Jump to content

Wb/bo/བེ་རི་འཇིགས་མེད་ཀྱི་རྩོམ་དེབ་ར྄ྒ྄ྱལ་པཎ་གཉིས།

From Wikimedia Incubator
< Wb | bo
Wb > bo > བེ་རི་འཇིགས་མེད་ཀྱི་རྩོམ་དེབ་ར྄ྒ྄ྱལ་པཎ་གཉིས།

གངས་ཅན་འགྲོ་བའི་ལྷ་སྐལ་རྒྱལ་དབང་སྐུ་རབས་ཕྲེང་བ་ རིམ་བརྒྱུད་ཀྱི་རྣམ་ཐར་རགས་ཙམ་གླེང་བ།

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ།


༡ རྒྱལ་དབང་སྐུ་ཕྲེང་རིམ་བྱོན། སྲིད་གསུམ་འགྲོ་བའི་མགོན་སྐྱབས་གངས་ཅན་བོད་ཀྱི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨཱུ་ཉིད། མདོ་རྒྱུད་བསྟན་བཅོས་དུ་མ་དང༌། ལྷག་པར་བཀའ་ཆེམས་ཀ་ཁོལ་མ་དང༌། མ་ཎི་བཀའ་འབུམ་སོགས་སྔོན་བྱོན་ཆོས་རྒྱལ་མེས་དབོན་དམ་པ་ཚོས་ལུང་གིས་ཡང་ཡང་བསྔགས་པ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི། ལུས་ཅན་འགྲོ་བ་སྤྱི་དང༌། སྒོས་གངས་ཅན་བོད་ཀྱི་ཞིང་ཁམས། ཐུབ་བསྟན་སྤྱི་དང་ཡང་སྒོས་རི་བོ་དགེ་ལྡན་པ། ལྷག་དོན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་བཅས་ལ་གཟིགས་པ་དུས་ལས་གཡོ་བ་མེད་པའི་མཛད་པ་དང་འཕྲིན་ལས་བཟང་པོས་ཡོངས་སུ་བསྐྱངས་པའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་ཤིན་ཏུ་འགངས་ཆེ་བས་མཐའ་དག་པ་བརྗོད་པས་མི་ལང་ཡང༌། འདིར་སྐུ་རབས་ཕྲེང་བ་རིམ་བྱུང་གི་རྣམ་པར་ཐར་པ་འོལ་སྤྱི་ཙམ་བརྗོད་པར་འདོད་དེ། དེ་ཡང་དབུས་འགྱུར་རྒྱ་གར་འཕགས་ཡུལ་དུ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲགས་ཆེ་བ་སོ་དྲུག་དང༌། བོད་རྗེ་ཆོས་རྒྱལ་གྲགས་ཆེ་བ་བཅུ། པཎ་གྲུབ་གྲགས་ཆེ་བ་བཅོ་ལྔ་སོགས་སྐུ་རབས་སྔོན་གྱི་རྣམ་པར་ཐར་པ་ཤིན་ཏུ་འགངས་ཆེ་བ་ནི་གཞན་དང་གཞན་དུ་ཤེས་པར་བྱ་ཤིང༌། འདིར་དེ་དག་གི་སྐྱེ་ཕྲེང་ཕྱི་མ་འཛིན་པའི་རྗེ་དགེ་འདུན་གྲུབ་པ་ནས་ཉེ་བར་བཟུང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚཱུའི་བར་གྱི་སྐུ་རབས་ཕྲེང་བ་རིམ་བྱོན་གྱི་རྣམ་ཐར་རགས་ཙམ་བརྗོད་ན།

སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ། སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་ནི། གཙང་ས་སྐྱའི་འདབས་སྲད་ལུང་དུ་ཡབ་མགོན་པོ་རྡོ་རྗེ་དང༌། ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག་༡༣༩༡ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་མཚན་ལ་པདྨ་རྡོ་རྗེ་གསོལ། དགུང་ལོ་བདུན་པའི་ཐོག་སྣར་ཐང་དགོན་དུ་ཕེབས་ཏེ་དཔལ་སྣར་ཐང་དགོན་པའི་མཁན་རབས་བཅུ་བཞི་པ་ཆོས་རྗེ་གྲུབ་པ་ཤེས་རབ་ཀྱི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བླངས། གཙུག་ལག་སྨྲ་བ་བརྒྱ་སྟོན་ཙབྷ་པ་སོགས་ལས་རྒྱ་བོད་ཀྱི་ཡིག་རིགས་མཐའ་དག་གི་འབྲེི་ཀློག་དང་ལུང་སྟོན་པའི་གཞུང་ལ་མཁས་པར་བསླབས། དགུང་ལོ་བཅོ་ལྔ་པར་ཆོས་རྗེ་གྲུབ་པ་ཤེས་རབ་དང༌། ཆེན་པོ་བློ་ལྡན་པ་གཉིས་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་དགེ་འདུན་གྲུབ་པ་གསོལ་ཞིང༌། ཕྱིས་སུ་རྗེ་རང་གིས་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་ཞེས་པ་བསྣན། ཚད་མ་རྣམ་འགྲེལ་གྱི་གཞུང་ལ་འགྲན་ཟླ་མེད་པའི་མཁས་པར་བསླབས། དགུང་ལཱུ་ཉི་ཤུ་བར་གོང་གསལ་བླ་མ་གཉིས་ལས་ཡོངས་རྫོགས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་ལྔ་པར་དབུས་ཀྱི་ཁྲ་འབྲུག་ཐང་པོ་ཆེར་སོགས་སུ་ཕེབས་ཏེ་ངོར་པ་ཀུན་བཟང་པ་དང༌། རོང་སྟོན་པ་ལས་བྱམས་ཆོས་སྐོར་རྒྱ་ཆེར་གསན། ལྷག་པར་བཀྲིས་དོ་ཁར་རྗེ་རིན་པོ་ཆེ་དང་མཇལ་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེན་པོ་གསན་ཞོར་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང༌། གསང་ཕུར་ལོ་གསུམ་བཞུགས། དགུང་ལོ་ཉེར་བདུན་པར། འབྲས་སྤུངས་དགོན་དང༌། སེ་ར་ཆོས་སྡིངས་སོགས་སུ་བྱོན། དམར་སྟོན་པ་དང་རྒྱ་རིན་པ་ལས་འདུལ་མངོན་གྱི་གཞུང་ལུགས་རྒྱ་ཆེར་གསན། སྔ་ཕྱི་བསྡོམས་པས་དབུས་སུ་མི་ལཱུ་ཧྲིལ་པོ་བཅུ་གཉིས་རིང་བཞུགས། སྣར་ཐང་མཁན་ཆེན་གྲུབ་པ་ཤེས་རབ་དང༌། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ་སོགས་སྔ་ཕྱིར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་དྲུག་ཅུ་ལྷག་ཙམ་བསྟེན་ནས་མདོ་སྔགས་གཞུང་ལུགས་མན་ངག་དང་བཅས་པར་མཁས་པའི་འགྲན་ཟླ་བརལ་བར་གྱུར། དགུང་ལོ་སོ་དྲུག་པར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་སྣར་ཐང་དང༌། རྟ་ནག བྱང་ཆེན། རི་ཁུད་རྣམས་སུ་རིམ་གྱིས་བྱོན་ཏེ་འཆད་མཉན་རྒྱ་ཆེར་སྤེལ། འཇུག་ཊིའཀ་དང༌། རྣམ་འགྲེལ་ཊིའཀྐ། རྩ་ཤེའི་རྣམ་བཤད་རིན་ཆེན་ཕྲེང་བ། ཚད་མ་རིགས་པའི་རྒྱན། འདུལ་བའི་གླེང་འབུམ། སོ་ཐར་ཊིའཀྐ། འདུལ་ཁྲིམས་ཀྱི་བཅའ་ཡིག་ཆེན་པོ། གཞན་ཡང་སྟོན་པ་དང་འཕགས་བོད་ཀྱི་མཁས་གྲུབ་དུ་མ་དང་ལྷག་པའི་ལྷ་དུ་མའི་བསྟོད་ཚོགས་སོགས་དཔྱད་པས་དག་པའི་ལེགས་བཤད་ཆོས་ཚན་ཤིན་ཏུ་མང་པོ་འདུས་པ་པོད་ཆེན་བདུན་ཙམ་ལྗགས་རྩོམ་མཛད། གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་བོ་དོང་འཇིགས་མེད་གྲགས་པ་དང་མཇལ་ནས་མདོ་སྔགས་ཀྱི་དཀའ་བའི་གནད་དུ་མའི་སྐོར་ཕན་ཚུན་དྲིས་ལན་མཛད་པས། བོ་དོང་བས་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཕུལ། དེ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཟུར་དུ་ཐམས་ཅད་མཁྱེན་པ་ཞེས་སྦྱར་བའི་སྲོལ་བྱུང༌། དགུང་ལོ་ང་བདུན་པར་༡༤༤༧ བཀྲིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ། ཐུབ་བསྟན་སྤྱི་དང་ཡང་སྙིང་འཇམ་མགོན་ཙོང་ཁ་པ་ཆེན་པཱུའི་གསེར་སྦྱངས་གཙོ་མ་ལྟ་བུའི་བསྟན་པ་འདི་ཉིད་ལ་འཕྲིན་ལས་ཕ་མཐའ་བརལ་བ་བྱུང་བས། རྗེའི་དངོས་སློབ་ཀྱི་ཁྲོད་ནས་མཛད་འཕྲིན་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་བགྲང་བ་ཡིན་ནོ། །མཐར་དགུང་ལོ་བརྒྱད་ཅུ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ་༡༤༧༤ལོར་བོད་ཟླ་གཉིས་པའི་ཚེ་བརྒྱད་ཀྱི་ཐོ་རངས་དགོངས་པ་ཆོས་དབྱིངས་སུ་ཐིམ།

རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚཱུ་ནི། གཙང་གཡས་རུ་རྟ་ནག་ཏུ་ཡབ་ཀུན་དགའ་རྒྱལ་མཚན་དང༌། ཡུམ་ཀུན་དགའ་དཔལ་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་རབ་བྱུང་བརྒྱད་པའི་མེ་སྤྲེལ་༡༤༧༦ལོར་སྐུ་བལྟམས། སྐུ་ན་ཕྲ་དུས་མཚན་ལ་སངས་རྒྱས་འཕེལ་ཞེས་གསོལ། ཆུང་དུས་ནས་རང་ཉིད་རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་ཡིན་པ་གསལ་པོ་གསུང༌། དགུང་ལོ་གསུམ་བཞི་ནས་ཤོ་མ་ལུང་རི་ཁྲོད་དུ་ཡབ་ཀྱི་དྲུང་ནས་ཡི་གེ་འབྲེི་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པ་ལ་ཕེབས་པ་ན། བཀྲས་ལྷུན་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པཱུའི་ཡང་སྲིད་དུ་ངོས་འཛིན་གནང༌། འདི་ཉིད་དགེ་ལྡན་པའི་ཁྲོད་ནས་སྤྲུལ་སྐུའི་ངོས་འཛིན་ཐོག་མ་དེ་ཡིན། དགུང་ལོ་བཅུ་པའི་ཐོག་བཀྲིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་བའི་མཚན་ལ་དགེ་འདུན་རྒྱ་མཚོ་གསོལ། ཚད་མ་རྣམ་འགྲེལ་བློ་རྒྱུགས་སྤྲོད་དེ་གཞུང་ཆེན་ཁག་ལ་སློབ་གཉེར་གྱི་དབུ་ཚུགས། ལོ་དེར་གནས་རྙིང་ཀུན་དགའ་བདེ་ལེགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་བར་དུ་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་ཀྱི་དྲུང་ནས་དབུ་ཕར་གྱི་གཞུང་ལ་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་པར་གནས་རྙིང་ཆོས་རྗེས་གདན་འདྲེན་ཞུས་པ་ལྟར། གནས་རྙིང་དགོན་སོགས་སུ་ཆོས་འཁོར་རྒྱ་ཆེར་བསྐོར། པཎ་ཆེན་ཡེ་རྩེ་བའི་སློབ་མ་འགའ་ཞིག་གིས་ཕྲག་དོག་གིས་དཔོན་སློབ་བར་དུ་ཕྲ་མ་བཅུག་པ་ལས་པཎ་ཆེན་ཡེ་ཤེས་རྩེ་མཱུ་ཉིད་ཀྱིས་རེ་ཞིག་ཐུགས་མི་མཉེས་པ་ཆེན་པོ་གནང་བ་དང༌། དགུང་ལོ་བཅུ་དགུ་པར་འབྲས་སྤུངས་ཆོས་རྗེ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་གདན་དྲངས་པ་ལྟར་དབུས་ཕྱོགས་སུ་ཕེབས། ཆོས་རྗེ་པའི་དྲུང་ནས་གཞུང་ཆེན་དུ་མར་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་ཉེར་གཅིག་པར་གནས་རྙིང་ཆོས་རྗེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་ལ་པཎ་ཆེན་ཕྱོགས་ལྷ་འོད་ཟེར་གྱིས་གདན་དྲངས་པ་ལྟར་འཕྱོངས་རྒྱས་རི་བོ་བདེ་ཆེན་དུ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ལ་བརྟེན་ནས་སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་པས་གཟིགས་སྐྱོང་རྒྱ་ཆེར་གནང༌། རྩེ་ཐང་འཁྱམས་ར་ཆེན་པོར་རྗེ་ཙོང་ཁ་པའི་ལྡེབས་རིས་བཞེངས་ཤིང་དགའ་ལྡན་ལྔ་མཆོད་ཀྱི་རྒྱུན་སྲོལ་བཙུགས། དགུང་ལོ་ཉེར་ལྔ་པར་ལྷ་སར་ཕེབས་ནས་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུ་མནོས། དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་མེ་སྦྲུལ་༡༥༠༩ལོར་པར་གཙང་ཕྱོགས་དང་ཆོས་འཁོར་རྒྱལ་དུ་ཕེབས། ཆོས་རྒྱལ་ཨ་མོ་གྷས་སྦྱིན་བདག་མཛད་པ་ལ་བརྟེན་ནས། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཆེན་པོ་རྨང་གཏིང་སྟེ་ལོ་གསུམ་ནས་ལེགས་གྲུབ་བྱུང༌། དགུང་ལོ་སོ་བདུན་པར་ལྷ་མཱུའི་བླ་མཚོའི་གནས་སྒོ་ཕྱེས། དཀར་པོ་ཀུན་གྲགས་པས་གདན་དྲངས་པ་ལྟར་བསམ་ཡས་ཞིག་གསོ་གྲུབ་པའི་རབ་གནས་གནང༌། པཎ་ཆེན་ཡེ་ཤེས་རྩེ་མོས་གདན་དྲངས་ནས་བཀའ་ཕེབས་པ་ལྟར་བཀྲིས་ལྷུན་པཱུའི་ཁྲི་བ་མཛད། དགུང་ལོ་ཞེ་གཉིས་པར། བཀྲས་ལྷུན་ཐོས་བསམ་གླིང་གི་བློ་བཟང་བཤེས་གཉེན་དང༌། བཀྲས་ལྷུན་ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ཁྲི་ཚབ་ཏུ་བཞག་ནས་འབྲས་སྤུངས་སུ་ཕེབས། དགུང་ལོ་ཞེ་གསུམ་པ་ནས་འབྲས་སྤུངས་ཁྲི་བ་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་གསར་དུ་བཙུགས་ཏེ་མི་ལཱུ་ཧྲིལ་པོ་དགུ་བཅུ་གོ་གཅིག་རིང་བསྟར་ཆགས་སུ་ཚུགས་ཀྱང༌། སྡེ་སྲིད་རིན་སྤུངས་པའི་སྐབས་ནས་མི་ལོ་བཅུ་དགུའི་རིང་གསང་ཕུ་ར་སྨད་དང་ཀརྨ་པ་སོགས་ཀྱི་སྨོན་ལམ་ཚོགས་ཏེ་དགེ་ལྡན་པའི་སྨོན་ལམ་ཚོགས་རྒྱུན་བཅད་པ་རྣམས་ཕག་གྲུ་གོང་མར་ལྷ་ལྡན་དུ་སེར་འབྲས་གཉིས་སྨོན་ལམ་ཚོགས་རྒྱུན་སྐྱར་གསོ་ཆོག་པའི་སྙན་ཞུ་གནང་དོན་ལྟར་བཀའ་འཁྲོལ་བྱུང་སྟེ། དེ་བཞིན་སྨོན་ལམ་ཆེན་པོ་བསྐྱར་གསོ་ཐོག་ཚོགས་དབུར་ཕེབས། ཕག་གྲུ་བས་འབྲས་སྤུངས་ལ་ཡོད་པའི་རྡོ་ཁང་སྔོན་པོ་ཕུལ་བར་རྟེན་འབྲཻལ་གྱི་ཆེད་ཁང་པ་དེར་དགའ་ལྡན་ཕོ་བྲང་དུ་བཏགས་པ་དུས་ཕྱིས་ྋགོང་ས་ལྔ་པས་བོད་ཀྱི་སྲིད་གཞུང་སྐྱོང་དུས་བླ་བྲང་གི་གཟིམ་ཁང་མིང་སྲིད་གཞུང་ལ་བཏགས་ཏེ་ད་ལྟའི་བར་དུ་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་འདི་བྱུང་བ་ཡིན་ནོ། །དགུང་ལོ་ང་དགུ་པར་སེ་རའི་མཁན་ཁྲིར་ཕེབས། དགུང་ལོ་རེ་དྲུག་པར་འོན་མངའ་རིས་གྲྭ་ཚང་དུ་ཆོས་གྲྭ་གསར་དུ་བཙུགས། རྒྱུན་ལྡན་དགུན་དཔྱིད་གཉིས་འབྲས་སྤུངས་དང༌། དབྱར་སྟོན་གཉིས་ཆོས་འཁོར་རྒྱལ་དུ་བཞུགས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་བསྟན་པ་སྤྱི་དང་འཇམ་མགོན་བླ་མའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དགུང་ལོ་རེ་བདུན་པ་རབ་བྱུང་དགུ་པའི་ཆུ་སྟག་༡༥༤༢ལོའི་བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་སྐུ་ཞི་བར་གཤེགས། སྐུ་གདུང་གདུལ་སྡོང་རིན་པོ་ཆེ་འབྲས་སྤུངས་ཚོགས་ཆེན་དུ་བཞུགས། དྲང་ངེས་བཀའ་འགྲེལ་སོགས་གཞུང་ཆེན་མཱུའི་འགྲེལ་བ་དང༌། བསྟོད་ཚོགས་སོགས་ལེགས་བཤད་པོད་ཆེན་ལྔ་ཙམ་མཛད། གསུང་ལས་སྐྱེས་པའི་སློབ་མ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བསྐྱངས།

རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚཱུ་ནི། སྟོད་ལུང་དུ་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང༌། ཡུམ་དཔལ་འཛོམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ཡོས་༡༥༤༣ལོའི་བོད་ཟླ་དང་པཱུའི་ཚེས་བཅོ་ལྔ་ཉིན་ཡ་མཚན་པའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཕྲ་དུས་མཚན་ལ་སྲིད་ཆོད་དཔལ་བཟང་ཞེས་གསོལ། དགུང་ལོ་གསུམ་པར་སྐྱོར་ལུང་དགོན་གྱི་གནས་བརྟན་ཟླ་བཟང་སོགས་ཀྱིས་རྒྱལ་མཆོག་དགེ་འདུན་རྒྱ་མཚཱུའི་སྐྱེ་སྲིད་ངོས་འཛིན་ཞུས། དགུང་ལོ་བཞི་ནས་ཡི་གེ་འབྲེི་ཀློག་སོགས་ཚེགས་མེད་དུ་མཁྱེན། ༡༥༤༦ལོར་གདན་ས་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་མངའ་གསོལ། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་མནོས་ཏེ། མཚན་ལ་བསོད་ནམས་རྒྱ་མཚོ་བསྟན་པའི་ཉི་མ་གསོལ། དགུང་ལོ་བདུན་པར་རྗེ་འདིའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། ཆུང་དུས་ནས་ལྷ་དང་བླ་མ་དུ་མས་ཞལ་གཟིགས། ལྷ་སྔགས་ཏིང་འཛིན་ལ་གཞོལ་བའི་ཡ་མཚན་གྱི་མཛད་པ་དུ་མ་བསྟན། དགུང་ལོ་བཅུ་པ་ཆུ་བྱི་༡༥༥༢ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས། དགུང་ལོ་བཅུ་གསུམ་པར་ཆོས་འཁོར་རྒྱལ་དུ་ཕེབས་ནས་འགྲོ་དོན་མཛད། དགུང་ལཱུ་ཉི་ཤུ་པར་པཎ་ཆེན་བསོད་ནམས་གྲགས་པ་ཞི་བར་གཤེགས་ཟིན་སྟབས། དགའ་ལྡན་ཁྲི་ཟུར་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། པཎ་ཆེན་བསོད་ནམས་གྲགས་པ་དང༌། སྔགས་རམ་པ་དགེ་འདུན་བཀྲ་ཤིས་སོགས་ལས་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང༌། དཔལ་ལྡན་ས་སྐྱའི་བསྟན་འཛིན་ཚར་ཆེན་བློ་གསལ་རྒྱ་མཚོ་དང༌། བདེ་བ་ཅན་པ་སོགས་སྔ་ཕྱིར་རིས་མེད་མཁས་གྲུབ་དུ་མའི་ཞལ་ནས་དབང་ལུང་མན་ངག་མཐའ་ཡས་པ་གསན། དགུང་ལོ་ཉེར་གསུམ་ནས་ལོ་ཤས་རིང་ལྷ་ལྡན་སྨོན་ལམ་ཆེན་མཱུའི་ཚོགས་མགོན་གནང༌། དགུང་ལོ་ཉེར་ལྔ་པར་གཙང་དུ་ཞབས་སོར་འཁོད་དེ་བཀྲིས་ལྷུན་པཱུའི་སྨོན་ལམ་ཚོགས་མགོན་གནང༌། དགུང་ལོ་ཉེར་དྲུག་པར་སླར་ཡང་དབུས་ཕྱོགས་འབྲས་སྤུངས་སུ་ཕེབས་ཏེ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང༌། སེ་འབྲས་གཉིས་དང༌། ཆོས་འཁོར་རྒྱལ་སོགས་ཀྱི་གདན་ས་ཀུན་རྒྱལ་མཆོག་དགེ་འདུན་རྒྱ་མཚཱུའི་སྐུ་དུས་ལྟར་བསྐྱངས། དགུང་ལོ་ཉེར་བརྒྱད་པར་ཆོས་འཁོར་རྒྱལ་གྱི་གདན་སར་བསྟན་སྲུང་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་གསར་དུ་བཞེངས། མདོ་དབུས་ཀྱི་འགྲོ་བ་ཀུན་ལ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ། འཕྲིན་ལས་ཤིན་ཏུ་རྒྱས་པའི་མཚན་སྙན་རྒྱ་སོག་གི་ཡུལ་གྲུ་རྣམས་སུའང་ཁྱབ་པ་ལ་བརྟེན་ནས། དགུང་གྲངས་སོ་ལྔ་པར་སོག་པོ་ཨལ་ཐན་རྒྱལ་པོས་གདན་དྲངས་པས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་ཐུབ་བསྟན་སྤྱི་དང་ཡང་སྒོས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་བཟང་པཱུ་ཉིན་མོ་ལྟར་གསལ་བར་མཛད་ཅིང༌། མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པ་ཆེན་པོ་ཧོར་གྱི་ཡུལ་དུ་དར་བ་ཡང་ཐོག་མ་འདི་ནས་མགོ་ཚུགས་པ་ཡིན་ནོ། ། དགུང་ལོ་སོ་དྲུག་པར་ཨལ་ཐན་རྒྱལ་པོས་གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་ཞེས་པའི་མཚན་བསྟོད་བཀོད་ཏེ་ཕུལ་བ་ནས་ད་ལྟའི་བར་འཛམ་གླིང་ཁྱོན་ཡོངས་སུ་ཏཱ་ལའི་བླ་མ་ཞེས་པ་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཚན་དུ་ཆགས། དགུང་ལོ་སོ་བདུན་ཐོག་ཆེན་པོ་ཧོར་གྱི་ཡུལ་དུ་བྱང་ཆེན་ཆོས་འཁོར་གླིང་བཏབ། སོ་བརྒྱད་པར་ལི་ཐང་ཆོས་འཁོར་གླིང་བཏབ། སྐུ་འབུམ་དུ་བཤད་སྒྲ་གསར་དུ་བཙུགས། ཆོས་སྲུང་རྣམས་ལ་བསྟན་པ་རྒྱས་པའི་གཉེར་གཏད་མཛད། སོ་དགུ་པར་ཆབ་མདོ་བྱམས་པ་གླིང་གི་ཁྲིར་ཕེབས་ཏེ་བསྟན་དོན་རྒྱ་ཆེར་སྤེལ། བོད་རྒྱ་ཧོར་གྱི་གདུལ་བྱ་ནམ་མཁའི་སྐར་ཚོགས་ལྟ་བུར་དམ་པའི་ཆོས་ཀྱི་བགོ་སྐལ་འདོད་རྒུར་རྩལ། སྔགས་རམས་པ་དགེ་འདུན་བཀྲིས་ཀྱི་སྐྱེ་སྤྲུལ་རྗེ་དྲུང་བསྟན་པ་རྒྱལ་མཚན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཡང་ཤིན་ཏུ་མང་པོ་བསྐྱངས། ལམ་རིམ་གསེར་གྱི་ཡང་ཞུན་སོགས་མདོ་སྔགས་བསྟོད་ཚོགས་ཆོ་ག་སོགས་ཀྱི་རྩོམ་ཆོས་ཀྱང་དུ་མ་སྤེལ་ཏེ། མཐར་དགུང་གྲངས་ཞེ་དྲུག་པ་ས་བྱི་༡༥༨༨ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཆེན་པོ་ཧོར་གྱི་ཡུལ་དུ་ཞི་བར་གཤེགས་སྐུའི་གདུང་ཐལ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དངུལ་སྡོང་རིན་པོ་ཆེར་བཞུགས།།

རྒྱལ་མཆོག་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚཱུ་ནི། བྱང་ཕྱོགས་ཆེན་པོ་ཧོར་གྱི་རྒྱལ་པོ་ཨལ་ཐན་དང༌། ཡུམ་བཱ་ཁེན་སྤུང་གཉིས་ཀྱི་སྲས་སུ་སོག་ཡུལ་མཁར་སྔོན་པོར་རབ་བྱུང་བཅུ་པའི་ས་གླང༡༥༨༩ལོའི་བོད་ཟླ་དང་པཱུའི་ཚེས་གཅིག་ཉིན་ཡ་མཚན་པའི་ལྟས་དུ་མ་དང་བཅས་སྐུ་བལྟམས། སྐུ་ན་ཕྲ་དུས་ནས་སྔོན་གནས་རྗེས་དྲན་དང་མཛད་སྤྱོད་གང་ཅིར་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚཱུའི་ཡང་སྤྲུལ་དུ་ངེས་པར་རྙེད། རིན་པོ་ཆེ་ཀུན་བཟང་རྩེ་བའི་དྲུང་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་གསན་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་པར་བོད་དུ་ཕེབས། དགའ་ལྡན་ཁྲི་ཆེན་སངས་རྒྱས་རིན་ཆེན་གྱི་དྲུང་ནས་ལྷ་ལྡན་གཙུག་ལག་ཁང་དུ་རབ་ཏུ་བྱུང༌། དགའ་ལྡན་ཁྲི་ཟུར་དཔལ་འབྱོར་རྒྱ་མཚོས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་པའི་མཚན་གནང༌། དགུང་ལོ་ཉེར་དྲུག་པ་ཤིང་སྟག་༡༦༡༤ཧོར་ཟླ་བཅུ་གཉིས་པའི་དུས་ཚེས་དགེ་བར་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པས་མཁན་པོ་དང༌། པཎ་ཆེན་བསོད་ནམས་གྲགས་པའི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གིས་ལས་སློབ། གཞན་ཡང་གསང་སྟོན་དུས་བགོ་བ་སོགས་ལས་ཀྱི་ཁ་སྐོང་བའི་དགེ་འདུན་གྲངས་ཚང་བའི་དབུས་སུ། ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་ཚངས་པར་སྤྱོད་པའི་གཙོ་བོ་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཏེ། ངུར་སྨྲིག་འཆང་བ་རྣམས་ཀྱི་རྒྱལ་མཚན་གྱི་ཏོག་དམ་པར་གྱུར་ཏོ། །ལོ་དེར་གདན་ས་འབྲས་སྤུངས་ཚོགས་ཆེན་ཁྲི་ལ་ཞབས་སོར་འཁོར། །ཞལ་སྔ་ནས་ཁྲི་རིན་པོ་ཆེ་སངས་རྒྱས་རིན་ཅེན། ཁྲི་རིན་པོ་ཆེ་དགེ་འདུན་རྒྱལ་མཚན། ཞལ་སྔ་ནས་ཆོས་གཉེར་གྲགས་པ། དཔོན་སློབ་པཎ་ཆེན་རིན་པོ་ཆེ། གཟིམ་ཁང་གོང་སྤྲུལ་པའི་སྐུ། འོལ་ཁ་ནས་དྲུང་པ་མཁས་བཙུན་པ། རྗེ་ནོར་བུ་བ་སོགས་རང་ཕྱོགས་ངོས་ཀྱི་བླ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་ཚུལ་ཇི་སྙེད་པ་གསན། སྤྱིར་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ། འབྲེོམ་ཆོས་ཀྱི་རྒྱལ་པོ་དང༌། རྗེ་བཙུན་མི་ལ་གཉིས་ཀྱི་རྣམ་པར་ཐར་པ་ལ་འགྲན་བཟོད་པའི། ཐ་ན་བཞད་གད་དང་ཀུ་རེ་ཙམ་གྱི་ཕྱིར་དུ་ཡང་མི་གུས་པའི་རྣཾ་འགྱུར་ཡེ་མི་མཛད། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་གྱི་སྐུ་གདུང་ཞུགས་སུ་ཕུལ་བ། སྐུའི་སྟོད་ཀྱི་ཆ་ཆེར་མ་འཚིག་པའི་འཕྲལ་དུ་ལྟ་སྣང་ལེཊ་རྒྱུ་མེད་པ་ཞིག་སྤྱན་འབེབས་ལ་ཁྱེར་ཡོང་པ། དེར་འཁོར་མང་པཱུ་ཞིག་གིས་ཡ་ང་བའི་རྣམ་པ་བྱེད་པ་ལ། རྗེ་འདིས་ཕྱག་ཏུ་བཞེས་ཤིང་དབུ་ཐོག་ཏུ་ཡུན་རིང་པཱུའི་བར་དུ་བཞག་ནས་སྨོན་ལམ་འདེབས་པ་གནང༌། འོལ་ཁའི་དྲུང་བ་མཁས་བཙུན་པ་དེ། སྡེ་པ་འོལ་ཁ་བའི་མཆོད་གནས་དགོན་སྦུག་གི་བླ་ཆུང་ཡིན་ཀྱང༌། ཁོང་པ་ལ་བཞུགས་གདན་མཉམ་པ་ཙམ་འདིང་ཞིང་གསོལ་ཇ་སོགས་སྔོན་ལ་བཞེས་སུ་བཅུག དཔོན་སློབ་པཎ་ཆེན་རིན་པོ་ཆེ་དང༌། གཟིམ་ཁང་གོང་སྤྲུལ་པའི་སྐུ་གཉིས་ལ་བཀུར་བཟོས་ཆེས་པས། དྲུང་འཁོར་རྙིང་པ་རྣམས་བཀའ་ཆོས་གསན་ཡང་འདི་འདྲ་རང་མི་རིགས་སྔར་ནས་སྲོལ་མེད་ཅེས་མ་རངས་པ་ཆེན་པོ་བྱས། སྟོང་སྐོར་ཞབས་དྲུང་འཇམ་དབྱངས་རྒྱ་མཚོ་མཇལ་བར་བྱོན་དུས། ཐོག་མར་ཐམས་ཅད་མཁྱེན་པ་མ་གཏོགས་གཞན་ལ་མི་འདུད་པས། པཎ་ཆེན་རིན་པོ་ཆེར་ཕྱག་མི་འབུལ། སླར་བསྙེན་རྫོགས་སོགས་གསུང་ཆོས་ཞུ་རྒྱུ་ཡིན་པས་དེ་སྐབས་གུས་བཀུར་ཞུ་རྒྱུ་ཡིན་ཚུལ་མགྲོན་གཉེར་རྒྱ་ཡགས་པ་བརྒྱུད་སྙན་དུ་ཕུལ་བར་མ་དགྱེས་པའི་བསྐོར་སྦྱངས་ལན་གསུམ་གནང་སྟེ། ཕྱག་འཕྲལ་དུ་ཕུལ་བཅུག་པར་ཡང༌། དྲུང་འཁོར་རྣམས་ཀྱིས་སྟོང་སྐོར་བ་བདེན་ཞེས་གླེང་འདུག་ཀྱང༌། བཤེས་གཉེན་བསྟེན་ཚུལ་ལ་དགོངས་པར་མངོན། མངོན་སྤྱོད་མཐུ་སྟོབས་ནུས་པས་མི་སྲུན་པ་འཇོམས་པའི་མཚན་སྙན་འབྲེ་ཞིང༌། དགུང་ལོ་ཉེར་བརྒྱད་པར་རྒྱ་ནག་ཏཱ་མིང་རྒྱལ་པོས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་བསྟོད་ཕུལ། རྒྱ་ཡུལ་དུ་ལྷ་ཁང་གསར་པ་བཞེངས་པ་ལ་དགའ་ལྡན་ཕོ་བྲང་ནས་རབ་གནས་གནང་བའི་ཕྱག་ནས་རྒྱ་ཡུལ་དུ་དངོས་སུ་བབ་པ་སོགས་མངོན་པར་རྟོགས་པའི་ཡོན་ཏན་བརྗོད་ལས་འགོངས། སོག་དམག་གཙང་དུ་དྲངས་པ་ལ་གཤོལ་བཏབ་ཏེ་འདུམ་པ་སོགས་བསྟན་འགྲོ་གཉིས་ཀར་བཀྲིན་ཤིན་ཏུ་ཆེ་བར་བསྐྱངས། མཐར་མེ་འབྲུག་༡༦༡༦ལཱུའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་དགུང་གྲངས་ཉེར་བརྒྱད་པར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། །གདུང་རྟེན་དངུལ་གྱི་མཆོད་སྡོང་འབྲས་སྤུངས་ཚོགས་ཆེན་དུ་བཞུགས།།

རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ་དབྱངས་ཅན་བཞད་པའི་རྡོ་རྗེ་མཆོག་ནི། ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་དང༌། ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་འཕྱོང་རྒྱས་འཕྱིངས་བ་སྟག་རྩེར་རབ་བྱུང་བཅུ་པའི་མེ་སྦྲུལ༡༦༡༧ལོར་སྐུ་འཁྲུངས། དགུང་ལོ་གསུམ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གཉིས་ཀྱི་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚཱུའི་ཡང་སྤྲུལ་ངོས་འཛིན་གནང་ནས་སྣ་དཀར་རྩེར་གདན་དྲངས། དགུང་ལོ་དྲུག་ཐོག་སྡེ་སྲིད་གཙང་པའི་བཀའ་འཁྲོལ་འོག་ནས་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་དྲངས་ནས་ཁྲི་འདོན་གནང༌། པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་བློ་བཟང་རྒྱ་མཚོ་གསོལ། དགུང་ལོ་དགུ་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས། དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གཅིག་པ་ནས་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ལས་གཞུང་ཆེན་པོ་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད། དགུང་ལོ་བཅོ་ལྔ་པར་དབུས་གཙང་ཕན་ཚུན་དང༌། བཀའ་དགེ་བར་གྱི་འཐབ་རྩོད་ཁྲོད་ཨེ་དང་ལྷོ་ཁ་ཀུན་ཉེན་གཡོལ་དང་སྦྲགས་གནས་གཟིགས་ལ་ཕེབས། དུས་བདེ་ལྷིང་འཇགས་མེད་སྟབས་དགུང་ལོ་བཅུ་བདུན་པར་ཕར་ཕྱིན་སྐབས་བཞི་པ་བར་དུ་ཐུགས་གཉེར་རྒྱ་ཆེར་གནང་བ་ལས་དེའི་ཡན་ཆད་ནས་མཛད་བརེལ་གྱི་དབང་དུ་སོང༌། དགུང་ལོ་ཉེར་གཅིག་ནས་ཟུར་ཆོས་དབྱིངས་རང་གྲོལ་དང༌། སྨོན་འགྲོ་ལོ་ཙཱ་བ་སོགས་ཀྱི་དྲུང་ནས་སྔ་འགྱུར་རྙིང་མ་པའི་ཐེག་པ་རིམ་དགུ་དང༌། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀུན་ལ་འགྲན་ཟླ་མེད་པའི་མཁས་པར་བསླབ། དགུང་ལོ་ཉེར་གཉིས་པར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་དགེ་སློང་གི་སོྡམ་པ་སྒྲུབ། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། མཁན་ཆེན་བསོད་ནམས་མཆོག་འགྲུབ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཟུར་ཆོས་དབྱིངས་རང་གྲོལ་སོགས་ས་དགེ་རྙིང་གསུམ་གྱི་སྐྱེས་ཆེན་མང་པཱུའི་དྲུང་ནས་གསར་རྙིང་གི་ཆོས་སྐོར་མཐའ་ཡས་པ་གསན། མདོ་དབུས་སྐོར་གསུམ་དུ་གསར་རྙིང་གི་དགོན་སྡེ་བརྒྱ་ཕྲག་མང་པོ་གསར་འདེབས་དང་ཉམས་གསོ་གནང༌། དགུང་ལོ་ཉེར་དྲུག་པར་༡༦༤༢སོག་རིགས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དང༌། ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་དཔུང་གདང་བསྒྲིགས་ཏེ་བོད་ཤིང་སྒོ་ཅན་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གསར་དུ་བཙུགས། དགུང་ལོ་ཉེར་དགུ་པར་ཕོ་བྲང་པོ་ཏཱ་ལ་ཉམས་གསོ་དང་གསར་སྐྲུན་བྱས། སོ་གསུམ་པར་ལི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་དགེ་རྒན་དུ་བསྐོས་ནས་གསཱུ་རིག་འགྲོ་ཕན་གླིང་གསར་འཛུགས་གནང༌། དགུང་ལོ་སོ་དྲུག་ཐོག་༡༦༥༢མན་ཆིན་གོང་མ་ཧྲིན་ཀྲིས་གདན་དྲངས་པ་ལྟར་རྒྱ་ནག་པེ་ཅིན་ཕོ་བྲང་དུ་ཕེབས་ནས། ཆིངས་བོད་བར་མཆོད་ཡོན་གྱི་འབྲཻལ་བའི་རྨང་གཞི་གཏིང༌། གསར་རྙིང་རིས་མེད་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་སྐབས་དེའི་བླ་སྤྲུལ་དགེ་བཤེས་ཡོངས་རྫོགས་ྋགོང་ས་ལྔ་པའི་ཞལ་སློབ་ཏུ་མ་གྱུར་པ་ཕལ་ཆེར་མེད་པ་དང་འདྲ། ལུགས་ཟུང་འཕྲིན་ལས་ཀྱི་དར་ཡུག་དཀར་པོས་བོད་ཙམ་མ་ཟད་རྒྱ་སོག་གི་ཡུལ་གྲུ་རྣམས་སུའང་ཁྱབ། མདོ་སྔགས་རིག་གནས་སོགས་ཀྱི་པར་གཞི་གསར་བརྐོ་དང༌། རྟེན་གསུམ་གསར་བཞེངས་རྒྱ་ཆེར་མཛད། མདོ་སྔགས་རིག་གནས་དང་བཅས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གསང་བ་རྒྱ་ཅན་བཅས་གསུང་འབུམ་པོད་སུམ་ཅུ་ལྷག་མཛད། འཆད་རྩོད་རྩོམ་པ་དང་སྡེ་བཞིའི་རྒྱལ་ཐབས་ལ་བརྟེན་ནས་གངས་རིའི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་པའི་སྐབས་ལྟར་རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་མགྲོན་དུ་བསུས་ཏེ་དགུང་གྲངས་རེ་དྲུག་པ་ཆུ་ཁྱི་༡༦༨༢ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་པོ་ཏ་ལའི་གསེར་སྡོང་འཛམ་གླིང་རྒྱན་གཅིག་ནང་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚཱུ་ནི། མོན་ལ་འོག་ཡུལ་གསུམ་དུ་ཡབ་བཀྲིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་༡༦༨༣ལོའི་ཟླ་བ་གསུམ་པའི་ཚེས་གཅིག་ལ་ལྷོ་མོན་ལ་འོག་ཡུལ་དུ་སྐུ་འཁྲུངས། སྐབས་དེར་གོང་ས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་སྐོར་གསང་ནས་བཞག་ཡོད་སྟབས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་བ་དམ་པའི་ཐོག་ནས་ངོས་འཛིན་བྱས། དགུང་ལོ་བཅུ་གསུམ་བར་གསང་བའི་རྗེས་སྣ་དཀར་རྩེར་གདན་དྲངས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་སྐྲ་ཕུད་བཅད་དེ་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་གསོལ། ལོ་དེར་ཕོ་བྲང་པོ་ཏཱ་ལར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ་བྱས། པཎ་ཆེན་བློ་བཟང་ཡེ་ཤེས་དང༌། ཁྲི་རིན་པོ་ཆེ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། དགེ་སློང་འཇམ་དབྱངས་གྲགས་པ། མངའ་རིས་པ་རྗེ་དགེ་ལེགས་རྒྱ་མཚོ་སོགས་ཞྭ་སེར་ཅོད་པན་འཆང་བའི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་སྔགས་ཕྱོགས་ཀྱི་དབང་དང་རྗེས་གནང༌། མན་ངག རྒྱབ་རྟེན་གྱི་ལུང་དང༌། རྒྱུད་ཀྱི་བཤད་པ། བསྐྱེད་རྫོགས་ཀྱི་ཁྲིད། མདོ་ཕྱོགས་ཀྱི་ལུང༌། ལམ་རིམ་ཁྲིད་ཆེན་བརྒྱད་སོགས་བཤད་ལུང་ཐམས་ཅད་གསན་པར་མཛད་ཅིང༌། ཁྱད་པར་དུ་དགེ་སློང་འཇམ་དབྱངས་གྲགས་པ་རྩ་བའི་བླ་མར་བསྟེན་ནས། གསན་ཡིག་གངྒཱའི་ཆུ་རྒྱུན་པཱུ་ཏི་བཞིར་ལོངས་པའི་ནང་དུ་འཁོད་པའི་ལུང་རྒྱུན་ཡོངས་རྫོགས་ལོ་གསུམ་གྱི་རིང་ལ་གསན། ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས་པའི་གསང་རྣམ་དུ། དེ་དུས་སྡེ་སྲིད་དབང་བཙན་པ་དེ་ཉིད་ཀྱིས་དགེ་སློང་འཇམ་དབྱང་གྲགས་པ་ལ་བཀའ་ནན་ཆེས་ཆེར་མཛད་ནས། དབང་རྗེས་གནང་སོགས་སྤྲུལ་པའི་སྐུ་རིན་པོ་ཆེར་གསན་པ་གནང་དགོས་ཀྱི་སྐོར་མཐའ་དག་རིམ་པས་ནན་ཏན་གྱིས། གལ་ཏེ་དེ་འདྲ་མ་བྱུང་ན་ཞེས་སོགས་ཀྱི་གསུང་བབ་ལྕི་སེ་བ་གནང་འདུག་ཅིང༌། དེ་དུས་ང་ན་ཕྲ་བའི་སྟབས་ཀྱིས། ལུང་གནང་བ་འགའ་ཞིག་གི་སྐབས་སུ་ཚུལ་བཞིན་དུ་མ་ཉན་པར་ལངས་ནས་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་སུ་རྩ་བའི་བླ་མ་དེ་ཉིད་དབུ་སེར་རི་ལེར་ཡར་བཞེངས་ཏེ། དཔེ་ཆ་ཕྱག་ཏུ་བསྣམས་ནས། ངའི་རྗེས་སུ་བྱོན་ནས། སྐུ་མཁྱེན་གསུང་མཁྱེན་དེ་འདྲ་མ་གནང་མར་བཞུགས་ཏེ་མདོ་གསན་རོགས་མཛོད། ཁྱོད་ཀྱིས་གལ་ཏེ་མ་གསན་ན་ང་ལ་སྡེ་སྲིད་ཀྱི་བཀའ་བཀྱོན་ཡོང་གསུང་ནས། ཕྱག་ཐལ་མོ་སྦྱར་བར་མཛད་པའི་སྐབས་སུ། ངས་ཀྱང་གསུང་ལ་ཉན་ཏེ་དེ་གར་བསྡད་པས། ཁོང་ཡང་ངའི་མདུན་དུ་བཞུགས་ནས། ལུང་གི་ཁྲིད་གནང་བའང་སྐབས་དེར་དྲན་གྱི་འདུག །ངའི་མགོ་ལ་མཐོ་དམན་སྐྱིད་སྡུག་སྣ་ཚོགས་བྱུང་བ་འདི་རང་ཡིན་གསུང་ནས་དབུ་ལ་ཕྱག་གི་ཁུར་ཚུར་གྱིས་བསྣུན་བསྣུན་མཛད་ནས་སྤྱན་ཆབ་བསིལ་བ་གནང་གི་ཡོད། ཅེས་གསུང་ཞིང་ཐུན་མོང་གདུལ་བྱའི་ངོར་གསང་བའི་རྣམ་པར་ཐར་པའི་རྒྱུད་རིམ་དག་གནས་ཚད་དང་ཐུན་མིན་ཇི་ལྟར་ཡང་སྐུ་ན་ཕྲ་དུས་ཀྱི་མཛད་སྤྱོད་ལ་གསུང་དུམ་འདིས་སྡོམ་ཚིག་ཁ་གསལ་ཞིག་བརྒྱབ་འདུག་པར་སེམས། དགུང་ལཱུ་ཉི་ཤུ་པར་སྡེ་སྲིད་ཀྱི་ཞུས་དོན་བཞིན་པཎ་ཆེན་རིན་པོ་ཆེས་དགེ་སློང་གི་སྡོམ་པ་གནང་ཡང་ཞལ་བཞེས་མ་གནང་བར་མ་ཟད། དེ་སྔོན་བསྒྲུབས་ཟིན་པའི་དགེ་ཚུལ་གྱི་སྡོམ་པ་ཡང་ཕྱིར་འབུལ་ཞུས་ཏེ་སྐྱ་ཆས་ཀྱི་ན་བཟའ་བསྣམས། གངས་ཅན་འགྲོ་བའི་བསོད་ནམས་ཀྱི་འཕེལ་ཁ་གྲིབ་པའི་དབང་གིས་རྒྱལ་མཆོག་དམ་པ་འདིས་ཐུགས་གཉེར་དེ་ཙམ་མི་གནང་ཞིང༌། ཤོ་སྦག་ཆང་རག་སོགས་ལ་ཅི་དགར་རོལ་ཏེ། པོ་ཏཱ་ལ་ལ་བཞུགས་དུས། ། རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། ལྷ་སའི་ཞོལ་ལ་ཡོད་དུས། ། འཆལ་པོ་དང་བཟང་དབང་པོ། ། ཞེས་པའི་མགུར་གཞས་ཀྱི་སྡོམ་ཚིག་བཀོད། བོད་སོག་གི་བསོད་ནམས་དམན་པའི་ལུས་ཅན་ཕལ་བཱུ་ཆེའི་མཐོང་སྣང་ཙམ་རྒྱུ་མཚན་དུ་བྱས་ནས་དད་པའི་རྨང་གཞི་ལ་ཆག་གྲུམ་ཐེབས། ལྷ་བཟང་ཕྱོགས་གཏོགས་དང་བཅས་པས། བོད་ཀྱི་ཆབ་སྲིད་ལ་རྔམས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དཀྲོངས། རྒྱལ་དབང་མཆོག་ཀྱང་འབྲས་སྤུངས་དགོན་ནས་བཙན་གྱིས་གདན་དྲངས་ནས་རྒྱ་བོད་ཀྱི་ས་མཚམས། ཟི་ལིང་ཀུན་དགའ་ནོར་ཞེས་པར་དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་༡༧༠༦ལོར་དགོངས་པ་རྫོགས། གསན་ཡིག་སོགས་གསུང་རྩོམ་ཡང་འགའ་ཞིག་སྣང༌། གསང་རྣམ་དུ་བཀོད་པ་ལྟར་ན་ཀུན་དགའ་ནོར་ནས་བརོས་བྱོལ་གྱིས་རྒྱ་དཀར་ནག་དང༌། བལ་བོད་སོག་ཡུལ་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་སྒྲུབ་པར་བཀོད་སྣང་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བར་སུས་ཀྱང་འགོངས་པར་མི་ནུས་ལ་འགོངས་དོན་ཡང་མེད་མོད། འཇིག་རྟེན་སྣང་ཚུལ་དང་འཇིག་རྟེན་མིའི་ལོ་རྒྱུས་ཞིབ་འཇུག་པ་ཚཱུའི་བློ་གྲོས་ཀྱི་ར་བའི་ནང་དུ་ཇི་ལྟར་ཆུད་མིན་ནི་བརྟག་པར་བྱ་བའི་རིགས་སོ། ། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ། རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཐམས་ཅད་མཁྱེན་པ་བློ་བཟང་བསྐལ་བཟང་རྒྱ་མཚོ་མཆོག་ནི། བོད་ཀྱི་རིགས་ཆེན་བཅོ་བརྒྱད་ལས་འབྲེོམ་གྱི་རིགས་རྒྱུད་ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་ཁམས་ལི་ཐང་དུ་རབ་བྱུང་བཅུ་གཉིས་པའི་ས་བྱི་༡༧༠༨ལོར་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་སྐུ་ཞང་ཨ་དགེ་བཀྲིས་ཀྱིས། མདོ་སྡེ་བསྐལ་བཟང་བཀླགས་ནས་མཚན་ཡང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། ལྷ་བླ་དུ་མའི་ལུང་ལས་རྒྱལ་དབང་སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ཡིད་ཆེས་བྱས། དགུང་ལོ་བདུན་བརྒྱད་ཙམ་ནས་རྒྱལ་བའི་ཡང་སྲིད་ཁམས་ལ་འཁྲུངས་ཡོད་ཚུལ་དབུས་གཙང་ཁུལ་དུ་གྲགས་པ་ལས་ལྷ་བཟང་ཁང་གིས་ཆེད་མངགས་ཞིབ་དཔྱོད་པ་གཏོང་བའི་གཏམ་ཐོས་པ་དང༌། ཉེན་ཡོལ་གྱི་ཚུལ་དུ་མཚོ་སྔོན་གྱི་སོག་རིགས་དཔོན་ཁག་དག་གིས་གདན་དྲངས་པ་ལྟར། མདོ་སྨད་ཨ་མདཱུའི་ཁུལ་དུ་ཕེབས་ཏེ་སྐུ་འབུམ་དགོན་པའི་གསེར་ཁྲི་ལ་འཁོད། དགུང་ལོ་དགུ་པར་སྐུ་གོང་མའི་མཆོག་སྤྲུལ་འཁྲུལ་མེད་ཡོངས་ཁྱབ་ཐག་བཅད་བྱུང༌། དགུང་ལོ་བཅུ་པར་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་གསོལ། དགུང་ལོ་བཅུ་གསུམ་པར་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་དེ་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། ཁྲི་ཆེན་ངག་དབང་མཆོག་ལྡན་པ་སོགས་བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་གཞུང་ཆེན་པོ་ལྔར་གསན་བསམ་གྱི་དབུ་ཚུགས། དགུང་ལཱུ་ཉི་ཤུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་འབྲས་སྤུངས་ཚོགས་ཆེན་དུ་རྡོ་རམས་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་གཉིས་པར་དབུས་གཙང་གི་སྡེར་གཟར་བྱུང་བས་ཁམས་ཁུལ་དུ་ཕེབས་ནས་མགར་ཐར་དུ་བཞུགས། དད་ལྡན་སྐྱེ་བོ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གནང༌། དགུང་ལོ་ཉེར་བརྒྱད་པར་སླར་ཡང་དབུས་སུ་ཆིབས་བསྒྱུར་གནང་ནས་བསྟན་འགྲཱུའི་མཛད་འགན་རླབས་ཆེན་བཞེས། པཎ་ཆེན་བློ་བཟང་ཡེ་ཤེས་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་མདོ་སྔགས་ཀྱི་གསེར་ཆོས་རྒྱ་མཚོ་ལྟ་བུའི་དབང་ལུང་མནོས་ཏེ། ཐུབ་བསྟན་སྤྱི་དང་ཡང་སྙིང་འཇམ་མགོན་ཙོང་ཁ་པ་ཆེན་པཱུའི་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར། ལྷ་ལྡན་གཙུག་ལག་ཁང་གི་རྟེན་དང༌། ཁྲ་འབྲུག་གི་རྟེན་རྣམས། གཞན་ཡང་གོས་སྐུ་ཆེན་པོ་དང༌། ཚོགས་མཆོད་སེར་སྒྲེང་མཆོད་རྫས་སོགས་གསར་བཟོ་དང་ཞིག་གསཱུ་ཅི་རིགས་མཛད། དགུང་ལོ་སོ་བཞི་པར་འབྲུག་སྡེ་སྲིད་ལས་གནས་དགོངས་ཞུའི་ཚབ་ཏུ་བློན་ཆེན་ངག་དབང་རྒྱལ་མཚན་བསྐོ་བཞག་གནང༌། པཎ་ཆེན་བློ་བཟང་ཡེ་ཤེས་དགོངས་པ་རྫོགས་པའི་ཡང་སྲིད་ངོས་འཛིན་གནང་སྟེ་མཚན་ལ་དཔལ་ལྡན་ཡེ་ཤེས་གསོལ་ཏེ་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གནང༌། དགུང་ལོ་ཞེ་བཞི་པར་བཀའ་ཤག་ལས་ཁུངས་གསར་དུ་བཙུགས། ཞེ་ལྔ་པར་འབྲས་ལྗོངས་རྒྱལ་པོ་བསྐོ་བཞག་གནང༌། སྒྲ་སྙན་སྨན་རྩིས་སོགས་སྦྱོང་ས་རྩེར་སེར་མོ་བའི་སློབ་གྲྭ་གསར་དུ་བཙུགས་ཏེ་བོད་ཀྱི་གཙུག་ལག་རིག་པའི་གཞུང་ལ་ཤིན་ཏུ་སྨན་པར་མཛད། བོད་རྒྱ་ཧོར་གྱི་སྐྱེ་འགྲོ་ས་ཁའི་རྩི་ཐོག་དང་ནམ་མཁའི་སྐར་ཚོགས་ལྟ་བུ་ལ་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་རྒྱུན་མར་ཕབ་སྟེ་སློབ་མའི་གཙོ་བོ་ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་སོགས་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། གསུང་རྩོམ་ཡང༌། དཔལ་གསང་བ་འདུས་པའི་རྣམ་བཤད་རྡོ་རྗེ་སེམས་དཔའི་ཞལ་ལུང་སོགས་པོད་ཆེན་བརྒྱད་བཞུགས། མཐར་དགུང་གྲངས་ལྔ་བཅུ་པ། རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོའི་བོད་ཟླ་གཉིས་པའི་ཚེས་གསུམ་ཉིན་སྐུ་མྱ་ངན་ལས་འདས། སྐུ་གདུང་རིན་པོ་ཆེ་པོ་ཏཱ་ལའི་གསེར་སྡོང་བཀྲ་ཤིས་འོད་འབྲེ་དུ་བཞུགས།།

རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚཱུ་ནི། ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་གཙང་ཐོབ་རྒྱལ་དུ་རབ་བྱུང་བཅུ་གསུམ་པའི་ས་སྟག་༡༧༥༨ལོའི་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་རྩ་ལྔ་ཉིན་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ངོས་འཛིན་གནང༌། དགུང་ལོ་གསུམ་པར་གཙང་དུ་ཕེབས་ཏེ། པཎ་ཆེན་རིན་པོ་ཆེ་དང་འཇལ་འཕྲད་གནང༌། དགུང་ལོ་ལྔ་པར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། ལོ་དེར་དབུས་སུ་ཕྱིར་ཕེབས་ཏེ་ཕོ་བྲང་པོ་ཏཱ་ལར་གསེར་ཁྲིར་མངའ་གསོལ། ཕུར་ལྕོག་ངག་དབང་བྱམས་པ་དང༌། བྱང་རྩེ་ཆོས་རྗེ་ངག་དབང་ཆོས་གྲགས་གཉིས་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲེི་ཀློག་དང་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་པའི་རྨངས་གཏིང༌། དགུང་ལོ་བརྒྱད་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། པཎ་ཆེན་དཔལ་ལྡན་ཡེ་ཤེས་དང༌། ཡོངས་འཛིན་ཕུར་ལྕོག་པ་སོགས་དང༌། ཡོངས་འཛིན་པབརསྤྱ༣་ཏ་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས། དབང་ལུང་མན་ངག་ཕལ་བོ་ཆེ་བུམ་པ་གང་བྱོའི་ཚུལ་དུ་གསན་ཞིང༌། སྐུ་ན་ཆུང་དུས་ནས་རྒྱ་བོད་ཀྱི་སྐྱེ་བཱུ་ཁྲི་ཕྲག་ལོངས་པའི་དབུས་སུ་ཟབ་ལམ་བླ་མ་མཆོད་པའི་ཆོས་བཀའ་གནང་བས་མཚོན་མཁས་བཙུན་བཟང་པཱུའི་མཛད་པ་བཟང་པོས་འགྲོ་དོན་རྒྱ་ཆེར་འཕེལ། དགུང་ལོ་ཉེར་གསུམ་པར་གཞུང་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་འཁོད་ནས་ཆོས་སྲིད་ཀྱི་ཐུགས་འགན་བཞེས། དགུང་ལོ་ཉེར་བདུན་པར་གཙང་དུ་ཕེབས་ཏེ་པཎ་ཆེན་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་ཁྲི་འདོན་གནང་ནས་རབ་བྱུང་གི་སྡོམ་པ་བསྩལ། སོ་གཉིས་པར་གྲིབ་ཚེ་མཆོག་གླིང་དགོན་པ་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་མཛད། དགུང་ལོ་ཞེ་གསུམ་ཐོག་པཎ་ཆེན་བསྟན་པའི་ཉི་མར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། གསུང་སྐྱེས་སློབ་མས་རྒྱ་བོད་ཀྱི་ས་ཁྱོན་ཡོངས་སུ་ཁྱབ་པའི་ནང་ནས། གཙོ་བོ་པཎ་ཆེན་བསྟན་པའི་ཉི་མ་སོགས་མཚན་ལྡན་གྱི་སྐྱེས་ཆེན་དམ་པ་ཡང་ཤིན་ཏུ་མང་པོ་བྱུང༌། མཐར་དགུང་གྲངས་ཞེ་བདུན་པ་རབ་བྱུང་བཅུ་གསུམ་པའི་བོད་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཉིན་ཤིང་བྱི་༡༨༠༤ལོའི་ཕོ་བྲང་པོ་ཏཱ་ལར་སྐུ་ཞི་བར་གཤེགས། སྐུ་གདུང་པོ་ཏཱ་ལའི་གསེར་སྡོང་དགེ་ལེགས་གཟི་འབྲེ་དུ་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ། རྒྱལ་མཆོག་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ནི། ཁམས་འདན་ཁོག་འདན་ཆོས་འཁོར་གླིང་གི་ཉེ་འདབས་ཡབ་བསྟན་འཛིན་ཆོས་སྐྱོང་དང༌། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་༡༨༠༥ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཡ་མཚན་པའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་གོང་མའི་ན་བཟའ་དང་ཉེར་སྤྱད་ཡོངས་རྫོགས་ངོས་འཛིན་གནང་བ་སོགས་ལ་བརྟེན་ནས། སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་བྱས། པཎ་ཆེན་བསྟན་པའི་ཉི་མ་ལ་དབུ་སྐྲ་གཙུག་ཕུད་ཕུལ་བའི་མཚན་ལ་བློ་བཟང་བསྟན་པའི་དབང་ཕྱུག་ལུང་རྟོགས་རྒྱ་མཚོ་གསོལ། དབུས་སུ་གདན་དྲངས་ཏེ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། རིགས་གསུམ་མགོན་པཱུའི་རྣམ་འཕྲུལ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ། འོན་རྒྱལ་སྲས་རིན་པོ་ཆེ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲེི་ཀློག་དང༌། རྒྱན་འཇུག་གཉིས། མཛོད་རྩ་སོགས་གཞུང་ཆེན་ཁག་གི་རྩ་བ་མང་པོ་ཐུགས་ཐོག་སྐྱོར་བ་དང༌། གཞན་ཡང་དབང་དང་མན་ངག་རྗེས་གནང་རྒྱ་ཆེར་གསན། པཎ་ཆེན་རིན་པོ་ཆེ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། རབ་བྱུང་བཅུ་བཞི་པའི་ཤིང་ཕག་༡༨༡༥ལཱུའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་གངས་ཅན་འགྲོ་བའི་བསོད་ནམས་ཀྱི་ཡོལ་གོ་རུ་མ་ཆུད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་པོ་ཏཱ་ལའི་གསེར་གདུང་ས་གསུམ་མངོན་དགའ་རུ་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི། ཁམས་ལི་ཐང་ཁུལ་དུ་ཡབ་བློ་བཟང་སྙན་གྲགས་དང༌། ཡུམ་རྣམ་རྒྱལ་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱི༡༨༡༦ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་སྐུ་འཁྲུངས། ཆུང་དུས་ནས་བྱིས་པ་ཕལ་བའི་བྱ་སྤྱོད་ལས་འགོངས་པ་ལྟར་གསེར་བུམ་དཀྲུག་འདོན་བྱས་པས། རྒྱལ་བའི་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངེས་པར་རྙེད། སྲིད་སྐྱོང་ཚེ་གླིང་ཧོ་ཐོག་ཐུས་བཀའ་བཀོད་ལྟར་དབུས་སུ་གདན་དྲངས་ཏེ་སྙེ་ཏང་དགོན་པར་བཞུགས་སུ་གསོལ། དགུང་ལོ་བདུན་པར་གཙང་ནས་པཎ་ཆེན་བསྟན་པའི་ཉི་མ་གདན་དྲངས་ནས་དབུ་སྐྲ་གཙུག་ཕུད་བཞེས་པའི་མཚན་ལ་ངག་དབང་བློ་བཟང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། སླར་ཡང་ལོ་དེར་དགེ་ཚུལ་གྱི་སྡོམ་པ་མནོས། ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། འོན་རྒྱལ་སྲས་རིན་པོ་ཆེ་སོགས་ལས་དབང་ལུང་མན་ངག་ཡི་གེ་འབྲེི་ཀློག་སོགས་བསླབས། སེར་འབྲས་སོགས་སུ་རྩོད་གྲྭར་ཕེབས་ཏེ་ཐུགས་གཉེར་རྒྱ་ཆེར་གནང༌། ཟླ་གཤོལ་རྩིས་པའི་དགུང་ལཱུ་ཉི་ཤུ་པར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། ཁལ་ཁ་རྗེ་བཙུན་དམ་པ་སོགས་བསྟན་འཛིན་སྐྱེས་ཆེན་དུ་མ་དང་བོད་སོག་གི་སྐྱེ་འགྲོ་གྲངས་ལས་འདས་པར་ཆོས་ཚུལ་གྱི་བགོ་སྐལ་འགྱེད། དགུང་གྲངས་ཉེར་གཉིས་པ་རབ་བྱུང་བཅུ་བཞི་པའི་མེ་བྱ༡༨༨༧ལོའི་བོད་ཟླ་དགུ་པའི་ཚེས་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་པོ་ཏཱ་ལའི་གསེར་གདུང་ཁམས་གསུམ་རྒྱན་མཆོག་ཏུ་བཞུགས།།

རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚཱུ་ནི། ཡབ་ཚེ་དབང་དོན་འགྲུབ་དང༌། ཡུམ་གཡུང་དྲུང་བུ་ཁྲིད་གཉིས་ཀྱི་སྲས་སུ་ཁམས་དར་རྩེ་མདཱུའི་མགར་ཐར་དུ་རབ་བྱུང་བཅུ་བཞི་པའི་ས་ཁྱི༡༨༣༨ལོའི་བོད་ཟླ་དགུ་པའི་ཚེས་གཅིག་ལ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གོང་མའི་ཕྱག་རྫས་སོགས་ངོས་འཛིན་གནང་བ་དང༌། གསེར་བུམ་དཀྲུག་འདོན་བྱས་པ་བཅས་ལས་ཡང་སྲིད་འཁྲུལ་མེད་ངོས་འཛིན་བྱས། སྐབས་དེར་མངའ་རིས་སུ་སིང་དམག་གིས་ཟིང་སློང་བྱེད་པའི་དུས་དང་འཁེལ་སྐབས་མགར་ཐར་དུ་ལོ་ཤས་བཞུགས། དགུང་ལོ་བཞི་པའི་ཐོག་༡༨༤༡སིང་དམག་ལྷིང་འཇགས་བཏང་བའི་སྐབས་དང་བསྟུན་ནས་ཚེ་གླིང་ཧོ་ཐོག་ཐུས་བཀས་བཀོད་ལྟར་དབུས་སུ་གདན་དྲངས། ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། པཎ་ཆེན་བསྟན་པའི་ཉི་མ་གདན་དྲངས་ནས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་མཁས་གྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་དགུ་པར་པཎ་ཆེན་རིན་པོ་ཆེའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགའ་ལྡན་ཁྲི་རིན་པོ་ཆེ། གླིང་མཆོག་སྤྲུལ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཞལ་འདོན་བློ་འཛིན། བསྡུས་གྲྭ་བླཱུ་རྟགས་སོགས་གཞུང་ཆེན་ཁག་ལ་ཐུགས་བརྩོན་གནང༌། དབང་ལུང་མན་ངག་ཀྱང་རྒྱ་ཆེར་ཞུས། དད་ལྡན་སྐྱེ་བོ་མང་པོ་ལ་མཇལ་ཁ་དང་འདོད་ཆོས་དུ་མ་བསྩལ། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ཤིང་ཡོས་༡༨༥༥ལོའི་བོད་ཟླ་༡༢ པའི་ཚེས་༢༥ བོད་ཀྱི་རྒྱལ་ཁྲིར་མངའ་གསོལ་བའི་ལོ་དེར་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་རིན་པོ་ཆེ་པོ་ཏཱ་ལའི་ཕན་བདེའི་འོད་འབྲེ་དུ་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚཱུ། རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚཱུ་ནི། གཙང་ཉན་པོ་འོད་རྫིང་ཕྱི་ལ་ཡབ་ཕུན་ཚོགས་ཚེ་དབང་དང༌། ཡུམ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་༡༨༥༦ལོར་སྐུ་འཁྲུངས། སྐབས་དེར་པཎ་ཆེན་སྐུ་ཕྲེང་བདུན་པ་སྐུ་གཤེགས་ཤིང༌། པཎ་ཆེན་སྐུ་ཕྲེང་བརྒྱད་པ་དགུང་ལོ་བཞི་ཙམ་ལས་ཕེབས་མེད་སྟབས། རྒྱལ་དབང་གོང་མའི་ཡང་སྲིད་ངོས་འཛིན་གསེར་བུམ་དཀྲུག་འདོན་གྱིས་ཐག་གཅོད་བྱས་ཏེ་རྭ་སྒྲེང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་པའི་མཚན་ལ་བློ་བཟང་བསྟན་པའི་རྒྱལ་མཚན་འཕྲིན་ལས་རྒྱ་མཚོ་གསོལ། དགུང་ལོ་གསུམ་པར་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་གདན་འདྲེན་ཞུས། དགུང་ལོ་ལྔ་པར་ཕོ་བྲང་པོ་ཏཱ་ལར་ཁྲི་འདོན་མངའ་གསོལ་དང༌། དེ་ནས་དགུང་གྲངས་དགུ་པར་དགའ་ལྡན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་ལས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཅིག་པར་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ཉིད་བཤད་སྒྲ་བའི་རྩོད་སྙོག་བར་ནས་ཁྲི་ལས་གཤོལ་དགོས་བྱུང་བ་དང་ཆོས་སྲིད་ཀྱི་མཛད་འགན་གནང་བའི་ཚུལ་གྱིས་དོན་ལ་བཤད་སྒྲ་བས་སྲིད་ཀྱིས་འགན་བླངས་ཤིང༌། ཡོངས་འཛིན་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་སྡེ་དྲུག་མཁྱེན་རབ་དབང་ཕྱུག་དྲུང་ནས་ཡི་གེ་འབྲེི་ཀློག་དང་གཞུང་ཆེན་ཁག་ལ་གསན་བསམ་ཉམས་བཞེས་མཛད་དེ། སེར་འབྲས་གཉིས་སུ་གྲྭ་སྐོར་དམ་བཅའ་བཞག དགུང་ལོ་བཅོ་བརྒྱད་པར་ལུགས་ཟུང་གི་ཐུགས་འགན་གཙང་བཞེས་མཛད། དགའ་ལྡན་དུ་གྲྭ་སྐོར་དམ་བཅའ་གནང༌། དགུང་གྲངས་ཉི་ཤུའི་ངོར་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་པར་༡༨༧༥ལཱུའི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སྐུ་གདུང་པོ་ཏཱ་ལའི་གསེར་གདུང་ཚེ་སྦྱིན་འོད་འབྲེ་དུ་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནི། དྭགས་པོ་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང༌། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་བྱི་༡༨༧༦ལོར་སྐུ་འཁྲུངས། ལྷ་བླའི་ལུང་བསྟན་རྩེ་མཐུན་གྱིས་སྐུ་གོང་མའི་ཡང་སྲིད་འཁྲུལ་བརལ་དུ་ངོས་འཛིན་བྱས། དགུང་ལོ་གཉིས་པར་པཎ་ཆེན་བསྟན་པའི་དབང་ཕྱུག་གི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། དགུང་ལོ་གསུམ་ཐོག་གསེར་ཁྲིར་མངའ་གསོལ། དགུང་ལོ་བདུན་པར་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་གྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་དགུ་པར་བར་གཞིས་ངག་དབང་དངོས་གྲུབ་དྲུང་ནས་ཡི་གེ་འབྲེི་ཀློག་དཔྱིས་ཕྱིན་པ་བསླབས། དགུང་ལོ་བཅུ་གསུམ་པར་སེར་འབྲས་དགའ་གསུམ་ལ་ཆོས་ཞུགས་མཛད་ནས། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་དང༌། ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚཱུའི་དྲུང་ནས་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་རྒྱུའི་མགོ་ཚུགས། དགུང་ལཱུ་ཉི་ཤུ་པར་ཡོངས་འཛིན་ཕུར་ལྕོག་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བནོས། ལོ་དེར་ཆོས་སྲིད་ཀྱི་ཐུགས་འགན་བཞེས། ཉེར་གསུམ་པར་སེར་འབྲས་དགའ་གསུམ་དུ་གྲྭ་སྐོར་མཛད། ཉེར་བཞི་པར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་སྟེ་མཚན་རྟགས་བཞེས། དགུང་ལོ་ཉེར་བརྒྱད་དང་ཉེ་དགུ་པར་༡༩༠༤ཕྱི་གླིང་དབྱིན་དམག་གི་བོད་ས་བཙན་འཛུལ་སྐབས་གངས་ཅན་པའི་བསྟན་སྲིད་ཀྱི་དོན་དུ་སོག་པོ་དང་རྒྱ་ནག་ཏུ་ཕེབས། དགུང་ལོ་སོ་ལྔ་པར་རྒྱ་ནག་ནས་བོད་དུ་ཕྱིར་ལོག །སོ་དྲུག་པར་ལུའུ་ཅི་ཀྲོ་ཨར་ཕེས་སྣེ་ཁྲིད་པའི་རྒྱ་ནག་ཁྲོན་དམག་གིས་ལྷ་སར་བཙན་འཛུལ་བྱས་སྐབས་རྒྱ་གར་དུ་ཕེབས་ཏེ་བོད་ཀྱི་གནས་བབས་འཛམ་གླིང་གང་སར་ཁྱབ་བསྒྲགས་གནང༌། དགུང་ལོ་སོ་བདུན་པར་བོད་དུ་ཕྱིར་ཕེབས་ཏེ་སོ་བརྒྱད་པར་རྒྱ་ནག་མན་ཇུས་སྲིད་གཞུང་རྩ་འཐོར་སོང་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཚུགས་པའི་གནས་ཚུལ་ལྷ་སར་གོ་གསལ་བཞིན། བོད་སྡོད་མན་ཇུས་གཞུང་ཚབ་ཨམ་བན་འཁོར་གཡོག་བཅས་རྒྱ་གར་བརྒྱུད་ནས་མཐར་བསྐྲད་བཏང༌། བོད་ལྗོངས་རང་དབང་བསྐྱར་གསཱུའི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་དེ་སྔོན་བོད་དུ་ཡོད་པའི་རྒྱ་དམག་རྣམས་མཐར་བསྐྲད་གཏོང་རྒྱུའི་མགོ་ཚུགས། བོད་དུ་དངུལ་ལོར་དང༌། སྦྲག་འཛིན། དམག་དོན་སོགས་རྒྱལ་སྤྱིའི་ངོ་བོར་མཚོན་པའི་རླབས་ཆེན་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་བོད་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ནུས་པ་དང༌། ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཡུན་རིང་བཙན་འཛུལ་དང་མནར་གཅོད་བཏང་བར་རྒོལ་རྡུང་ཚ་ནན་སྤྲད། རང་གཞུང་གི་མཛད་ཕྱོགས་མང་པོ་ལེགས་བཅོས་གནང༌། དགུང་ལོ་ཞེ་དགུ་པར་ཞོལ་པར་ཁང་གསར་སྐྲུན་གནང་བ་དང༌། སྔ་ཕྱི་གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་དགེ་ལྡན་པའི་བསྟན་པར་དག་ཐེར་དང༌། ཆོས་བརྒྱུད་རིས་མེད་ཀྱི་སྲོལ་བཟང་རྒྱུན་འཛིན་དང༌། རབ་བྱུང་ཁྲི་ཕྲག་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས། གཙུག་ལག་ཁང་དང་རྟེན་གསུམ་ཉམས་གསོ་གསར་སྐྲུན་སོགས་ཆོས་ཕྱོགས་དང༌། ཤིང་སྟག་༡༩༡༤སིམ་ལའི་ཆིངས་ཡིག་བཞག་པ་སོགས་བོད་ཀྱི་སྲིད་ཕྱོགས་ལ་བདེན་དཔང་མཚོན་པའི་མཛད་འགན་རྒྱ་ཆེར་གནང༌། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོའི་ཟླ་བཅུ་པའི་གནམ་གང་ཉིན་སྐུ་ཞི་བར་གཤེགས། སྐུ་གདུང་པོ་ཏཱ་ལའི་གསོང་སྡོང་དགེ་ལེགས་འདོད་འཇོར་བཞུགས། །

རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚ། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་འཛམ་གླིང་ཞི་བདེའི་དེད་དཔོན་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི། མདོ་སྨད་སྟག་འཚེར་དུ་ཡབ་ཆོས་སྐྱོང་ཚེ་རིང་དང༌། ཡུམ་བསོད་ནམས་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་༡༩༣༥ལོའི་ཟླ་ལྔ་པའི་ཚེས་ལྔ་ཉིན་སྐུ་འཁྲུངས། མཚན་ལ་ལྷ་མོ་དོན་འགྲུབ་གསོལ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་མཱུའི་བླ་མཚོར་ཨ་ཀ་མ་ཞེས་པའི་ལུང་སྟོན་ཡི་གེར་ཤར་བ་སོགས་ལྷ་བླའི་ལུང་བརྟག་རྩེ་མཐུན་བྱུང་བ་ལྟར་ཡང་སྲིད་འཁྲུལ་མེད་ངེས་རྙེད་བྱུང༌། དགུང་ལོ་བཞི་པར་དབུས་སུ་གདན་དྲངས་ཏེ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚཱུ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་དྲུག་ནས་སློབ་གཉེར་གྱི་དབུ་ཚུགས་ཏེ་ཡོངས་འཛིན་རྭ་སྟག་གཉིས་ནས་བཀའ་ལུང་མན་ངག་དུ་མ་དང༌། ཞབས་དྲུང་མཁྱེན་རབ་བསྟན་འཛིན་ལས་གཤར་གཟབ་ཀྱི་ཡི་གེ་འབྲེི་ཀློག་བསླབས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་སུམ་རྟགས་དག་སོགས་ལ་བསླབ་པས་ཚེགས་མེད་མཁྱེན། དགུང་གྲངས་བཅུ་གཉིས་པར། སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གཞུང་ཆེན་པོད་ལྔ་གསན་པའི་དབུ་ཚུགས་ཏེ། རྩ་བ་ཁག་ཐུགས་འཛིན་དང་དཔེ་ཁྲིད། རྩོད་ཟླ་སོགས་ཀྱིས་ཐུགས་འདྲེས་རྒྱ་ཆེར་གནང་ཞོར། དགུང་གྲངས་བཅུ་གསུམ་པར་གདན་ས་ཆེན་པོ་འབྲས་སེར་གཉིས་སུ་རིམ་བཞིན་ཆོས་ཞུགས་གནང༌། དགུང་གྲངས་བཅུ་དྲུག་པར་གུང་ཁྲན་ཏང་གིས་བོད་ཤར་ཕྱོགས་ཆབ་མདོར་བཙན་འཛུལ་བྱས་པ་དང༌། སྟོད་མངའ་རིས་ཁུལ་ནས་ཀྱང་རྒྱ་དམག་འབོར་ཆེན་པོ་འབྱོར་བའི་འགན་མ་ཟིན་པར་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ཀྱིས་ཆོས་སྲིད་འགན་ཡོངས་རྫོགས་ཕུལ་བ་ལྟར། ཁ་བ་གངས་ཅན་ལྗོངས་ཀྱི་ལུགས་ཟུང་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བསྣམས། དགུང་ལོ་བཅོ་བརྒྱད་ཐོག་རྒྱ་ནག་ཏུ་ཕེབས་པའི་ཞོར་ལ་ཁམས་དང་ཨ་མདཱུའི་ཁུལ་གྱི་དགོན་སྡེ་ཆེ་ཕྲ་ཕལ་བོ་ཆེར་ཞབས་ཀྱིས་བཅགས་ཏེ་བོད་རྒྱའི་སྐྱེ་བོ་འབུམ་ཕྲག་མང་པོར་དམ་པའི་ཆོས་དང་གསེར་ཞལ་མཇལ་བའི་བགོ་སྐལ་བསྩལ། ལྷ་ཀླུ་ལྷ་ལྕམ་ཆེན་མོས་ཞུས་ངོར་བཞིན་ལྷ་སར་དཔལ་དུས་ཀྱི་འཁོར་ལཱུའི་དབང་ཆེན་སྩལ། སླར་ཡང་དགུང་ལོ་ཉེར་གསུམ་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གསེར་སྲང་ཁྲི་ཕྲག་ལས་གྲུབ་པའི་མི་འཇིགས་སེང་གེའི་ཁྲི་ཆེར་བཏེགས་ཏེ་ཞུས་པ་བཞིན། དད་ལྡན་འབུམ་ཕྲག་བརྒལ་བ་ལ་དཔལ་དུས་ཀྱི་འཁོར་ལཱུའི་དབང་ཆེན་གཉིས་པ་བསྩལ་ཞིང༌། དེ་བཞིན་སྐུ་ན་ཆུང་དུས་ནས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད་སོགས་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་རྒྱ་ཆེར་ཕབ། གྲོ་མོ་རྒྱུད་འཕགས་ཡུལ་གནས་མཇལ་ཕེབས་ཤིང་སྐབས་དེར་པཎ་ཆེན་རིན་པོ་ཆེ། ནེ་རོ་སོགས་དང་མཇལ་འཕྲད་གནང༌། དགུང་ལོ་ཉེར་ལྔ་པར་ས་ཕག་༡༩༥༩དམར་པཱུའི་བཙན་འཛུལ་སྐབས་བསྟན་འགྲོའི་དོན་དུ་ཞབས་ཀྱི་འཁོར་ལཱུའི་རེ་ཁ་དབུས་འགྱུར་འཕགས་པའི་ཞིང་དུ་འཁོད། དམངས་གཙཱུའི་སྲིད་གཞུང་གི་ལམ་སྲོལ་བཟང་པོ་གསར་འཛུགས་དང༌། མེ་མདའི་ཁ་ནས་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པ་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གནང༌། བཙན་བྱོལ་སྲིད་གཞུང་བཙུགས་ཏེ་གཞོན་བྱིས་དར་གསུམ་ལ་ཐུགས་རྗེ་རླབས་ཀྱི་ཞགས་པ་རིང་མོས་ཡོངས་སུ་བཅིངས་ཏེ་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་རིག་གཞུང་བདེ་འཇགས་དང་བཅས་པ་སླར་གསཱུའི་མཛད་འགན་རྒྱ་ཆེ་བཞེས། གཞིས་བྱེས་བོད་འབངས་ཡོངས་ཀྱི་རེ་བའི་མིག་འབུར་གང་ལ་གཏོད་པ་ལྟར་དམ་པའི་ཆོས་དང་འཇིག་རྟེན་སྲིད་པའི་ལུགས་གཉིས་ཟུང་དུ་འབྲཻལ་བའི་ཐབས་མཁས་ཀྱི་འཕྲིན་ལས་བཟང་པཱུའི་ཁོ་ལག་ཤིན་ཏུ་ཡངས་པ་དང༌། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུའང་གཞན་ཕན་བྱམས་བརྩེའི་ནུས་སྟོབས་དང་ཐུགས་བསྐྱེད་དུས་ལ་སྨིན་པའི་མཐུ་ལས། ༡༩༨༩ནོར་སྦེལ་ཞི་བདེའི་རྟགས་མ་འཞེས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་གྱི་བུ་མཱུའི་གོས་སུ་མཛེས་པར་བཀླུབས། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་རིས་མེད་གྲུབ་མཐའ་ཀུན་གྱི་བསྟན་པའི་བདག་པོར་གྱུར། རྒྱལ་སྤྱིའི་ཐོག་གི་འཚེ་བ་དང་དམག་འཁྲུག་གིས་མཚོན་པའི་རྩོད་རྙོག་ཁ་མ་འདུམ་པ་མང་པོ་གང་གི་ཐུགས་བསྐྱེད་བཙན་པཱུའི་མཐུ་ལས་ཞི་འཇམ་དུ་གཏོང་བ་སོགས་ལེགས་བྱས་ཀྱི་རྣམ་པར་ཐར་པ་བརྗོད་ལས་འགོངས། བོད་རྒྱའི་འཐབ་རྩོད་ཐད་རྒྱ་བོད་གཉིས་ཕན་གྱི་ཐབས་ལམ་ཟབ་མཱུ་རིམ་པར་འཚོལ་ནས་ཐུགས་བསྐྱེད་སྤྱན་གྱི་གཟིགས་པ་ཡངས་པོས་མཚེ་མེད་ཞི་བདེ་ཁོ་ནའི་ལམ་བཟང་དུ་འཛུད་པ་ལས། འཚེ་བ་དང་དྲག་པཱུའི་ལམ་དུ་ནམ་ཡང་འཕྱན་པ་མི་མཛད་པ་སོགས། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས་འཛམ་གླིང་སྤྱི་དང་གངས་ཅན་པའི་ལུགས་ཟུང་གསེར་གྱི་འཁོར་ལོ་བླ་ན་བཏེགས་ཏེ། མཚན་དཔེའི་སྐུའི་དཀྱིལ་འཁོར་དབུས་འགྱུར་འཕགས་པའི་ཡུལ་དུ་བཞུགས་ཀྱང༌། གསང་བ་གསུམ་གྱི་མཛད་པ་དང་སྙན་པའི་བ་དན་དཀར་པོ་གནམ་སའི་ཁྱོན་ཀུན་ཁྱབ་བཞིན་འཚཱུ་ཞིང་བཞུགས་བཞིན་པ་འདི་བཞིན་ལགས་སོ། ། གྲུ་འཛིན་བདེ་ཆེན་དག་པའི་ཞིང་ཁམས་ནས། ། ཐུགས་བསྐྱེད་སྤྱན་གྱི་བུང་བའི་ལྡིང་བསྐོར་གྱིས། ། གངས་རིའི་འདབ་མ་གྲོལ་བའི་བསིལ་ལྡན་ཞིང༌། ། འཕུར་ལྡིང་རྩེན་པའི་སྐྱེས་རབས་ཚར་དུ་དངར། ། ཐུགས་བསྐྱེད་སྤྱན་སྟོང་གཡོ་བའི་ཞགས་པ་ཡིས། ། མཐའ་དག་རྒྱུད་ལྔའི་འགྲོ་བ་ཡོངས་སུ་འཆིང༌། ། འགྲོ་བའི་སྡུག་བསྔལ་སྐྱོབ་པའི་ཕྱག་སྟོང་གིས། ། སྐྱབས་སྦྱིན་ཕྱག་རྒྱའི་དགེ་ལེགས་གཡོ་གྱུར་ཅིག། ཞེས་ཀྱང་སྨྲས་སོ།