་་་་་་་་་་་་་་་་༌།   བཙན་དབང་གི་ལྕགས་སྒྲོག་ཟིལ་བུར་གཏོར་ཏེ།   ཡིག་དྲུག་གི་དར་ཅོག་གསེང་ནས་མེས་པོའི་ཚེ་སྲོག་འཚོལ་དུས།   གངས་དཀར་ལྷ་མོའི་རྣམ་ཤེས་ཀྱི་འཕར་རྩ་སླར་ཡང་ལྡིང༌།   གངས་ལྷའི་རྣ་བར་ཉི་ཟླ་ཟུང་གིས་བརྒྱན།   ༢༠༠༡ །    ༤ ཉིན་ཆུང་སྲིད་རིན་པོ་ཆེ་དགུང་ལོ་བཅུ་གཉིས་ལ་ཕེབས་པའི་དུས་དྲན་དུ་ཕུལ།    ༼བཙན་འོག་གི་བྱིས་པའི་སྐྱོ་གར་༽ཐོག་བཀོད།    ༢༠༠༥ལོར་༼ལྷོ་ཕྱོགས་ཕོ་ཉ་༽གསར་ཤོག་ཐོག་བསྐྱར་འགོད་བྱས་འདུག

སེམས་ངོགས་ཀྱི་མགྱོགས་རིས། རིག་པའི་གྲོགས་པོ་བླློ་རྒྱམ་ལ་བཞག་པའི་དྲན་རྟེན། གངས་ཁྲོད་ནས་འབར་བའི་མེ་སྟག་ཅིག མི་ཡུལ་དུ་མཆེད་པའི་ཁྱོད་རང་སྟེ། ལྷོ་མཐའི་སྐར་མ་འོད་ཆེན། རང་དབང་གི་གྲུ་ཁ་ཞིག་ནས། མུན་ལྗོངས་ཀྱི་ཚ་བའི་ཞིང་ཁམས་དེར། སླར་ཡང་མཆེད་དགོས་པ་ནི། ལས་དབང་གིས་བྱིན་པའི་བགོ་སྐལ་དུ་ངེས། དབྱངས་ཅན་མའི་བསླུ་བྲིད་འོག་མཉམ་དུ་ཚུད་མྱོང་ཞིང༌། ཤེས་བྱ་དགའ་མའི་བྲང་གཞུང་ལ་མཉམ་དུ་འཐམ་མྱོང་བའི། ངའི་གྲོགས་པོ། ཁྱོད་ལ་གྱེས་མཇལ་ཞུ་བ་འདི་ཅི་འདྲའི་ཕམ་པ་ཞིག འོན་ཀྱང༌། འདུ་བྲལ་ནི་འཁོར་བའི་ཆོས་ཉིད་ཡིན་པས། ཚད་བཀག་གི་གདོང་ལེན་བྱེད་དོན་མེད། ཁྱོད་རང་ཕེབས་ལམ་དེ་ནས། ངས་མིག་ཆུ་ཕོར་གང་སེམས་ཁོང་དུ་མུད་དེ། འཛུམ་མདངས་ཀྱིས་གྱེས་མཇལ་ཞུ། སླད་ནས་མཇལ་ཡོང༌། སྐར་མ་འོད་ཆེན། ཤེས་བྱའི་མཁའ་དབྱིངས་ནས། རང་དབང་གི་བར་སྣང་ནས། སླད་ཀྱང་མཇལ་ཡོང༌། སྐར་མ་འོད་ཆེན། བདེ་མོ་གྱིས། ༢༠༠༡ ཟླ་་ ༧ ཚེས་ ༥ འབྲས་སྤུངས་ནས་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་བེ་རི་འཇིགས་མེད་ཀྱིས་གུས་འདུད་བཅས་ཕུལ། དུར་ས། ཚ་གསུར་གྱི་དུ་ཞགས་འཁྲིགས། འཇགས་རྩྭ་ཡིས་གཤིན་ཐང་ཁེངས། རྣམ་ཤེས་ཀྱི་བུ་ཡུག་འཚུབས། གནས་དེ་ན་ཡབ་མེས་ཚོའི་རྐང་རྗེས་གསལ། བང་སོ་ཡི་རྟེན་མཁར་བརྩེགས། རྡོ་རིང་གི་ཀ་བ་བསླངས། དུར་རྫས་ཀྱི་གཏེར་ཁ་བརྡོལ། གནས་དེ་ན་ཡབ་མེས་ཚོའི་རྣམ་ཤེས་འཚང༌། ཡིག་དྲུག་གི་རྡོ་འབུར་སྤུངས། དར་ལྕོག་གི་ཀྱུར་གླུ་ལེན། རུས་གོང་གི་བསེ་མཁར་བརྩིགས། གནས་དེ་ན་ཡབ་མེས་ཚོའི་ཁ་ཆེམས་མཆིས། ཚ་བོ་ཚོ། ཡབ་མེས་ཚོའི་རྐང་རྗེས་འཚོལ་ན། ཡབ་མེས་ཚོའི་རྣམ་ཤེས་མཇལ་ན། ཡབ་མེས་ཚོའི་ཁ་ཆེམས་ཉན་ན། ཡབ་མེས་ཚོའི་དུར་ས་བསྔོག་དགོས། སྲིད་པའི་ཁ་བྱང་གི་དུར་ས། དེབ་ཐེར་ལོ་རྒྱུས་ཀྱི་དུར་སྒོ། མི་རབས་འདི་དང་མི་རབས་ཕྱི་མ་ཚོས། སླར་ཡང་འབྱེད་དགོས། ཤི་ཟིན་པའི་རྣམ་ཤེས་ཚོ། ང་ཚོས་རེ་རེ་བཞིན་བསླངས་ནས། ཡུམ་བུ་བླ་སྒང་དང་པོ་ཏཱ་ལར་གདན་འདྲེན་ཞུས་ན། ད་བཟོད། ང་ཚོའི་དུར་ས་ནས་རྒྱལ་ཁ་ཐོབ་པ་ཡིན། ༢༠༠༢། ༤། ༡༦ ཉིན་སློབ་གྲྭའི་རྒྱུགས་སྤྲོད་སྐབས། བྲིས། རྟ་རྒོད། D.K ལ་བསྐུར་བ། རྨིག་པས་སྤང་རྒོད་གཏུབས། འཚེར་སྐད་ཀྱིས་ལྷིང་འཇགས་དཀྲོགས། གོམ་སྟབས་ཀྱིས་གླིང་ཆེན་བགོམ། སྒ་སྲབ་མེད་པའི་རྟ་རྒོད་ཡ། ལས་དབང་གིས་རྒྱབ་ནས་དེད། སྟེས་དབང་གིས་མདུན་ནས་བསུས། འཚོ་འདོད་མེད་པའི་ཨ་ཕོ། ཅང་ཤེས་རྟ་ཡི་བདག་པོར་གྱུར། སྒ་སྲབ་ཀྱིས་རྒྱན་སྤྲས་མེད་པར། རི་ཐང་ཀླུང་གསུམ་ལས་བརྒལ་ནས། རྨི་ལམ་གཏོང་ཐེངས་གཅིག་ལ། ལྷ་ཡུལ་གྱི་ཞིང་ཁམས་བསྐྱལ། ལྷ་ཡུལ་གྱི་མེ་ཏོག་རྐང་རེ་རེ་བཞིན། མི་ཡུལ་གྱི་འཇའ་འོད་ལ་ཐིམ་དུས། ད་བཟོད་རྨི་ལམ་ལས་འཕོས་ནས། ཕྱིར་ཕྲ་ཡི་བྲོ་བ་མྱོང༌། རི་སྐྱེས་རྟ་རྒོད་ཡ། ངས་ཁྱོད་ལ་སྲབ་མཐུར་མི་བསྐོན་ལ། ངས་ཁྱོད་ལ་སྒ་ཆས་མི་སྤྲས། རི་སྐྱེས་རྟ་རྒོད་སྒོ་ཟོག་མི་ཡོང་བ། ། ངས་སྔ་ས་ནས་ཤེས་ཀྱི་ཡོད། ༢༠༠༢། ༤། ༡༦ ཉིན་སློབ་གྲྭར་བྲིས། ༢༠༠༥ལོར་༼གཉན་ཆེན་ཐང་ལྷ་༽གསར་ཤོག་ཐོག་བཀོད། གསོན་ཤུགས་མེད་པའི་སྙིང༌། ཉི་འོད་ལ་དུང་ནས་མཁའ་དབྱིངས་ལ་རྒྱང་བལྟས་བྱས། ཉི་འོད་་༌། སྤྲིན་གསེབ་ནས་ཤར་ཞིང་སྤྲིན་གསེབ་ནས་ཡིབ། སྙིང་ཁོང་གི་ཚ་རླབས་དང་རེ་སྒུག་གི་མེ་ལྕེ་འདྲེས། རང་བྱུང་གི་འཕོ་འགྱུར་འདི་སྐྱེ་དངོས་མིན་པའི་བུད་ཤིང་ཞིགསྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་མེ་ལ་ཐིམ། ཟླ་འོད་ལ་དུང་ནས་མཚན་མོ་ལ་རེ་སྒུག་བྱས། ཟླ་འོད་་༌། ཡར་ངོའི་འཕེལ་ཁ་དང་མར་ངོའི་གྲིབ་ཁའི་བར་ནས་ནུབ་ཕྱོགས་སུ་ལྷུང༌། སྙིང་ཁོང་གི་གྲང་རླབས་དང་འཆར་ཡན་གྱི་ཆུ་འཁྱག་འདྲེས། རང་བྱུང་གི་ཆོ་འཕྲུལ་འདི་འབྱུང་བ་མིན་པའི་འཁྱག་རོམ་ཞིགསྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་ཆུ་ལ་ཐིམ། ཁྱོད་རང་ལ་དུང་ནས་ཁྲོམ་གསེབ་ལ་རྒྱང་བལྟས་བྱས། ཁྱོད་རང་་་༌། མི་ཚོགས་གསེབ་ནས་ཡིབས་ཏེ་མི་ཚོགས་གསེབ་ཏུ་བརླགས། སྙིང་ཁོང་གི་བརྩེ་མདངས་དང་རེ་ཞགས་ཀྱི་སྟོང་མདང་འདྲེས། སེམས་ངོགས་ནས་འཕྱུར་བའི་འཚུབ་མ་འདི་རང་བྱུང་མིན་པའི་རླུང་ཡན་ཞིགསྙིང་ཁམས་ཀྱི་གསོན་ཤུགས་ཡོད་ཚད་རླུང་ལ་ཐིམ། སྨྱོན་པའི་བརྡོལ་གཏམ། ༡སྤྱང་དྲགས་ནས་ཆིངས་ཡིག་བཞགའཇོན་དྲགས་ནས་རྒྱལ་ཁབ་བཙོངས། སྐྱིད་དྲགས་ནས་མི་ཡུལ་འཁྱམས། ༢ཁ་གདངས་ན་སྤྱི་དོན་བཤད། ལག་རྐྱོང་ན་སྤྱི་རྫས་བརྐུ། ༣ཕ་ཧོང་ཀོང་བཞུགས། བུ་ཐེ་ཝན་ཕེབས། ༤འགྲོ་བསམ་ན་ཨ་རིའི་ཡུལ་ལ་སོང༌། ཟ་བསམ་ན་ཐེ་ཝན་ལྐོག་རྔན་ཟོ། རྒྱོ་བསམ་ན་གཞང་ཁང་ནང་ལ་རྒྱུགས། ༥དཔོན་པོ་འདོད་ན་རྐུབ་ཀྱགས་ཉོས། བླླ་མ་འདོད་ན་སྦུག་དམ་ཉོས། ཕྱི་རྒྱལ་འདོ་དྲ་ན་ཝི་ས་ཉོས། མཐོ་སློབ་འདོད་ན་ཡིག་ཚད་ཉོས། ༦དཔོན་ས་ཐོབ་ན་ལྟག་སྒོ་ཕྱེ་ཆོགབླ་ས་ཐོབ་ན་ཆོས་ཚོགས་འཛུགས་ཆོགཕྱི་རྒྱལ་སླེབས་ན་ཌོ་ལར་གསག་ཆོགམཐོ་སློབ་འཐོན་ན་ལས་ཀ་འཚོལ་ཆོག ༧བཙོན་ཁང་ལ་དགའ་ན་རང་བཙན་སྐད་འབོད་རྒྱོབ། ཌོ་ལར་ལ་དགའ་ན་ཨ་རིའི་གསང་སྤྱོད་ཁྲུས། དཔོན་པོར་འདོད་ན་ནང་ཁུལ་དཀྲུགས་ཤིང་གྱིས། གྲུབ་ཐོབ་འདོད་ན་དབྱིན་མོ་གསང་ཡུམ་ལོངས། ༨ཆོལ་གསུམ་བོད་རིགས་མཐུན་ལམ་བཟང༌། ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་མེད། བཀའ་ཤག་སྤྱི་འཐུས་འཇོན་ཐང་ཆེ། མི་ལོ་བཞི་བཅུ་མི་ཡུལ་བསྡད། ༢༠༠༢། ༤། ༡༨ ཉིན་སློབ་གྲྭར་བྲིས། ******************************ཆང་དང་ལས་དབང༌། ཆང་ཁང་དུ་འགྲིམས་འདོད་མེད་ཀྱང༌། ཆང་མའི་ཟུར་མིག་དེ་བཙན་དྲགས་སོང༌། ཆང་གིས་བཟི་འདོད་མེད་ཀྱང༌། ཆང་ཕབ་ཀྱི་ནུས་ཤུགས་དེ་ཆེ་དྲགས་སོང༌། སླུ་བྲིད་ལ་དགའ་མཁན་སུ་ཡང་མེད་ཀྱང༌། སླུ་བྲིད་དང་མི་འགྲོགས་མཁན་སུ་ཡང་མེད། ང་ལྐུགས་དྲགས་པ་དེ་སླུ་བྲིད་ཡིན་ལ། ཁྱོད་སྤྱང་དྲགས་པ་དེའང་སླུ་བྲིད་ཡིན། ཁ་བ་དང་ཚ་བ་ལ་ཁྱད་པར་ཡོད་ན། རང་ཡུལ་དང་མི་ཡུལ་ལ་ཁྱད་པར་ལོས་ཡོད། ང་ཚོའི་བེམ་གཟུགས་འདི་སླུ་བྲིད་འོག་ཡོད་ཀྱང༌། ཁ་བ་དང་ཚ་བའི་རེག་བྱ་ཤེས་དགོས། ཀྱེ་གྲོགས་པོ་ལགས། ཁྱོད་ཀྱིས་ལས་དབང་དང་སླུ་བྲིད་ཀྱི་སྡོམ་ཚིག་ཨེ་ཤེས། རང་ཡུལ་དང་མི་ཡུལ་གྱི་མཚན་ཉིད་ཨེ་མཁྱེན། སྤྱང་དྲགས་ནས་རྒྱ་དང་ཆིངས་ཡིག་བཞག ། ལྐུགས་དྲགས་ནས་མི་ཚེ་མི་ཡུལ་སྐྱེལ། ཀྱེ་གྲོགས་པོ་ལགས། ད་དུང་འཐུངས་ཤིགར་བཟི་བའི་མིག་ལམ་ན་མཛེས་མའི་ཞིང་ཁམས་ཡོད། ར་བཟི་བའི་སེམས་ཁམས་ན་དག་ཞིང་གི་འཇིག་རྟེན་ཡོད། ར་བཟི་བ་འདི་ཁྱོད་དང་ང་ཡི་ལས་དབང་ཡིན། ར་བཟི་བ་ནི་མི་ཡུལ་གྱི་འཇིག་རྟེན་ཉུལ་བའི་རམ་འདེགས་ཀྱང་ཡིན། ལྡི་ལི་པོ་ཏཱ་ལའི་མགྲོན་ཁང་དུ། སྤྱི་ལོ་༢༠༠༡ ཟླ་༥ ཚེས་༢༦ ལ་བྲིས། ང་བཟི་མེད། འཇིག་རྟེན་གྱི་གྲུ་ག་ཡོངས་རྫོགས་ཆང་གིས་གང་འདུག ངའི་རྐང་འོག་གི་ལམ་སྣེ་དེ་ཡང་ཆང་ཁང་ལ་ཟུག་འདུག མ་གཞི་ང་རང་ཆང་གི་ཞིང་ཁམས་ལ་སླེབས་པ་འདྲ། ཆང་རྒྱག་རྒད་པོ་ཚོས་ང་ལ་མིག་བརྡ་འཕེན། ཁོང་ཚོས་ཆང་རག་ནི་སྐྱེས་པ་ཕོ་ཡི་ཚེ་སྲོག་ཡིན་ཟེར། ཆང་མ་ཚོས་ང་ལ་ཟུར་མིག་བལྟས། ཁོ་མོ་ཚོས། ཆང་རག་ནི་མཛེས་མ་འགུགས་པའི་ལྕགས་ཀྱུ་ཡིན་ཟེར། ཚེ་སྲོག་དང་ལྕགས་ཀྱུ་ལ་རེག་མ་མྱོང་བའི་ང༌། ང་ཡང་སྙིང་འཇིག་རྟེན་འདིར་འཚོ་དགོས་དོན་གང་ཡིན་ནམ། ཚེ་སྲོག་ལ་རིན་ཐང་མེད་ན། འཇིག་རྟེན་འདིར་འཚོ་དགོས་དོན་གང༌། མཛེས་མ་ལ་རིན་ཐང་མེད་ན། ལྕགས་ཀྱུ་ལ་ཞེན་ཆགས་དགོས་དོན་གང༌། ཆང་རྒྱགས་ཚོས་ང་ལ་ཁྲེལ་དགོད་བྱས་བྱུང༌། ཆང་མ་ཚོས། ང་ལ་སྐྱེས་པ་ཕོ་ཡི་རིན་ཐང་མི་འདུག་ཟེར། གང་ལྟར། རིན་ཐང་མེད་པ་དེ་ངའི་རིན་ཐང་ཡིན། ཆང་མ་ཚོ། ང་ད་དུང་བཟི་མེད། ང་ད་དུང་ཆང་གིས་བཟི་མེད། ༢༠༠༡། ༥། ༢༦ པོ་ཏཱ་ལའི་མགྲོན་ཁང་དུ་བྲིས། བརྩེ་དུང་གི་ཕམ་ཉེས། བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་པོ་བཀླགས་རྗེས། རང་ཡུལ་གྱི་གངས་འདབས་སྤྱང་ཚོགས་ཀྱིས་གང༌། མི་ཡུལ་གྱི་ནགས་ཀླུང་སྨུག་སྤྲིན་གྱིས་བསྟིབས། བརྩེ་དུང་གི་ལྗང་མྱུག་ཐན་པས་བཅོམ། ལས་དབང་གི་འཇའ་ཚོན་རླུང་འཚུབ་ཀྱིས་གཏོར། ཀྱེ་་བརྩེ་དུང་ལ་ཕམ་ཉེས་ཐེབས་པའི་ཕོ་གཞོན། ལྷད་མེད་པའི་བརྩེ་དུང་དེ། ཁྱོད་ཀྱི་སླུ་བྲིད་ཡིན་ལ། སླུ་བྲིད་ཀྱི་འཆིང་ཐག་དེ། ཁྱོད་ཀྱི་ཕམ་ཁ་ཡིན། ཕམ་ཁའི་འཕྲིན་ཡིག་དེ་ཚོ་རྒྱལ་ཁའི་དར་ཆ་ཡིན་ལ། རྒྱལ་ཁའི་དར་ཆ་དེ། ལྷད་མེད་པའི་བརྩེ་དུང་གི་དཔང་རྟགས་ཡིན། མོ་རེ། བརྩེ་དུང་ལ་མཆིལ་ཞགས་འཕེན་པའི་སྐྲ་རིང་མ། ཁྱོད་ཀྱི་དབུ་སྐྲ་དང་བླློ་སྣ་དོ་མཉམ་མམ། མ་གཞི་ཁྱོད་རང་ལའང་ཁག་མི་འདུགའོན་ཀྱང་ཁྱོད་རང་སྟེ་ ང་ཅ་ ལགས། ཁྱོད་རང་སེམས་གཏམ་གྱི་གདུང་དབྱངས་མི་ཐོས་པའི་འོན་པ་ཞིག གདུང་དབྱངས་ཀྱི་གླེགས་བམ་མི་མཐོང་བའི་ལོང་བ་ཞིག བདེ་སྡུག་གི་ཚོར་སྣང་མེད་པའི་གཟུགས་རིས་ཤིག སྐྲ་རིང་མ། ཡང་སྙིང་ཁྱོད་གང་ཞིག་ཡིན་ནམ། འདི་ནི་ཛམ་ལྷའི་བཀའ་ཆད་དང་དབྱངས་ཅན་མའི་སླུ་བྲིད་འོགསྙན་ངག་གི་གྲོག་རོང་ཉུལ་བའི་སྤྲང་པོ་ཁྱུ་གཅིག་གི་ལྟད་མོའི་དོ་ར་ཡིན་ལ། ལྟད་མོ་དེར། ངས་ཀྱང་ཆོས་གོས་ཕག་ནས་ལྟ་ངེས་ཡིན། ཀྱེ་སེམས་མ་ཕམ། བརྩེ་དུང་ལ་ཕམ་ཉེས་ཐེབས་པའི་ཕོ་གཞོན་ཅ་་ཁ་ལགས། ལྡི་ལི་ནས་༢༠༠༡། ༥། ༢༩ ཉིན་བྲིས། ཤར་མཐའི་རྡོ་རིང༌། གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་ལ་ཕུལ་བའི་རྗེས་དྲན༡ལོ་དེར་ཆེས་ཐོག་མའི་མིག་འོད་དང་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་ཚལ་བར་གཤགས་ཏེ་ཁྱོད་ཀྱི་རྣམ་ཤེས་སེར་པོས་གཟུགས་མེད་ཀྱི་ཐེམ་པ་བརྒལ་ནས་མི་ཡུལ་གྱི་ཞིང་ཁམས་ཉུལ། ༢གསེར་མདོག་གི་ཞིང་ཁམས་དེའི་སེང་ཁྲི་ལ་ཞབས་ཟུང་གི་རི་མོ་བཀོད་ཅིང་གསེར་མདོག་གི་པཎ་ཞྭའི་གཟི་མདངས་ཉི་འོད་དང་འདྲེས་དུས། ཁྱོད་ཀྱིས་མ་ཎི་ཡིག་དྲུག་དང་ཁ་བ་འདྲེས་པའི་འཇིག་རྟེན་དེར་དྲོད་ཁོལ་གྱི་འོད་སྣང་ལྷམ་མེར་སྤར། ༣སྤྲིན་ནག་དང་སྨུག་ཀློང་གིས་ཤར་མཐའ་སྒྲིབ་ཅིང་རི་སྤྱང་གི་ངུ་སྒྲས་སྟོང་སངས་ཀྱི་ནམ་མཁའ་དབྲལ་དུས། ཁྱོད་ཉིད་བྱང་ཐང་གི་འབྲོང་རྒོད་ཅིག་དང་འདྲ་བར་གངས་རི་དང་རྫ་འཕྲང་ལ་རྨིས་རྗེས་བཀོད་ནས་རྭ་དབར་གྱིས་ཉི་ཟླ་དགུང་ལ་འདེགས། ༤མེ་སྒྱོགས་ཀྱི་ལྡིར་སྒྲ་དང་གངས་ལྷའི་ངུ་སྒྲའི་ཁྲོད་ཡར་ཀླུང་གཙང་པོས་མཚལ་གྱི་ཁ་དོག་འཛིན་ཅིང༌། དགའ་ལྡན་ཕོ་བྲང་དང་པོ་ཏ་ལར་ཁྲག་དམར་གྱིས་འཚོས་པའི་རས་ཡུག་གི་ཡོལ་བ་འཐེན་དུས། ཁྱོད་ཀྱིས་རྐང་ལག་ལ་ལྕགས་སྒྲོགས་གོན་ནས་ཉི་འོད་དང་དྲོད་ཁོལ་མེད་པའི་འཇིག་རྟེན་ཉུལ། ༥མུན་པ་དང་བཀྲེས་ལྟོགས་སྔས་སུ་བྱས་ཏེ་ལོ་ཟླའི་ཕྲེང་བ་བགྲང་སའི་མུན་དོང་གི་དམྱལ་ཁམས་དེ་ནས། ཁྱོད་ཀྱིས་གངས་རི་དང་ཉི་འོད་ལ་དུང་པའི་སྨྲེང་སེམས་ལྕི་བོས་ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་སོར་རྩེར་བླངས། ༦གསར་བརྗེ་ངོ་ལོག་དང་ལྷ་འདྲེ་གདོན་བགེགས་ཀྱི་ཤོག་ཞྭ་རིང་པོའི་འོག་བླ་དྲག་དང་མི་དྲག་གི་ཉེས་མིང་བགྲངས་ནས་རྟ་ལྕག་དང་འཐབ་རྩོད་ཀྱི་རླུང་དམར་ཁྲོད། ཁྱོད་ཉིད་བྱམས་རྩེ་དང་བཟོད་སྒོམ་བརྟན་པོས་གཡོ་འགུལ་ཅུང་ཟད་ཀྱང་མི་ནུས་པའི་ཁྲོ་ལྕགས་ཀྱི་རི་བོ་ཟླུམ་པོ་ཞིག༧ཞི་བདེའི་དེད་དཔོན་གྱི་ཉི་འོད་མཚོ་བཞི་གླིང་ལྔ་ཡོངས་སུ་ཁྱབ་དུས། ཁྱོད་ཀྱིས་འོད་དཔག་མེད་དང་ལག་གདངས་སྦྲེལ་ཏེ་ཤི་གསོན་བྱེ་མའི་ལ་ཁར་ཞབས་ཀྱིས་བཅགས་ནས་གངས་ལྷ་སྒེག་མོའི་ཚེ་སྲོག་འཚོལ། ༨རི་སྤྱང་དམར་པོས་ར་གན་ལ་གསེར་མིང་འདོགས་རྒྱུའི་བཙན་བཀའ་ཕབ་དུས། ཁྱོད་ཀྱིས་སྨིག་སྒྱུ་དང་འཇའ་ཚོན་ཀྱི་དར་ཡུག་ཚལ་བུར་དབྲལ་ཏེ་གངས་ཅན་མགོན་པོའི་སྤྱན་སྟོང་གི་གཟིགས་པ་ལ་ཐལ་མོ་སྦྱར་ཞིང་མཚལ་གྱི་མཚན་བྱང་དམར་པོར་དཔྲལ་གཉེར་དང་མིག་ཆུས་བདེན་ཁ་སྦྱིན། ༩མེས་པོའི་རྐང་རྗེས་དང་གངས་རིའི་ཚེ་སྲོག་ལ་དུང་བའི་ཁྱོད་ཀྱིས་སྐུ་ཚེ་ལ་བཞི་ཤད་འཐེན་ནས་མི་ཡུལ་འདིར་གྱེས་མཇལ་ཞུས་དུས། ལ་རྒྱའི་དྲོད་ཁོལ་སྙིང་ལ་སིམ་པའི་སྤྲེལ་ཚ་འབུམ་ཕྲག་མང་པོས་ཁྱོད་ལ་སྙིང་ཁྲག་དང་མིག་ཆུའི་ཞལ་འདེབས་ཕུལ། ༡༠ཀྱེ། ཤར་མཐའ་ནས་འཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ། ཁྱོད་ནི་ང་ཚོའི་སྙིང་ཁོང་གི་སྒྲོན་མེ་ཡིན་ལ། ཁྱོད་ནི་ང་ཚོའི་བདེན་དཔང་གི་རྡོ་རིང་ཞིག་ཀྱང་ཡིན་པས། ཁྱོད་ཉིད་དག་ཞིང་དུ་གཤེགས་ཀྱང༌། ཁྱོད་ཀྱིས་བསླངས་པའི་རྡོ་རིང་ས་ཡ་དྲུག་གི་སེམས་ཁོང་ནས་དུས་ནམ་ཡང་འགྱེལ་མི་སྲིད། ཀྱེ། ཤར་མཐའ་ནས་ཚར་ཞིང་ཤར་མཐའ་ནས་བཞུད་པའི་གངས་རིའི་སྒྲོན་མེ་ལགས། གུང་ཐང་རྗེས་དྲན་༼བྱང་ཆུབ་མཆོད་པའི་མེ་ཏོག་༽ ཐོག་བཀོད། ལཱ་སྒྲོན། རིག་པའི་གྲོགས་མོ་ T.K ལ་ཕུལ་བའི་འཚམ་འཕྲིན། ༡ མུན་ནག་གི་ལག་གདང་སྦྲེལ་བའི་རས་ཡོལ་འོག སྨུག་མདོག་གི་ས་གཞི་བརླན་པའི་རི་གྲོང་དེར། ལས་དབང་དང་ལྕགས་སྒྲོག་གི་ནམ་ཟླའི་དབར། ཉི་འོད་ལ་དུངས་ཤིང་ཟླ་འོད་ལ་རེ་བའི་མཚན་ལྗོངས་ཉུལ། ༢ སྦྲ་གུར་གྱི་ཁ་ཚུབ་དང་བུ་ཡུག་གི་གདོང་ཁའི་ཁྲོད། ལོ་ཟླའི་སྟེགས་གཉེར་གྱི་སྲུབ་ཀ་ནས། ཁྱོད་ཀྱི་ལྟེ་མཚལ་འཕོས་པའི་ཐོག་མའི་ངུ་དབྱངས་ཀྱིས་གངས་འདབས་ཀྱི་ལྷིངས་འཇགས་དཀྲོགས། ༣ལི་ཁྲིའི་ཚོན་མདངས་ཀྱིས་འཁྱུད་པའི་ཟླ་བ་ཟླུམ་པོ། མཚོ་བཞི་གླིང་ལྔའི་ནམ་མཁའ་ནས་འོད་ཐིག་གི་ག་བུར་གངས་སུལ་དུ་ལྷུང་དུས། ཁྱོད་རང་མི་ཡུལ་གྱི་འཇིག་རྟེན་འདིར་འབུས་མ་ཐག་པའི་སྐལ་བཟང་མེ་ཏོག་ཆུང་ཆུང་ཞིག༤ ལྕགས་ཐག་གི་ལྷུ་ལག་སྒྲིག་པའི་མུན་དོང་གི་རྒྱ་སྟག་སེར་པོ། ནམ་ཡང་མི་ཞུམ་པའི་འཛུམ་དྲུག་གི་འཁྱུག་རྩལ་མྱུར་མོས། གངས་ལྷའི་རྣམ་ཤེས་བར་དོའི་འཕྲང་ལམ་ནས་བསུ་དུས། ཁྱོད་རང་འདབ་མའི་འཕེལ་ཁ་གྲོལ་མ་ཐག་པའི་གངས་ལྷ་མེ་ཏོག་དཀར་པོ་ཞིག༥ རི་གྲོང་དང་སྦྲ་ཁྱིམ་བར་ནས་མཆོད་ཀོང་གི་འོད་ཐིག མིག་ཆུ་དང་འཛུམ་ཀོང་འདྲེས་པའི་སེམས་ཁོང་དུ་ལྷུང༌། ཡབ་མེས་ཀྱི་དུར་ས་ནས་འབུས་པའི་དབྱངས་གསལ་སོ་བཞིའི་འགྱུར་ཁུག་སྦྲང་གཤོག་གི་གླུ་སྒྲ་དང་འདྲེས་དུས། ཁྱོད་རང་སྦྲང་རྩིའི་ཟེ་བ་རྒོད་ལ་ཉེ་བའི་པདྨའི་མེ་ཏོག་གསར་པ་ཞིག༦ སློབ་གྲྭའི་རྒྱ་སྒོ་ལ་བོད་ཡིག་གི་སྒོ་བྱང་བཀོད། གངས་རིའི་ཕ་ནོར་དང་རྒྱ་མཚོའི་ཟབ་མཚམས་འདྲེས། མེས་པོའི་གཅེས་སྲོག་དང་ནམ་མཁའི་རྒྱ་ཁྱོན་མཉམ་དུས། ཁྱོད་རང་ཟེའུ་འབྲུའི་ཕོན་པོ་སྨིན་མགོ་ཚུགས་པའི་གངས་འདབས་ཀྱི་མེ་ཏོག་དཀར་པོ་ཞིག༧ ཀྱེ། མུན་ཁྲོད་ཀྱི་ལཱ་སྒྲོན། གངས་འདབས་ཀྱི་མེ་ཏོག ཁྱོད་ཀྱི་མིག་འོད་དང་འཛུམ་ཀོང༌། ཁྱོད་ཀྱི་དགོད་སྒྲ་དང་མིག་ཆུ། ཁྱོད་ཀྱི་མདུན་ལམ་དང་ཕུགས་བསམ། ཁྱོད་ཀྱི་བསམ་བློ་དང་སྨྱུག་རྩེ། ད་དུང༌། ད་དུང་ཡང་་་་་ད་དུང༌། སེམས་ཁོང་གི་ཚོར་རླབས་དང་སྙིང་ཁོང་གི་འཕར་སྒྲ། མདོར་ན་ཚོར་འདུའི་རླབས་རིས་འཁྱོག་པོས་སེམས་ངོགས་ཀྱི་འཇིག་རྟེན་གཡོས། ༨ཀྱཻ༌། གངས་ལྷ་མེ་ཏོག་ཡ། ཁྱོད་་་ ་་༌། ཁྱོད་་་ད་དུང༌། ད་དུང་ཡང་་་ ་་་ད་དུང༌། རེ་སྙེགས་ཀྱི་རྒྱང་ཤེལ་ནང་ནས་མདུན་ལྗོངས་ཀྱི་ཁོར་ཡུག་ཉུལ། ལས་དབང་གི་གྲུ་ཁ་གཏོར་ནས་བག་ཆགས་ཀྱི་སྨིག་རྒྱུ་བཅད། ཕུགས་བསམ་གྱི་ཀོ་གྲུ་བཏང་ནས་གཞན་དབང་གི་གཙང་པོ་བརྒལ། མུན་ནག་གི་ལྕགས་སྒྲོག་གཏོར་ནས་འོད་ཐིག་གི་འཛུམ་མདངས་གོན། འཁྲུལ་སྣང་གི་རྨི་ལམ་དཀྲོགས་ནས་བདེན་དོན་གྱི་ཞིང་ཁམས་འཚོལ། འཇའ་ཚོན་གྱི་གུར་ཁྱིམ་དབྲལ་ནས་གསེར་མདོག་གི་སྟོན་ལྗོངས་ཉུལ། མདུན་ལྗོངས་ཀྱི་བཀག་རྡོ་གཏོར་ནས་ཡབ་མེས་ཀྱི་རྐང་རྗེས་འཚོལ། གངས་སུལ་གྱི་ཁྲག་རྗེས་ལ་བདེན་ཁའི་མིག་ཆུ་སྦྱིན། མེས་པོ་ཚོའི་བརྩེ་མདངས་ལ་འཛུམ་ཀོང་གི་མཚར་ཁ་རྒོད། འདི་ཀོ་སྙན་ངག་པའི་དམ་ཚིག་ཡིན་ལ། རྩོམ་པ་པོའི་སྲོག་རྩ་ཡང་ཡིན། ལ་རྒྱ་ཅན་ལ་དམ་ཚིག་དགོས། མཛངས་མའི་ལུས་ལ་སྲོག་རྩ་དགོས། ཀྱེ་གསོན་བྱུང་ངམ། ལྷད་མེད་པའི་རེ་གདུང་གི་རྒྱང་འབོད་འདི། ཐང་གོས་དང་ཆོས་གོས་དབར་གྱི་སྲུབ་ཀ་ནས་འཕུར་བའི་སེམས་མདངས་ཀྱི་མཇལ་དར་དཀར་པོ་འདི། གནམ་རྒན་མོའི་མཐོང་རེག་བཀག་མཚམས་ནས་ཁྱོད་ཀྱི་མགུལ་དུ་འཐེན། ༩ཀྱེ༌། མུན་ཁྲོད་ཀྱི་ལཱ་སྒྲོན། གངས་འདབས་ཀྱི་མེ་ཏོག རྗེས་ནས་སླར་ཡང་མཇལ་ཡོང༌། རྩོམ་རིག་གི་གྲུ་ཁ་ནས་མཇལ་ཡོང༌། ལྟ་གྲུབ་ཀྱི་གྲུ་ཟུར་ནས་མཇལ་ཡོང༌། ལ་རྒྱའི་ལམ་ཆེན་ཐོག་ནས་མཇལ་ཡོང༌། གཞིས་བྱེས་ལག་གདང་སྦྲེལ་བའི་ཉིན་མོ་དེར་མཇལ་ཡོང༌། མིག་ཆུ་དང་དགོད་སྒྲ་འདྲེས་པའི་ཉིན་མོ་དེར་མཇལ་ཡོང༌། བཀྲིས་བདེ་ལེགས། ༢༠༠༥། ༨། ༡༠ ཉིན་སླེ་ལུང་བླ་བྲང་དུ་བྲིས།

རྩོམ་རིག་ལ་སྐུལ་བའི་དྲིལ་བརྡ། རྩོམ་རིག་ལ་དགའ་བའི་གཞིས་བཞུགས་གྲོགས་པོ་ཞིག་ལ་ཕུལ་བ། གྲོགས་པོ་ལགས། གལ་ཏེ་ཁྱོད་རང་རྩོམ་པ་པོ་ཞིག་བྱེད་འདོད་ན། དེ་ནི་འཇིག་རྟེན་འདིའི་བྱ་བཞག་མཐའ་དག་ལས་བཟང་ཤོས་ཡིན་པས། ངས་ཀྱང་ཁྱོད་ལ་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། ཀྱེ། གྲོགས་པོ་ལགས། མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་ལ་རྫོགས་མཐའ་མེད་ཀྱང༌། རྩོམ་རིག་ནི་འཕགས་ཡུལ་གྱི་སྙན་ངག་པ་ཙན྄དྲ་གོ་མིས། གང་ཕྱིར་མཁས་པའི་ལས་གསུམ་ལས། །རྩོད་འཆད་ངག་ལ་མ་ངེས་པ། །སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ། །ཞེས་པ་དང༌། རྗེ་ཙོང་ཁ་པ་ཆེན་པོས། རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌། །ཞེས་པའི་རྩོམ་ཚིག་འདིས་རྩོམ་རིག་གི་འཇིག་རྟེན་ཉུལ་བ་ནི་མཁས་པའི་བྱ་བ་ཀུན་གྱི་ནང་ནས་རབ་དང་ཕུལ་དུ་བྱུང་བར་ངོས་འཛིན་གནང་ཡོད་པས། ནོར་བུའི་རིན་ཐང་ངོ་ཐག་ཆོད་པ་ཞིག་གནང་དགོས། ཀྱེ་གྲོགས་པོ་ལགས། ཁྱོད་རང་རྩོམ་རིག་གི་འཇིག་རྟེན་ཉུལ་ནས་སྒྱུ་རྩལ་དང་ཉམས་འགྱུར་གྱི་ཚེ་སྲོག་འཚོལ་འདོད་ན། གཟབ་དགོས་པ་གཅིག་ཡོད་པ་དེ་ནི། བ་ལང་དང་ར་ལུག་ལ་འཚོ་སྐྱོང་མཁས་པའི་ཕྱུགས་རྫི་སྐོར་གཅིག་གིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ན། །གཞུང་ལུགས་རྣལ་མ་སློབ་པའི་གེགས་བྱེད་ཡིན། ཞེས་པའི་རྗེ་གུང་ཐང་ཚང་གི་སྡོམ་ཚིག་དེ་སྐྱོར་ནས་ཁྱོད་ལ་ཁ་བགྲད་སྣ་བསྙེར་བྱེད་ངེས་ཀྱང༌། ཁྱོད་ཀྱིས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་རྨོངས་ན། །རང་ཉིད་ལྐུུགས་པ་ཆགས་པའི་སྔ་ལྟས་ཡིན། ཞེས་པའི་ཤུགས་བསྟན་གྱི་སྡོམ་ཚིག་དེས་ཁོང་ལ་འཛུམ་མདངས་ཀྱིས་སྣེ་བསུས་དང༌། ཁྱོད་ལ་རྒྱལ་བ་མ་ཕམ་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་ཐོབ་མི་སྲིད། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་འཛིན་ཕྱིར། །བདག་ཉིད་ཀུན་མཁྱེན་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་པའི་གསུང་དབྱངས་སྙན་མོས་མི་མངོན་དགའ་ལྡན་ཆོས་ཀྱི་དབྱིངས་ནས་རྒྱལ་ཁའི་བདེན་དཔང་ཞིག་གནང་ངེས་ལ། ས་པཎ་གྱིས། རང་བླློ་ཤེས་བྱའི་གནས་ལ་མ་བསླབས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང༌། །ཞེས་པའི་རྡོ་རྗེ་ཕ་ལམ་གྱི་ཐོ་བ་ལྕི་མོ་འདིའི་རིན་ཐང་དང་ནུས་ཤུགས་ཀྱིས་ཁྱོད་ལ་བདེན་ཁ་སྦྱིན་པ་མ་ཟད། ཕྲག་དོག་དང་རྨོངས་རྫོང་བརྩེགས་པའི་སེམས་ཁམས་ཀྱི་བྲག་རི་གཏོར་བའི་རྣོ་ལྕགས་ཀྱི་མེ་ལྕེ་ཞིག་ཀྱང་འབར་ངེས། ཀྱེ་གྲོགས་པོ་ལགས། ཚིག་ཕྲད་དང་རྣམ་དབྱེ་ལྟ་ཅི། ཐ་ན་བཅད་མཚམས་དང་སྦྱོར་ཀློག་ལ་རྨོངས་ཤིང༌། ས་རྟགས་དང་རང་མིང་སྨྱུག་རྩེ་ནས་མི་འཐོན་པའི་རིག་པའི་དབང་ཕྱུག་པཎྜིཏ་དེ་ཚོས་ཤེས་བྱའི་གནས་ལུགས་དང་རང་གི་མི་ཚེ་བདེན་པར་མ་གྲུབ་པར་ཐག་བཅད་རྗེས། རང་ཉིད་གང་གི་མཚན་གཞི་ཡིན་པ་མི་མཁྱེན་པས། ཁྱོད་ཀྱིས་ཁོང་ལ་བསྟན་དར་ལྷ་རམས་པས། མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མི་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་པ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དཀའ། །མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ། ། ཞེས་པའི་གཏན་ཚིགས་འདིའི་ཐོག་ནས་རང་ཉིད་གང་གི་མཚན་གཞིར་སོང་བའི་གནས་ལུགས་མཛུབ་སྟོན་ཐེངས་གཅིག་གནོངས་དང༌། ཁྱོད་ལ་ལེགས་གསོལ་གྱི་དངོས་འབུལ་མེད་ཀྱང༌། དགོངས་དག་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་འབོད་སྒྲ་མེད་པའི་སེམས་ཁོང་ནས་འབབ་ངེས། གལ་ཏེ་ཁྱོད་རང་དགུན་གསུམ་གྱི་འཁྱགས་རྒོད་དང་གཙང་འགྲམ་གྱི་རྡོ་ལོག་ལམ་མཁྲེགས་པའི་ཀླད་རྙིང་གི་རྒྱ་རྫོང་ལ་གཏན་ཚིགས་ཀྱི་མེ་སྒྱོགས་ཇི་ཙམ་རྣོ་ཡང་འཐོར་ཞིག་མི་ཐུབ་པར་གཞི་ནས་སུན་སྣང་ཞིག་སྐྱེ་སྲིད་ཀྱང༌། དེ་ནི་ཁྱོད་ཀྱི་ལས་དབང་གི་བགོ་སྐལ་གཅིག་པོ་མིན་ཏེ། དབྱངས་ཅན་མའི་མགྲིན་པ་ལ་འཁྱུད་ཉེས་ནས་ཛམ་བྷ་ལའི་བཀའ་ཆད་ཕོག་པའི་ཁེར་རྐྱང་གི་རྩོམ་པ་པོ་ཞིག་གིས། མངོན་གྱུར་མཛུབ་མོས་སྟོན་ན་མིག་ཟུང་བཙུམས། །ལྐོག་གྱུར་རྟགས་ཀྱིས་སྒྲུབ་ན་རྣ་བ་འགེབས། །ཡིན་ལུགས་ཁད་ཀྱིས་འཚོལ་ན་ཁྲེལ་དགོད་བྱེད། །སྲ་མཁྲེགས་གོར་མའི་ཀླད་རྒྱ་ཅན་དེ་མཚར། །ཞེས་པའི་སྙིང་ཁོང་གི་སུན་སྣང་མཚོན་པའི་ཟིན་ཐོ་ཉིན་དེབ་ལ་བཀོད་མྱོང་བ་དེས་ཁྱོད་ལ་རམ་འདེགས་དང་སེམས་གསོ་ཞིག་གནང་ངེས། ཀྱེ་གྲོགས་པོ་ལགས། ཁྱོད་ཉིད་ཕེབས་སའི་རྩོམ་རིག་གི་ལམ་སྣེ་དེ་ན། རྙིང་ལུགས་མཁྲེགས་འཛིན་གྱི་འགག་འཕྲང་དང༌། དེང་ལུགས་ཨ་གསར་གྱི་གཡང་གཟར་ཤིན་ཏུ་མང་བས། ཁྱོད་ཀྱིས་དུས་རབས་ཀྱི་བྱེས་འབྱོར་སྙན་ངག་པ་སྨྱོན་པའི་མིང་ལ་དགའ་བ་ཞིག་གིས་བྲིས་པའི། གངས་ཅན་རང་མོས་སྲོལ་འབྱེད་དོན་འགྲུབ་རྒྱལ། །སྒྱུ་རྩལ་རིག་པའི་དབང་ཕྱུག་སྨན་བླླ་སྐྱབས། །རྩོམ་རིག་དབུ་མའི་ལམ་སྟོན་འཇུ་སྐལ་བཟང༌། །ཨ་མའི་བུ་རྒོད་གསུམ་ལ་གསོལ་བ་འདེབས། ། ཞེས་པའི་དྲན་རྟེན་གྱི་སྡོམ་ཚིག་འདི་ཉིད་ལམ་ཡིག་མཛད་ནས། གནའ་རབས་མཁས་པ་ཚོར་ཁྲེལ་དགོད་དང༌། དེང་རབས་སྒྱུ་རྩལ་བ་ཚོར་མཐོང་ཆུང་མེད་པའི་ལམ་ཕྲན་དེ་བརྒྱུད་ནས་ཕེབས་དང༌། ཁྱོད་ཉིད་རྩོམ་རིག་གི་ཞིང་ཁམས་ལ་སླེབས་ངེས་ལ། སྒྱུ་རྩལ་གྱི་དགའ་མ་ལ་འཐམ་འཁྱུད་ཀྱང་བྱེད་ནུས་པས། དེ་དུས་ཁྱོད་ཀྱིས་སྙིང་ཁྲག་དང་མིག་ཆུ་བསྲེས་པའི་རྩོམ་བྲིས་རེ་རེས་འཇིག་རྟེན་ཟླུམ་པོ་འདིའི་གསང་བ་བརྟོལ་ནས་ཨ་མེས་དང་ཡང་མེས་ཚོའི་གདོད་མའི་བླླ་སྲོག་དང་ཞབས་རྗེས་རྙེད་པ་ཡིན་ལ། འཛམ་གླིང་ཟླུམ་པོ་འདིའི་ཆགས་འཇིག་ཀྱི་དབྱངས་རྟར་སྐྱོན་པའི་རྩོམ་པོའི་རུ་སྣེ་དེར་ཚུད་པ་ཡིན། ཀྱེ་གྲོགས་པོ་ལགས། འཇིག་རྟེན་འདིར་མཐོང་ཚད་འཁོར་བའི་འཆིང་རྒྱ་དང་ཐོས་ཚད་ཐར་བའི་བཀག་རྡོར་འཛིན་པའི་དཔུང་སྡེ་ཁྱུ་གཅིག་གིས། ཁྱོད་ལ་ལྟས་ངན་དང་ལྟ་ལོག ཀླ་ཀློ་དང་ཆོས་མེད། འདུ་འཛི་དང་ཆོ་མེད་སོགས་ཀྱི་ཁ་དམག་བྱ་རྒོད་འཚུབ་པ་ལྟར་རྒྱག་ངེས་ཀྱང༌། དགེ་ཆོས་སྨྱོན་པས། གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར། རིག་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག ། ཅེས་པའི་བཟི་གཏམ་གྱི་ལེགས་བཤད་འདི་བཙན་རྫོང་མཛོད་དང༌། ཁྱོད་ཀྱི་དམ་བཅའི་ཚེ་སྲོག་ལ་གཞོམ་གཞིག་མི་ནུས་པ་མ་ཟད། གང་ལའང་སྙིང་པོ་མེད་པར་ལྟ་བའི་མཐའ་མཇུག འཇིག་རྟེན་འདིར་སྙིང་པོ་ཡོད་པའི་བྱ་བཞག་སྣ་གཅིག་ཀྱང་བསྟན་རྒྱུ་མེད་པར་མི་ཚེའི་རིན་ཐང་སྟོང་པ་ཉིད་ལ་ཐིམ་པའི་ཕམ་ཁའི་རྡོག་ཁྲེས་ལྕི་བོ་ཞིག་ཁུར་ནས་མི་ཡུལ་གྱི་འཇིག་རྟེན་འདིར་གྱེས་མཇལ་བྱེད་སའི་ལམ་སྣེ་དེ་ནས་ཁྱོད་ལ་སླར་ཡང་ཁ་བཏགས་དང་མཎྜལ་མེད་ཀྱང་ནོངས་འགྱོད་ཀྱི་བཤགས་སྡོམ་ཞིག་འབུལ་སྲིད། ཀྱེ་གྲོགས་པོ་ལགས། ཁྱོད་རང་རྩོམ་པ་པོའི་དཔུང་སྡེ་ལ་ཞུགས་པའི་ཉི་མ་དེ་ནས་ཁྱོད་ཀྱི་ཕྱག་ཏུ་སྒྱུ་རྩལ་དང་ཚོར་བ་བརྡར་བའི་སྨྱུ་གུའི་མཚོན་ཆ་ཞིག་ཐོབ་པས། དེ་ནས་བཟུང་ཁྱོད་ཀྱིས་སྤྱི་ཚོགས་དང་ཁོར་ཡུག་གི་སྐྱོན་ཡོན་ཡོ་སྲོང་དང༌། དགེ་འདོན་སྐྱོན་སེལ། གོ་སྐོན་ར་སྤྲོད། སྙིགས་འདོར་བཅུད་ལེན་སོགས་ཀྱི་ཆེད་དུ་རང་གི་ཚེ་སྲོག་དང་ཟུངས་ཁྲག་གཏའ་མ་ལ་བཞག་ནས་མདུན་མཆོང་གནང་བ་ལས། སྒེར་དོན་གཅེས་འཛིན་དང༌། ངོ་དགའ་སྤྲེལ་ལད། རང་རྒྱལ་གཞན་ཕམ་སོགས་ཀྱི་བྱང་ཐང་གི་ཁ་བའི་སླུ་བྲིད་དང༌། བྱེ་ཐང་གི་སྨིག་སྒྱུའི་གཡོ་འཕྲུལ་ལ་རེ་བཅོལ་དང་ཡིད་ཆེས་རྨི་ལམ་དུ་ཡང་གནང་མི་ཉན། སྨྲ་བརྗོད་དང་རྩོམ་རིག་གི་རང་དབང་འདིའི་ཆེད་དུ་རང་གི་ཟུངས་ཁྲག་དམར་པོས་གཤིན་ཐང་བརླན་མྱོང་བའི་གདོང་མཆོང་གི་གསར་བརྗེའི་སྙན་ངག་པ་ལུའུ་ཞུན་གྱིས། དབང་འཛིན་པའི་དགྲ་བོ་ལྟེ་བ་དེ་རྩོམ་པ་པོ་ཡིན། ཞེས་པའི་གཏན་ཚིགས་འདི་ཁྱོད་ཀྱི་སྨྱུག་རྩེ་དང་ཁ་བྲལ་ཐབས་མེད་པའི་རྩ་ཚིག་ཡིན་ལ། དེ་ནི་རྩོམ་པོའི་ཚེ་སྲོག་དང་འབྲེལ་བའི་དབང་རྩ་ཞིག་ཀྱང་ཡིན་པས། ཁྱོད་ཀྱིས་སྨྱུག་རྩེའི་མེ་མདའ་ཁ་ཕྱོགས་གང་ལ་གཏད་དགོས་པའི་ལམ་སྟོན་ཀྱང་ཡིན་ནོ། ། ཀྱེ་གྲོགས་པོ་ལགས། སླད་ནས་མཇལ་ཡོང༌། སྒྱུ་རྩལ་དང་ཚོར་བ་བརྡར་བའི་ཞིང་ཁམས་ནས་མཇལ་ཡོང༌། སྙིང་ཁྲག་དང་མིག་ཆུས་བརླན་པའི་སྨྱུག་རྩེ་ནས་མཇལ་ཡོང༌། བདེན་རྫུན་གྱི་དབྱེ་མཚམས་དང་ལོ་རྒྱུས་ཀྱི་མཇུག་སྣེ་ནས་མཇལ་ཡོང༌། མིག་ཆུ་དང་དགོད་སྒྲ་བསྲེས་པའི་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་དེར་མཇལ་ཡོང༌། ཅིས་ཀྱང་མཇལ་ཡོང༌། ཀྱེ་གྲོགས་པོ་ལགས། བཀྲ་ཤིས་བདེ་ལེགས། །༼ལྡུམ་ར༽། ཐོག་བཀོད། རྩོམ་རིག་ལ་དྲན་གསོ་དང་སྐུལ་འདེད་ཅུང་ཟད་ཡོང་སྲིད་སྙམ་ནས་འདིར་མཇུག་བྱང་གི་ཚུལ་དུ་བཀོད། སྔོན་གླེང་ཚིག་གསུམ། ཁོ་བོས་བྲིས་པའི་སྙན་ངག་ཐར་ཐོར་ཁག་ཅིག་ཕྱོགས་བསྡོམས་བྱས་པའི་དེབ་ཆུང་༼གངས་ལྷ་སྒེག་མོའི་སྤྱན་ཆབ༽དང༌། ༼གངས་ལྷ་སྒེག་མོའི་ངུ་རྒྱངས༽འདི་གཉིས། གྲོགས་པོ་འགའ་ཞིག་གིས་སྔ་ཕྱིར་བརྒྱུད་སྐུལ་གནང་བས་སེམས་ཤུགས་བསྐྱར་མ་ཞིག་འཕར་ནས་གློག་ཀླད་དུ་བསྡེབས་སྒྲིག་བྱས་པ་ཡིན། དེང་སང་གད་སྙིགས་ལྕགས་སྒམ་དང་ནོར་གླིང་ཁྱི་རྔ་ཡན་ཆད་ལ་སྙན་རྩོམ་དེབ་ཆུང་གིས་ཁྱབ་པའི་རྐྱེན་གྱིས་ཀློག་པ་པོ་མང་ཆེ་བ་ཞིག་སུན་སྣང་སྐྱེས་པའི་སྒང་དུ་མཁྲིས་པའི་ནད་ལ་ཞག་རྩིའི་ཞལ་ཏོག་ལྟར་འཚམས་པོ་རང་ཞིག་ཡོད་མེད་མི་ཤེས་མོད། གཅིག་བྱས་ན་བྱ་མེད་སར་ཀུ་རུས་ནམ་ཚོད་གཟུང་བའི་དཔེ་ལྟར། འཛམ་གླིང་རྒྱལ་ཁམས་གང་སར་ཡོད་པའི་བོད་ཀྱི་རྩོམ་རིག་སྤྱི་དང་ལྷག་པར་སྙན་ཚིག་ལ་དོ་སྣང་གནང་མཁན་མི་ཉུང་བ་ཞིག་ལ་ནད་ཐོག་སྨན་དང༌། དུས་ཐོག་ཆར་པའི་དཔེ་ལྟར། སྐབས་དང་དུས་ལ་འཁེལ་བའི་རྩོམ་དཔེར་གཟིགས་ས་ཞིག་ཏུ་འགྱུར་སྲིད་ཀྱང་སྙམ། སྙན་རྩོམ་འདི་དག་ཕལ་ཆེ་བ་དེ་སྔོན་དུས་དེབ་ཐོག་བཏོན་ཟིན་པ་ཤ་སྟག་ཡིན་ཞིང༌། དེ་དག་ལས་ཕལ་ཆེ་བ་ཞིག་ལ་ཀློག་པ་མི་ཉུང་བ་ཞིག་གིས་ཡིག་ངག་ཅི་རིགས་པའི་ཐོག་ནས་དགའ་གསུ་ཐོབ་མྱོང་བས། ཨ་ཁུ་སྟོན་པ་དོང་ཁ་ནས་ཐེངས་གཉིས་འཕག་པའི་གཏམ་རྒྱུད་ལྟར། སླར་ཡང་ཕྱོགས་བསྒྲིགས་ཀྱིས་དེབ་ཆུང་བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་༼གངས་ལྷ་སྒེག་མོའི་སྤྱན་ཆབ་༽༡༩༩༦་་་༢༠༠༠དང༌། ༼གངས་ལྷ་སྒེག་མོའི་ངུ་རྒྱངས༽ ༢༠༠༡་་་༢༠༠༥ཞེས་བཏགས་ནས་བཏོན་ཁུལ་བྱས་པ་ཡིན། སྙན་ངག་ནི་རྩོམ་པ་པོའི་བསམ་བློའི་འོག་འགྱུ་དང་འགྲོགས་པའི་སྒྱུ་རྩལ་ཙམ་ཞིག་ཡིན་པས། གལ་ཏེ་མི་སྣ་སུ་ཞིག་གི་སྐྱོན་མཚང་དང་འབྲེལ་བའི་ངན་སྲོལ་ཐེར་འདོན་བྱུང་ཡོད་ན་དགོངས་དག་ཞུ་རྒྱུ་ལས། རྩོམ་པ་པོ་ལ་སྐུ་སྲུང་དང་དམག་སྡེ་གང་ཡང་མེད་པས་མཚོན་ཆའི་གཡུལ་སར་ནམ་ཡང་ཞུགས་རྩིས་མེད། སྙན་ངག་པ་ཤི་གསོན་གྱི་འགག་འཕྲང་གང་དུ་སླེབས་ཀྱང་སྨྱུ་གུ་འདི་ཉིད་ལ་མཚོན་ཆ་རང་གི་འདུ་ཤེས་བཟུང་ནས་བསམ་བློའི་གཡུལ་སར་ཞུགས་རྒྱུ་ལས་ཁ་གཡང་དང་བསྟོད་བསྔགས་ཀྱི་འཇའ་རིས་ལ་ནམ་ཡང་འཇུ་རྩིས་མེད། སྙན་ངག་ནི་སྒྱུ་རྩལ་བའི་སྟོང་འཆར་གྱི་རི་མོ་དང་འདྲེས་པའི་སྣང་བརྙན་ཙམ་ཡིན་པས་མིག་མཐོང་ལག་ཟིན་གྱི་བདེན་དཔང་དགོས་པའི་ངེས་པའང་མེད་ལ། སྙན་ངག་པའི་ཚོར་བའི་གཡང་ས་དང་སྨྱུ་གུའི་མཚོནརྩེར་མཆོང་ནུས་མཁན། གསེར་སྒྲོམ་རྒྱབ་ཏུ་ཁུར་བའི་གླང་ཆེན་གྱི་རུ་བསྟར་བསྒྲིགས་མཁན་སུ་ཞིག་ཡོད་ནའང་དེ་དག་ལ་ཕྱིར་ཀྱེད་དང་གཡོལ་ཐབས་དགོས་དོན་གང་ཡང་མེད། དེབ་འདིའི་ནང་གི་སྙན་ཚིག་མང་པོ་ཞིག་ལ་ཀློག་པ་པོ་མི་ཉུང་བ་ཞིག་གིས་སྔ་ཕྱི་རིམ་བརྒྱུད་ཀྱིས་ཡིག་ངག་གཉིས་ཐོག་ནས་ལེགས་གསོལ་གྱི་ཁ་གཡང་དང་བསྔགས་བརྗོད་ཐེངས་མང་འབྱོར་པའི་མ་ཕྱི་ཁག་མི་ཉུང་བ་ཞིག་རང་ལག་ཏུ་ཡོད་ཀྱང༌། རེ་ཞིག་དེ་དག་དེབ་ཆུང་འདིའི་ཐོག་བཀོད་མེད། ཁ་ཐེབས་མེད་པའི་གྲྭ་རྐྱང་ཉམ་ཆུང་ཞིག་གིས་སྟོབས་འབྱོར་ཁ་དྲག་དབང་ཤུགས་བཙན་པོའི་སྐྱེ་བོ་སུ་ཞིག་ཀྱང་མགུ་བ་བསྐྱེད་པའི་རེ་སྟོང་གི་རྨི་ལམ་ནམ་ཡང་གཏོང་ཐབས་མི་འདུག་པས། དེ་བས་དེབ་ཆུང་འདི་ཉིད་རིགས་མཐུན་ཉམ་ཆུང་ཐོས་པས་ཕྱུག་པའི་ཀློག་པ་པོ་ཚོར་ལེགས་སྐྱེས་སུ་ཕུལ་བ་ལྟར་བརྩེ་གཟིགས་གནང་ཞུ་དང༌། ལེགས་ཉེས་བླང་དོར་གྱི་དགོངས་འཆར་ཡང་ངེས་གནང་མཛད་རོགས། ཁ་དྲོ་བཀྲ་ཤིས། བེ་རི་འཇིགས་མེད་ཀྱིས་ 2005/12/15/ ཉིན་བྲིས། ཐུགས་རྗེ་ཆེ་ཞུ། ༼གངས་ལྷ་སྒེག་མོའི་སྤྱན་ཆབ་༽འདི་བཞིན་གློག་ཀླད་དུ་འཇུག་མཁན་དང་ཞུ་དག་གནང་མཁན་སོགས་འབྲེལ་ཡོད་ལྟོས་བཅས་ཀུན་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གངས་ལྷ་སྒེག་མོའི་ངུ་རྒྱང༌། རྩོམ་པ་པོ། བེ་རི་འཇིགས་མེད་དབང་རྒྱལ། གློག་ཀླད་དུ་འཇུག་མཁན། ཐུབ་བསྟན་དང་བདེ་སྐྱིད། ཞུ་དག་གཏོང་མཁན། སྟག་བུ་ནམ་མཁའ། རོང་པོ་དཀོན་མཆོགདཔལ་ལྡན་རྣམ་རྒྱལ། བསོད་ནམས་རྡོ་རྗེ། རྒྱབ་ཤ་ཇུས་འགོད་པ། ཕུན་བཀྲ། པར་ངོས་ཇུས་འགོད་པ། བེ་རི་འཇིགས་མེད། དཔེ་བསྐྲུན་བྱ་ཡུལ། ལྡི་ལི་ཨ་ཆ་ན་པར་ཁང༌། པར་གཞི་དང་པོ། སྤྱི་ལོ་ ༢༠༠༥ ལོར་བསྒྲིགས། པར་ཐེངས་དང་པོ། ༢༠༠༦ ལོ་ཟླ་བ ༡ ནང་བརྒྱབ། འདོན་ཐེངས་དང་པོ་ཚར་གྲངས ༥༠༠ ཐམ་པ། དེབ་རེར། ཧིན་སྒོར་༥༠ ཨ་སྒོར་ ༢བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ། གངས་ལྷ་སྒེག་མོའི་ངུ་རྒྱང༌། རྩོམ་པ་པོ། བེ་རི་འཇིགས་མེད་དབང་རྒྱལ། ༢༠༠༡ ། ༢༠༠༥