Wb/bo/སློབ་ཆུང་དག་ཡིག་གི་འགྲེལ་བ་དག་ཡིག་རྨང་གཞི་སྦྱོང་བརྡ་།

From Wikimedia Incubator
< Wb‎ | boWb > bo > སློབ་ཆུང་དག་ཡིག་གི་འགྲེལ་བ་དག་ཡིག་རྨང་གཞི་སྦྱོང་བརྡ་།

མཁས་མཁས་ཀྱིས་བསྒྲིགས་པའི་དག་ཡིག་རྨང་གཞིའི་སྦྱོང་བརྡ། ཟབ་ཡངས་ཡོན་ཏན་རྒྱ་མཚོའི་འཇིངས། ། བགྲོད་པའི་གཟིངས་ཆེན་ཡི་གེ་སྟེ། ། རྟག་ཏུ་བརྩོན་འགྲུས་སྐྱ་འདེབས་ཀྱིས། ། བརྡ་དག་ཕ་མཐར་མྱུར་དེངས་ཤིག ། ༼ཀ༽ ཀ་བ་ཀ་ར་ཀ་ཏོ་ར། ། ཀ་ཅི་ཀ་མད་ཀ་རྐྱང་ཡིན། །དཀའ་ལས་དཀའ་ངལ་ད་དཀའ་དང་། །བཀའ་མོལ་བཀའ་སློབ་བ་བཀའ་འོ། །ཡུར་བུའི་རྐ་ནི་ར་རྐ་དང་། །གོས་ཀྱི་སྐ་རགས་ས་སྐ་ཡིན། །ལམ་སོགས་བཀག་པ་བ་བཀག་ལ། །ལོ་ཡི་སྐག་ནི་ས་སྐག་ཡིན། །སྣོད་སོགས་ཆུས་བཀང་བ་བཀང་དང་། །རྐང་ལག་གཞི་རྐང་ར་རྐང་ངོ་། སྐད་རིགས་སྐད་ཆ་ས་སྐད་དང་། །སྐས་འཛེག་སྐས་ལ་རྗེས་འཇུག་ས། ། ཁ་ཡི་རྐན་ནི་ར་རྐན་ལ། །རྒྱུག་པས་བཀན་པ་བ་བཀན་ཡིན། །རྐང་ལག་སྐུམ་པ་ས་སྐུམ་མོ། །ཁེབས་སོགས་བཀབ་པ་བ་འཕུལ་དང་། །གནས་སྐབས་སྐབས་འཕྲལ་ས་སྐབས་ཡིན། །ཉི་མར་སྐམ་པ་ས་སྐམ་མོ། །ཁ་དོག་དཀར་པོ་ད་དཀར་དང་། ། ནམ་མཁའི་སྐར་མ་ས་སྐར་ཡིན། །སྐལ་བཟང་ས་སྐལ་སྔོན་འཇུག་མེད། །དུས་ཀྱི་བསྐལ་བར་སྔོན་འཇུག་བ། །ཀུ་ཤུ་ཀུ་ཅོ་ཀ་རྐྱང་དང་། །ལུས་ཀྱི་སྐུ་ནི་ས་སྐུ་ལ། །རྐུན་མའི་རྐུ་ནི་ར་རྐུ་ཡིན། །ཤིང་སོགས་བཀུག་པ་བ་བཀུག་དང་། །ལྐུགས་པ་དག་ནི་ལ་སྐུགས་ཡིན། །སྐུད་པའི་སྐུད་ནི་ས་སྐུད་དོ། །རྫུན་རྐུབ་རྐུབ་སྟེགས་ར་རྐུབ་ཡིན། །བརྩི་བཀུར་བཀུར་བསྟི་བ་བཀུར་དང་། ། སྐུར་མ་སྐུར་བ་ས་སྐུར་ཡིན། །ལས་ཀ་སྐུལ་དང་སྐུལ་ལྕག་དང་། །སྐུལ་སློང་བྱེད་སོགས་ས་སྐུལ་ལོ། །གཡག་ཀོ་ཕག་ཀོ་ཀ་རྐྱང་ངོ་། །ལས་གནས་བསྐོ་གཞག་ས་བསྐོ་དང་། །ས་རྡོ་རྐོ་བ་ར་རྐོ་ཡིན། །ཡིག་སྐོགས་མར་སྐོགས་ས་སྐོགས་དང་། ། ལྐོག་གཡོ་ལྐོག་གྱུར་ལ་ལྐོག་ཡིན། །སྣོད་སོགས་ཀོང་ཀོང་ཀ་ཀོང་དང་། །ཚིག་རྐང་ཁ་སྐོང་ས་སྐོང་ཡིན། །འབྱོར་ཐོ་བཀོད་དང་བཀོད་སྒྲིག་སོགས། །བ་བཀོད་ཡིན་པ་ཤེས་པར་བྱ། །ལམ་བུ་ཀྱག་ཀྱོག་འཕུལ་མེད་དང་། །སྣོད་སོགས་བཀྱག་པར་བ་ཡི་འཕུལ། །མི་གཙང་སྐྱག་པ་ས་སྐྱག་ཡིན། །སྐྱ་རེངས་སྐྱ་བར་མགོ་ཅན་ས་། །ས་ཆ་ཀྱོང་ཀྱོང་ཀ་ཀྱོང་དང་། ། རྐང་ལག་རྐྱོང་དང་གདན་རྐྱོང་གདན། །ར་རྐྱོང་ཡིན་པ་ཤེས་པར་བྱ། དྲིན་གྱིས་སྐྱོང་བ་ས་སྐྱོང་ངོ་། །གཞན་དུ་སྐྱེལ་བ་ས་སྐྱེལ་ལོ། །ཁེར་རྐྱང་རྐྱང་པོ་ར་རྐྱང་ཡིན། །ཐག་པས་བཀྱིགས་པ་བ་བཀྱིགས་སོ། །གཡར་བའི་སྐྱིན་པ་ས་སྐྱིན་ཡིན། །དབུས་ཀྱི་དཀྱིལ་ནི་ད་དཀྱིལ་ལོ། །སྐྱུག་བྲོ་སྐྱུག་མེར་ས་སྐྱུག་ལ། །བྲོ་བ་སྐྱུར་དང་གཡང་ལ་སྐྱུར།།ས་སྐྱུར་ཡིན་པ་ཤེས་པར་བྱ། །དཀྱུས་རིང་དཀྱུས་མ་ད་དཀྱུས་ཡིན། །སྐྱེས་མ་ལེགས་སྐྱེས་ས་སྐྱེས་དང་། །རྒྱ་བསྐྱེད་ཐོན་སྐྱེད་རྗེས་འཇུག་ད། །དངོས་པོ་སྐྱེལ་བ་ས་སྐྱེལ་ལོ། །ཆ་རྐྱེན་མཐུན་རྐྱེན་ར་རྐྱེན་ཡིན། །རྐང་པ་ཀྱོག་ཀྱོག་ཀ་ཀྱོག་དང་། །རག་སྐྱོགས་ཚལ་སྐྱོགས་ས་སྐྱོགས་ཡིན། །རྒྱབ་སྐྱོར་ལག་སྐྱོར་ས་སྐྱོར་རོ། །ཉེས་སྐྱོན་གནོད་སྐྱོན་ས་སྐྱོན་ཡིན། །བཀྲག་མདངས་བཀྲག་རྩི་བ་བཀྲག་དང་། །འཇིགས་སྐྲག་དངངས་སྐྲག་ས་སྐྲག་ཡིན། །ལུས་པོ་སྐྲངས་པ་ས་སྐྲངས་སོ། །ནད་ཀྱི་སྐྲན་ནི་ས་སྐྲན་ལ། །དངོས་པོ་བཀྲམ་པ་བ་བཀྲམ་ཡིན། །སྐུད་པ་དཀྲི་དང་འགན་དཀྲི་བ། །ད་དཀྲི་ཡིན་བ་བློ་རུ་ངེས། །ཆུ་ལ་བཀྲུས་པ་བ་བཀྲུས་ཡིན། །ཁམ་སྡོང་སྤྲུགས་སོགས་ས་སྤྲུགས་དང་། །ཕན་ཚུན་དཀྲུག་པ་ད་དཀྲུག་ཡིན། །འོ་ཞོ་དཀྲོག་པ་ད་དཀྲོག་གོ། །ཀླ་ཀློའི་ཀླ་ནི་ཀ་ཀླ་དང་། ། གླ་ཆ་གླ་རྩི་ག་གླ་འོ། །བླ་མ་བླ་མེད་བླ་སྲོག་ནི། །བ་བླ་ཡིན་པ་ཤེས་པར་བྱ། །གར་སླའི་སླ་དང་ལས་སླ་པོ། །སླ་ང་ལ་སོགས་ས་སླ་དང་། རྐང་པའི་བརླ་ཤ་ར་བརླ་ཡིན། །ཀླད་ཀོར་ཀླད་པ་ཀ་ཀླད་དང་། །རྗེས་མའི་སླད་དང་སླད་སྐྱོན་ནི། །ས་སླད་ཡིན་པ་ངེས་དགོས་སོ། །ལྷ་ཀླུའི་ཀླུ་ནི་ཀ་ཀླུ་དང་། ། གླུ་གཞས་གླུ་དབྱངས་ག་གླུ་ཡིན། །བླུ་ཉོ་བླུ་ཡོན་བ་བླུ་དང་། །གཞན་སེམས་སླུ་བ་ས་སླུ་འོ། །རི་ཀླུང་ཆུ་ཀླུང་ཀ་ཀླུང་དང་། རླུང་འཁོར་རླུང་ལངས་ར་རླུང་ངོ་། །ཡི་གེ་ཀློག་པ་ཀ་ཀློག་དང་། གློག་བརྙན་ལ་སོགས་ག་གློག་གོ། །མགོ་རྟིང་སློག་དང་ས་སློག་པ། ས་ལ་ལ་བཏགས་ཡིན་པར་ངེས། ། ༼ཁ༽ ཁ་བ་ཁ་མཆུ་ཁ་རྐྱང་ཡིན། །ལག་གི་འཁར་རྒྱུག་འ་འཁར་དང་། །མཁར་རྫོང་མཁར་ནི་མ་མཁར་རོ། །རྫ་མཁན་ཡིག་མཁན་མ་མཁན་དང་། །དྲི་བཟང་འཁན་པ་འ་འཁན་ཡིན། །བལ་སོགས་འཁལ་བར་འ་འཕུལ་དང་། །ལུས་ཀྱི་མཁལ་མར་མ་འཕུལ་ཡོད། །འབྲུ་ཁལ་ཁལ་མར་འཕུལ་མེད་དོ། །ལྟག་ཁུང་ས་ཁུང་ཡང་འཇུག་མེད། །ལས་ཁུངས་འབྱུང་ཁུངས་ཡང་འཇུག་ཡོད། །རྐང་ལག་འཁུམ་པ་འ་འཁུམ་དང་། །ཁུར་པོ་འཁུར་བ་འ་འཁུར་རོ། །གཏན་ལ་འཁེལ་བ་འ་འཁེལ་ཡིན། ། མཁོ་བྱེད་མཁོ་འདོན་མ་མཁོ་འོ། །ཁོང་ཁྲོ་ཁོང་ཚོར་ཡང་འཇུག་མེད། །མངའ་ཁོངས་ཁོངས་གཏོགས་ཡང་འཇུག་ཡོད། །བདེ་བར་འཁོད་དང་ཡི་གེར་འཁོད་། །འ་འཁོད་ཡིན་པ་ཤེས་པར་བྱ། ཁོ་ར་ཁོར་ཡུག་འཕུལ་མེད་དང་། །འཁོར་ལོ་འཁོར་བར་འ་འཕུལ་ཡོད། །མི་འཁྱམ་སྤྲང་འཁྱམ་འ་འཁྱམ་དང་། །ཁང་པའི་ཁྱམས་ལ་སྔོན་འཇུག་མེད། །ཆུ་སོགས་འཁྱིལ་བ་འ་འཁྱིལ་ཡིན། །ལུས་པོ་འཁྱོར་བ་འ་འཁྱོར་རོ། །ཁ་དོག་ཁྲ་ཁྲ་ཁ་ཁྲ་དང་། །ཕྲ་སྦོམ་ཕྲ་མོ་ཕྲ་ཞིབ་སོགས། །ཕ་ཕྲ་ཡིན་པ་ཤེས་པར་བྱ། །ཤ་ཁྲག་ཟུངས་ཁྲག་ཁྲ་ཁྲག་དང་། །དཔུང་པའི་ཕྲག་པ་ཕྲག་དོག་ཅན། །ཕ་ལ་ར་བཏགས་ཡིན་པར་ངེས། ། ཁྲལ་རིགས་ཁྲལ་པ་ཁ་ཁྲལ་དང་། །ཕན་ཚུན་ཕྲལ་བ་ཕ་ཕྲལ་ཡིན། །སྐབས་འཕྲལ་འཕྲལ་ལ་འ་འཕུལ་ཡོད། །གར་སོགས་འཁྲབ་པ་འ་འཁྲབ་དང་། །གོ་ཆའི་ཁྲབ་ལ་སྔོན་འཇུག་མེད། །གྲངས་ཀྱི་ཁྲི་སྟོང་ཁ་ཁྲི་དང་། །ལས་ཀའི་འགན་འཁྲི་འ་འཁྲི་ཡིན། །འགོ་ཁྲིད་སློབ་ཁྲིད་རྗེས་འཇུག་ད། །འགྲམ་གྱི་འཁྲིས་ལ་རྗེས་འཇུག་ས། །སྒྲིག་ཁྲིམས་རྩ་ཁྲིམས་ཁ་ཁྲིམས་སོ། །འཐབ་མོའི་འཁྲུག་ནི་ཁ་འཁྲུག་དང་། །སློབ་ཕྲུག་བུ་ཕྲུག་མིང་གཞི་ཕ། །ནོར་བ་འཁྲུལ་བ་ཁ་འཁྲུལ་དང་། །འཕྲུལ་འཁོར་འཕྲུལ་ཆས་ཕ་འཕྲུལ་ཡིན། །དངོས་པོ་མཁྲེགས་པོ་མ་མཁྲེགས་སོ། །ལྕགས་རིགས་ཁྲོ་དང་ཁོང་ཁྲོ་སོགས། །ཁ་ཁྲོ་ཡིན་ལ་སྔོན་འཇུག་མེད། །འོད་ཟེར་འཕྲོ་དང་འཕྲོ་བརླག་སོགས། །ཕ་འཕྲོ་ཡིན་ལ་སྔོན་འཇུག་འ། །གཞན་ནོར་འཕྲོག་པ་ཕ་འཕྲོག་དང་། །གྲོད་ཁོག་འཁྲོག་པ་ཁ་འཁྲོག་ཡིན། །དུར་ཁྲོད་རི་ཁྲོད་དམངས་ཁྲོད་སོགས། །ཁ་ལ་ར་བཏགས་ཡིན་པ་དང་། །ལག་ཏུ་འཕྲོད་དང་འཕྲོད་བསྟེན་སོགས། །ཕ་འཕྲོད་ཡིན་ལ་སྔོན་འཇུག་འ། ། ༼ག༽ གུས་པ་གུས་ཞབས་རྗེས་འཇུག་ས། །ཉམས་རྒུད་དར་རྒུད་རྗེས་འཇུག་ད། །གོམ་བགྲོད་གོམ་སྟབས་ཡང་འཇུག་མེད། །གོམས་གཤིས་གོམས་འདྲིས་ཡང་འཇུག་ཡོད། །གྲངས་གནས་གྱ་གཅིག་གྱ་གཉིས་ནས། །གྱ་དགུ་ལ་སོགས་གྱ་རྐྱང་ངོ་། །རྒྱ་མཚོ་རྒྱ་ལྕོག་རྒྱ་ཁྱོན་དང་། །རྒྱ་བསྐྱེད་རྒྱ་ཕིབས་ར་མགོ་ཡོད། །གྲངས་ཀྱི་བརྒྱ་ལ་སྔོག་འཇུག་བ། །སློབ་གྲྭ་གྲྭ་པར་ཝ་ཟུར་ཡོད། །གྲ་རྒྱས་གྲ་སྒྲིག་སྙེ་མའི་གྲ།།པགས་སྤུའི་གྲ་ལ་ཝ་ཟུར་མེད། །སྐད་གྲགས་སྙན་གྲགས་ག་གྲགས་ཡིན། །ཞི་དྲག་དྲག་ཞན་ད་དྲག་དང་། །མཐོ་དྲགས་དམའ་དྲགས་མང་དྲགས་པ། །ཐལ་བའི་དྲགས་ལ་ཡང་འཇུག་ཡོད། །བྲག་རྡོ་བྲག་ཕུག་བ་བྲག་ཡིན། །ཆུ་སོགས་གྲང་མོ་ག་གྲང་ དང་། །བགྲང་བྱའི་གྲངས་ལ་ཡང་འཇུག་ཡོད། དྲང་པོ་དྲང་བཞག་ད་དྲང་དང་། །ཟས་སོགས་དྲངས་པར་ཡང་འཇུག་ཡོད། །ཕོ་བྲང་བླ་བྲང་བྲང་ཁོག་སོགས། །བ་བྲང་ཡིན་པས་ཤེས་པར་བྱ། གྲལ་བསྟར་གྲལ་རིམ་ག་གྲལ་དང་། །ཐོག་གི་དྲལ་མ་ད་དྲལ་ཡིན། །ཁ་བྲལ་ལྷུ་བྲལ་བ་བྲལ་ལོ། །རིམ་གྲས་ལ་སོགས་ག་གྲས་དང་། །རས་སོགས་དྲས་པ་ད་དྲས་ཡིན། །རལ་གྲི་གློ་གྲི་ག་གྲི་དང་། །དྲི་བ་དྲི་མ་ད་དྲི་ལ། །ཡི་གེ་བྲི་རྒྱུ་བ་བྲི་ཡིན། །བསྐྱངས་པའི་དྲིན་ནི་ད་དྲིན་ནོ། །སྤྱང་གྲུང་གྲུང་ནི་ག་གྲུང་དང་། །སྐུ་དྲུང་དྲུང་ཡིག་ད་དྲུང་ཡིན། །སྒྲུང་གཏམ་སྒྲུང་དཔེར་ས་མགོ་ཡོད། །ཁྲོན་པ་བྲུས་པ་བ་བྲུས་དང་། །ས་ལ་དྲུས་པ་ད་དྲུས་ཡིན། །བརྩོན་འགྲུས་འགྲུས་ནི་ག་འགྲུས་སོ། །མགྲིན་པའི་གྲེ་བ་ག་གྲེ་དང་། །འཇལ་བྱེད་བྲེ་ནི་བ་བྲེ་ཡིན། །གྲོ་ཞིབ་གྲོ་མ་ག་གྲོ་དང་། །དྲོ་སྐྱིད་དྲོ་པོ་ད་དྲོ་འོ། །ཟས་ཀྱི་བྲོ་བ་འཁྲབ་བྱའི་བྲོ། །བ་བྲོ་ཡིན་པས་མ་ནོར་ཅིག །གྲོག་རོང་གྲོག་མར་ཡང་འཇུག་མེད། །གྲོགས་པོའི་གྲོགས་ལ་ཡང་འཇུག་ཡོད། །གྲོང་ཁྱེར་གྲོང་གསེབ་ག་གྲོང་དང་། །ཤི་བའི་གྲོངས་པར་ཡང་འཇུག་ཡོད། །གྲོས་མོལ་ག་གྲོས་རྗེས་འཇུག་ས། །ལུས་ཀྱི་གྲོད་པར་རྗེས་འཇུག་ད། །ཉི་མའི་དྲོད་ནི་ད་དྲོད་དང་། །བྲོས་བྱོལ་བྲོས་ནི་བ་བྲོས་ཡིན། །གྲོན་ཆུང་འགྲོ་གྲོན་ག་གྲོན་ནོ། །གནད་འགག་འགག་སྒོར་སྔོན་འཇུག་འ། །གལ་འགངས་འགངས་ནི་འ་འགངས་དང་། །རི་སྒང་སྒང་གཤོངས་ས་སྒང་ལ། །ལྒང་བུ་ལྒང་བཞུ་ལ་ལྒང་ཡིན། །གད་མོ་བགད་པ་བ་བགད་དང་། །ལོ་ན་རྒས་པ་ར་རྒས་ཡིན། །འགན་འཁུར་འགན་སྲུང་འ་འགན་དང་། །དགེ་རྒན་རྒན་རབས་ར་རྒན་ནོ། །ལྕགས་སྒམ་ཤིང་སྒམ་ས་སྒམ་ཡིན། །དགའ་སྤྲོ་དགའ་སྟོན་ད་དགའ་དང་། །རྟ་སྒ་ཁལ་སྒ་ས་སྒ་ལ། །འགའ་ཤས་འགའ་ཞིག་འ་འགའ་ཡིན། །ལྕགས་བཟོ་མགར་བ་མ་མགར་དང་། ། དམག་སྒར་བཞུགས་སྒར་ས་སྒར་ཡིན། །སྒལ་པ་སྒལ་ཚིགས་ས་སྒལ་དང་། །ཁྲིམས་འགལ་རྒྱབ་འགལ་འ་འགལ་ལ། །ཆུ་སོགས་རྒལ་བ་ར་རྒལ་ཡིན། །སེམས་པ་མགུ་བ་མ་མགུ་དང་། །གྲངས་ཀྱི་དགུ་ནི་ད་དགུ་ཡིན། །ཉིན་དགུང་དགུང་ལོ་ད་དགུང་ངོ་། །དབྱར་དགུན་དགུན་ནི་ད་དགུན་དང་། །ཤིང་ཏོག་རྒུན་འབྲུམ་ར་རྒུན་ནོ། །གཡོ་འགུལ་ལས་འགུལ་འ་འགུལ་དང་། །མགྲིན་པའི་མགུལ་ནི་མ་མགུལ་ཡིན། ། དགེ་སྐྱོན་དགེ་ནི་ད་དགེ་དང་། ། ཁང་པའི་སྒེའུ་ཁུང་ས་སྒེ་ཡིན། །དགོང་མོ་དགོང་ཚོགས་ད་དགོང་དང་། །དགོངས་ཞུ་ཐུགས་དགོངས་ཡང་འཇུག་ཡོད། །ལམ་གྱི་འགྲུལ་པ་ག་འགྲུལ་དང་། །སྲོག་ཆགས་སྦྲུལ་ནི་བ་སྦྲུལ་ལོ། །བྱ་རྒོད་ས་རྒོད་རྟ་རྒོད་མ། ། མི་རྒོད་ལ་སོགས་ར་མགོ་ཡོད། །འགྲུལ་པའི་ལམ་རྒྱགས་ཤ་རྒྱགས་པར། ཡང་འཇུག་ཡོད་ལ་སྔོན་འཇུག་མེད། །གཡོ་སྒྱུ་སྒྱུ་མ་ས་སྒྱུ་དང་། །ནང་ཁྲོལ་རྒྱུ་མ་ར་རྒྱུ་ཡིན། །སྒྱུར་བཅོས་ཡིག་སྒྱུར་ས་སྒྱུར་དང་། །འབྱུང་འགྱུར་ཉམས་འགྱུར་འ་འགྱུར་ཡིན། །མི་རྒྱུད་རིགས་རྒྱུད་རྗེས་འཇུག་ད། །ལོ་རྒྱུས་ལམ་རྒྱུས་རྗེས་འཇུག་ས། ། སྒྲ་གདངས་སྒྲ་སྙན་ས་སྒྲ་དང་། །དགྲ་བོའི་དགྲ་ནི་ད་དགྲ་ཡིན། །འདེམས་སྒྲུག་སྒྲུག་ནི་ས་སྒྲུག་དང་། །འབྲུག་སྐད་འབྲུག་པ་འ་འབྲུག་ཡིན། །མིང་ཚིག་འགྲེལ་བཤད་མིང་གཞི་ག །མཉམ་དུ་འབྲེལ་བར་མིང་གཞི་བ། །འབྲས་དང་འབྲས་བུ་མིང་གཞི་བ། །ཞེ་འགྲས་འཁོན་འགྲས་མིང་གཞི་ག །གླང་ཆེན་བ་གླང་ག་གླང་དང་། །བླང་བྱ་བླང་དོར་བ་བླང་ཡིན། ། ༼ང༽ བང་མི་མངགས་པ་མ་མངགས་དང་། །བསྔགས་བརྗོད་བསྟོད་བསྔགས་ས་བསྔགས་ཡིན། །དངངས་སྐྲག་དངངས་འཚབ་ད་དངངས་སོ། །སྟེར་བའི་རྔན་པ་ར་རྔན་ནོ། །འདོད་རྔམ་ཟིལ་རྔམ་ར་རྔམ་ཡིན། །མངའ་ཁོངས་མངའ་ཐང་མངའ་འབངས་དང་། །ཐུགས་ལ་མངའ་བ་མ་མངའ་ལ། །གྲངས་ཀྱི་ལྔ་ནི་ལ་ལྔ་དང་། ། རྔ་དང་རྔ་མ་ར་རྔ་ཡིན། །སྔ་དྲོ་སྔ་མོ་ས་སྔ་འོ། །བྲོ་བ་མངར་བ་མ་མངར་དང་། །ཚར་དུ་དངར་བ་ད་དངར་ཡིན། །སྔས་མགོའི་སྔས་ནི་ས་སྔས་དང་། །སྟོན་ཐོག་བརྔས་པ་ར་བརྔས་སོ། །ལུས་ཀྱི་རྔུལ་ཆུ་ར་རྔུལ་དང་། །གསེར་དངུལ་དངུལ་ལོར་ད་དངུལ་ཡིན། །ཡོས་སོགས་རྔོ་བ་ར་རྔོ་དང་། །ཁ་དོག་སྔོ་བ་ས་སྔོ་ཡིན། །གྲི་ཡི་དངོ་ནི་ད་དངོ་འོ། །མངོན་སུམ་མངོན་གསལ་མ་མངོན་དང་། །དུས་ཀྱི་སྔོན་མ་ས་སྔོན་ཡིན། །རི་དྭགས་རྔོན་པ་ར་རྔོན་ནོ། །དངོས་འབྲེལ་དངོས་གཞི་དངོས་ཡོད་དང་། །དངོས་པོ་ལ་སོགས་ད་དངོས་ཡིན། ། ༼ཅ༽ རྟ་ལྕག་སྐུལ་ལྕག་ལ་ལྕག་དང་། །ལྕགས་དང་ལྕགས་རིར་ཡང་འཇུག་ཡོད། །རྫ་སོགས་བཅག་པ་བ་བཅག་གོ། །ཡིད་ལ་བཅངས་པ་བ་བཅངས་དང་། །ལྕང་ལོ་ལྕང་མ་ལ་ལྕང་ཡིན། །རིག་པ་སྤྱང་དང་སྤྱང་ཀི་ལ། །ས་ཡི་མགོ་ཅན་ཡོད་པར་ཤེས། །ཤིང་སོགས་བཅད་པར་བ་འཕུལ་དང་། །བརྟག་དཔྱད་དཔྱད་གཞི་ད་དཔྱད་ཡིན། །གཅན་གཟན་གཅན་ནི་ག་འཕུལ་དང་། །སྤྱན་བསྟར་སྤྱན་གཟིགས་ས་མགོ་ཅན། །སྤུན་མཆེད་ལྕམ་སྲིང་ཁང་པའི་ལྕམ་། །ལྕམ་ཆུང་ལ་སོགས་ལ་ལྕམ་ཡིན། །རྡོ་གཅལ་པང་གཅལ་ག་གཅལ་ལོ། །ཕྱུགས་ཀྱི་ལྕི་བ་ལ་ལྕི་དང་། །ལུས་ཀྱི་དཔྱི་མགོ་ད་དཔྱི་ལ། །སྤྱི་རྫས་སྤྱི་ཚོགས་ས་སྤྱི་ཡིན། །ཁ་ཅིག་ལྷན་ཅིག་ཆབས་ཅིག་དང་། །སྐད་ཅིག་ལ་སོགས་འཕུལ་མེད་ཅིང་། །གྲངས་ཀྱི་གཅིག་ལ་ག་འཕུལ་ཡོད། །ཐག་པས་བཅིངས་པ་བ་བཅིངས་སོ། །དྲི་ཆུ་གཅིན་པ་ག་གཅིན་དང་། །སྦྱོར་བྱེད་སྤྱིན་ནི་ས་སྤྱིན་ཡིན། །གྲངས་ཀ་བཅུ་ལ་བ་འཕུལ་ཡོད། །སུམ་ཅུ་དྲུག་ཅུ་བདུན་ཅུ་དང་། །བརྒྱད་ཅུ་བཅས་ལ་བ་འཕུལ་མེད། །ཅུང་ཟད་ཅུང་ལ་འཕུལ་མེད་དང་། །གཅུང་པོ་གཅུང་མོར་ག་འཕུལ་ཡོད། །ཟས་བཅུད་རོ་བཅུད་བ་འཕུལ་དང་། །ཆུ་སོགས་གཅུས་པ་ག་འཕུལ་ཡིན། །ཁའི་ལྕེ་མེ་ལྕེ་ལ་ལྕེ་འོ། །གཅེས་སྐྱོང་གཅེས་སྤྲས་ག་གཅེས་ཡིན། །ལས་ཀ་ལྕོགས་དང་མི་ལྕོགས་ནི། །ལ་ལྕོགས་ཡིན་ལ་ཡང་འཇུག་ཡོད། །ཁང་པའི་ལྕོག་དང་མགོ་ལྕོག་ལྕོག །ལ་ལྕོག་ཡིན་ལ་ཡང་འཇུག་མེད། །གཟུགས་པོ་གཅོང་པོ་ག་གཅོང་དང་། །སྦལ་ཕྲུག་ལྕོང་མོ་ལ་ལྕོང་ཡིན། །དོན་གཅོད་མཚམས་གཅོད་ག་གཅོད་དང་། །བཟོ་བཅོས་སྨན་བཅོས་བ་བཅོས་སོ། །བེད་སྤྱོད་ཀུན་སྤྱོད་ས་སྤྱོད་ཡིན། །དགྲ་བོ་བཅོམ་དང་འཕྲོག་བཅོམ་སོགས། །བ་ཡིས་འཕུལ་བ་ཤེས་པར་བྱ། །བཅའ་ཁྲིམས་བཅའ་སྡོད་བ་འཕུལ་དང་། །དཔྱ་ཁྲལ་ད་འཕུལ་ཡིན་པར་ངེས། ། ༼ཆ༽ ཆ་རྐྱེན་ཆ་ཚང་ཆ་རྐྱང་དང་། །འཕྱ་སྨོད་འཕྱ་ནི་འ་འཕྱ་ཡིན། །ཆག་སྐྱོན་ཆག་སྒོར་ཡང་འཇུག་མེད། །སེམས་ཆགས་ཆགས་སྡང་ཡང་འཇུག་ཡོད། །གད་སྙིགས་ཕྱགས་དང་ཕྱགས་མ་ནི། །ཕ་ཕྱགས་ཡིན་ལ་ཡང་འཇུག་ཡོད། །ལག་པའི་ཕྱག་དང་ཕྱག་བྲིས་སོགས། །ཡང་འཇུག་མེད་པ་ངེས་དགོས་སོ། །བཏུང་བྱའི་ཆང་ལ་འཕུལ་མེད་དང་། །ལག་པས་འཆང་བར་འ་འཕུལ་ཡོད། །སྐུད་པ་ཆད་དང་ཆད་ལྷག་དང་། །སྔོན་ཆད་ཕྱིན་ཆད་རྗེས་འཇུག་ད། །ལྟོ་ཆས་འཕྲུལ་ཆས་རྗེས་འཇུག་ས། །མིག་གི་མཆི་མ་མ་མཆི་དང་། །མི་རྟག་འཆི་བ་འ་འཆི་འོ། ཕྱི་རྒྱལ་ཕྱི་ནང་ཕ་ཕྱི་ཡིན། །འདུམ་འགྲིགས་ཆིངས་ཡིག་ཆ་ཆིངས་དང་། ། ཕྱིང་ཞྭ་ཕྱིང་གུར་ཕ་ཕྱིང་ཡིན། །གཙང་མར་ཕྱིས་པ་རྗེས་འཇུག་ས། །གངས་འཕྱིད་འཁྱགས་འཕྱིད་རྗེས་འཇུག་ད། །ཁ་ཡི་མཆིལ་མ་བྱིའུ་མཆིལ་པ། །མ་འཕུལ་ཡིན་པ་བློ་རུ་ངེས། །རྦ་རླབས་ཆིལ་ཆིལ་སྔོན་འཇུག་མེད། །ནང་ཁྲོལ་མཆིན་པ་མ་མཆིན་དང་། །ལམ་དུ་ཕྱིན་དང་མཐར་ཕྱིན་པ། །ཕྱིན་ཅི་ལོག་སོགས་ཕ་ཕྱིན་ནོ། །གྱོན་བྱའི་ཕྱུ་པ་ཕ་ཕྱུ་དང་། གཙང་ཆུ་རྒྱུགས་ཆུ་ཆུ་རྐྱང་ལ། །གྱོད་གཞི་ཁ་མཆུ་ཁ་ཡི་མཆུ་། །མ་མཆུ་ཡིན་པ་བློ་རུ་ངེས། །ཕྱུག་པོའི་ཕྱུག་ལ་ཡང་འཇུག་མེད། །སྒོ་ཕྱུགས་ཕྱུགས་ལ་ཡང་འཇུག་ཡོད། །ཁ་ནང་མཆེ་བ་མ་མཆེ་དང་། །རྒྱགས་ཕྱེ་སྨན་ཕྱེ་ཕྱེ་མ་ལེབ། །ཕ་ཕྱེ་ཡིན་པ་ངེས་དགོས་སོ། །ཆེད་མངགས་ཆེད་བརྗོད་ཆ་རྐྱང་དང་། །ཤ་ཉེ་སྤུན་མཆེད་མ་མཆེད་ཡིན། །ཕྱེད་ཀའི་ཕྱེད་ནི་ཕ་ཕྱེད་དོ། གསེར་འོད་ཆེམ་ཆེམ་ཡང་འཇུག་མེད། །འཆི་ཁའི་ཁ་ཆེམས་ཡང་འཇུག་ཡོད།ཆོག་དང་མི་ཆོག་འཕུལ་མེད་དང་། །ལེགས་པའི་མཆོག་ལ་མ་འཕུལ་ཡོད། །ཁ་ཕྱོགས་ཕྱོགས་ལྷུང་ཕྱོགས་སྡོམ་སོགས། །ཕ་ཕྱོགས་ཡིན་པ་ཤེས་པར་བྱ། །དབྱེ་བ་ཆོད་སོགས་རྗེས་འཇུག་ད། ཁྱད་ཆོས་ཆོས་ལུགས་རྗེས་འཇུག་ས། །ལས་ཕྱོད་ཕྱོད་ནི་ཕ་ཕྱོད་ཡིན། །ཇ བཏུང་བྱའི་ཇ་ནི་ཇ་རྐྱང་དང་། །ནམ་མཁའི་བྱ་ནི་བ་བྱ་ཡིན། ཇི་ལྟར་ཇི་སྲིད་ཇ་ཇི་དང་། །བྱི་བ་བྱི་ལ་བ་བྱི་ཡིན། །ཇེ་མང་ཇེ་ཞན་ཇེ་རྐྱང་དང་། །གྲངས་གནས་བྱེ་བ་བྱེ་ཐང་སོགས། །བ་བྱེ་ཡིན་པས་ཤེས་པར་བྱ། །ངོ་མཇལ་མཇལ་དར་མ་མཇལ་དང་། །ཁྲལ་སོགས་འཇལ་བ་འ་འཇལ་ཡིན། །འཇིག་རྟེན་འཇིག་ལ་ཡང་འཇུག་མེད། འཇིགས་སྐྲག་ཆུས་འཇིགས་ཡང་འཇུག་ཡོད། །ལུས་ཀྱི་མཇིང་པ་མ་མཇིང་ངོ་། །མཇུག་མ་མཇུག་སྒྲོ་མ་འཕུལ་དང་། །རྗེས་སུ་འཇུག་པ་འ་འཕུལ་ཡིན། །དགོངས་འཇགས་བདེ་འཇགས་འ་འཇགས་དང་། །རོ་འཛིན་ལྗགས་ནི་ལ་ལྗགས་སོ། །འཇིམ་བརྙན་འཇིམ་བཟོ་འ་འཇིམ་མོ། །ལྟོ་ཆས་འཇུ་དང་ལག་པས་འཇུ། །ཁྱི་ཤིག་འཇུ་བ་འ་འཇུ་ཡིན། །བོད་ལྗོངས་ཡུལ་ལྗོངས་ལ་ལྗོངས་དང་། ། གཟུགས་དབྱིབས་འཇོང་འཇོང་འ་འཇོང་ཡིན། །འགྲུལ་པ་འབྱོར་བ་འ་འབྱོར་རོ། །རྗེད་ངས་རྗེད་ཐོར་རྗེས་འཇུག་ད། །བྱས་རྗེས་སྔོན་རྗེས་རྗེས་འཇུག་ས། །དངོས་པོ་བརྗེས་པར་སྔོན་འཇུག་བ། སེམས་ཀྱིས་བརྗེད་པར་རྗེས་འཇུག་ད། །ལོ་ཏོག་ལྗང་པ་མདོག་ལྗང་ཁུ། །ལ་ལྗང་ཡིན་པ་ཤེས་པར་བྱ། །ལྗིད་ཚད་ལྗིད་འདེགས་ལ་ལྗིད་དང་། །བརྗིད་ཆགས་གཟི་བརྗིད་ར་བརྗིད་ཡིན། ༼ཉ༽ ཆུ་ནང་ཉ་མོ་ཉ་རྐྱང་དང་། རྐང་པའི་ཉྭ་ལ་ཝ་ཟུར་ཡོད། །ཉམ་ཆུང་ཉམ་ཐག་ཡང་འཇུག་མེད། །ཉམས་འགྱུར་ཉམས་རྒུད་ཉམས་མྱོང་དང་། །ཉམས་ལེན་སོགས་ལ་ཡང་འཇུག་ཡོད། ། སྙན་ངག་སྙན་གྲགས་སྒྲ་སྙན་པོ། སྙན་སྒྲོན་ལ་སོགས་ས་སྙན་དང་། གཟུགས་བརྙན་ར་བརྙན་བ་འཕུལ་ཡོད། །མཇིང་པའི་གཉའ་དང་གཉའ་གནོན་དང་། གཉའ་ཤིང་ལ་སོགས་ག་གཉའ་འོ། །དོ་མཉམ་འདྲ་མཉམ་མཉམ་ལས་ཁང་། །མ་མཉམ་ཡིན་པ་ཤེས་པར་བྱ། །ཆང་སོགས་བསྙལ་བ་ས་བསྙལ་ལོ། ཉལ་བའི་གཉིད་ལ་རྗེས་འཇུག་ད། །གྲངས་ཀ་གཉིས་ལ་རྗེས་འཇུག་ས། །ཀོ་བ་མཉེད་པར་རྗེས་འཇུག་ད། །དགའ་བའི་མཉེས་ལ་རྗེས་འཇུག་ས། །ལུས་སོགས་མཉེན་པོ་མ་འཕུལ་དང་། །དགྲ་གཉེན་གཉེན་ཚན་ག་འཕུལ་ཡིན། །ཅ་ལག་རྙིང་པ་ར་རྙིང་ལ། །ནང་ཁྲོལ་སྙིང་དང་སྙིང་རུས་དང་། །སྙིང་གཏམ་སྙིང་རྗེ་ས་སྙིང་ཡིན། །དུས་ཀྱི་སྙིགས་དང་གད་སྙིགས་སོགས། །ས་སྙིགས་ཡིན་པ་ཤེས་པར་བྱ། ། ༼ཏ༽ པོ་ཏ་ལ་ནི་ཏ་རྐྱང་དང་། །འཇིག་རྟེན་ལྟ་བ་ལ་ལྟ་ལ། །ཅང་ཤེས་རྟ་ནི་ར་རྟ་ཡིན། །ཤིང་གཅོད་སྟ་རེ་ས་སྟ་འོ། །ཁྱི་སོགས་བཏགས་པ་བ་བཏགས་དང་། རྒྱལ་རྟགས་རྟགས་མཚན་ར་རྟགས་ཡིན། །ལྟག་ཁུང་ལྟག་སྒོ་ལ་ལྟག་དང་། །གཅན་གཟན་སྟག་དང་ཤིང་སྟག་མ། །ས་སྟག་ཡིན་པས་མ་ནོར་ཅིག ནན་ཏན་ཡོན་ཏན་འཕུལ་མེད་དང་། །ལས་ཀ་གཏན་འཁེལ་དུས་གཏན་དུ། །ག་གཏན་ཡིན་པ་ཤེས་པར་བྱ། སྲ་ཞིང་བརྟན་པ་ར་བརྟན་དང་། །སངས་རྒྱས་བསྟན་པ་མིག་ལ་བསྟན། །ས་བསྟན་ཡིན་པ་ཤེས་པར་བྱ། །སྦྱིན་པ་བཏང་དང་རླངས་འཁོར་བཏང་།བཏང་སྙོམས་ལ་སོགས་བ་བཏང་ངོ་། །གདན་སོགས་བཏིང་བ་བ་བཏིང་དང་། །རྒྱ་མཚོའི་གཏིང་ནི་ག་གཏིང་ངོ་། ། སྔ་རྟིང་རྐང་རྟིང་ར་རྟིང་ཡིན། །ཁྲིམས་ལ་གཏུགས་དང་མཐར་གཏུགས་པ། །ཐོད་པ་གཏུགས་སོགས་ག་གཏུགས་དང་། །འོག་རླུང་རྟུག་དྲི་ར་རྟུག་ལ། །ནགས་ཚལ་སྟུག་པོ་ས་སྟུག་ཡིན། །ཇ་ཆང་བཏུངས་པ་བ་བཏུངས་སོ། །སྐབས་བསྟུན་སྟབས་བསྟུན་ས་བསྟུན་ཡིན། །ཉེས་ཅན་གཏེ་པོ་གཟུགས་གཏེ་པོ། །ག་གཏེ་ཡིན་པ་ཤེས་དགོས་ལ། །ལུས་ཀྱི་ལྟེ་བ་ལ་ལྟེ་ཡིན། །གོང་དུ་བཏེགས་པ་བ་བཏེགས་དང་། །ཀ་སྟེགས་རྐུབ་སྟེགས་ས་སྟེགས་ཡིན། །འཇིག་རྟེན་རྟེན་འབྲེལ་ར་རྟེན་དང་། །སྨན་པ་བསྟེན་སོགས་ས་བསྟེན་ཡིན། །ལྕགས་གཏེར་ལ་སོགས་ག་གཏེར་རོ། །ཁོངས་སུ་གཏོགས་པ་ག་གཏོགས་དང་། །རྟོག་ཞིབ་རྟོག་དཔྱོད་ར་རྟོག་ལ། །གོ་རྟོགས་ཤེས་རྟོགས་ཡང་འཇུག་ཡོད། །བང་མི་གཏོང་སོགས་ག་གཏོང་དང་། །གྲངས་ཀྱི་སྟོང་སོགས་ས་སྟོང་ཡིན། །སྟོད་སྨད་སྟོད་ཐུང་ས་སྟོད་དང་། །བསྟོད་བསྔགས་གཟེངས་བསྟོད་སྔོག་འཇུག་བ། །གསར་གཏོད་རྒྱབ་གཏོད་ག་གཏོད་དང་། །ཉིན་མཚན་ལྟོས་མེད་ལ་ལྟོས་ཡིན། །སངས་རྒྱས་སྟོན་པ་སློབ་སྟོན་དང་། །དུས་ཀྱི་སྟོན་ཁ་སྟོན་ཐོག་སོགས། །སྟོན་མོ་ལ་སོགས་ས་སྟོན་ནོ། །བློ་སྟོབས་སྟོབས་འབྱོར་ས་སྟོབས་ཡིན། །གཏོར་བརླགས་གཏོར་བཤིག་ག་གཏོར་རོ། ། ༼ཐ༽ ཐ་ཤལ་ཐ་མ་ཐ་སྙད་དང་། ། ཐ་ཐོར་ལ་སོགས་ཐ་རྐྱང་ཡིན། །མཐའ་མཚམས་མཐའ་འཁྱོལ་མ་ཡིས་འཕུལ། །ཐག་པ་ཐག་ཉེ་འཕུལ་མེད་དང་། །སྣམ་བུ་འཐག་དང་རྩམ་པ་འཐག །འཁལ་འཐག་ལ་སོགས་འ་འཕུལ་ཡོད། །ཐབས་ཤེས་ཐབས་རྡུགས་ཡང་འཇུག་དང་། །ཐབ་ཚང་ཐབ་ཀར་ཡང་འཇུག་མེད། །དགྲ་ལ་འཐབ་པ་འ་འཐབ་ཡིན། །ཆུ་ཡི་ཐིགས་པར་ཡང་འཇུག་ཡོད། །ཐིག་ཚད་ཐིག་ཤིང་ཡང་འཇུག་མེད། །ཐག་པ་འཐེན་པ་འ་འཐེན་ནོ། །མུན་པ་འཐིབ་པར་འ་འཕུལ་ཡོད། །ཕན་ཚུན་ཐུག་ཕྲད་ཡང་འཇུག་མེད། །ཐུགས་དགོངས་ཐུགས་བསུན་ཡང་འཇུག་ཡོད། །གོས་སོགས་མཐུག་པོར་སྔོན་འཇུག་མ། །ལས་ཀ་འཐུས་ཚང་འཐུས་ཤོར་དང་། ། ཚབ་ཀྱི་འཐུས་མི་འ་འཐུས་ཡིན། །ཆད་ནས་མཐུད་པ་མ་མཐུན་དང་། །བཟའ་བྱའི་ཐུད་ལ་སྔོན་འཇུག་མེད། །ཐོ་རེངས་ཐོ་བ་ཐ་རྐྱང་དང་། ། ལག་པའི་མཐོ་དང་མཐོ་ཚད་ནི། །མ་མཐོ་ཡིན་པ་ངེས་དགོས་སོ། །ཁང་པའི་ཐོག་དང་དུས་ཐོག་མར། །ཡང་འཇུག་སྔོན་འཇུག་གང་ཡང་མེད། །ལག་ཏུ་ཐོགས་པར་ཡང་འཇུག་ཡོད། །ཞིང་ཆས་ཐོང་གཤོལ་ཐ་རྐྱང་དང་། །མིག་གིས་མཐོང་བར་མ་འཕུལ་ཡོད། །ཕྱོགས་ཐོན་ཐོན་སྐྱེད་འཕུལ་མེད་དང་། །རི་བོ་མཐོན་པོར་མ་ཡིས་འཕུལ། །རྣ་བར་ཐོས་པ་རྗེས་འཇུག་ས། །མགོ་བོའི་ཐོད་པར་རྗེས་འཇུག་ད། ། ༼ད༽ སྡུག་བསྔལ་སྡུག་རུས་ས་སྡུག་གོ། །ཁང་པའི་གདུང་མ་ག་གདུང་དང་། །མཚོན་ཆ་མདུང་ནི་མ་མདུང་ལགས། །རྡུང་རྡེག་ཉེས་རྡུང་ར་རྡུང་ཡིན། །དུད་འགྲོ་དུད་ཚང་རྗེས་འཇུག་ད། །དུས་ཚོད་ནམ་དུས་རྗེས་འཇུག་ས། །གྲལ་གྱི་མདུན་ནི་མ་འཕུལ་དང་། །སེམས་ཀྱི་འདུན་པར་འ་འཕུལ་ཡོད། བདེ་ཐང་བདེ་སྐྱིད་བ་བདེ་དང་། །ཡུལ་སྡེ་སྡེ་ཚན་ས་སྡེ་འོ། །རྗེས་འདེད་སྐུལ་འདེད་འ་འཕུལ་དང་། །མེ་མདའི་མདེལ་ནི་མ་འཕུལ་ཡིན། །གྱང་གི་ལྡེབས་ནི་ལ་ལྡེབས་དང་། །སྡེབ་སྦྱོར་མཉམ་སྡེབ་ས་སྡེབ་ཡིན། །ཤིང་གི་འདབ་མ་འ་འདབ་དང་། །རི་ཡི་འདབས་ལ་ཡང་འཇུག་ཡོད། །གྲངས་ཀྱི་ལྡབ་ནི་ལ་ལྡབ་ཡིན། །ཚེ་འདས་དུས་འདས་འ་འདས་དང་། །ས་ལ་བསྡད་པ་ས་བསྡད་ཡིན། །ལུང་པའི་མདའ་དང་འཕེན་བྱའི་མདའ། །མ་ཡིས་འཕུལ་བ་ཤེས་པར་བྱ། །ནམ་མཁར་ལྡིང་བ་ལ་ལྡིང་དང་། །ས་ཆའི་སྡིངས་ནི་ས་སྡིངས་ཡིན། །མེ་ཏོག་ལྡུམ་རྭར་ལ་ལྡུམ་དང་། །བར་འདུམ་འདུམ་འགྲིག་འ་འདུམ་ཡིན། །རྒྱ་མ་དོ་དང་འབྲུ་དོ་པོ། །དོ་ཟླ་བྲལ་བ་ད་རྐྱང་ངོ་། །བྲག་རྡོ་གཏེར་རྡོ་ར་རྡོ་དང་། །ལུང་པའི་མདོ་ནི་མ་མདོ་ཡིན། །ཚོན་གྱི་མདོག་ནི་མ་འཕུལ་དང་། །མིང་སོགས་འདོགས་པ་འ་འཕུལ་ཡིན། །ལྕགས་མདོང་ཇ་མདོང་མ་འཕུལ་དང་། །ངོ་གདོང་གདོང་ལེན་ག་ཡིས་འཕུལ། །ཤིང་གི་སྡོང་པོ་ས་སྡོང་ཡིན། །འདོད་ཡོན་རེ་འདོད་འ་འཕུལ་དང་། །སྡོད་གནས་སྡོད་ཁང་ས་སྡོད་ཡིན། །ཡི་གེ་འདོན་པ་འ་འདོན་དང་། །གདོན་འདྲེའི་གདོན་ནི་ག་གདོན་ཡིན། ། འཇལ་ཚད་འདོམ་ལ་ཡང་འཇུག་མེད། །བཀོད་འདོམས་འདོམས་ལ་ཡང་འཇུག་ཡོད། །གྲངས་ཀ་བསྡོམས་པ་ས་བསྡོམས་ཡིན། ། ༼ན༽ གནའ་དུས་གནའ་ནི་ག་གནའ་དང་། །མནའ་མའི་མནའ་ནི་མ་མནའ་ཡིན། །ཉན་བྱེད་རྣ་བ་ར་རྣ་དང་། །སྣ་ཚོགས་སྣ་ཁུང་ས་སྣ་འོ། །ཁ་དོག་ནག་པོར་ཡང་འཇུག་མེད། །ནགས་ཚལ་ནགས་ལ་ཡང་འཇུག་ཡོད། ། གནག་ཕྱུགས་གནག་སེམས་ག་གནག་དང་། །སྣག་ཚ་སྣག་བུམ་ས་སྣག་ཡིན། །བཀའ་མོལ་གནང་སོགས་ཡང་འཇུག་མེད། ། གནངས་ཉིན་གནངས་དགོང་ཡང་འཇུག་ཡོད། །ཞིང་གི་རྣང་མར་ར་རྣང་དང་། ། སེམས་ཀྱི་སྣང་བར་ས་སྣང་ཡིན། །གནད་འགག་གནད་དོན་རྗེས་འཇུག་ད། །གནས་སྐབས་གནས་ཚུལ་རྗེས་འཇུག་ས། །འོག་ཏུ་མནན་པར་མ་མནན་དང་། །གྲངས་ཀ་བསྣན་པར་ས་བསྣན་ཡིན། ནམ་མཁའ་ནམ་ཞིག་ཡང་འཇུག་མེད། །བསོད་ནམས་ནམས་ལ་ཡང་འཇུག་ཡོད། །རྣམ་གྲངས་རྣམ་འགྱུར་ཡང་འཇུག་མེད། །མང་པོའི་རྣམས་ལ་ཡང་འཇུག་ཡོད། །གནམ་གྲུ་གནམ་གཤིས་ག་གནམ་དང་། །གྱོན་ཆས་སྣམ་བུར་ས་སྣམ་ཡིན། །ནད་ཀྱིས་མནར་བར་མ་མནར་དང་། །མཇུག་མ་བསྣར་བར་ས་བསྣར་རོ། །མནོ་བསམ་མནོ་ནི་མ་མནོ་དང་། །གྲི་ཡི་རྣོ་ནི་ར་རྣོ་ཡིན། །གནོད་སྐྱོན་གནོད་འཚེར་ག་འཕུལ་དང་། །ཟས་སྣོད་ཆང་སྣོད་ས་མགོ་ཡོད། །གཉའ་གནོན་གནོན་ཤུགས་ག་གནོན་དང་། ། ཁ་སྣོན་ཤུགས་སྣོན་ས་སྣོན་ཡིན། ༼པ༽ རེས་གཟའ་པ་སངས་པ་རྐྱང་དང་། །རི་ཤིང་སྤ་མ་སྐྲའི་སྤ་ལོ། །པ་ལ་ས་ཡི་མགོ་ཅན་ཡོད། །དཔའ་བོ་དཔའ་མོར་ད་འཕུལ་ལོ། །སྟག་ལྤགས་གཟིག་ལྤགས་ལ་ལྤགས་དང་། །བཟའ་བྱའི་སྤགས་ནི་ས་སྤགས་ཡིན། །པང་གདན་པང་ལེབ་པ་རྐྱང་དང་། །སྤང་རི་སྤང་གཤོངས་ས་སྤང་ལ། །སྤངས་བླང་སྤངས་ལ་ཡང་འཇུག་ཡོད། ། དཔང་པོའི་དཔང་ནི་ད་དཔང་དང་། །མཐོ་དམའི་དཔངས་ལ་ཡང་འཇུག་ཡོད། །འབྲུ་སོགས་སྤུངས་པ་ས་སྤུངས་དང་། །ཕྲག་པའི་དཔུང་དང་དམག་དཔུང་ནི། །ད་དཔུང་ཡིན་པ་བློ་རུ་ངེས། །རྐང་པའི་པུས་མོར་པ་རྐྱང་དང་། །དངོས་པོའི་སྤུས་ཀ་ས་སྤུས་ཡིན། །རེས་གཟའ་སྤེན་པ་ས་སྤེན་ནོ། །དར་སྤེལ་ལེགས་སྤེལ་ས་སྤེལ་ཡིན། །ཡི་གེ་དཔོད་པ་ད་དཔོད་དང་། །གནས་སོགས་སྤོས་པར་ས་སྤོས་ཡིན། ། ༼ཕ༽ ཕག་དང་ས་ཕག་ཕག་རྐྱང་དང་། །ཁྱད་དུ་འཕགས་པར་འ་འཕགས་ཡིན། །ཕངས་སེམས་ཕངས་ལ་འཕུལ་མེད་དང་། །མདའ་སོགས་འཕངས་པར་འ་འཕུལ་ཡོད། །ཕར་ཕྱོགས་ཕར་རྒོལ་སྔོན་འཇུག་མེད། །གྲངས་འབོར་འཕར་བར་སྔོན་འཇུག་ཡོད། །བྲག་ཕུག་ཕུག་རོན་ཡང་འཇུག་མེད། །ཕུགས་བསམ་ཕུགས་རེར་ཡང་འཇུག་ཡོད། །ཕུར་བུ་ལྕགས་ཕུར་སྔོན་འཇུག་མེད། །ནམ་མཁར་འཕུར་བར་སྔོན་འཇུག་འ། །ཕྱག་ཏུ་ཕུལ་བར་སྔོན་འཇུག་མེད། །སྔོན་འཇུག་འཕུལ་ཡིག་འ་འཕུལ་ཡོད། །གོང་འཕེལ་འཕེལ་རྒྱས་འ་འཕེལ་ལོ། ། བང་མི་ཕོ་ཉར་ཕ་རྐྱང་དང་། །ལས་ཀའི་འཕོ་འགྱུར་འ་འཕོ་ཡིན། ཕོག་ཐུག་ཕོག་ལ་ཡང་འཇུག་མེད། །གླ་ཕོགས་ ཕོགས་ལ་ཡང་འཇུག་ཡོད། །རླུང་འཕྲིན་འཕྲིན་ཡིག་འཕྲིན་ལས་སོགས། །འ་འཕུལ་ཡོད་མེད་གདམ་ང་འོ། ། ༼བ༽ དབུ་སྐྲ་དབུ་བརྙེས་ད་ཡིས་འཕུལ། །ཨུ་ཚུགས་ཨུ་ནི་ཨུ་རྐྱང་ཡིན། གཡང་གཟར་གཡང་ལུག་ག་གཡང་དང་། །ཡི་གེའི་དབྱངས་དང་གླུ་དབྱངས་ནི། །ད་དབྱངས་ཡིན་པ་ཤེས་པར་བྱ། །དུས་ཀྱི་དབྱར་ནི་ད་དབྱར་དང་། །དངོས་པོ་གཡར་བར་ག་གཡར་ཡིན། །གཟུགས་ཀྱི་དབྱིབས་ནི་ད་དབྱིབས་སོ། །བག་གཡེང་ལྷོད་གཡེང་ག་གཡེང་ངོ་། །མངའ་འབངས་སྤྱི་འབངས་འ་འབངས་དང་། །ཆང་གི་སྦང་མར་ས་སྦང་ངོ་། །ཐོན་འབབ་ཡོང་འབབ་འ་འབབ་དང་། །རི་ཡི་རྦབ་རྡོར་ར་རྦབ་ཡིན། །འབོད་སྐུལ་འབོད་སྒྲར་འ་འབོད་དང་། །གྲོད་ཁོག་སྦོས་པར་ས་སྦོས་ཡིན། །གྲངས་ཀྱི་འབོར་ནི་འ་འབོར་རོ། །ཆུ་ཡི་རྦ་རླབས་ར་རྦ་དང་། །ཤིང་རིགས་སྦ་ནི་ས་སྦ་ལ། །སྐེ་ཡི་ལྦ་བར་ལ་ལྦ་ཡིན། །ཆུ་ཡི་ལྦུ་བར་ལ་ལྦུ་དང་། །འབུ་སྲིན་འབུ་ནི་འ་འབུ་ཡིན། །བློ་ཐག་རྦད་བཅད་ར་རྦད་དང་། །འབད་བརྩོན་འབད་འབུངས་འ་འབད་ལ། །དངོས་པོ་སྦས་པར་ས་སྦས་ཡིན། །ཕྱི་ལ་འབུད་པར་འ་འབུད་དང་། །མེ་གཏོང་སྦུད་པར་ས་སྦུད་ཡིན། །ཆར་ཟིམ་སྦྲང་ཆར་འབུ་སྦྲང་མ། །ས་སྦྲང་ཡིན་པ་བློ་རུ་ངེས། ། ༼མ༽ ལྟ་བྱེད་མིག་ལ་རྗེས་འཇུག་ག །མགྲིན་པའི་མིད་པར་རྗེས་འཇུག་ད། མེས་རྒྱལ་མེས་པོར་རྗེས་འཇུག་ས། །ཡོད་མེད་མེད་ལ་རྗེས་འཇུག་ད། ། དམག་དཔུང་དམག་ནི་ད་དམག་དང་། །མུན་པའི་སྨག་རུམ་ས་སྨག་གོ། དམངས་གཙོའི་དམངས་ནི་ད་དམངས་དང་། །རྨང་གཞིའི་རྨང་ནི་ར་རྨང་ཡིན། མཆོག་དམན་དམན་ཤར་ད་དམན་དང་།སྨན་པ་སྨན་བཅོས་ས་སྨན་ཡིན། ངོ་མཚར་རྨད་བྱུང་ར་རྨད་དང་། །ལུས་ཀྱི་སྨད་སོགས་ས་སྨད་ཡིན། །རིམ་པ་དམའ་དང་དམའ་འབེབས་དང་། རིན་གོང་དམའ་སོགས་ད་འཕུལ་ཡོད། །རྨ་དང་རྨ་བྱར་ར་རྨ་དང་། །སྐད་ཆ་སྨྲ་བར་ས་སྨྲ་ཡིན། །ཉལ་བའི་རྨི་ལམ་ར་རྨི་འོ། །དམིགས་ཡུལ་དམིགས་བསལ་ད་དམིགས་དང་། །རྟ་ཡི་རྨིག་པར་ར་རྨིག་ཡིན། །ལོ་ཏོག་སྨིན་པར་ས་སྨིན་ནོ། །ཁྱི་ཡིས་རྨུགས་པར་ར་རྨུགས་དང་། །ཚོས་གཞི་སྨུག་དང་སྨུག་པ་ནི། །ས་སྨུག་ཡིན་པས་མ་ནོར་ཅིག །ས་ཞིང་རྨོ་བ་ར་རྨོ་ལགས། །རྨོངས་པ་མགོ་རྨོངས་ར་རྨོངས་སོ། །སྨོན་ཚིག་སྨོན་འདུན་ཡིད་སྨོན་ནི། །ས་སྨོན་ཡིན་པས་ཤེས་པར་བྱ། ། ༼ཙ༽ གཙང་མ་གཙང་ཆུར་སྔོན་འཇུག་ག །བཀའ་བཙན་ཁུངས་བཙན་བཙན་ཤེད་དང་། །བཙན་འཛུལ་སོགས་ལ་བ་འཕུལ་ཡོད། །ཕྲན་ཙམ་ལེགས་ཙམ་ཙ་རྐྱང་དང་། །བཟའ་བྱའི་རྩམ་པར་ར་རྩམ་ཡིན། །རྩ་བ་རྩ་རྒྱུས་ར་རྩ་དང་། །གཟན་རྩྭའི་རྩྭ་ལ་ཝ་ཟུར་ཡོད། །གླ་རྩི་སྦྲང་རྩིར་འཕུལ་མེད་དང་། བརྩི་བཀུར་བརྩི་འཇོག་བ་འཕུལ་ཡོད། །གཡག་གི་རྩིད་པར་རྗེས་འཇུག་ད། །གྲངས་ཀྱི་རྩིས་ལ་རྗེས་འཇུག་ས། །མགོ་བོའི་སྤྱི་གཙུག་ག་གཙུག་དང་། །ཤིང་སོགས་བཙུགས་པ་བ་བཙུགས་ཡིན། །བཙུན་པ་བཙུན་མོར་བ་བཙུན་ནོ། །ཚིག་རྩུབ་གདུག་རྩུབ་ར་རྩུབ་ཡིན། །རི་ཡི་རྩེ་མོ་ར་རྩེ་དང་། །བརྩེ་དུང་བརྩེ་བར་བ་འཕུལ་ཡོད། །གཙོ་བོ་གཙོ་འཛིན་ག་གཙོ་དང་། །གསེར་སྦྱང་བཙོ་མ་བ་བཙོ་ཡིན། །བཙོན་པ་བཙོན་ར་བ་བཙོན་དང་། །བརྩོན་འགྲུས་སྦྱང་བརྩོན་ར་བརྩོན་ཡིན། ། ༼ཚ༽ ཉི་མ་ཚ་དང་སྤུན་ཚ་བོ། །ན་ཚ་ལ་སོགས་ཚ་རྐྱང་ངོ་། །བཟའ་བྱའི་ཚྭ་ལ་ཝ་ཟུར་ཡོད། །ལུས་ཀྱི་མཚང་རར་མ་འཕུལ་དང་། །ཁྱིམ་ཚང་དུད་ཚང་འཕུལ་མེད་ཅིང་། །གོས་ཀྱི་བར་འཚང་འ་འཕུལ་ཡིན། །རྟགས་མཚན་མཚན་མོ་མ་མཚན་དང་། །སྡེ་ཚན་ནང་ཚན་སྔོན་འཇུན་མེད། །ཚབས་ཆེ་གནོད་ཚབས་ཡང་འཇུག་ཡོད། །སྐྱིན་ཚབ་ངོ་ཚབ་ཡང་འཇུག་མེད། །བྲེལ་འཚབ་འཚབ་ནི་འ་འཚབ་བོ། །ངོ་མཚར་མཚར་སྡུག་མ་མཚར་དང་། །ལས་ཀ་ཚར་བར་སྔོན་འཇུག་མེད། །ལས་ཀ་མཚམས་འཇོག་མཚམས་སྤྲིན་དང་། །བར་མཚམས་ལ་སོགས་མ་མཚམས་ཡིན། །རིང་ཐུང་འཚམ་པ་འ་འཚམ་མོ། །ཚོས་གཞི་མཚལ་ཀར་སྔོན་འཇུག་མ། །ནགས་ཚལ་སྐྱེད་ཚལ་སྔོན་འཇུག་མེད། །ལྷུ་ཚིགས་ཚིགས་ལ་ཡང་འཇུག་ཡོད། །མིང་ཚིག་ཚིག་ལ་ཡང་འཇུག་མེད། །མེ་ཡིས་འཚིགས་པ་འ་འཚིགས་སོ། །གྲོང་པ་ཁྱིམ་མཚེས་མ་མཚེས་དང་། །ཚེས་གྲངས་ཚེས་ལ་སྔོན་འཇུག་མེད། །ཕྱུགས་ཟོག་འཚོ་བ་འ་འཚོ་དང་། །རྒྱ་མཚོའི་མཚོ་ནི་མ་མཚོ་འོ། །མཚོན་ཆ་མཚོན་རྟགས་མ་མཚོན་དང་། །ཚོན་རྩི་ཚོན་ཁྲར་སྔོན་འཇུག་མེད། །ཐེ་ཚོམ་ཚོམ་བུར་འཕུལ་མེད་དང་། །དགོངས་པ་འཚོམ་པར་འ་འཕུལ་ཡོད། ། ༼ཛ༽ མཛའ་བརྩེ་མཛའ་མཐུན་མ་མཛའ་དང་། ། རྫ་ཁོག་རྫ་གཡམ་ར་རྫ་ཡིན། །མཁས་མཛངས་མཛངས་མར་མ་འཕུལ་དང་། །ལག་པ་འཛངས་པ་འ་འཛངས་ཡིན། །མཛད་འཕྲིན་མཛད་རྗེས་མ་མཛད་དང་། །འཛད་སྤྲོད་འཛད་སྤྱོད་འ་འཛད་ཡིན། །འཐབ་འཛིང་འཛིང་ནི་འ་འཛིང་དང་། །ཆུ་ཡི་རྫིང་བུ་ར་རྫིང་ཡིན། །ལག་ཏུ་འཛིན་དང་འཁོན་འཛིན་ནི། །འ་འཛིན་ཡིན་པ་ཤེས་པར་བྱ། །རྫུ་འཕྲུལ་ན་རྫུར་ར་རྫུ་དང་། །རྫུན་གཏམ་རྫུན་པ་རྗེས་འཇུག་ན། །ཞལ་འཛུམ་འཛུམ་དམུལ་འ་འཛུམ་མོ། །ནང་དུ་འཛུལ་བ་འ་འཛུལ་ཡིན། །ཟས་སོགས་འཛེམ་པ་འ་འཛེམ་མོ། །མཛེས་པོ་མཛེས་སྡུག་མ་མཛེས་དང་། །གོས་སོགས་བརྫེས་པ་ར་བརྫེས་ཡིན། །མཛོ་དང་མཛོ་མོ་མ་མཛོ་འོ། །ཡོངས་སུ་རྫོགས་པ་ར་རྫོགས་ཡིན། །ཆུ་མཛོད་མཛོད་ཁང་མ་མཛོད་ལ། །མཉམ་དུ་འཛོམ་པ་འ་འཛོམ་ཡིན། ། ༼ཝ༽ ཝ་སྐྱེས་ཝ་ལེར་ཝ་རྐྱང་ངོ་། ། ༼ཞ༽ རྐང་ལག་ཞ་བོ་ཞ་རྐྱང་དང་། །མགོ་ཡི་ཞྭ་མོར་ཝ་ཟུར་ཡོད། །ཉིན་ཞག་ཞག་ཚིར་ཡང་འཇུག་མེད། །ཐག་པའི་ཞགས་པར་ཡང་འཇུག་ཡོད། །ས་ལ་བཞག་པ་བ་བཞག་དང་། །སློབ་གསོའི་བྱ་གཞག་ག་གཞག་གོ། །མེ་ཏོག་བཞད་པ་བ་བཞད་དང་། །གླུ་གཞས་གཞས་ནི་ག་གཞས་ཡིན། །སྤུས་ཀ་ཞན་པར་སྔོན་འཇུག་མེད། །རང་གཞན་གཞན་ལ་སྔོན་འཇུག་ག །ཞར་བྱུང་ཞར་ཞོར་སྔོན་འཇུག་མེད། །སྐྲ་སོགས་བཞར་བར་སྔོན་འཇུག་བ། །ཞི་དྲག་ཞི་བདེར་སྔོན་འཇུག་མེད། གྲོས་གཞི་རྨང་གཞིར་སྔོན་འཇུག་ག །མདའ་ཡི་གཞུ་ནི་ག་གཞུ་དང་། །མར་ཁུ་བཞུ་བ་བ་བཞུ་ཡིན། །ལམ་གྱི་གཞུང་དང་སྲིད་གཞུང་སོགས། །ག་གཞུང་ཡིན་པ་བློ་རུ་ངེས། །ཉི་མ་བཞུད་པ་བ་བཞུད་དང་། །ལྕག་ཚན་གཞུས་པ་ག་གཞུས་ཡིན། །གདན་ནས་བཞེངས་པ་བ་བཞེངས་དང་། །ཁ་ཞེང་ཞེང་ལ་སྔོན་འཇུག་མེད། །ཕྱག་ཏུ་བཞེས་པར་རྗེས་འཇུག་ས། །དགོངས་པའི་བཞེད་པར་རྗེས་འཇུག་ད། །ཟས་རིགས་ཞོག་ཁོག་ཡང་འཇུག་མེད། །སྔ་དྲོའི་ཞོགས་པར་ཡང་འཇུག་ཡོད། །བཤུ་གཞོག་ཤིང་གཞོག་སྔོན་འཇུག་ག ། གཞོགས་འདེགས་གཞོགས་ལ་ཡང་འཇུག་ཡོད། །ས་ཆ་ཞོང་ཞོང་སྔོན་འཇུག་མེད། །ཤིང་གཞོང་ལ་སོགས་སྔོན་འཇུག་ག །རྟ་སོགས་བཞོན་པར་བ་བཞོན་དང་། །ན་སོ་གཞོན་པར་ག་གཞོན་ནོ། ། ༼ཟ༽ ཁོང་ཁྲོ་ཟ་དང་ཟ་མ་དང་། །ཟ་རུ་ལ་སོགས་ཟ་རྐྱང་ཡིན། །གཟའ་འཁོར་གཟའ་འཛིན་ག་གཟའ་དང་། །བཟའ་ཚང་ན་བཟའ་བ་བཟའ་ཡིན། །ལྕགས་རིགས་ཟངས་ལ་འཕུལ་མེད་དང་། ། མི་བཟང་ལས་བཟང་བ་འཕུལ་ཡོད། །ཚེ་སོགས་ཟད་པར་རྗེས་འཇུག་ད། །ཁ་ཟས་ཟས་ལ་རྗེས་འཇུག་ས། །སེམས་ལ་གཟན་པ་ག་གཟན་དང་། །ནང་ཟན་མར་ཟན་འཕུལ་མེད་ཡིན། །གཟབ་མཆོར་གཟབ་རྒྱས་ག་གཟབ་དང་། །གཏིང་ཟབ་ཟབ་བརླིང་སྔོན་འཇུག་མེད། །ཆང་གིས་བཟི་བ་བ་བཟི་དང་། །གཟི་བརྗིད་མིག་གཟིར་ག་གཟི་ཡིན། ། གཅན་གཟན་གཟིག་ལ་ཡང་འཇུག་མེད། །སྤྱན་གྱི་གཟིགས་པར་ཡང་འཇུག་ཡོད། །སྐྲ་སོགས་ཟིང་པར་སྔོན་འཇུག་མེད། །གྲུ་གཟིངས་གཟིངས་ལ་སྔོན་འཇུག་ག གཟིམ་ཁང་གཟིམ་ཤག་ག་གཟིམ་དང་། །ཆར་ཟིམ་རླུང་ཟིམ་སྔོན་འཇུག་མེད། །གཟུགས་བརྙན་གཟུགས་དབྱིབས་སྔོན་འཇུག་ག །ན་ཟུག་ཟུག་ལ་སྔོན་འཇུག་མེད། །ཐབས་ཤེས་ཟུང་འབྲེལ་ཡང་འཇུག་མེད། །ལུས་ཀྱི་ཟུངས་ཁྲག་ཡང་འཇུག་ཡོད། །མེ་ཏོག་ཟེ་འབྲུ་ཟེ་རྐྱང་ངོ་། །ཉི་མའི་འོད་ཟེར་འཕུལ་མེད་དང་། །ལྕགས་གཟེར་ཟུག་གཟེར་སྔོན་འཇུག་ག །གཟེངས་ཐོན་སྤུ་གཟེངས་ག་གཟེངས་སོ། །བཟོ་ལས་བཟོ་པ་བ་བཟོ་དང་། །དྲིན་དུ་གཟོ་བ་ག་གཟོ་ཡིན། །ཤིང་བཟོའི་གཟོང་ནི་ག་འཕུལ་དང་། །ནོར་གྱི་ཟོང་ནི་འཕུལ་མེད་ཡིན། །བཟོད་སྒོམ་བཟོད་བསྲན་བ་བཟོད་དང་། །ད་གཟོད་གཟོད་ནི་ག་གཟོད་ཡིན། ། ༼འ༽ འོད་ཟེར་འོད་མདངས་རྗེས་འཇུག་ད། །འོས་འགན་འོས་བབ་རྗེས་འཇུག་ས། །ཡིད་དུ་འོང་བར་ཡང་འཇུག་མེད། །མ་འོངས་འོངས་ལ་ཡང་འཇུག་ཡོད། ། ༼ཡ༽ ཁུར་པོ་ཡང་པོར་ཡང་འཇུག་མེད། །གུ་ཡངས་ཡངས་ལ་ཡང་འཇུག་ཡོད། ། ཡམ་མེ་ཡོམ་མེར་ཡང་འཇུག་མེད། །ནད་ཡམས་སོགས་ལ་ཡང་འཇུག་ཡོད། །ཡི་གེ་ཡི་རངས་ཡི་རྐྱང་དང་། །བོད་ཡིག་རྒྱ་ཡིག་རྗེས་འཇུག་ག །ཡོང་འབབ་ཡོང་རྐྱེན་ཡང་འཇུག་མེད། ། ཡོངས་རྫོགས་ཡོངས་ཁྱབ་ཡང་འཇུག་ཡོད། །ཡོད་མེད་ཡོད་ལ་རྗེས་འཇུག་ད། །གྲོ་ཡོས་ནས་ཡོས་རྗེས་འཇུག་ས། ། ༼ར༽ ར་ལུག་ར་སྤྲོད་ར་རྐྱང་དང་། །ཕྱུགས་ཀྱི་རྭ་ཅོར་ཝ་ཟུར་ཡོད། །རག་ཤན་རག་སྐྱོགས་ཡང་འཇུག་མེད། །ཆུ་རགས་རགས་ལ་ཡང་འཇུག་ཡོད། །རིག་གནས་རིག་གཞུང་ཡང་འཇུག་མེད། ། མི་རིགས་ལས་རིགས་ཡང་འཇུག་ཡོད། །གོ་རིམ་རིམ་ལ་ཡང་འཇུག་མེད། །ནད་རིམས་རིམས་ལ་ཡང་འཇུག་ཡོད། ། ༼ལ༽ ལ་ཀླུང་ལ་རྒྱར་ལ་རྐྱང་དང་། །གྱོན་གོས་ལྭ་བར་ཝ་ཟུར་ཡོད། །རྗེས་ཟློས་ལད་མོར་རྗེས་འཇུག་ད། ལས་དོན་ལས་ཀ་རྗེས་འཇུག་ས། ། ར་ལུག་ལུག་ལ་ཡང་འཇུག་མེད། །ལུགས་སྲོལ་ལུགས་ལ་ཡང་འཇུག་ཡོད། །ཁ་ལུད་སྣ་ལུད་ཞིང་ཁའི་ལུད། །ཐུག་པ་ལུད་པར་རྗེས་འཇུག་ད། །གཟུགས་པོའི་ལུས་དང་རྗེས་སུ་ལུས། །རྗེས་འཇུག་ས་ཡིན་བློ་རུ་ངེས། །ལོག་ལྟ་ལོག་སྤྱོད་ཡང་འཇུག་མེད། ། ལོགས་སྐད་ལོགས་བཞག་ཡང་འཇུག་ཡོད། །ལོང་བའི་ལོང་ལ་ཡང་འཇུག་མེད། །ལོངས་སྤྱོད་ལོངས་ལ་ཡང་འཇུག་ཡོད། ། ༼ཤ༽ ཚག་ཤ་ལུག་ཤར་ཤ་རྐྱང་དང་། །ཤྭ་འོད་ཤྭ་བར་ཝ་ཟུར་ཡོད། །ཤིང་སོགས་གཤགས་པ་ག་གཤགས་དང་། །འགྱོད་བཤགས་བཤགས་ནི་བ་བཤགས་སོ། །ཡིག་ཤད་བལ་ཤད་རྗེས་འཇུག་ད། །ཆ་ཤས་འགའ་ཤས་རྗེས་འཇུག་ས། །སྒོ་ཡི་ཤམ་བུར་སྔོན་འཇུག་མེད། །གཤམ་འོག་གཤམ་གསལ་ག་གཤམ་དང་། །སྟོན་མོ་བཤམས་པ་བ་བཤམས་ཡིན། །ལུས་པོའི་ཤིག་ལ་སྔོན་འཇུག་མེད། །གྱང་སོགས་བཤིགས་པར་སྔོན་འཇུག་བ། །ཞིང་ས་གཤིན་པོ་ག་གཤིན་ནོ། །དཔུང་པ་མཉམ་གཤིབས་ག་གཤིབས་ཡིན། །ཤིང་རིགས་ཤུག་པར་ཡང་འཇུག་མེད། །སྟོབས་ཤུགས་སེམས་ཤུགས་ཡང་འཇུག་ཡོད། །ཕྱུགས་ཀྱི་ཤ་ཤེད་རྗེས་འཇུག་ད། ། ཤེས་བྱ་ཤེས་ཡོན་རྗེས་ འཇུག་ས། །ཡུལ་གྱི་གཤེད་མ་ག་གཤེད་དང་། །གཉེན་བཤེས་མཛའ་བཤེས་བ་བཤེས་ཡིན། །ཤོག་བུའི་ཤོག་ལ་སྔོན་འཇུག་མེད། །བྱ་ཡི་གཤོག་པར་སྔོན་འཇུག་ག །ཡག་ཤོས་སྡུག་ཤོས་རྗེས་འཇུག་ས། །སྟེང་ཤོད་ཤོད་ལ་རྗེས་འཇུག་ད། །གྲབས་གཤོམ་ལྐོག་གཤོམ་ག་གཤོམ་ཡིན། །ཐོང་གཤོལ་ལྕགས་གཤོལ་ག་གཤོལ་དང་། །གོམ་པ་ཕྱི་བཤོལ་བ་བཤོལ་ཡིན། ། ༼ས༽ ས་བོན་ས་བཀྲ་ས་རྐྱང་དང་། །སྲ་བརྟན་སྲ་མཁྲེགས་ར་བཏགས་ཡོད། །སང་ཉིན་སང་ལ་ཡང་འཇུག་མེད། །མུན་པ་སངས་ལ་ཡང་འཇུག་ཡོད། །ཡོ་བསྲང་བས་འཕུལ་ར་བཏགས་དང་། །བྲེ་སྲང་སྲང་ལམ་འཕུལ་མེད་ཡིན། །གཉིད་སད་སད་སེར་འཕུལ་མེད་དང་། །ལུག་སོགས་བསད་པར་བ་འཕུལ་ཡོད། །ཁ་གསབ་གུན་གསབ་ག་གསབ་དང་། །རྟ་ཡི་སྲབ་དང་གདན་སྲབ་པོ། །ས་ལ་ར་བཏགས་ཡོད་པར་ཤེས། །གསལ་བསྒྲགས་གསལ་ནི་ག་གསལ་དང་། །དམིགས་བསལ་བསལ་ནི་བ་བསལ་ཡིན། །སྲིན་བལ་འབུ་སྲིན་རྗེས་འཇུག་ན། །སྤུན་མཆེད་སྲིང་མོར་རྗེས་འཇུག་ང་། །ལྷགས་བསིལ་བསིལ་གྲིབ་བ་བསིལ་དང་། །སིལ་མ་སིལ་ཚོང་སྔོན་འཇུག་མེད། ། སུ་ཞིག་སུ་འདྲར་འཕུལ་མེད་དང་། །དགའ་བསུ་ཕེབས་བསུར་བ་འཕུལ་ཡོད། །རུལ་སུང་སུང་ནི་ས་རྐྱང་སུང་། །སྒོ་སྲུང་ཉེན་སྲུང་སྲུང་སྐྱོབ་སོགས། །ས་ལ་ར་བཏགས་ཡོད་པར་ཤེས། །བཀའ་མོལ་གསུང་ནི་ག་གསུང་དང་། །དྲི་བསུང་བསུང་ནི་བ་བསུང་ཡིན། །ཡི་གེ་བསུབ་པ་བ་བསུབ་དང་། །སེར་ཁའི་སྲུབས་དང་ཇ་སྲུབས་མར། །ས་ལ་ར་བཏགས་ཡོད་པར་ཤེས། །གྲངས་ཀྱི་གསུམ་ནི་ག་གསུམ་དང་། །སུམ་ཅུ་སུམ་བརྒྱར་སྔོན་འཇུག་མེད། །རི་དྭགས་སེང་གེར་སྔོན་འཇུག་མེད། །གུང་གསེང་བར་གསེང་སྔོན་འཇུག་ག །གྲོང་གསེབ་ནགས་གསེབ་ག་གསེབ་བོ། །ཁ་དོག་སེར་དང་སེར་སྣ་ཆེ། །སྲུབས་ཀྱི་སེར་ཁ་ས་རྐྱང་ཡིན། །རིན་ཆེན་གསེར་དང་སྨན་གསེར་ཏིག །ག་ཡིས་འཕུལ་བ་ཤེས་པར་བྱ། །ཆ་གསེས་ནང་གསེས་ག་གསེས་དང་། །བལ་སོགས་བསེད་པ་བ་བསེད་ཡིན། སོ་དང་སོ་ནམ་ས་རྐྱང་དང་། །གསོ་སྐྱོང་སེམས་གསོར་ག་འཕུལ་ཡོད། །ལག་པའི་སོག་པ་སོག་ལེ་དང་། ། སོག་རིགས་ལ་སོགས་ཡང་འཇུག་མེད། །མང་ཚིག་སོགས་ལ་ཡང་འཇུག་ཡོད། །བླ་སྲོག་ཚེ་སྲོག་སྲོག་ཤིང་ལ། །ས་ལ་ར་བཏགས་ཡོད་པར་ཤེས། །ནར་སོན་མཐར་སོན་འཕུལ་མེད་དང་། །འཆི་གསོན་གསོན་ལ་ག་འཕུལ་ཡོད། །ཐེ་ཚོམ་སོམ་ཉིར་སྔོན་འཇུག་མེད། །ཤིང་རིགས་གསོམ་ལ་སྔོན་འཇུག་ག །ཤིང་སོལ་རྡོ་སོལ་སྔོན་འཇུག་མེད། །གསོལ་རས་གསོལ་སྟོན་སྔོན་འཇུག་ག ། ༼ཧ༽ ཧ་ཅང་ཧ་ལམ་ཧ་རྐྱང་དང་། །ཧྭ་ཤང་ཧྭ་ལ་ཝ་ཟུར་ཡོད། །ཡི་གེ་ཧྲལ་ཧྲལ་རྩབས་ཧྲལ་སོགས། །ཧ་ལ་ར་བཏགས་ཡོད་པར་ཤེས། ། ལྕགས་ཧྲེང་མི་ཧྲེང་ཡང་འཇུག་མེད། །ཀོ་བ་ཧྲེངས་པར་ཡང་འཇུག་ཡོད། །ལྷག་པར་ལྷག་མར་ཡང་འཇུག་མེད། །རླུང་བུའི ལྷགས་པར་ཡང་འཇུག་ཡོད། །འདྲེས་ལྷད་ལྷད་ལ་རྗེས་འཇུག་ད། །ལྷས་མའི་ལྷས་ལ་རྗེས་འཇུག་ས། ། ༼ཨ༽ ཉོན་ཨང་གསོན་ཨང་བྲིས་ཨང་སོགས། །རྗེས་འཇུག་ཡོད་པར་མ་ནོར་གཅེས། །སྒྲ་མཚུངས་གོ་སླའི་དག་ཡིག་འདི། །བློ་གསར་རྣམས་ཀྱི་ཆེད་དུ་བསྒྲིགས། །དགེའོ།། །།  

༄༅། ། དག་པར་བྱེད་པར་རྨང་གཞིའི་སྦྱོང་བརྡར་ཞེས་བྱ་བ་བཞུགས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔལ་ཐམས་ཅད་ལ་ཕྱག་འཚལ་ལོ།།

མགོ་བོ་རིག་པས་སྟོང་ན་སྐྲག་པ་ལས།། གྲོད་པ་ཟས་ཀྱོས་སྟོང་ན་སྐྲག་མི་དགོས།། མགོ་བོ་རིག་པས་སྟོང་ན་མི་ཚེ་གཅིག།། གྲོད་པ་ཟས་ཀྱིས་སྟོང་ན་ཉིན་ཞག་ཅིག།།

ཡོན་ཏན་མི་སྦྱོང་བ་སྐྲག་པ་ལས།། ཡོན་ཏན་མི་ཤེས་པ་ལ་སྐྲག་མི་དགོས།། ཡོན་ཏན་མི་ཤེས་སྦྱོང་ན་ཤེས་རྒྱུ་ཡོད།། ཡོན་ཏན་མི་སྦྱོང་མཁས་པའི་སྐལ་བ་མེད།།

རིག་པའི་གནས་ལ་བརྩོན་པ་མ་བྱས་ན།། ཤེས་འཇོན་གང་ཡང་མངའ་བ་མི་འགྱུར་པས།། དེ་རིང་མགོ་དཀར་མ་རིག་རྨོངས་པས་གདུང་།། སོང་ཉིན་མགོ་ནག་ཁྱེེད་ལ་ཡོང་ངེས་ཡིན།།

གཞོན་པའི་དུས་སུ་ཡོན་ཏན་མ་བསླབ་ན།། ས་སྟེང་འདི་ན་དེ་ལས་ཕངས་པ་མེད།། སང་ཉིན་ཁྲི་ཁྲི་འབུམ་འབུམ་བགྲང་བ་ལས།། དེ་རིང་ཧུར་བརྩོན་བྱེད་དེ་སྦྱང་བ་དགའ།།

ཡོན་ཏན་ཡོད་ན་ནས་དང་སྲན་མ་འདྲ།། དེ་ལ་སྐྱེ་བོ་ཀུན་གྱིས་གཅེས་སྤྲས་བྱེད།། ཡོན་ཏན་མེད་ན་རྩྭ་དང་ལྡུམ་བུ་འདྲ།། དེ་ལ་སྐྱེ་བོ་ཀུན་གྱིས་དགའ་མི་བྱེད།།

རང་ལ་ཡོན་ཏན་ཇི་ཡོད་མ་ཤེས་ན།། ཤོག་ཐོག་སྨྱུ་གུ་འཛུགས་ནས་ལྟོས་དང་གསལ།། དམིགས་ཡུལ་ཆེར་གཏད་འབད་བརྩོན་ལྷུར་ལེན་ན།། མཐའ་འབྲས་ཆེན་པོ་མེད་ཀྱང་འབྲིང་ཙམ་འོང་།།

ལྐུག་པས་དང་པོ་རྒྱུ་ནོར་གསོག་པར་འབད།། ཐ་མར་རང་ཉིད་རྒྱུ་ཡི་གཡོག་པོ་གྱུར།། སྤྱང་པོས་དང་པོར་ཡོན་ཏན་སྦྱོང་བར་བརྩོན།། ཐ་མར་རྒྱུ་ནོར་རང་གི་བྲན་དུ་གྱུར།།

ཟབ་ཡངས་ཡོན་ཏན་རྒྱ་མཚོའི་འཇིངས།། བགྲོད་པའི་གཟིངས་ཆེན་ཡི་གེ་སྟེ།། རྟག་ཏུ་བརྩོན་འགྲུས་སྐྱ་འདེབས་ཀྱིས།། བརྡ་དག་ཕ་མཐར་མྱུར་དེངས་ཤིག།།

༼ཀ༽ ཀ་བ་ཀ་ར་ཀ་ཏོ་ར།། ཀ་ཅི་ཀ་མད་ཀ་རྐྱང་ཡིན།། ཀ་བ ཁང་པའི་གདུང་མ་འདེགས་བྱེད་དེ། ཀ་བ་རིང་པོ་དང་ཀ་བ་སྦོམ་པོ་ཟེར་བ་ལྟ་བུ།། ༡ཀ་ར བུ་རམ་གྱི་ཤིང་དང་གྲོ་འབྲས་སོགས་བཙོ་སྦྱོང་བྱས་ནས་བཟོས་པའི་མངར་ཆ་སྤྱི་ཡི་མིང་སྟེ། བྱེ་མ་ཀ་ར་བཟོ་བྱེད་བུར་ཤིང་ཡིན་ཟེར་བ་ལྟ་བུ།། ༢ཀ་ར གུར་གྱི་ཀ་རྒྱུག་སྟེ། གུར་ཆེན་པོ་ཕུབ་པར་ཀ་ར་མང་པོ་དགོས་ལྟ་བུ།། ཀ་ཏོ་ར ཟངས་རག་སོགས་ལས་བཟོས་པའི་གཞོང་པ་སྤྱིའི་མིང་སྟེ། ཤེལ་ཀྱི་ཀ་ཏོ་ར་ཡི་ནང་དུ་ཤིང་ཏོག་བླུགས་ནས་སྒྲིག་ལྟ་བུ།། ཀ་ཅི རས་དཀར་པོ་སྲབ་མོ་ཞིག་སྟེ། ཀ་ཅི་རས་ཀྱི་ན་བཟའ་གྱོན་པའི་རྒྱ་གར་བ་ཟེར་བ་ལྟ་བུ།། ཀ་མད བོད་ཡིག་གི་གསལ་བྱེད་ཀ་ལ་སོགས་པ་སྟེ། ཀ་མད་སུམ་ཅུའི་འགྲོ་སྟངས་མ་ཤེས་ན་སོ་སོར་བོད་པ་ཡིན་ཞེས་ངོ་རེ་ཚ་ཟེར་བ་ལྟ་བུ།། ༡ཀ མིང་གཞིའི་ཕོ་ཡིག་ཅིག་སྟེ། རྟགས་མཚུངས་འདྲེན་སྐབས་ག་ད་བ་ས་སྟེ་རྗེས་འཇུག་ཕོས་དྲངས་པའི་མིང་གི་ཆ་ཤས་ཤིིག། དཔེར་ན། དཔྱིད་ཀ ཐབ་ཀ གྲངས་ཀ དབྱར་ཀ ཐོག་ཀ་ཟེར་བ་ལྟ་བུ།། ༢ཀ རྩ་བ་དང་ཐོག་མ་ཞེས་པའི་དོན་ཏེ། དཔེར་ན། ཐོག་མ་ནས་ནོར་འཁྲུལ་ལ་ཡོ་བསྲང་བྱེད་དགོས་ཟེར་བ་ལ་ཀ་ནས་ནོར་འཁྲུལ་ལ་ཡོ་བསྲང་བྱེད་དགོས་ཟེར་བ་ལྟ་བུ།། ༣ཀ གདོད་མ་ཞེས་པའི་དོན་ཏེ། གདོད་མ་ནས་རང་ཆས་སུ་གྲུབ་པ་ཞིག་མེད་ཟེར་བ་ལ་ཀ་ནས་རང་ཆས་སུ་གྲུབ་པ་ཞིག་མེད་ཟེར་བ་ལྟ་བུ།། དཀའ་ལས་དཀའ་ངལ་ད་དཀའ་དང་།། དཀའ་ལས དཀའ་ཚེགས་ཆེ་པོའི་ལས་སྟེ། ལས་ཀ་དེ་དཀའ་ལས་ཁག་པོ་ཇི་ལྟ་ཡིན་ཡང་འབྲས་བུ་བཟང་པོ་ཞིག་ཡོད་ཚད་ངེས་པ་དུ་བསྒྲུབ་དགོས་ཟེར་བ་ལྟ་བུ།། དཀའ་ངལ དཀའ་ཚེགས་དང་ངལ་དུབ་སྟེ། དཀའ་ངལ་ཁྱད་བསད་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་ཟེར་བ་ལྟ་བུ།། དཀའ ཁག་པོ་ཡིན་པའི་དོན་ཏེ། རང་གིས་འབད་བརྩོན་བྱེད་ན་བོད་ཡིག་ནི་ཤེས་དཀའ་བ་ཞིག་གཏན་ནས་མིན་ཟེར་བ་ལྟ་བུ།། བཀའ་མོལ་བཀའ་སློབ་བ་བཀའ་འོ།། བཀའ་མོལ གཏམ་གླེང་ངམ་སྐད་ཆའི་ཞེ་ས་སྟེ། དྲག་སྤྱོད་ཀྱི་འཐབ་རྩོད་ལས་ཞི་འགྲིག་གི་བཀའ་མོལ་དགའ་ལྟ་བུ།། བཀའ་སློབ བསླབ་བྱ་སྟོན་པའི་གཏམ་བཤད་ཀྱི་ཞེ་ས་སྟེ། མི་རིགས་ཀྱི་རྩ་དོན་དང་སློབ་མ་ཚོའི་མདུན་ལམ་ཐོད་བཀའ་སློབ་ཟབ་རྒྱས་གནང་སོང་ཟེར་བ་ལྟ་བུ།། ༡བཀའ སྐད་ཆའི་ཞེ་ས་སྟེ། བཀའ་སློབ། བཀའ་གྲོས། བཀའ་བཀྱོན། བཀའ་འགྱུར། བཀའ་མོལ་ཟེར་བ་ལྟ་བུ།། ༢བཀའ ལས་བྱེད་དང་དཔོན་པོ་སོགས་རིམ་པ་གོང་མས་འོག་རིམ་ལ་བཏང་བའི་ལམ་སྟོན་ཏེ། དམག་དཔོན་གྱིས་བཀའ་ཕབ། གོང་རིམ་གྱི་བཀའ་ལྟ་བསྒྲུབས་ལྟ་བུ།། ཡུར་བུའི་རྐ་ནི་ར་རྐ་དང་།། རྐ ཞིང་ལ་ཆུ་འདྲེན་བྱེད་ཀྱི་སྦུབས་ཡུར་དང་ས་དོང་སོགས་ཏེ། ཆུ་རྐ་བཟོས་ནས་ཞིང་ལ་ཆུ་གཏོང་ལྟ་བུ།། གོས་ཀྱི་སྐ་རགས་ས་སྐ་ཡིན།། སྐ་རགས གོས་སྐེེད་པ་ལ་འཆིང་བྱེད་དེ། བུ་མོ་ཚོས་སྐ་རགས་རྐེད་(སྐེད)པ་ལ་འཆིང་བ་ལས་རྐུབ་འཕོངས་ལ་འཆིང་ན་ལུས་ཕྲ་མའི་སྒེད་ཉམས་རླག་ངེས་ཡིན་ལྟ་བུ།། ལམ་སོགས་བཀག་པ་བ་བཀག་ལ།། བཀག (བྱེད་འབྲེལ་ལས་ཚིག་འདས་པ)༡བཀག་འགོག་བྱས་པའི་དོན་ཏེ། འགྲོ་ལམ་བཀག དགྲ་བཀག སྤྱོད་ངན་བཀག་ལྟ་བུ། ”དགག”ནི་མ་འོངས་པ་སྟེ། དགག་བྱའི་སྤྱོད་ངན་ཞེས་པ་ལྟ་བུ། ”འགོག”ནི་ད་ལྟ་བ་སྟེ། དགྲ་འགོག་གི་མཚོན་ཆ་ཞེས་པ་ལྟ་བུ། ”ཁོགས”ནི་སྐུལ་ཚིག་སྟེ། སྤྱོད་ངན་ཁོགས་ཤིག ཁྱི་ཁོགས་ཤིག་ལྟ་བུ། ༢ དགག་པ་བརྒྱབ་པའི་དོན་ཏེ། ཁུངས་མེད་པའི་བཤད་ཡམ་རིག་པས་བཀག དགག་དགོས། འགོག་བྱེད། ཁོགས་ཅིག་ལྟ་བུ།། ལོ་ཡི་སྐག་ནི་ས་སྐག་ཡིན།། ༡སྐག དམངས་ཁྲོད་དུ་ལོ་ཡི་དུས་ཚིགས་ངེས་ཅན་ཞིག་གི་ནང་དུ་ཡོང་བའི་བར་ཆད་ཅིག་ལ་ཟེར་ཏེ། སྐུ་ཉིད་ཀྱི་དགུང་སྐག་ལ་བར་ཆད་མི་ཡོང་བར་ངས་སྨོན་འདུན་ཞུ་ལྟ་བུ།། ༢སྐག རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་ནང་གསེས་ཤིག་གི་མིང་སྟེ། གདེངས་ཅན་ལྷ་མོ་ནི་གཟའ་སྐག་གི་མངོན་བརྗོད་ཡིན་ལྟ་བུ།། སྣོད་སོགས་ཆུས་བཀང་བ་བཀང་དང་།། བཀང (བྱེད་འབྲེལ་ལས་ཚིག་འདས་པ) ༡ སྣོད་ནང་དུ་ཆུ་སོགས་དངོས་རྫས་ཀྱིས་གང་བར་བྱས་པའི་དོན་ཏེ། འབྲུ་ཡིས་བང་མཛོད་བཀང་། ཆུས་ཆུ་མཛོད་བཀང་ལྟ་བུ། ”དགང”ནི་མ་འོངས་པ་སྟེ། འབྲུ་ཡིས་བང་མཛོད་དགང་བ་བྱ། དགང་བྱའི་བང་མཛོད་ཅེས་པ་ལྟ་བུ། ”འགེང”ནི་ད་ལྟ་བུ་སྟེ། སྣོད་འགེང་བར་བྱེད་མཁན། བང་མཛོད་འབྲུ་ཡིས་འགེང་མཁན་ཞེས་པ་ལྟ་བུ། ”ཁོངས”ནི་སྐུལ་ཚིག་སྟེ། བང་མཛོད་འབྲུས་ཁོངས་ཤིག་ལྟ་བུ། ༢ གཞུའི་རྒྱུད་(གཞུ་ཐིག)འཐེན་པའི་དོན་ཏེ། གཞུ་བཀང་ནས་མདའ་འཕེན་ལྟ་བུ།། རྐང་ལག་གཞི་རྐང་ར་རྐང་ངོ།། རྐང་ལག རྐང་པ་དང་ལག་པ་སྟེ། རྐང་ལག་རྐྱོང་སྐུམ་མང་ཙམ་བྱེད་ན་གཟུགས་པོའི་བདེ་ཐང་ལ་ཕན་ལྟ་བུ།། གཞི་རྐང རྨང་གཞིའམ་རྟེན་གཞི་དང་སྒྲོམ་གཞི་སྟེ། སྤྱི་ཚོགས་ནང་དུ་བོད་ཡིག་གི་བཀོལ་སྤྱོད་བྱ་སའི་སྒྲོམ་གཞིའམ་གཞི་རྐང་གཏན་པོ་ཞིག་བཟོ་དགོས་ལྟ་བུ།། ༡རྐང རྐང་པ་ཞེས་པའི་ཚིག་བསྡུས་པ་སྟེ། རྐང་དཀྲིས། རྐང་རྗེས་ཞེས་པ་ལྟ་བུ།། ༢རྐང རྩ་བའམ་རང་བཞིན་དང་སྤུས་ཀ་སྟེ། ལས་འགན་གྱི་རྐང་འཁྲིག་ས། གོ་སྐབས་རྐང་ནས་མེད། མི་རྐང་ངན་པ། རས་རྐང་ལེགས་པོ་ལྟ་བུ།། ༣རྐང རུས་པའི་ནང་གི་རྐང་མར་ཏེ། རུས་པའི་ནང་གི་རྐང་མར་གྱི་བྱེད་ལས་ནི་ལུས་ཀྱི་ཆ་ཤས་ཀུན་གསོ་བ་བྱེད་པའི་ཕྲ་ཕུང་སྐྲུན་པ་དེ་ཡིན་ལྟ་བུ།། ༤རྐང དབྱུ་གུ་དང་ཞ་སྨྱུག་སོགས་རྩི་ཚེ་དབྱུ་གུ་རྐང་གཅིག་དང་། ཞ་སྨྱུག་རྐང་གཅིག་ཅེས་སྦྱར་བའོ།། སྐད་རིགས་སྐད་ཆ་ས་སྐད་དང་།། སྐད་རིགས མི་རིགས་མི་འདྲ་བ་སོ་སོའི་སྐད་ཆའི་རྣམ་གྲངས་ཏེ། རྒྱ་སྐད། བོད་སྐད། རྒྱ་ནག་སྐད། དབྱིན་སྐད་ཟེར་བ་ལྟ་བུ།། སྐད་ཆ ཁ་ནས་ཐོན་པའི་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ངག་སྟེ། མང་ཚོགས་ཁྲོད་དུ་སྐད་ཆ་བཤད་སྐབས་ཞེད་སྣང་སྐྱེ་མི་རུང་ཟེར་བ་ལྟ་བུ།། ༡སྐད སྐད་ཆ་ཞེས་པའི་བསྡུ་ཚིག་སྟེ། བོད་སྐད་དང་རྒྱ་ནག་སྐད་འདྲེས་ནས་སྐད་ར་མ་ལུག་ཏུ་འགྱུར་འདུག་ལྟ་བུ།། ༢སྐད གྲག་དང་ཟེར་གཉིས་ཀྱི་དོན་ཏེ། ཁོང་མི་སྐད་གྲགས་ཅན་ཞིག་ཡིན་གྲག་ཟེར་བ་ལ། ཁོང་མི་སྐད་གྲགས་ཅན་ཞིག་ཡིན་སྐད་ཟེར་བ་དང་། སོང་ཉིན་ཡོང་གི་ཡིན་ཟེར་ཟེར་བ་ལ། སོང་ཉིན་ཡོང་གི་ཡིན་སྐད་ཟེར་བ་ལྟ་བུ།། སྐས་འཛེག་སྐས་ལ་རྗེས་འཇུག་ས།། སྐས་འཛེག ཁང་པའི་ཐོག་ཁར་འཛེག་བྱེད་ཀྱི་སྐས་ཏེ། ཕྲུ་གུ་ཚོ་སྐས་འཛེག་ནས་ཡར་འཛེག་མར་འབབ་བྱེད་སྐབས་སྐས་ཐེམ་རེ་རེ་བཞིན་བགྲོད་ནས་འགྲོ་ལྟ་བུ།། སྐས སྐས་འཛེག་ལའོ། ཤིང་སྐས། རྡོ་སྐས། གློག་སྐས། ཤུད་སྐས་ལྟ་བུ།། ཁ་ཡི་རྐན་ནི་ར་རྐན་ལ།། རྐན ཁ་ནང་གི་སོ་སྐྱེ་སའི་ཡར་མགལ་དང་མར་མགལ་གཉིས་ལ་ཟེར་ཏེ། ཁ་ལ་སོ་མེད་ན་རྐན་གྱིས་རྩྭ་མི་ཆོད་ཟེར་བ་ལྟ་བུ།། རྒྱུག་པས་བཀན་པ་བ་བཀན་ཡིན།། ༡བཀན དབྱུག་པ་སོགས་ཀྱིས་བརྟན་པི་གཏད་པའི་དོན་ཏེ། རྐང་པ་རྩིག་པ་ལ་བཀན་པ། རྡོག་པས་བཀན་པ་ཟེར་བ་ལྟ་བུ།། ༢བཀན གྱེན་ལ་བསླངས་པའི་དོན་ཏེ། ལག་པ་གྱེན་དུ་བཀན་ལྟ་བུ།། རྐང་ལག་སྐུམ་པ་ས་སྐུམ་མོ།། སྐུམ (བྱེད་འབྲེལ་ལས་ཚིག་ད་ལྟ་བུ) ༡ བརྐྱངས་པ་དང་བསྐྱེད་པའི་ལྡོག་ཟླ་སྟེ། ནང་དུ་ཚུར་འཐེན་པའམ་བསྡུ་བ། དཔེར་ན། རྐྱང་སྐུམ། རྐང་པ་སྐུམ་གྱིན་ཡོད། ལག་པ་སྐུམ་མཁན་ཞེས་པ་ལྟ་བུ། ”བསྐུམ”ནི་མ་འོངས་པ་སྟེ། ལག་པ་བསྐུམ་དགོས། བསྐུམ་བྱའི་ལག་པ་ཞེས་པ་ལྟ་བུ། ”བསྐུམས”ནི་འདས་པ་སྟེ། རྐང་ལག་བསྐུམས་ནས་ཉལ་ལྟ་བུ། ”སྐུམས”ནི་སྐུལ་ཚིག་སྟེ། ལག་པ་སྐུམས་ཤིག་ལྟ་བུ། ༢ སྦ་བ་སྟེ། སྐད་ཆ་སྐུམ་པ། བསམ་ཆ་བསྐུམ་ནས་མི་ཤིད་ཟེར་བ་ལྟ་བུ།། ཁེབས་སོགས་བཀབ་བ་བ་འཕུལ་དང་།། བཀབ (བྱེད་འབྲེལ་ལས་ཚིག་འདས་པ) ༡ བསྐྲིགས་ནས་མི་མངོན་པ་བྱས་པའི་དོན་ཏེ། བྱིས་པའི་ལུས་ལ་ཉལ་ཐུལ་བཀབ་ལྟ་བུ། ”དགབ”ནི་མ་འོངས་པ་སྟེ། དགབ་བྱའི་བྱིས་པ་ཞེས་པ་ལྟ་བུ། ”འགེབས”ནི་ད་ལྟ་བ་སྟེ། ཉལ་ཆས་འགེབས་མཁན་ཞེས་པ་ལྟ་བུ། ”ཁོབས”ནི་སྐུལ་ཚིག་སྟེ། བྱིས་པ་ལ་ཉལ་ཆས་ཁོབས་ཤིག་ལྟ་བུ། ༢ སྦས་པའམ་གསང་བའི་དོན་ཏེ། ཉེས་པ་བཀབ་ཀྱང་མི་ཁེབས་ཟེར་བ་ལྟ་བུ།། གནས་སྐབས་སྐབས་འཕྲལ་ས་སྐབས་ཡིན།། གནས་སྐབས འཕྲལ་སྒང་ངམ་རེ་ཞིག་སྟེ། དུས་གཏན་ནམ་ཕུགས་མ་ཡིན་པ། དཔེར་ན། གནས་སྐབས་ཀྱི་བདེ་བ་ཙམ་ལ་ཆགས་ནས་སྡོད་མི་རུང་ཞེས་པ་ལྟ་བུ།། ༡སྐབས་འཕྲལ ལམ་སེང་ངམ་དུས་ཐོག་དེ་མ་ཐག་སྟེ། ཕར་འགྱངས་མེད་པར་སྐབས་འཕྲལ་དུ་ཤོག།ནད་གཞི་བྱུང་སྟེ་སྐབས་འཕྲལ་དུ་སྨན་བཅོས་བྱས་ཟེར་བ་ལྟ་བུ།། ༢སྐབས་འཕྲལ རེ་ཞིག་དང་གནས་སྐབས་ཏེ། ད་རེས་སྐབས་འཕྲལ་གྱི་འཆར་གཞི་ཞིག་བཏིང་ཡོད་ཟེར་བ་ལྟ་བུ།། ༡སྐབས དུས་དང་ཚེ་སྟེ། དེང་སྐབས། གནའ་སྔ་མོའི་སྐབས། བྲེལ་བ་ཆེ་སྐབས། མཚམས་འཇོག་སྐབས། གནས་སྐབས་ཟེར་བ་ལྟ་བུ།། ༢སྐབས བར་མཚམས་སམ་དུས་མཚམས་ཏེ། བར་སྐབས་ཤིག་ལ། ཚོགས་འདུ་སྐབས་དང་པོ། སྐེད་པའི་སྐབས། དཀུ་སྐབས་ཟེར་བ་ལྟ་བུ།། ༣སྐབས སྡེ་ཚན་དང་ལེའུ་སྟེ། སྐབས་གསུམ་པ། སྐབས་བར་མ། ཁྱོན་བསྡོམས་སྐབས་བཅུ་ཡོད་ཟེར་བ་ལྟ་བུ།། ཉི་མར་སྐམ་པ་སྐམ་མོ།། ༡སྐམ་པ གོས་སོགས་ཉི་མར་སྟོན་ནས་ཆུ་མེད་པ་བཟོ་བ་སྟེ། གོས་ཉི་མ་ལ་སྐམ་པ་ལྟ་བུ།། ༢སྐམ་པ དངོས་པོ་འཛིན་སྤྱད་ཀྱི་ཡོགབྱད་ཅིག་གི་མིང་སྟེ། ལྕགས་སྐམ་པས་མི་ཆོད་པ་དང་། ཁྱི་བདག་པོས་མི་ཁོགས་པའི་དཔེ་མེད། མགར་བའི་སྐམ་པ། ལྕགས་ཀྱི་སྐམ་པ་ཟེར་བ་ལྟ་བུ།། སྐམ སྐམ་པོ་ཞེས་པའི་ཚིག་བསྡུས་པ་སྟེ། བརླན་མེད་པའམ་བརླན་ཉུང་བའི་དོན། དཔེར་ན། ཤིང་སྐམ་པོ་དང་ས་སྐམ་པོ་ཞེས་པ་ལ་ཤིང་སྐམ་དང་ས་སྐམ་ཟེར་བ་ལྟ་བུ།། ཁ་དོག་དཀར་པོ་ད་དཀར་དང་།། ༡དཀར་པོ ཚོན་མདོག་དཀར་པོ་སྟེ། ཁ་བའི་མདོག་ལྟ་བུ། དཔེར་ན། བོད་མི་ཚོས་མཇལ་དར་དཀར་པོ་ཕུལ་བ་ནི་སེམས་པ་དཀར་བའི་མཚན་བྱེད་ཡིན་ཟེར་བ་ལྟ་བུ།། ༢དཀར་པོ དགེ་བའི་ལས་ཏེ། བོད་རིགས་མི་དམངས་ནི་དཀར་པོའི་ལས་ལ་བརྩོན་པའི་མི་རིགས་ཤིག་ཡིན་ཟེར་བ་ལྟ་བུ།། ༣དཀར་པོ ནག་ཉེས་མེད་པ་སྟེ། མི་དཀར་པོ་ལ་ཞྭ་ནག་པོ་མ་སྐོན་ཟེར་བ་ལྟ་བུ།། ནམ་མཁའི་སྐར་མ་ས་སྐར་ཡིན།། ༡སྐར་མ མཚན་མོ་ནམ་མཁའ་ལ་འོད་ལམ་ལམ་དུ་འཕྲོ་བའི་དངོས་གཟུགས་དེ་དག་གི་མིང་སྟེ། སྐར་མ་སྨིན་དྲུག་དང་སྐར་མ་ཨ་བརྟན་ཟེར་བ་ལྟ་བུ། ཚིག་བསྡུས་ན་སྐར་ཞེས་འབྲི་ཆོག་སྟེ། སྐར་ཚོགས་ཟེར་བ་དང་། སྐར་རྩིས། སྐར་མདའ། སྐར་འོད་ཟེར་བ་ལྟ་བུ།། ༢སྐར་མ ལྗིད་ཚད་འཇལ་སྐབས་ཀྱི་ཚད་གཞི་ཞིག་གི་མིང་སྟེ། སྐར་མ་བཅུ་ལ་ཞོ་གང་དང་། ཞོ་བཅུ་ལ་སྲང་གང་རྩི་བ་ལྟ་བུ།། ༣སྐར་མ སྒོར་མོ་རྩི་བའི་སྡེ་ཚན་གྱི་ཚད་གཞི་ཞིག་གི་མིང་སྟེ། སྐར་མ་བཅུ་ལ་སྒོར་ཟུར་གཅིག་དང་། སྒོར་ཟུར་བཅུ་ལ་སྒོར་མོ་གཅིག་རྩི་བ་ལྟ་བུ།། སྐལ་བཟང་ས་སྐལ་སྔོན་འཇུག་མེད།། སྐལ་བཟང བསོད་ནམས་ཆེན་པོ་དང་གོ་སྐབས་བཟང་པོ་སྟེ། བསོད་ནམས་དང་ལྡན་པའི་མི་ལ་སྐལ་བཟང་སེམས་ཅན་ཟེར་བ་ལྟ་བུ།། ༡སྐལ བགོ་བཤའ་བྱས་ནས་ཐོབ་པའི་ཆ་ཤས་ཏེ། ནོར་སྐལ། ཟས་སྐལ། འབྲུ་སྐལ། རང་སྐལ། སྐལ་ལྷག སྐལ་རྫོངས་ཟེར་བ་ལྟ་བུ།། ༢སྐལ ལས་སྐལ་དང་བསོད་ནམས་ཏེ། བསོད་ནམས་དམན་པ་ལ་སྐལ་དམན་དང་། བསོད་ནམས་དང་ལྡན་པ་ལ་སྐལ་ལྡན་ཟེར་བ་ལྟ་བུ།། དུས་ཀྱི་བསྐལ་པར་སྔོན་འཇུག་བ།། བསྐལ་པ དུས་ཡུན་ཧ་ཅང་རིང་པོ་ཞིག་སྟེ། འདི་ལ་བཞི་ཡོད། དང་པོ། འཇིག་རྟེན་གྱི་ཁམས་ཆགས་པའི་བསྐལ་པ་སྟེ། ཕྱི་སྣོད་ཀྱི་འཇིག་རྟེན་འོག་གཞིའི་རླུང་གི་དཀྱིལ་འཁོར་ཆགས་པ་ནས་བརྩམས་ཏེ། ནང་བཅུད་ཀྱི་འཇིག་རྟེན་དམྱལ་བ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་བར་གྱི་བར་བསྐལ་ཉི་ཤུའི་ཡུན་ལ་ཆགས་པའི་བསྐལ་པ་ཞེས་བྱའོ། དེ་ནས་གནས་པའི་བསྐལ་པ་སྟེ། ཡ་ཐོག་རིང་མོ་དང་ཁུག་པ་བཅོ་བརྒྱད། མ་ཐོག་རིང་མོ་སྟེ་བསྡོམས་པས་བར་གྱི་བསྐལ་པ་ཉི་ཤུའོ། དེ་ནས་འཇིག་པའི་བསྐལ་པ་སྟེ། གནས་པའི་བསྐལ་པ་རྫོགས་ནས་མ་སྟོང་གི་བར་གྱི་ཡུན་ཚད་དེ། ནང་བཅུད་ཀྱི་སེམས་ཅན་ལས་མནར་མེད་དུ་སེམས་ཅན་སྐྱེ་བའི་འཕྲོ་རྒྱུན་ཆད་པ་ནས་འགོ་ཚུགས་ཏེ། སྣོད་ཀྱི་འཇིག་རྟེན་མེ་དང་ཆུ་དང་རླུང་གིས་འཇིག་པའི་བར་གྱི་བར་བསྐལ་ཉི་ཤུའི་ཡུན་ལ་འཇིག་པའི་བསྐལ་པ་ཞེས་བྱའོ། དེ་ནས་ནམ་མཁའ་སྟོང་པ་འགྱུར་ནས་སྟོང་པའི་བསྐལ་པ་སྟེ། བསྐལ་པ་ཐ་མ་འཇིག་རྟེན་གྱི་ཁམས་འདི་ཚར་ནས་འཇིག་རྟེན་གྱི་ཁམས་ཕྱི་མ་མ་ཆགས་བར་གྱི་སྟོང་པར་གནས་པའི་བར་བསྐལ་ཉི་ཤུའི་ཡུན་ལ་སྟོང་པའི་བསྐལ་པ་ཞེས་བྱའོ། དེ་ལྟ་བུའི་བར་བསྐལ་ཉི་ཤུ་དེ་བཞུ་ལ་བསྒྱུར་ན་བར་བསྐལ་བརྒྱད་བཅུ་དང་། འདེ་ལ་བསྐལ་ཆེན་གཅིག་ཟེར། བསྐལ་ཆེན་གཅིག་ལ་མི་ལོ་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་གཅིག་འབུམ་དགུ་ཁྲི་གཉིས་ཡོད། ༢བསྐལ་པ ཡུལ་དང་དུས་ངོ་བོ་སོགས་ཀྱིས་བར་དུ་ཆད་པས་རྟོགས་དཀའ་བའི་དོན་ཏེ། དུས་ཡུན་རིང་པོའི་བར་དུ་ཆད་པ་ལ་དུས་ཀྱིས་བསྐལ་པ་དང་། ཡུལ་བར་ཐག་རིང་པོས་བར་དུ་ཆད་པ་ལ་ཡུལ་གྱིས་བསྐལ་པ། ངོ་བོ་ཧ་ཅང་ཕྲ་མོ་ཡིན་པས་ངོ་བོས་བསྐལ་པ་ཟེར་བ་ལྟ་བུའོ།། ཀུ་ཤུ་ཀུ་ཅོ་ཀ་རྐྱང་དང་།། ཀུ་ཤུ ཤིང་ཏོག་གི་རིགས་ཤིག་སྟེ། གཅེང་གཅུང་གཉིས་ཀུ་ཤུ་གཅིག་འདྲ་མཉམ་བྱས་སྟེ་བགོས་ནས་ཟས་ཟེར་བ་ལྟ་བུ།། ཀུ་ཅོ དོན་མེད་སྐད་སྒྲ་སྒྲོགས་པའི་སྒྲ་སྟེ། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ།། རྒྱ་མཚོས་ཀུ་ཅོ་ག་ལ་སྒྲོགས་ཟེར་བ་ལྟ་བུ།། ལུས་ཀྱི་སྐུ་ནི་ས་སྐུ་ཡིན།། ༡སྐུ ལུས་ཀྱི་ཞེ་ས་སྟེ། སྐུ་གཟུགས་བདེ་ཐང་ཟེར་བ་ལྟ་བུ།། ༢སྐུ མིང་གི་སྔོན་ལ་སྦྱར་བའི་ཞེ་སའི་ཚིག་གྲོགས་ཤིག་སྟེ། སྐུ་མགྲོན། སྐུ་མདུན། སྐུ་ཚབ། སྐུ་ཞབས། སྐུ་ངོ་ཟེར་བ་ལྟ་བུ།། རྐུན་མས་རྐུ་བ་ར་རྐུ་ཡིན།། རྐུ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)བདག་པོས་མི་ཤེས་པའི་གོ་སྐབས་དང་བསྟུན་ནས་གཞན་གྱི་རྒྱུ་ནོར་བླངས་བའི་དོན་ཏེ། གཞན་ནོར་རྐུ་མཁན་ལྟ་བུ། ”བརྐུ”ནི་མ་འོངས་པ་སྟེ། བརྐུ་བྱའི་ཅ་དངོས་ཟེར་བ་ལྟ་བུ།”བརྐུས”ནི་འདས་པ་སྟེ། འབབ་ཁུག་བརྐུས་སོང་ཟེར་བ་ལྟ་བུ། ”རྐུས”ནི་སྐུལ་ཚིག་སྟེ། དཔེ་དེབ་དེ་རྐུས་ཤིག་ཟེར་བ་ལྟ་བུ།། ཤིང་སོགས་བཀུག་པ་བ་བཀུག་དང་།། བཀུག (བྱེད་འབྲེལ་ལས་ཚིག་འདས་པ) ༡ དྲང་པོ་འཁྱོག་ཏུ་བཅུག་པའི་དོན་ཏེ། སྨྱུག་མ་བཀུག་ནས་བཞུ་བཟོས། མཛུབ་མོ་བཀུག་ནས་གྲངས་ཀ་བརྩིས། ཉིས་བཀུག སུམ་བཀུག་ཅེས་པ་ལྟ་བུ། ”དགུག”ནི་མ་འོངས་པ་སྟེ། དགུག་བྱའི་ཤིང་ཞེས་པ་ལྟ་བུ། “འགུགས”ནི་ད་ལྟ་བ་སྟེ། གཞུ་འགུགས་ཀྱིན་ཡོད། གཞུ་འགུགས་མཁན་ཞེས་པ་ལྟ་བུ། ”ཁུག”ནི་སྐུལ་ཚིག་སྟེ། ཁྱེད་ཀྱིས་མཛུབ་མོ་ཁུག་ཅིག་ཟེར་བ་ལྟ་བུ། ༢ ཐབས་དང་དབང་གིས་ཚུར་བསྡུས་པའི་དོན་ཏེ། པད་མའི་དྲི་ཡིས་བུང་བ་བཀུག མི་སྣ་གལ་ཆེ་རང་ཕྱོགས་སུ་བཀུག་ལྟ་བུ། ༣ དངོས་པོའི་རྣམ་པ་གཞན་དུ་བསྒྱུར་བའི་དོན་ཏེ། ད་ལོའི་ཐོན་སྐྱེད་ཀྱི་དངོས་རྫས་རྣམས་རིན་ཐང་དུ་བཀུག་ན་སྒོར་༡༠༠༠༠ ལྷག་ཙམ་འདུག སྐྲངས་པ་རྣག་ཏུ་བཀུག སྨན་བཟང་དྲོད་དུ་འགུགས་པ་ཞེས་སོགས་ལྟ་བུ།། ལྐུགས་པ་དག་ནི་ལ་ལྐུགས་ཡིན།། ལྐུགས་པ ༡དབང་པོ་ཉམས་ནས་སྨྲ་བ་བྱེད་མི་ཤེེས་པའི་མི་སྟེ། ཕྲུ་གུ་འདི་ལྐུགས་པ་ཆགས་འདུག་ཟེར་བ་ལྟ་བུ། ༢ (བྱེད་མེད་ལས་ཚིག)སྐད་ཆ་གསལ་པོ་བཤད་མི་ཤེས་པར་གྱུར་པའི་དོན་ཏེ། ལྕེ་ལྐུགས། ངག་ལྐུགས་ཞེས་པ་ལྟ་བུ།། སྐུད་པའི་སྐུད་ནི་ས་སྐུད་ཡིན།། ༡སྐུད་པ བལ་དང་ཤིང་བལ། གསོ་མ། སྲིན་བལ་སོགས་ཀྱིས་སྒྲིམ་བའོ་དངོས་རྫས་ཕྲ་ལ་རིང་བ་དེའི་མིང་སྟེ། བལ་གྱི་སྐུད་པ། དར་གྱི་སྐུད་པ། རས་སྐུད། བལ་སྐུད་འཁལ། རས་སྐུད་སྒྲིམཟེར་བ་ལྟ་བུ།། ༢སྐུད་པ སྐུད་པ་དང་འདྲ་བའི་དངོས་རྫས་ཀྱི་མིང་སྟེ། ལྕགས་ཀྱི་སྐུད་པ། ཟངས་ཀྱི་སྐུད་པ་ཞེས་པ་ལྟ་བུ། ཚིག་བསྡུས་ན་སྐུད་ཅེས་འབྲི་སྟེ། ལྕགས་སྐུད། ཟངས་སྐུད་ལྟ་བུ།། ༣སྐུད་པ སྣུམ་སོགས་དངོས་རྫས་ཀྱི་ངོས་ལ་འགོ་རུ་བཅུག་པའི་བྱ་སྤྱོད་མིང་ཏེ། གདོང་ལ་སྣུམ་སྐུད་པ། གྱང་ལ་ཚོན་སྐུད་པ་ཟེར་བ་ལྟ་བུ།། སྐུད (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཚོན་རྩི་དང་སྣུམ་སོགས་དངོས་རྫས་ཀྱི་ངོས་ལ་འགོ་རུ་བཅུག་པའི་དོན་ཏེ། ཚོན་སྐུད་མཁན། སྣུམ་སྐུད་ཀྱིན་འདུག་ལྟ་བུ། ”བསྐུ”ནི་མ་འོངས་པ་སྟེ། གདོང་ལ་སྣུམ་བསྐུ་དགོས། བསྐུ་བྱའི་སྣུམ་ཞེས་པ་ལྟ་བུ། ”བསྐུས”ནི་འདས་པ་སྟེ། ཚོན་རྩི་བསྐུས་ནས་མདོག་བསྒྱུར། གྱང་ལ་བསྐུས་པའི་ཚོན་རྩི་ཞེས་པ་ལྟ་བུ། ”སྐུས”ནི་སྐུལ་ཚིག་སྟེ། སྣུམ་སྐུས་ཤིག་ལྟ་བུ།། རྫུན་རྐུབ་རྐུབ་སྟེགས་ར་རྐུབ་ཡིན།། རྫུན་རྐུབ རྫུམ་གྱི་ཕུགས་སྟེ། རྫུམ་རྐུབ་བརྟོལ་བ། རྫུམ་རྐུབ་རྡོལ་བ། གཏམ་རྫུམ་མའི་རྫུམ་རྐུབ་བུད་ངེས་ཡིན་ཟེར་བ་ལྟ་བུ།། རྐུབ་སྟེགས རྐུབ་འཕོངས་གཟུག་སའི་དཔངས་ཅུང་མཐོ་ཞིང་ཁོད་མཉམ་པའི་སྡོད་ས་སྟེ། རྒན་ཉི་མ་དང་རྒན་ཟླ་བ་གཉིས་རྐུབ་སྟེགས་ཐོག་དུ་སྡོད་ནས་བཀའ་མོལ་གནང་བཞིན་འདུག་ཟེར་བ་ལྟ་བུ།། ༡རྐུབ འཕོངས་ཤའི་མིང་སྟེ། འདི་ལ་རྐུབ་ཚོས་ཀྱང་ཟེར།། ༢རྐུབ བཤང་ལམ་གྱི་མིང་སྟེ། རྐུབ་ཚུམས་ཟེར་བ་ལྟ་བུ།། ༣རྐུབ མཐིལ་ལམ་ཞབས་ཏེ། སྣོད་ཀྱི་རྐུབ་རྡོལ་བ་ཟེར་བ་ལྟ་བུ།། བརྩི་བཀུར་བཀུར་བསྟི་བ་བཀུར་དང་།། བརྩི་བཀུར མཐོང་ཆེན་བརྩི་ཤིང་གོང་དུ་བཀུར་བ་སྟེ། དགེ་རྒན་ལ་བརྩི་བཀུར་དང་ཕ་མ་ལ་གུས་ཞབས་དང་བཀུར་གཟོ་བྱེད་དགོས་ལྟ་བུ།། བཀུར་བསྟི སྒོ་གསུམ་གུས་པའི་སྒོ་ནས་མཆོད་ཅིང་མཉེས་པ་བྱེད་པའི་དོན་ཏེ། བླ་མ་ལ་བཀུར་བསྟི་བྱ་ཟེར་བ་ལྟ་བུ།། བཀུར བརྩི་འཇོག་བྱས་པ་སྟེ། སློབ་མས་དགེ་རྒན་ལ་བཀུར་ལྟ་བུ།། སྐུར་མ་སྐུར་བ་ས་སྐུར་ཡིན།། སྐུར་མ གཞན་ལ་སྐུར་རྒྱུའི་ཅ་དངོས་ཏེ། སྐུར་མ་གཏོང་རྒྱུའི་ཅ་དངོས་རྣམས་སྐུར་ཨེ་ཚར་ཟེར་བ་ལྟ་བུ།། ༡སྐུར་བ ཅ་དངོས་གཞན་ལ་སྐུར་བ་སྟེ། ཁྱིམ་དུ་ཡི་གེ་སྐུར་བ་ཟེར་བ་ལྟ་བུ།། ༢སྐུར་བ ཡོད་བཞིན་དུ་མེད་པར་བཤད་པ་དང་། ཡོན་ཏན་ཡིན་བཞིན་དུ་སྐྱོན་ཆར་བརྩིས་པའི་བྱ་སྤྱོད་ཀྱི་མིང་སྟེ། ལས་འབྲེལ་ལ་སྐུར་བ་འདེབས་པ། བདེན་བཞི་ལ་སྐུར་བ་འདེབས་པ་ཟེར་བ་ལྟ་བུ།། སྐུར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)མི་གཞན་དང་སྦྲགས་ཁང་ལ་དངོས་རྫས་དང་ཡི་གེ་སོགས་བཅོལ་ནས་སྤྲོད་ཡུལ་ལ་སྤྲོད་དུ་བཅུག་པའི་དོན་ཏེ། ཡི་གེ་སྐུར་ཡུལ། ཡི་གེ་སྐུར་མཁན། ཡི་གེ་སྐུར། འཕྲིན་སྐུར། ཡི་གེ་སྐུར་ཅིག་ལྟ་བུ། ”བསྐུར”ནི་མ་འོངས་པ་དང་འདས་པ་སྟེ། ཡི་གེ་བསྐུར་དགོས། བསྐུར་བྱའི་ཡི་གེ། ངས་གྲོགས་པོ་ལ་ཡི་གེ་བསྐུར་ནས་འབྱོར་འདུག་ལྟ་བུ།། ལས་ཀ་སྐུལ་དང་སྐུལ་ལྕག་དང་།། སྐུལ་སློང་བྱེད་སོགས་ས་སྐུལ་ལོ།། ལས་ཀ་སྐུལ ལས་ཀ་བྱེད་དུ་བཅུག་པ་སྟེ་ལས་ཀ་བྱེད་པར་སྐུལ་མ་གཏོང་བ། དཔེར་ན། ཕན་ཚུན་ལས་ཀ་སྐུལ་རེས་བྱེད་པ་ཟེར་བ་ལྟ་བུ།། ༡སྐུལ་ལྕག སྐུལ་བྱེད་ཀྱི་ལྕག་ཚན་ཏེ། རྟ་ལ་སྐུལ་ལྕག་བཞུས་ཟེར་བ་ལྟ་བུ།། ༢སྐུལ་ལྕག སྐུལ་མ་དང་ལྕག་འདེབས་ཏེ། དངོས་སུ་ལག་ལེན་བྱེད་དུ་འཇུག་པའི་ཐབས་ཤེས། དཔེར་ན། ལས་དོན་འདིའི་ཐོག་ལ་སྐུལ་ལྕག་ཐེངས་མང་བཏང་ཟེར་བ་ལྟ་བུ།། ༡སྐུལ་སློང སྐུལ་མ་བྱས་ནས་བརྩོན་སེམས་དང་ངར་སེམས་སོགས་སློང་བའི་བྱ་སྤྱོད་ཀྱི་མིང་སྟེ། དགེ་རྒན་གྱིས་ཉིན་ལྟར་སློབ་ཕྲུག་ཚོར་སློབ་སྦྱོང་བྱེད་དགོས་པའི་སྐུལ་སློང་བྱེད་ལྟ་བུ།། ༢སྐུལ་སློང ལས་གང་ཞིག་ལ་སྐུལ་བྱེད་ཀྱི་སེམས་ཏེ། ལས་གང་ཞིག་དགེ་བ་དང་མི་དགེ་བ་གང་དུ་འགྱུར་མིན་ནི་ཐོག་མའི་སྐུལ་སློང་ལ་རག་ལས་པ་ཡིན་ཟེར་བ་ལྟ་བུ།། སྐུལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)སྐུལ་སློང་བྱེད་པའི་དོན་ཏེ། རྟ་ལ་ལྕག་གིས་སྐུལ་མཁན། མི་ལ་ཚིག་གིས་སྐུལ་མཁན། མང་ཚོགས་སྐུལ་ཅིགལྟ་བུ། ”བསྐུལ”ནི་མ་འོངས་པ་དང་འདས་པ་སྟེ། མང་ཚོགས་བསྐུལ་ནས་འཛུགས་སྐྲུན་བྱས། བསྐུལ་བྱའི་མང་ཚོགས་ཟེར་བ་ལྟ་བུ།། གཡག་ཀོ་ཕག་ཀོ་ཀ་རྐྱང་ངོ།། གཡག་ཀོ གཡག་གི་པགས་པ་སྟེ། མིས་གཡག་ཀོ་གིས་གྱོན་པ་བཟོས་ནས་གྱོན་པ་ནི་འཇིགས་སུ་རུང་།། ཕག་ཀོ ཕག་གི་པགས་པ་སྟེ། ཕག་བཤས་ནས་ཕག་ཀོ་ཡིས་ལྷམ་བཟོ་བ་ནི་ཨེ་མ་འཚེ་བ་ཆེ་ལྟ་བུ།། ༡ཀོ ཀོ་བ་ཞེས་པའི་བསྡུས་ཚིག་སྟེ། གཡག་གི་ཀོ་བ་ལ་གཡག་ཀོ་དང་ཕག་གི་ཀོ་བ་ལ་ཕག་ཀོ་ཟེར་བ་ལྟ་བུ།། ༢ཀོ (རྙིང)ནི་སྒྲ་དང་འདྲ་བའི་ཕྲད་ཅིག་སྟེ། འདི་ནི་ཞེས་པར་འདི་ཀོ་ཟེར་བ་ལྟ་བུ།། ལས་གནས་བསྐོ་གཞག་ས་བསྐོ་དང་།། བསྐོ་གཞག ལས་དོན་གྱི་བྱེད་པོ་བསྐོ་བ་སྟེ། ལས་འཛིན་བྱེད་པོ་བསྐོ་གཞག་བྱེད་པ་ཟེར་བ་ལྟ་བུ།། བསྐོ (བྱེད་འབྲེལ་ལས་ཚིག་མ་འོངས་པ)གོང་རིམ་མམ་མང་ཚོགས་ཀྱིས་བྱ་བའམ་ལས་དོན་བྱེད་མཁན་དུ་གཏན་ཁེལ་བྱེད་པའི་དོན་ཏེ། བསྐོ་བྱའི་གོ་གནས། དགེ་རྒན་དུ་བསྐོ་དགོས་ཞེས་པ་ལྟ་བུ། ”བསྐོས”ནི་འདས་པ་སྟེ། དགེ་རྒན་དུ་བསྐོས་ནས་སློབ་ཁྲིད་བྱས་ལྟ་བུ། ”སྐོ”ནི་ད་ལྟ་བ་སྟེ། གོ་གནས་སུ་སྐོ་མཁན་ཞེས་པ་ལྟ་བུ། ”སྐོས”ནི་སྐུལ་ཚིག་སྟེ། དགེ་རྒན་དུ་སྐོས་ཤིག་ལྟ་བུ།། ས་རྡོ་རྐོ་བ་ར་རྐོ་ཡིན།། རྐོ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ས་དོང་སོགས་དྲུས་པའི་དོན་ཏེ། ས་དོང་རྐོ་བྱེད་ཀྱི་ལྕགས་ཁེམ། ས་དོང་རྐོ་བཞིན་ཡོད་ལྟ་བུ། ”བརྐོ”ནི་མ་འོངས་པ་སྟེ། ས་བརྐོ་དགོས། བརྐོ་བྱའི་ས་དོང་ཞེས་པ་ལྟ་བུ། ”བརྐོས”ནི་འདས་པ་སྟེ། གཏེར་པ་བརྐོས་ནས་རྡོ་སོལ་བཏོན་ལྟ་བུ། ”རྐོས”ནི་སྐུལ་ཚིག་སྟེ། གཏེར་རྡོ་རྐོས་ཤིག་ལྟ་བུ། ༢ གྲི་སོགས་ཀྱིས་ཤིང་སོགས་ཀྱི་ངོས་ལ་ཡི་གེ་དང་རི་མོ་བཏོད་པ་སྟེ། ཤོང་ལ་རི་མོ་བརྐོས། རྡོ་ལ་ཡི་གེ་བརྐོས་ལྟ་བུ།། ཡིག་སྐོགས་མར་སྐོགས་ས་སྐོགས་དང་།། ཡིག་སྐོགས འཕྲིན་ཡིག་འཇུག་སྣོད་ཀྱི་ཕྱི་ཤུབས་ཏེ། འདི་ལ་ཡིག་ཤུབས་ཀྱང་ཟེར། དཔེར་ན། ཡིག་སྐོགས་ངོས་སུ་ཁ་བྱང་འབྲི་ཟེར་བ་ལྟ་བུ།། མར་སྐོགས མར་འཇུག་སྣོད་ཀྱི་ཕྱི་ཤུབས་ཏེ། མར་སྐོགས་མར་གྱིས་མི་འཚོད། ཆུ་རྡོ་ཆུ་ཡིས་མི་འབོང་ཟེར་བ་ལྟ་བུ།། ༡སྐོགས ཤུན་པ་སྟེ། སྒོ་ངའི་སྐོགས་པ། ཤིང་གི་སྐོགས་པ་ཟེར་བ་ལྟ་བུ།། ༢སྐོགས ཤུབས་སྟེ། ཡིག་སྐོགས། མར་སྐོགས་ཟེར་བ་ལྟ་བུ།། ལྐོག་གཡོ་ལྐོག་གྱུར་ལ་ལྐོག་ཡིན།། ལྐོག་གཡོ མི་མཐོང་བའི་ས་ལ་གཡོ་ཐབས་ཀྱི་བྱ་བའི་མིང་སྟེ། ལྐོག་གཡོ་དང་ངན་ཇུས་བྱེད་མཁན་དེ་མི་ངན་ཡིན་ཟེར་བ་ལྟ་བུ།། ལྐོག་གྱུར གཏན་ཚིག་རིག་པའི་ཐ་སྙད་ཅིག་སྟེ། མིག་སོགས་ཀྱིས་དངོས་སུ་མི་མཐོང་བར། རྟགས་དང་རྒྱུ་མཚན་ལ་བརྟེན་ནས་དེས་དགོས་པའི་ཡོད་པ་ལ་ལྐོག་གྱུར་ཟེར། དཔེར་ན། མི་རྟག་པའི་ངོ་བོ་སྐད་ཅིག་སྐད་ཅིག་ལ་འཇིག་པ་ནི་མིག་སོགས་ཀྱིས་མཐོང་མི་ཐུང་པས་ལྐོག་གྱུར་ཡིན།། ལྐོག རྒྱབ་དང་ཕག་གམ་མི་མངོན་པའི་གནས་ཏེ། མངོན་པ་མི་གསལ་བའི་གནས་དང་བྱ་སྤྱོད་ཚང་མ་ལྐོག་ཏུ་གནས་ཡོད་ཟེར་བ་ལྟ་བུ།། སྣོད་སོགས་ཀོང་ཀོང་ཀ་ཀོང་དང་།། ཀོང་ཀོང སྣོད་ཀ་སོགས་མཐའ་མཐོ་ལ་དཀྱིལ་དམའ་བའི་དབྱིབས་ཅན་ཏེ། སྣོད་ཀོང་ཀོང་དང་ས་ཞིང་གཤོང་གཤོང་ཟེར་བ་ལྟ་བུ།། ཚིག་རྐང་ཁ་སྐོང་ས་སྐོང་ཡིན།། ཁ་སྐོང ཚིག་སོགས་ཁ་མ་གང་བ་ལ་ཁ་སྣོན་རྒྱབ་ནས་ཁ་ཚང་བ་བཟོ་བ་སྟེ། ཁ་སྐོང་མ་བྱེད་ན་ཁ་གྲངས་ཚང་མི་འདུག་ཟེར་བ་ལྟ་བུ།། སྐོང (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ འདོད་པ་དང་རེ་བ་ཚིམ་པར་བྱེད་པའི་དོན་ཏེ། རེ་བ་སྐོང་མཁན། འདོད་པ་སྐོང་བ་ཞེས་པ་ལྟ་བུ། ”བསྐང”ནི་མ་འོངས་པ་སྟེ། འདོད་པ་བསྐང་དགོས་ལྟ་བུ། ”བསྐངས”ནི་འདས་པ་སྟེ། རེ་བ་བསྐངས་ནས་ཡིད་ཚིམ་ལྟ་བུ། ”སྐོངས”ནི་སྐུལ་ཚིག་སྟེ། རེ་བ་སྐོངས་ཤིག་ལྟ་བུ། ༢ མ་ཚང་བ་ཚང་བར་བྱེད་པའི་དོན་ཏེ། ཚིག་མ་ཚང་བ་ཁ་སྐོང་། ཚིག་ཁ་ཤས་ཁ་བསྐངས་ནས་ཆ་ཚང་བ་བྱས་ལྟ་བུ།། འབྱོར་ཐོ་བཀོད་དང་བཀོད་སྒྲིག་སོགས།། བ་བཀོད་ཡིན་པ་ཤེས་པར་བྱ།། འབྱོར་ཐོ་བཀོད འབྱོར་ཡོད་མེད་ལྟ་སྐབས་འབྱོར་ཡོད་པ་རྣམས་ཀྱི་མིང་ཐོ་དེབ་ནང་བཀོད་པ་སྟེ། འགན་འཛིན་གྱིས་ཉིན་ལྟ་ལས་བྱེད་རྣམས་འབྱོར་ཐོ་བཀོད་ཟེར་བ་ལྟ་བུ།། བཀོད་སྒྲིག ཐབས་ཤེས་བཀོད་ནས་གོ་སྒྲིག་སམ་གྲ་སྒྲིག་བྱེད་པ་སྟེ། བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་བཀོད་སྒྲིག་བྱེད་ལྟ་བུ།། བཀོད (བྱེད་འབྲེལ་ལས་ཚིག་འདས་པ) ༡ ཡི་གེར་བྲིས་པའམ་རི་མོར་བྲིས་པའི་དོན་ཏེ། ལོ་རྒྱུས་རྣམས་ཡི་གེར་བཀོད། རྩོམ་ཡིག་གསར་འགྱུར་ལ་བཀོད་ལྟ་བུ། ”དགོད”ནི་མ་འོངས་པ་སྟེ། ཡི་གེ་ལ་དགོད་བྱའི་ལོ་རྒྱུས་ཞེས་པ་ལྟ་བུ། ”འགོད”ནི་ད་ལྟ་བ་སྟེ། ཚིག་རྣམས་ཡི་གེ་འགོད་ཀྱིན་ཡོད། ཡི་གེ་འགོད་མཁན་ཞེས་པ་ལྟ་བུ། ”ཁོད”ནི་སྐུལ་ཚིག་སྟེ། ལོ་རྒྱུས་རྣམས་ཡི་གེར་ཁོད་ཅིག་ལྟ་བུ། ༢ བརྟན་པོར་བཞག་པའམ་བདེ་བར་བྱས་པའི་དོན་ཏེ། གདན་ལ་བཀོད། གནས་སུ་བཀོད། ཡུལ་ཁམས་བདེ་ལ་བཀོད་ལྟ་བུ།། ལམ་བུ་ཀྱག་ཀྱོག་འཕུལ་མེད་དང་།། ཀྱག་ཀྱོག ལམ་ཆུང་སོགས་དྲང་མོ་མིན་པ་ཀྱག་གེ་ཀྱོག་གེ་སྟེ། གྲོང་གསེབ་དེར་ལམ་བུ་ཀྱག་ཀྱོག་མ་གཏོགས་དྲང་པོ་ཞིག་མི་འདུག་ལྟ་བུ།། སྣོད་སོགས་བཀྱག་པ་བ་ཡིས་འཕུལ།། བཀྱག (བྱེད་འབྲེལ་ལས་ཚིག་མ་འོངས་པ)དངོས་རྫས་ཡར་འདེགས་པའི་དོན་ཏེ། ཡར་བཀྱག་བྱའི་རྡོ་ཟེར་བ་ལྟ་བུ། ”བཀྱགས”ནི་འདས་པ་སྟེ། ཡར་བཀྱགས་ནས་མར་བཞག་ལྟ་བུ། ”འགྱོག”ནི་ད་ལྟ་བ་སྟེ། རྡོ་དེ་ཁྱེད་ཀྱིས་ཡར་འགྱོག་ཐུབ་བམ་ཟེར་བ་ལྟ་བུ། ”ཁྱོགས”ནི་སྐུལ་ཚིག་སྟེ། ཁྱེད་ཀྱིས་ཡར་ཁྱོགས་ཤིགལྟ་བུ།། མི་གཙང་སྐྱག་པ་ས་སྐྱག་ཡིན།། སྐྱག་པ བཤང་ལམ་ནས་དོན་པའི་མི་གཙང་བའི་ཟས་སྙིགས།། ༡སྐྱག སྐྱག་པ་ཞེས་པའི་ཚིག་བསྡུས་པ་སྟེ། མི་སྐྱག ཁྱི་སྐྱག སྦྲང་སྐྱག་ཟེར་བ་ལྟ་བུ།། ༢སྐྱག སྐྱ་ཀ་ཞེས་པའི་ཚིག་བསྡུས་པ་སྟེ། སྐྱ་ཀའི་ཚང་ལ་སྐྱག་ཚང་ཟེར་བ་ལྟ་བུ།། སྐྱ་རེངས་སྐྱ་བར་མགོ་ཅན་ས།། སྐྱ་རེངས ཞོགས་པར་ནམ་ལངས་ཁར་ཤར་ཕྱོགས་ཀྱི་ནམ་མཁར་ཤར་བའི་ཉི་འོད་སྟེ། ཁྲི་གདུགས་འོད་ཀྱིས་མ་དད་ན།། སྐྱ་རེངས་ཤར་བ་ག་ལ་སྲིད་ཟེར་བ་ལྟ་བུ།། སྐྱ་བ གྲུ་གཟིངས་སྐུལ་བྱེད་དམ་སྐྱོད་བྱེད་ཀྱི་ཡོ་བྱད་ཅིག་སྟེ། གྲུ་སྐྱ། སྐྱ་བ་རྒྱག་པ། སྐྱ་བ་སྐྱོད་པ་ཟེར་བ་ལྟ་བུ།། ༡སྐྱ སྐྱ་བོ་སྟེ། ཐལ་བའོ་མདོག་དང་འདྲ་བའི་མདོག་དཀར་ཤས་ཆེ་བ་ཞིག་སྟེ། ས་སྐྱ་བོ། མདོག་སྐྱ་སྐྱ་ཟེར་བ་ལྟ་བུ།། ༢སྐྱ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྡོད་གནས་གཞན་དུ་སྤོ་བ་སྟེ། ལོ་ཏོག་ཁྱིམ་དུ་སྐྱ་འིན་ཡོད་ལྟ་བུ། ”བསྐྱས”ནི་འདས་པ་སྟེ། འབྲོག་ཁྱིམ་ཞིག་བསྐྱས་པའི་ཤུལ་དུ་ཁྱི་གུ་གསུམ་ལུས་འདུག་ཟེར་བ་ལྟ་བུ། ”བསྐྱ”ནི་མ་འོངས་པ་སྟེ། ལོ་ཏོག་རྣམས་བསྐྱ་རྒྱུ་ཡིན། བསྐྱ་བྱའི་ལོ་ཏོག་ཟེར་བ་ལྟ་བུ། ”སྐྱོས”ནི་སྐུལ་ཚིག་སྟེ། ལོ་ཏོག་རྣམས་ཁྱིམ་དུ་སྐྱོས་ཤིག་ཟེར་བ་ལྟ་བུ།། ༣སྐྱ ཁྱིམ་པ་སྟེ། སེར་མོ་བ་དང་མི་སྐྱ་ཟེར་བ་ལྟ་བུ།། ༤སྐྱ ལོ་ཏོག་གི་མིང་སྟེ། ལོ་ཏོག་ཡག་པོ་བྱུང་བ་ལ་ལོ་ཏོག་སྐྱ་རྒྱས་ཟེར་བ་ལྟ་བུ།། རྐང་ལག་རྐྱོང་དང་གདན་རྐྱོང་གདན།། ར་རྐྱོང་ཡིན་པ་ཤེས་པར་བྱ།། རྐྱོང (བྱེད་འབྲེལ་ལས་ཚིག་ད་ལྟ་བ)རྐང་ལག་སོགས་སྲིང་བའི་དོན་ཏེ། ལག་པ་རྐྱོང་གིན་ཡོད། རྐང་པ་རྐྱོང་མཁན་ཞེས་པ་ལྟ་བུ། ”བརྐྱང”ནི་མ་འོངས་པ་སྟེ། ལག་པ་བརྐྱང་དགོས། བརྐྱང་བྱའི་ལག་པ་ཞེས་པ་ལྟ་བུ། ”བརྐྱངས”ནི་འདས་པ་སྟེ། ལག་པ་བརྐྱངས་ནས་ཡར་འཐེན་ལྟ་བུ། ”རྐྱོངས”ནི་སྐུལ་ཚིག་སྟེ། ལག་པ་རྐྱོོངས་ཤིག་ལྟ་བུ།། རྐྱོང་གདན བར་དུ་བཅུག་པའི་ནང་ཚངས་སྲབ་ཅིང་ལྟེབ་བརྩེགས་བརྒྱབ་ཆོག་པའི་གདན་རིང་ཙམ་ཞིག་སྟེ། མལ་ཁྲིའི་ནང་དུ་རྐྱོང་གདན་ཞིག་བཏིངས་སོང་ཟེར་བ་ལྟ་བུ།། དྲིན་གྱིས་སྐྱོང་བ་ས་སྐྱོང་ངོ་།། སྐྱོང (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྲུང་སྐྱོབ་བྱེད་པ་དང་འཚོ་སྐྱོང་བྱེད་པ་སྟེ། གསོ་སྐྱོང་བྱེད། སློབ་ཕྲུག་སྐྱོང་། སློབ་ཕྲུག་སྐྱོང་མཁན་ཞེས་པ་ལྟ་བུ། ”བསྐྱང”ནི་མ་འོངས་པ་སྟེ། སློབ་ཕྲུག་བསྐྱང་དགོས། བསྐྱང་བྱའི་སློབ་ཕྲུག་ཅེས་པ་ལྟ་བུ། ”བསྐྱངས”ནི་འདས་པ་སྟེ། སློབ་ཕྲུག་རྣམས་ཡག་པོ་བསྐྱངས་ནས་མཁས་པར་གྱུར་ཅེས་པ་ལྟ་བུ། ”སྐྱོངས”ནི་སྐུལ་ཚིག་སྟེ། སློབ་ཕྲུག་ཡག་པོ་སྐྱོངས་ཤིག་ལྟ་བུ།། གཞན་དུ་སྐྱེལ་བ་ས་སྐྱེལ་ལོ།། སྐྱེལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ས་གནས་གཞན་དུ་གཏོང་བ་སྟེ། སྐུ་མགྲོན་སྐྱེལ། ཕེབས་སྐྱེལ་ལྟ་བུ། ”བསྐྱལ”ནི་འདས་པ་དང་མ་འོངས་པ་སྟེ། བྱིས་པ་སློབ་གྲྭ་ལ་བསྐྱལ་དགོས། བུ་ཕྲུག་སློབ་གྲྭ་བསྐྱལ་ནས་ཡོང་བ་ཡིན་ལྟ་བུ། ”སྐྱོལ”ནི་སྐུལ་ཚིག་སྟེ། བུ་མོ་སློབ་གྲྭ་སྐྱོལ་ཅིག་ལྟ་བུ། ༢ དབོར་བའམ་འདྲེན་པ་སྟེ། འགྲོ་ཆས་བསྐྱལ། ཚོང་ཟོག་སྐྱེལ། ནང་གཏམ་ཕྱིར་སྐྱེལ། ལན་སྐྱེལ། རིང་སྐྱེལ་ཐུང་སྐྱེལ་ཟེར་བ་ལྟ་བུ། ༣ བྱེད་པའམ་ལག་ལེན་བསྟར་བ་སྟེ། ཁ་སྐྱེལ། མནའ་བསྐྱལ། གནོད་བསྐྱལ། གནོད་པ་སྤུ་ཙམ་ཡང་མི་སྐྱེལ་ཟེར་བ་ལྟ་བུ། ༤ ཡོལ་བ་བྱེད་པ་སྟེ། དོན་མེད་དུས་བསྐྱལ། མི་ཚེ་དོན་དང་ལྡན་པར་བསྐྱལ། ཟ་མ་རྒྱགས་ཚད་བཟས་ནས་ཉི་མ་སྐྱེལ་ཟེར་བ་ལྟ་བུ།། ཁེར་རྐྱང་རྐྱང་པ་ར་རྐྱང་ཡིན།། ཁེར་རྐྱང ཟླ་གྲོགས་མེད་པ་གཅིག་པུའམ་ཆིག་རྐྱང་ཡིན་པ་སྟེ། གྲོགས་མེད་ཁེར་རྐྱང་དུ་ལུས་པ། མི་ཁེར་རྐྱང་འགྲོ་བ། ཁང་པ་ཁེར་རྐྱང་ཟེར་བ་ལྟ་བུ།། ༡རྐྱང་པ གཞན་དང་མ་འབྲེལ་བའི་དོན་ཏེ། ཀ་རྐྱང་པ། ང་རྐྱང་པ། ན་རྐྱང་པ་ཟེར་བ་ལྟ་བུ།། ༢རྐྱང་པ སྟབས་བདེ་བོའི་དོན་ཏེ། འགྲོ་ན་རྐྱང་པ། འདུག་ནའང་རྐྱང་པ་ཟེར་བ་ལྟ་བུ།། རྐྱང མདོ་དབུས་མཐོ་སྒང་ན་ཡོད་པའི་རི་དྭགས་རྟ་འདྲ་བ་ཞིག་གི་མིང་སྟེ། དའི་དབྱིབས་བོང་བུ་ང་རྟར་འདྲ་ཞིང་སྤུ་ཁ་རྒྱབ་ངོས་དམར་སེར་དང་དབོ་དཀར་པོ་ཡིན།། ཐག་པས་བཀྱིགས་པ་བ་བཀྱིགས་སོ།། བཀྱིགས (བྱེད་འབྲེལ་ལས་ཚིག་འདས་པ)ཐག་པས་མི་ཕྱུགས་སོགས་ཀྱི་ཡན་ལག་བསྡམས་པའི་དོན་ཏེ། ཐག་པས་ལུག་བཀྱིགས་ནས་བལ་བྲེགས་ལྟ་བུ། ”བཀྱིག”ནི་མ་འོངས་པ་སྟེ། བཀྱིག་བྱའི་ལུག་ལྟ་བུ། ”འཁྱིག”ནི་ད་ལྟ་བ་སྟེ། ལུག་འཁྱིག་མཁན། འཁྱིག་བྱེད་ཀྱི་ཐག་པ་ཞེས་པ་ལྟ་བུ། ”ཁྱིགས”ནི་སྐུལ་ཚིག་སྟེ། ལིག་ཁྱིགས་ཤིག་ཅེས་པ་ལྟ་བུ།། གཡར་བའི་སྐྱིན་པ་ས་སྐྱིན་ཡིན།། སྐྱིན་པ གཞན་གྱི་ཅ་དངོས་གཡར་བའི་བུན་ལོན་གྱི་ཚབ་དུ་ཕར་སྤྲོད་རྒྱུའི་དངོས་རྫས་ཀྱི་མིང་སྟེ། དངུལ་གཡར་བའི་སྐྱིན་པ། འབྲུ་གཡར་བའི་སྐྱིན་པ་ཟེར་བ་ལྟ་བུ།། [[Wb/bo/སྐྱིན ཏྲེ་སྐད་དུ་དངུལ་དང་འབྲུ་རིགས་སོགས་རང་ལ་དགོས་མཁོ་བྱུང་ཚད་མི་གཞན་ལས་ལེན་པ་ལ་སྐྱིན་དང་། དེ་མིན་ཅ་དངོས་གཞན་དགོས་མཁོ་བྱུང་ཚད་གཞན་ལས་ལེན་པ་ལ་གཡར་ཟེར་ཏེ། ང་ལ་དངུལ་མང་ཙམ་སྐྱིན་རོགས། ལོ་སྔོན་ན་ཟ་འབྲུ་སྐྱིན་དགོས་བྱུང་ཟེར་བ་དང་། ང་ལ་རྒྱན་ཆ་ཞིག་གཡར་རོགས་ཟེར་བ་ལྟ་བུ། གཡར་དང་སྐྱིན་གཉིས་ལ་ཁྱད་པ་ཅུང་ཡོད་པ་མངོན།།|སྐྱིན ཏྲེ་སྐད་དུ་དངུལ་དང་འབྲུ་རིགས་སོགས་རང་ལ་དགོས་མཁོ་བྱུང་ཚད་མི་གཞན་ལས་ལེན་པ་ལ་སྐྱིན་དང་། དེ་མིན་ཅ་དངོས་གཞན་དགོས་མཁོ་བྱུང་ཚད་གཞན་ལས་ལེན་པ་ལ་གཡར་ཟེར་ཏེ། ང་ལ་དངུལ་མང་ཙམ་སྐྱིན་རོགས། ལོ་སྔོན་ན་ཟ་འབྲུ་སྐྱིན་དགོས་བྱུང་ཟེར་བ་དང་། ང་ལ་རྒྱན་ཆ་ཞིག་གཡར་རོགས་ཟེར་བ་ལྟ་བུ། གཡར་དང་སྐྱིན་གཉིས་ལ་ཁྱད་པ་ཅུང་ཡོད་པ་མངོན།།]] དབུས་ཀྱི་དཀྱིལ་ནི་ད་དཀྱིལ་ལོ།། དཀྱིལ ཡུལ་དབུས་ཀྱི་ལྟེ་བའམ། མཐའ་གཉིས་ཀྱི་ཚད་མཉམ་པའི་བར་མ་སྟེ། ལྡུམ་རའི་དཀྱིལ་ན་ཡོད་པའི་མེ་ཏོག་དེ་ཧ་ཅང་མཛེས་ཟེར་བ་ལྟ་བུ།། སྐྱུག་བྲོ་སྐྱུག་མེར་ས་སྐྱུག་ལ།། ༡སྐྱུག་བྲོ ཞེ་མེར་ལངས་ནས་ཕོ་བ་ནང་གི་མ་ཞུ་བའི་ཟས་རིགས་ཁ་ནས་ཕྱི་ལ་ཐོན་དྲག་བྱེད་པ་སྟེ། མཁྲིས་པའི་ནད་འདིས་ང་སྐྱུག་བྲོ་བ་བཟོས་ཟེར་བ་ལྟ་བུ།། ༢སྐྱུག་བྲོ བཙོག་པའམ་མཐོང་མི་འདོད་བ་སྟེ། སྐྱུག་བྲོ་བའི་རྣམ་འགྱུར་ཟེར་བ་ལྟ་བུ།། སྐྱུག་མེར ཞེ་མེར་ལངས་ནས་སྐྱུག་ལོག་ལྡོང་བ་སྟེ། སྣུམ་མང་པོ་ཟས་ནས་སྐྱུག་མེར་ལངས་ཟེར་བ་ལྟ་བུ།། སྐྱུག (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཕོ་བ་དང་གློ་བའི་ནང་གི་དངོས་པོ་ཁ་ནས་ཕྱིར་ཐོན་པ་བྱེད་པའི་དོན་ཏེ། སྐྱུག་སྨན་འཐུང་ནས་ནད་པ་སྐྱུག མཁྲིས་པ་ན་ནས་སྐྱུག་གིན་འདུག་ལྟ་བུ། ”བསྐྱུག”ནི་མ་འོངས་པ་སྟེ། བསྐྱུག་པ་བྱ་ཟེར་བ་ལྟ་བུ། ”བསྐྱུགས”ནི་འདས་པ་སྟེ། མ་ཞུ་བའི་ཟས་ཡར་བསྐྱུགས་ནས་ཕོ་བ་བདེ་རུ་སོང་ལྟ་བུ། ”སྐྱུགས”ནི་སྐུལ་ཚིག་སྟེ། སྐྱུགས་ཤིག་ལྟ་བུ།། བྲོ་བ་སྐྱུར་དང་གཡང་ལ་སྐྱུར།། ས་སྐྱུར་ཡིན་པ་ཤེས་པར་བྱ།། ༡སྐྱུར ལྕེ་ཤེས་ཀྱིས་མྱོང་བྱའོ་བྲོ་བ་སྐྱུར་མོ་སྟེ། ཞོ་དང་དར་བའི་རོ་ལྟ་བུ། དཔེར་ན། ཟས་བྲོ་བ་སྐྱུར་མོ་ཡོད་པ་ཟ་དུས་མགོ་ཡང་འདར་ཟེར་བ་ལྟ་བུ།། ༡སྐྱུར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)སོ་སོར་བྲལ་བའམ་དོར་བའི་དོན་ཏེ། གད་སྙིགས་དོང་ལ་སྐྱུར་བ་བྱེད། གད་སྙིགས་དོང་ལ་སྐྱུར་ཅིག་ལྟ་བུ། ”བསྐྱུར”ནི་མ་འོངས་པ་དང་འདས་པ་སྟེ། ཕ་ཡུལ་བསྐྱུར་ནས་བཙན་བྱོར་ལ་ཞུགས། དོང་ལ་བསྐྱུར་བྱའི་གད་སྙིགས་ཟེར་བ་ལྟ་བུ།། དཀྱུས་རིང་དཀྱུས་མ་ད་དཀྱུས་ཡིན།། ༡དཀྱུས སྲིད་ཞེང་གཉིས་ལས་སྲིད་ཚད་ཀྱི་མིང་སྟེ། དཀྱུས་སུ་ཁྲུ་གང་དང་ཞེང་ལ་སོར་གང་ཡོད་ཞེས་པ་ལྟ་བུ།། ༢དཀྱུས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)རྟ་སོགས་བཞོན་པའམ་ཁ་ལོ་བསྒྱུར་བའི་དོན་ཏེ། རྟ་ཁ་གཡས་ལ་དཀྱུས་ནས་བརྒྱུགས། རྟ་བོ་ལམ་ལ་དཀྱུས་ཤིག་ལྟ་བུ། ”དཀྱུ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ལམ་ལ་དཀྱུ་བྱའི་རྟ། རྟ་ཁ་ལམ་ལ་དཀྱུ་དགོས་ལྟ་བུ།། དཀྱུས་མ ཕལ་པ་དང་སྤྱིར་བཏང་སྟེ། གྲྭ་རྐྱང་དཀྱུས་མ། ངལ་རྩོལ་བ་དཀྱུས་མ་ཟེར་བ་ལྟ་བུ།། སྐྱེས་མ་ལེགས་སྐྱེས་ས་སྐྱེས་དང་།། ༡སྐྱེས་མ བུད་མེད་ཀྱི་མངོན་བརྗོད་དེ། སྐྱེས་མ་ལྟ་ན་སྡུག་པ་ཞིག་གར་སྟབས་ཀྱིས་ཚུལ་དུ་འོང་བ་མཐོང་ལྟ་བུ།། ༢སྐྱེས་མ མནའ་མའི་མངོན་བརྗོད།། ལེགས་སྐྱེས གསོལ་རས་དང་ལག་རྟགས་ཏེ། དེ་རིང་ནི་ཕུལ་བྱུང་སློབ་མ་རྣམས་ལ་ལེགས་སྐྱེས་ཕུལ་བའོ་ཉིན་མོ་རེད་ཟེར་བ་ལྟ་བུ།། སྐྱེས སེམས་པ་དཀར་བའམ་བཀྲ་ཤིས་བདེ་ལེགས་ཞུ་བ་མཚན་བྱེད་དུ་ཕུལ་བའི་དངོས་རྫས་ཏེ། གྲོགས་པོ་ཁྱེད་ལ་སྐྱེས་འདི་ཕུལ་ལོ་ཟེར་བ་ལྟ་བུ།། རྒྱ་སྐྱེད་ཐོན་སྐྱེད་རྗེས་འཇུག་ད།། རྒྱ་སྐྱེད གཞི་རྒྱ་ཆེ་རུ་གཏོང་བ་སྟེ། གྲོང་ཁྱེར་རྒྱ་སྐྱེད་པ་ཟེར་བ་ལྟ་བུ།། ཐོན་སྐྱེད མིའི་རིགས་ཀྱིས་ཡོ་བྱད་བཀོལ་ནས་མཁོ་བའི་དངོས་རྫས་གསར་བསྐྲུན་བྱེད་པའི་ལས་ཀའི་བྱ་རིམ་གྱི་མིང་སྟེ། ཞིང་ལས་ཐོན་སྐྱེད། བཟོ་ལས་ཐོན་སྐྱེད། ཕྱུགས་ལས་ཐོན་སྐྱེད་ཟེར་བ་ལྟ་བུ།། སྐྱེད (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)སྐྱེ་རུ་བཅུག་པ་དང་། རྒྱ་ཆེ་རུ་གཏོང་བའི་དོན་ཏེ། ངར་ཤུགས་སྐྱེད་བཞིན་ཡོད། ཞིང་ས་རྒྱ་སྐྱེད་བཞིན་ཡོད། ངར་ཤུགས་སྐྱེད་ཅིག ཞིང་ས་རྒྱ་སྐྱེད་ཅིག་ལྟ་བུ། ”བསྐྱེད”ནི་མ་འོངས་པ་དང་འདས་པ་སྟེ། བློ་སྟོབས་བསྐྱེད་ནས་དཔྱད་པ་བཏང། བརྩོན་པ་བསྐྱེད་ནས་ལས་ཀ་བསྒྲུབ་དགོས། བསྐྱེད་བྱའི་སྙིང་སྟོབས་ཟེར་བ་ལྟ་བུ།། དངོས་པོ་སྐྱེལ་བ་ས་སྐྱེལ་ལོ།། སྐྱེལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)དངོས་རྫས་སོགས་གནས་ཤིག་ནས་གནས་གཞན་ཞིག་ལ་སྤོར་བའི་དོན་ཏེ། རྡོ་སྐྱེལ། སྐྱེལ་འདྲེན་ཟེར་བ་ལྟ་བུ། ”བསྐྱལ”ནི་མ་འོངས་པ་དང་འདས་པ་སྟེ། བསྐྱལ་བྱའི་རྡོ། རྡོ་བསྐྱལ་ནས་ཆུ་རགས་བརྩིགས་ལྟ་བུ། ”སྐྱོལ”ནི་སྐུལ་ཚིག་སྟེ། རྡོ་སྐྱོལ་ཅིག་ལྟ་བུ།། ཆ་རྐྱེན་མཐུན་རྐྱེན་ར་རྐྱེན་ཡིན།། ཆ་རྐྱེན བྱ་དངོས་རྣམས་འབྱུང་བ་དང་གནས་པ་འཕེལ་བ་བཅས་ལ་ཕན་ཞིང་སྐུལ་མ་བྱེད་པའི་རྐྱེན་ཏེ། ཆ་རྐྱེན་འཛོམས་པོ། འཚོ་བའི་ཆ་རྐྱེན་ཟེར་བ་ལྟ་བུ།། མཐུན་རྐྱེན འབྲས་བུ་འབྱུང་བ་ལ་ཕན་པ་དང་རྗེས་སུ་མཐུན་པའི་རྒྱུ་རྐྱེན་ཏེ། སློབ་སྦྱོང་བྱེད་པའི་མཐུན་རྐྱེན་འཛོམས་པོ། རིག་གནས་སྦྱོང་བའི་མཐུན་རྐྱེན་འཛོམས་པོ་ཟེར་བ་ལྟ་བུ།། རྐྱེན འབྲས་བུ་སྨིན་པར་བྱེད་པའི་གྲོགས་སམ་འབྲས་བུའི་ཁྱད་པར་སྐྱེད་བྱེད་དེ། གྲོགས་བྱེད་པ་རྐྱེན་གྱི་མཚན་ཉིད་ཡིན་ཟེར་བ་ལྟ་བུ།། རྐང་པ་ཀྱོག་ཀྱོག་ཀ་ཀྱོག་དང་།། ཀྱོག་ཀྱོག འཁྱོག་པོ་སྟེ། ཕྲུ་གུ་དེའི་རྐང་པ་ཀྱོག་ཀྱོག་རེད་འདུག་ཟེར་བ་ལྟ་བུ།། རག་སྐྱོགས་ཚལ་སྐྱོགས་ས་སྐྱོགས་ཡིན།། རག་སྐྱོགས རག་ལས་བཟོས་པའི་ཆུ་སོགས་འཆུ་བྱེད་ཀྱི་ཡོ་བྱད་ཀྱི་མིང་སྟེ། རག་སྐྱོགས་ཆེ་པོ་ཞིག་གིས་ཆུ་བཅུས་སོང་ཟེར་བ་ལྟ་བུ།། ཚལ་སྐྱོགས ཚལ་རྔོ་བྱེད་ཀྱི་སྐྱོགས་ཏེ། ཚལ་རྔོ་དུས་ཚལ་སྐྱོགས་བེད་སྤྱོད་བྱེད་དགོས་ལྟ་བུ།། ༡སྐྱོགས ཆུ་དང་ཐུག་པ་སོགས་འཆུ་བྱེད་ཀྱི་སྐྱོགས་ཏེ། ཆུ་འཆུ་བྱེད་ཀྱི་སྐྱོགས། འོ་མ་བླུག་བྱེད་ཀྱི་སྐྱོགས་ལྟ་བུ།། ༢སྐྱོགས བརྡ་རྙིང་དུ་ཐབས་ཀྱི་མིང་སྟེ། སྣ་ཚོགས་སྐྱོགས་བརྒྱས་འཇིག་རྟེན་འགུགས་ལྟ་བུ།། ༣སྐྱོགས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ ཁ་ཕྱོགས་བསྒྱུར་བའི་དོན་ཏེ། དགྲ་ལ་ལམ་སྐྱོགས་ཤིག་ལྟ་བུ། “བསྐྱོགས”ནི་འདས་པ་སྟེ། ལམ་སྐྱོགས་ནས་སོང་ལྟ་བུ། ”བསྐྱོག”ནི་མ་འོངས་པ་སྟེ། ལམ་བསྐྱོག་པར་བྱ། ལམ་བསྐྱོག་དགོས་ལྟ་བུ། ”སྐྱོག”ནི་ད་ལྟ་བ་སྟེ། ལམ་སྐྱོག་མཁན། ལམ་སྐྱོག་གིན་ཡོད་ལྟ་བུ། ༢ དྲང་པོ་འཁྱོག་པར་བྱེད་པའི་དོན་ཏེ། དྲང་ཐིག་སྐྱོག་མི་རུང་ལྟ་བུ།། རྒྱབ་སྐྱོར་ལག་སྐྱོར་ས་སྐྱོར་རོ།། རྒྱབ་སྐྱོར རྒྱབ་གནོན་དང་རྒྱབ་སྙེ་ཡི་ཐོག་ནས་རོགས་རམ་བྱེད་པ་སྟེ། ངས་སློབ་སྦྱོང་བྱེད་པ་ལ་ནང་མི་ཚང་མས་རྒྱབ་སྐྱོར་ཆེ་པོ་བྱེད། གང་ས་ཅི་ཐོད་ནས་རྒྱབ་སྐྱོར་གནང་བྱུང་ཟེར་བ་ལྟ་བུ།། ༡ལག་སྐྱོར དངོས་སུ་རོགས་རམ་བྱེད་པ་སྟེ། ལས་ཀ་མ་ཚར་བར་དུ་ལག་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་བ་ཡིན་ལྟ་བུ།། ༢ལག་སྐྱོར ལག་པས་སྲུང་སྐྱོབ་བྱེད་པ་སྟེ། ཁོས་ལག་སྐྱོར་བྱེད་བཞིན་ཨ་མ་སྐོས་འཛེག་ཐོག་ཁྲིད་སོང་ལྟ་བུ།། ༡སྐྱོར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) བྱ་བ་ཞིག་ཡང་དང་ཡང་དུ་བྱེད་པའི་དོན་ཏེ། ལེགས་་བཤད་བློ་ལ་སྐྱོར་གྱིན་ཡོད། དཔེ་ཆ་བློ་ལ་སྐྱོར་ཅིག་ལྟ་བུ། ”བསྐྱར”ནི་མ་འོངས་པ་དང་འདས་པ་སྟེ། དཔེ་ཆ་བློ་ལ་བསྐྱར་དགོས། བསྐྱར་བྱའི་ཚིག ཚིག་ཡང་ཡང་བསྐྱར་ནས་བློ་ལ་ཟིན་ཞེས་པ་ལྟ་བུ།། ༢སྐྱོར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ མི་དང་དངོས་པོ་སོགས་འགྱེད་དུ་མི་འཇུག་པའི་དོན་ཏེ། ནད་པ་སྐྱོར་གྱིན་ཡོད། ནད་པ་སྐྱོར་མཁན། ནད་པ་སྐྱོར་ཅིག་ལྟ་བུ། ”བསྐྱོར”ནི་མ་འོངས་པ་དང་འདས་པ་སྟེ། རྨས་པ་བསྐྱོར་དགོས། བསྐྱོར་བྱའི་རྒན་པོ། བྱིས་པ་བསྐྱོར་ནས་ལམ་ལ་འགྲོ་ཚུལ་བསླབས་ལྟ་བུ། ༢ རོགས་རམ་བྱེད་པའམ་སྲུང་སྐྱོབ་བྱེད་པའི་དོན་ཏེ། རྒྱབ་སྐྱོར་བྱེད་མཁན། ལག་པས་བསྐྱོར། ཉམ་ཐག་གི་རྒྱབ་བསྐྱོར་ཞེས་པ་ལྟ་བུ།། ཉེས་སྐྱོོན་གནོད་སྐྱོན་ས་སྐྱོན་ཡིན།། ཉེས་སྐྱོན ཉེས་པ་དང་སྐྱོན་ཆ་སྟེ། སྤྱོད་ངན་དང་དེའི་འབྲས་བུ་གཉིས་ཀ་ལའོ། དཔེར་ན། ཉེས་སྐྱོན་ཚབས་ཆེན། གནོད་འཚེ་ཡི་ཉེས་སྐྱོན་ལས་སྡུག་བསྔལ་འབྱུང་ལྟ་བུ།། གནོད་སྐྱོན གྱོང་གུ་དང་འགལ་རྐྱེན་ཡང་ན་འཚེ་བ་སོགས་གནོད་པ་ལས་བྱུང་བའི་ཆ་ཀུན་ལའོ། དཔེར་ན། མུ་གེ་ཡི་ཉམས་ཉེས་འདི་དམག་འཁྲུག་གི་གནོད་སྐྱོན་ལས་བྱུང་། འཚེ་བ་ཡི་གནོད་སྐྱོན་འགོག་སྟེ་ཞི་བདེ་ཡི་ཐབས་ལམ་འཚོལ་དགོས་ལྟ་བུ།། ༡སྐྱོན བྱ་སྤྱོད་དང་རང་བཞིན་མི་ལེགས་པའི་ཆ་ཐམས་ཅད་དེ། མི་ཡི་སྐྱོན། མང་བའི་སྐྱོན། ཉུང་བའི་སྐྱོན། རང་གི་སྐྱོན། རང་སྐྱོན་རང་གིས་མཐོང་ན་མཁས་པ་ཡིན་ཟེར་བ་ལྟ་བུ།། ༢སྐྱོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ བཞོན་པ་ཞོན་དུ་འཇུག་པའི་དོན་ཏེ། ངས་ཁོ་རང་རྟ་ལ་སྐྱོན་གྱིན་ཡོད། རྟ་ལ་སྐྱོན་མཁན། རྟ་ལ་སྐྱོན་ཅིག་ལྟ་བུ། ”བསྐྱོན”ནི་མ་འོངས་པ་དང་འདས་པ་སྟེ། རྟ་ལ་བསྐྱོན་བྱའི་མི། རྟ་ལ་བསྐྱོན་དགོས། ངས་ཁོ་རང་རྟ་ལ་བསྐྱོན་ནས་ལམ་ལ་ཆས་ལྟ་བུ། ༢ ཐོག་ཏུ་བཞག་པའི་དོན་ཏེ། ཟངས་ང་ཐབ་ལ་བསྐྱོན། ཁོག་མ་ཐབ་ལ་སྐྱོན་ཅིག་ལྟ་བུ། ༣ རྒྱག་པའི་ཞེ་ས་སྟེ། ཕྱག་མདའ་སྐྱོན། གཟིགས་སྒོ་བསྐྱོན་འདུག་ཟེར་བ་ལྟ་བུ། ༤ གོན་པའི་དུ་བཅུག་པའི་དོན་ཏེ། རྒྱབ་ལ་ལྭ་བ་བསྐྱོན་ལྟ་བུ།། བཀྲག་མདངས་བཀྲག་རྩི་བ་བཀྲག་དང་།། བཀྲག་མདངས ལྷང་ངེ་འཚེར་བའི་འོད་ཀྱི་མིང་སྟེ། བཞིན་གྱི་བཀྲག་མདངས་ཟླ་བའི་འོད་ལྟར་གསར། བཀྲག་མདངས་འཚེར་ཟེར་བ་ལྟ་བུ།། བཀྲག་རྩི ཚོན་གྱིི་སྟེང་དུ་འོད་ཀྱི་བཀྲག་མདངས་འདོན་བྱེད་ཀྱི་རྩི་སྟེ། ཤིང་ཚོན་ངོས་སུ་བཀྲག་རྩི་གཏོང་ན་བཀྲག་མདངས་ལྷག་པ་འཕེལ་ཟེར་བ་ལྟ་བུ།། བཀྲག འོད་ཀྱི་མདངས་ཏེ། ལུས་སྟོབས་རྒྱས་ཏེ་གདོང་ལ་བཀྲག་ཐོན་པ་ཟེར་བ་ལྟ་བུ།། འཇིགས་སྐྲག་དངངས་སྐྲག་ས་སྐྲག་ཡིན།། འཇིགས་སྐྲག འཇིགས་པ་མཐོང་ནས་ཞེད་པ་སྟེ། བྲེད་དངངས་བྱེད་པའི་མིང། དཔེར་ན། ཚབས་ཆེ་བའི་གནོད་འཚེ་མཐོང་དུས་འཇིགས་སྐྲག་སྐྱེས་ན་བྱ་བ་ཐམས་ཅད་འཁྲུག་ལྟ་བུ།། དངངས་སྐྲག དབུག་གློ་བུར་དུ་འཚངས་དགོས་པ་ལྟ་བུའི་ཞེད་སྣང་སྐྱེ་བའི་མིང་སྟེ། བསམ་ཡུལ་ལས་འདས་པའི་འཇིགས་པ་དེས་ཁོང་ལ་དངངས་སྐྲག་སྐྱེས་ལྟ་བུ།། སྐྲག ཞེད་སྣང་སྐྱེས་པའི་དོན་ཏེ། དཀའ་ངལ་ལ་མི་སྐྲག སྐྲག་སྣང་མི་སྐྱེ་ལྟ་བུ།། ལུས་པོ་སྐྲངས་བ་ས་སྐྲངས་ཡིན།། སྐྲངས ལུས་ལ་ནད་བྱུང་བའམ་སྐྱོན་ཤོར་ནས་ལྤགས་པ་སྦོས་པའམ་འབུར་འབུར་ཆགས་པའི་དོན་ཏེ། ལུས་སྐྲངས། རྨ་ཁ་སྐྲངས། སྐྲངས་པ་རྒྱས་ལྟ་བུ།། ནད་ཀྱི་སྐྲན་ནི་ས་སྐྲན་ལ།། སྐྲན ལུས་པོའི་ཟུངས་སམ་ཕྲ་ཕུང་ཅི་རིགས་ཚད་ལས་འདས་པར་འཕེལ་བ་ལས་ལུས་ཀྱི་ཕྱི་ནང་གང་རུང་དུ་སྲ་མཁྲེགས་ཅན་གྱི་གོང་བུར་འདྲིལ་བའི་ནད་ཅིག་སྟེ། མཆིན་སྐྲན་ནི་ནད་སྡུག་ཤས་ཡིན་ཟེར་བ་ལྟ་བུ།། དངོས་པོ་བཀྲམ་པ་བ་བཀྲམ་ཡིན།། བཀྲམ (བྱེད་འབྲེལ་ལས་ཚིག་འདས་པ)དངོས་རྫས་མང་པོ་བཤམས་པའམ་ཁྱབ་པར་བྱས་པའི་དོན་ཏེ། དངོས་རྫས་སྣ་ཚོགས་ས་ལ་བཀྲམ། ཀུན་ལ་ཚགས་པར་བཀྲམ། ལུག་ཁྱུ་རི་ལ་བཀྲམ་ལྟ་བུ། ”དགྲམ”ནི་མ་འོངས་པ་སྟེ། དངོས་རྫས་མང་པོ་དགྲམ་དགོས། དགྲམ་བྱའི་དངོས་པོ་ཞེས་པ་ལྟ་བུ། ”འགྲེམ”ནི་ད་ལྟ་བ་སྟེ། དངོས་རྫས་འགྲེམ་མཁན། འགྲེམ་སྟོན་ཁང་ཞེས་པ་ལྟ་བུ། ”ཁྲོམས”ནི་སྐུལ་ཚིག་སྟེ། དངོས་རྫས་རྣམས་ས་ལ་ཁྲོམས་ཤིག་ལྟ་བུ།། སྐུད་པ་དཀྲི་དང་འགན་དཀྲི་བ།། ད་དཀྲི་ཡིན་པ་བློ་རུ་ངེས།། ༡དཀྲི (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) སྐུད་པ་དང་ཐག་པ་སོགས་གཞན་ལ་འཅིངས་པའི་དོན་ཏེ། དཀྲི་བྱའི་སྐུད་པ། སྐུད་པ་བཀལ་ནས་གྲུ་གུ་དཀྲི། ཁ་དཀྲི། སྐེ་དཀྲི། མགོ་དཀྲི་ཞེས་པ་ལྟ་བུ། ”དཀྲིས”ནི་འདས་པ་དང་སྐུལ་ཚིག་སྟེ། སྐུད་པ་འཕང་ཤིང་ལ་དཀྲིས། སྲིན་བུ་དར་སྐུད་ཀྱིས་དཀྲིས། སྐུད་པ་འཕང་ཤིང་ལ་དཀྲིས་ཤིག་ལྟ་བུ། དཀྲི སྐོར་བ་གཅིག་ལོངས་པའི་ཚད་དེ། རྟ་བརྒྱུགས་ནས་རི་ལ་དཀྲི་གཅིག་བརྒྱབ། ཕྱི་དཀྲི་དང་དཀྲི་གཉིས་ཟེར་བ་ལྟ་བུ།། ཆུ་ལ་བཀྲུས་པ་བ་བཀྲུས་ཡིན།། བཀྲུས (བྱེད་འབྲེལ་ལས་ཚིག་འདས་པ)ཆུས་དྲི་མ་སོགས་འདག་པར་བྱས་པའི་དོན་ཏེ། ལུས་དང་ལྭ་བ་བཀྲུས་ནས་གཙང་སྦྲ་བྱས་ལྟ་བུ། ”བཀྲུ”ནི་མ་འོངས་པ་སྟེ། ཁ་ལག་བཀྲུ་དགོས། བཀྲུ་བའི་གོས་ཞེས་པ་ལྟ་བུ། ”འཁྲུད”ནི་ད་ལྟ་བ་སྟེ། ལྭ་བ་འཁྲུད་ཀྱིན་ཡོད། ལྭ་བ་འཁྲུད་མཁན། འཁྲུད་བྱེད་ཅེས་པ་ལྟ་བུ། ”ཁྲུས”ནི་སྐུལ་ཚིག་སྟེ། ཟས་སྣོད་རྣམས་ཁྲུས་ཤིག་ལྟ་བུ།། ཁམ་སྡོང་སྤྲུགས་སོགས་ས་སྤྲུགས་དང་།།!!!!!!!!!!!!འདི་རྩ་བའི་ནང་སྐྲུགས་འབྲི་འདུག སྤྲུགས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)གཡོ་སྒུལ་མགྱོགས་པོ་བྱས་པའི་དོན་ཏེ། ཁམ་སྡོང་སྤྲུགས་ནས་ཁམ་བུ་ཟག ཁམ་སྡོང་སྤྲུགས་ཤིག་ལྟ་བུ། ”སྤྲུག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། གདན་སྤྲུག་པ་བྱ། གདན་སྤྲུག་མཁན་ཞེས་པ་ལྟ་བུ།། ཕན་ཚུན་དཀྲུག་པ་ད་དཀྲུག་ཡིན།། དཀྲུག (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ གཤེར་ཁུའི་རིགས་དབྱུག་པ་སོགས་ཀྱིས་སྲུབ་པའི་དོན་ཏེ། དཀྲུག་བྱའི་ཐུག་པ། ཐུག་པ་དཀྲུག་མཁན་ཞེས་པ་ལྟ་བུ། ”དཀྲུགས”ནི་འདས་པ་དང་སྐུལ་ཚིག་སྟེ། འོ་མ་དཀྲུགས་ནས་མར་བཏོན། ཐུག་པ་དཀྲུགས་ཤིག་ལྟ་བུ། ༢ མི་མཐུན་པར་བྱས་པའི་དོན་ཏེ། འཕུང་དཀྲུགས་བྱས། དབྱེན་དཀྲུག་བྱེད་མཁན། སྡེ་དཀྲུག་ཅེས་པ་ལྟ་བུ།། འོ་ཞོ་དཀྲོག་པ་ད་དཀྲོག་གོ། དཀྲོག (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ དཀྲུག་པའི་དོན་ཏེ། དཀྲོག་བྱའི་ཞོ། ཞོ་དཀྲོག་མཁན་ཞེས་པ་ལྟ་བུ། ”དཀྲོགས”ནི་འདས་པ་དང་སྐུལ་ཚིག་སྟེ། ཞོ་དཀྲོགས་ཚར། ཞོ་དཀྲོགས་ཤིག་ལྟ་བུ། ༢ རྟ་སོགས་འདྲོག་ཏུ་བཅུག་པའི་དོན་ཏེ། དཀྲོག་བྱའི་གཉིད། གཉིད་དཀྲོག་མཁན། རྟ་དཀྲོགས་ནས་འདྲོག་སོང་། གཉིད་དཀྲོགས་ཤིག་ལྟ་བུ།། ཀླ་ཀློའི་ཀླ་ནི་ཀ་ཀླ་དང་།། ༡ཀླ་ཀློ ཡ་རབས་ཀྱི་ཤེས་ཡོན་དང་ཡ་རབས་ཀྱི་སྤྱོད་པ་མི་དར་བའི་མི་སྟེ། ཀླ་ཀློའི་ཡུལ། མི་ཀླ་ཀློ། རྒྱ་དམར་ཀླ་ཀློ། གུང་ཁྲན་ཀླ་ཀློའི་རུ་ཁག་ཟེར་བ་ལྟ་བུ།། ༢ཀླ་ཀློ བྱ་སྤྱོད་གདུག་རྩུབ་ཅན་ནམ་མ་རབས་ཏེ། སྤྱོད་པ་ཀླ་ཀློ། ཀླ་ཀློའི་རྟུལ་ཞུགས་ཟེར་བ་ལྟ་བུ།། གླ་ཆ་གླ་རྩི་ག་གླ་འོ།། གླ་ཆ ངལ་རྩོལ་བྱས་ནས་ཐོབ་པའོ་ཐོབ་སྐལ་ཏེ། ཁྱིད་ཀྱི་བྱ་བ་འདིར་ཟླ་བ་རེར་གླ་ཆ་ག་ཚོད་ཡོད་དམ་ལྟ་བུ།། གླ་རྩི རི་དྭགས་གླ་བ་ཕོ་ཡི་ལྟེ་བ་ནས་བ་ནས་བྱུང་བའི་རྫས་ནག་པོ་ཞིག་སྟེ་དྲི་བཟང་གི་རྒྱུ་དང་སྨན་བཟང་པོ་ཞིག།། ནུས་པས་དུག་ནད་དང་། མཆིན་ནད་། མཁའ་ནའི་གཉན་ཚད། སྲིན་ནད་བཅས་ལ་ཕན།། ༡གླ གཞན་ལ་ངལ་རྩིལ་བྱས་ནས་ཐོབ་པའི་རྔན་པའི་མིང་སྟེ། གོས་བཟོས་པའི་བཟོ་གླ། གླ་ཕོག། ཕྱུགས་འཚོས་པའི་འཚོ་གླ་ཞེས་པ་ལྟ་བུ།། ༢གླ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)གཞན་གྱི་ངལ་རྩོལ་ནུས་པ་རང་གི་བདག་དབང་བྱེད་ཆེད་དུ་རྔན་པ་སྤྲོད་པའི་དོན་ཏེ། གླ་བྱའི་བཟོ་པ། བཟོ་པ་གླ་བྱེད་ཀྱི་སྒོར་མོ་ཟེར་བ་ལྟ་བུ། ”གླས”ནི་འདས་པ་སྟེ། བཟོ་བོ་གླས་ནས་གྱོན་པ་ཚེམ་བུ་བརྒྱབ་ལྟ་བུ། ”གློས”ནི་སྐུལ་ཚིག་སྟེ། གླ་པ་གློས་ཤིག འཁོར་གསུམ་འཁོར་ལོ་གཅིག་གློས་ཤིག་ཟེར་བ་ལྟ་བུ།། བླ་མ་བླ་མེད་བླ་སྲོག་ནི།། བ་བླ་ཡིན་པ་ཤེས་པར་བྱ།། བླ་མ དགེ་རྒན་གྱི་ཞེ་ས་སྟེ། དགེ་རྒན་དང་སློབ་མ་ལ་བླ་མ་དང་སློབ་མ་ཟེར་བ་ལྟ་བུ།། ༡བླ་མེད དེ་ཡི་གོང་ན་མེད་པ་སྟེ། རིན་ཐང་བླ་མེད། བླ་མེད་ཀྱི་ཡོན་ཏན། ཡོན་ཏན་བླ་ན་མེད་པ་ཟེར་བ་ལྟ་བུ།། ༢བླ་མེད བློ་ཁོག་མེད་པ་སྟེ། མི་བླ་མེད་དེས་ཞབས་འདྲེན་ཆེ་པོ་བྱས་ཟེར་བ་ལྟ་བུ།། བླ་སྲོག སེམས་ཅན་འཚོ་བར་བྱེད་པའི་ཚེ་སྲོག་སྟེ། བོད་མི་རིགས་ཀྱི་བླ་སྲོག་ནི་བོད་ཀྱི་སྐད་ཡིག་ཡིན་ཟེར་བ་ལྟ་བུ།། ༡བླ གོང་དང་སྟེང་ལ་གོ་སྟེ། གོང་ནས་གོང་དུ་འགྲོ་བ་ལ་བླ་ནས་བླ་རུ་འཕར་ཟེར་བ་དང་། སྟོད་གོས་ལ་བླ་གོས། གནམ་ས་བླ་འོག་བརྗེས་པའི་འཕོ་འགྱུར། ཁང་པའི་བླ་གབ། ཡོན་ཏན་བླ་ན་མེད་པ་ཟེར་བ་ལྟ་བུ།། ༢བླ ཆོས་ལུགས་ཀྱི་བཤད་ཚུལ་ལ་མི་རྣམས་གསོན་དུས་ལུས་ལ་གནས་ཤིང་ཤི་རྗེས་ལུས་དང་བྲལ་ནས་གནས་ཐུབ་པའི་བླ་ཟེར་བ་ཞིག་ཡོད་པར་བཤད་ལ་དེ་ཆད་ན་མི་ག་ལེ་ཤི་འགྲོ་བ་ཡིན་སྐད། ད་དུང་བླ་འགུགས་ཀྱི་ཆོ་གའང་ཡོད་འདུག།། ༣བླ ཐུབ་པ་དང་བཟོད་པའི་བརྡ་རྙིང་སྟེ། རང་སྲོག་གཏོང་བ་ནི་བླ་ཡི། དགྲ་ལ་མགོ་སྒུར་བ་ནི་དེ་ལྟ་མ་ཡིན་ནོ་ལྟ་བུ།། ༤བླ བཤད་པའམ་གང་བྱུང་བཤད་པའི་དོན་ཏེ། སྨྱོན་པས་ཁ་བླ་བ་ལ་མ་ཉན་ཞེས་པ་ལྟ་བུ། གཞན་ཡང་ཚིག་འཆལ་བ་ལ་བླ་ཅོལ་དང། གང་དྲན་བཤད་པ་ལ་བླ་རྡོལ་ཟེར་བ་ལྟ་བུ་སྟེ། ཁ་ནས་བླ་ཅོལ་མ་བཤད་ཅེས་པ་དང་། བྱིས་པའི་བླ་རྡོལ་ཞེས་པ་ལྟ་བུ།། གར་སླའི་སླ་དང་ལས་སླ་པོ།། སླ་ང་ལ་སོགས་ས་སླ་དང་།། གར་སླ གར་བ་དང་སླ་བ་སྟེ། ཐུག་པ་གར་སླ་འཚམས་པོ་ཞེས་པ་ལྟ་བུ།། ལས་སླ བྱེད་བདེ་བ་དང་བཟོ་བདེ་བ་སྟེ། བོད་ཡིག་ཤེས་པ་ལས་སླ། དཀའ་ངལ་འདི་ལས་སླ་ཟེར་བ་ལྟ་བུ།། སླ་ང ཚལ་དང་། ཡོས་སོགས་རྔོད་སའི་སྣོད་དེ། ལྕགས་ཀྱི་སླ་ང་། སླ་ང་ལག་པས་མ་འཆང་ན། སླ་ངའི་དྲེག་པ་འགོས་དོན་མེད་ལྟ་བུ། ཡི་གེ་བསྡུས་ན་སླང་ཞེས་འབྲི་ཆོག་སྟེ། ཁྲོ་ལྕགས་ཀྱི་སླ་ང་ལ་ཁྲོ་སླང་། ལྕགས་ཀྱི་སླ་ང་ལ་ལྕགས་སླང་། ཚལ་རྔོད་སྣོད་ཀྱི་སླ་ང་ལ་ཚལ་སླང་། ཡོས་རྔོད་སྣོད་ཀྱི་སླ་ང་ལ་ཡོས་སླང་ཟེར་བ་ལྟ་བུ།། ༡སླ དཀའ་ཚེགས་མེད་པའམ་དཀའ་ཚེགས་ཆུང་བའི་དོན་ཏེ། ས་རློན་པ་བརྐོ་སླ། ཤིང་སྐམ་པོ་འབར་སླ། ཤེས་སླ་མོ། གོ་སླ་བའི་ཚིག་ཅེས་པ་སོགས་ལྟ་བུ།། ༢སླ གཤེར་ཁུར་འདྲེས་པའི་སྙིགས་མ་ཉུང་བའི་དོན་ཏེ། སྐྱོ་མ་གར་སླ་རན་པོ། སྤགས་སླ་པོ། ཕྱེ་ཐུག་ཧ་ཅང་སླ་བ་ཞེས་པ་ལྟ་བུ།། ༣སླ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྐྲ་སོགས་སླ་བ་སྟེ། བུ་མོའི་སྐྲ་སླ་མཁན། སྨྱུག་མའི་སློ་མ་སླ་མཁན་ཟེར་བ་ལྟ་བུ། ”བསླ”ནི་མ་འོངས་པ་སྟེ། བསླ་བྱའི་སྐྲ། བསླ་བྱའི་སློ་མ། སློ་མ་བསླ་བ་བྱ་ལྟ་བུ། ”བསླས”ནི་འདས་པ་སྟེ། བུ་མོའི་སྐྲ་ངས་བསླས་པ་ཡིན། སླི་མ་ཞིག་བསླས་སོང་ཟེར་བ་ལྟ་བུ། ”སློས”ནི་སྐུལ་ཚིག་སྟེ། སྐྲ་སློས་ཤིག འུར་རྡོ་སློས་ཤིག་ཟེར་བ་ལྟ་བུ།། རྐང་པའི་བརླ་ཤ་ར་བརླ་ཡིན།། བརླ་ཤ རྐང་པའི་དཔྱི་མན་དང་པུས་མོ་ཡན་གྱི་ཤ་ལ་ཟེར་ཏེ། ཁོང་འདུག་དུས་བརླ་ཤ་སྣོག་ནས་སྡོད་པ་ཧ་ཅང་དགའ་ཟེར་བ་ལྟ་བུ།། བརླ དཔྱི་མན་དང་པུས་མོ་ཡན་གྱི་ཡན་ལག་གམ་ལྷུ་ལག་སྟེ། བརླ་གཅིག་གི་སྟེང་དུ་བརླ་གཅིག་བཞག་ན་བརླ་སྣོལ་ཟེར་ཞེས་པ་ལྟ་བུ།། ཀླད་ཀོར་ཀླད་པ་ཀ་ཀླད་དང་།། ༡ཀླད་ཀོར ལེགས་སྦྱར་གྱི་ཡི་གེ་ཡི་ཀླད་དུ་བྲིས་པའི་དབྱིབས་སྒོར་སྒོར”༠”འདི་ལྟ་བུའི་རྟགས་ལ་ཟེར་ཏེ། དེ་གསལ་བྱེད་ངག་ལ་ཞུགས་པའི་ང་རོ་འདོན་ཚུལ་ནི། ཀ་ནས་ང་བར་གྱི་གསལ་བྱེད་ལྔ་ཡི་ཀླད་ཀོར་ལ་ང་སྒྲ། ཙ་ནས་ཉ་བར་གྱི་ཀླད་ཀོར་ལ་ཉ་སྒྲ། ཊ་ནས་ཎ་བར་གྱི་ཀླད་ཀོར་ལ་ཎ་སྒྲ། ཏ་ནས་ན་བར་གྱི་ཀླད་ཀོར་ལ་ན་སྒྲ། བ་ནས་མ་བར་གྱི་ཀླད་ཀོར་ལ་མ་སྒྲ། ཡ་ནས་ཀྵ་བར་གྱི་གསལ་བྱེད་དགུ་ཡི་ཀླད་ཀོར་ལ་ང་སྒྲ། ཧཱུའི་ཀླད་ཀོར་ལ་ང་སྒྲ། ཨིའི་ཀླད་ཀོར་ལ་ང་སྒྲ། ཨོ་ཡིག་གི་ཀླད་ཀོར་ལ་མ་སྒྲ་བཅས་སོ་སོའི་འཇུག་ཚུལ་ལ་བལྟོས་ནས་སྒྲ་འདོན་ཚུལ་མི་འདྲ།། ༢ཀླད་ཀོར དེས་སང་འཛམ་གླིང་སྤྱིས་བེད་སྤྱོད་བཞིན་པའི་ཨང་ཀི”ཧིན་རྡིལ་ཨ་ར་བྷི་ཡ”ཨང་གྲངས་ནང་གི་གྲངས་གནས་མཚན་བྱེད་ཀྱི་རྟགས”0”འདི་ལ་ཀླད་ཀོར་ཟེར། ཀླད་ཀོར་ནི་གྲངས་གནས་མཚན་བྱེད་ཡིན་གྱི་གྲངས་ཀ་མ་ཡིན།། ཀླད་པ མཐོ་རིམ་སྲོག་ཆགས་ཀྱི་རྩ་དཀར་རྒྱུད་རིམ་གྱི་ཆ་ཤས་གཙོ་བོ་ཡིན་ཞིང་ཀླད་རུས་ཀྱི་ནང་དུ་ཆགས་ཡོད། དེ་ནི་ཀླད་ཆེན་དང་ཀླད་ཆུང་། ཀླད་འབྲིང་། རྒྱངས་པ་བཅས་འདུས་ནས་གྲུབ་ཅིང། དབང་པོ་ལྔས་ཡུལ་ཤེས་པ་དང་ལུས་ཀྱི་འགུལ་སྐྱོད་སོགས་ལ་དབང་སྒྱུར་བྱེད་ཀྱིན་ཡོད། མདོ་ན་ཀླད་པ་ནི་བསམ་པ་དང་དྲན་ཤེས་ལ་སོགས་པའི་སེམས་ཉིད་ཀྱི་འཕྲོ་འདུ་ལ་དབང་སྒྱུར་བྱེད་ཀྱི་དབང་པོ་ཡིན།། ༡ཀླད འགོ་དང་ཐོག་ངོས་ཀྱི་མིང་སྟེ། ཁང་ཀླད། སྦྲ་ཀླད། ཡི་གེའི་ཀླད་ཀོར་ཞེས་པ་སོགས་ལྟ་བུ།། ༢ཀླད གོང་རིམ་གྱི་མིང་སྟེ། ཀླད་ནས་བཀའ་བབས་ཞེས་པ་ལྟ་བུ།། ༣ཀླད ཀླད་པ་ཞེས་པའི་ཚིག་བསྡུས་པ་སྟེ། ཀླས་མེད། ཀླད་གཞུང། ཀླད་ཞོ་ཟེར་བ་ལྟ་བུ།། རྗེས་མའི་སླད་དང་སླད་སྐྱོན་ནི།། ས་སླད་ཡིན་པ་ངེས་དགོས་སོ།། ༡སླད རྗེས་མའི་སྐབས་དང་དུས་ཏེ། སླད་ཆར་ཕྱག་བྲིས་ཡང་ཡང་ཡོད་པ་ཞུ་ཟེར་བ་ལྟ་བུ།། ༢སླད ཉེ་ལོགས་དང་ཉེ་གམ་གྱི་མིང་སྟེ། བུ་ཕྲུག་ཨ་མའི་སླད་ན་སྐྱིད་ལྟ་བུ།། ༣སླད དེ་ཡི་ཆེད་དུ་ཟེར་བ་དང་དེ་ཡི་ཕྱིར་དུ་ཞེས་པའི་དོན་ཏེ། མི་རིགས་ཀྱི་སླད་དུ་སློབ་སྦྱོང་བྱེད། འཚོོ་བའི་སླད་དུ་ངལ་རྩོལ་བྱེད་ལྟ་བུ།། སླད་སྐྱོན ༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢༢ ལྷ་ཀླུའི་ཀླུ་ནི་ཀ་ཀླུ་དང་།། ཀླུ སྡེ་བརྒྱད་ཀྱི་ནང་ཚན་ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག་སྟེ། ཀླུ་མཐའ་ཡས། ཀླུ་འཇོག་པོ། ཀླུ་སྟོབས་རྒྱུ། ཀླུ་རིགས་ལྡན། ཀླུ་ནོར་རྒྱས་བུ། ཀླུ་དུང་སྐྱོང། ཀླུ་པད་མ། ཀླུ་པད་མ་ཆེན་པོ་ཟེར་བ་སོགས་ལྟ་བུ།། གླུ་གཞས་གླུ་དབྱངས་ག་གླུ་ཡིན།། གླུ་གཞས གླུ་ཡི་དབྱངས་རྟ་སྟེ་དབྱངས་རྟ་ངེས་ཅན་ཞིག་གི་ནང་གཞས་ཚིག་རྣམས་རེ་རེ་བཞིན་ལེན་པའི་སྒྱུ་རྩལ་ཡིད་དུ་འོང་བ་ཞིག་སྟེ། གཞས་པ་དེས་གླུ་གཞས་གཏོང་སྐབས་ལུས་ངག་གི་སྒྱུ་རྩལ་ནི་ངོ་མཚར་རྨད་དུ་བྱུང་བའི་ལྟད་མོ་ཞིག་གོ་ཟེར་བ་ལྟ་བུ།། གླུ་དབྱངས ངག་ནས་ཐོན་པའི་དབྱངས་རྟ་ངེས་ཅན་ཞིག་ལ་བརྟེན་ནས་གཏོང་པའི་སྙན་ཚིག་རོལ་མོ་དང་བཅས་པ་སྟེ། བོད་ལྗོངས་ཆོལ་ཁ་གསུམ་ལ་དགའ་བའི་གླུ་དབྱངས་འབུལ་ཟེར་བ་ལྟ་བུ།། གླུ ཚིག་སྦྱོར་རིགས་འདྲ་མི་ངག་གི་དབྱངས་རྟ་ལ་འདྲེན་ནས་ལེན་པའི་སྒྱུ་རྩལ་ཡིད་དུ་འོང་བ་ཞིག་སྟེ། གླུ་ལེན་གར་རྩེད། དམངས་གླུ། བདེ་སྐྱིད་ཀྱི་འཚོ་བ་ལ་བསྟོད་གླུ་ལེན་ལྟ་བུ།། བླུ་ཉོ་བླུ་ཡོན་བ་བླུ་དང་།། བླུ་ཡོན ཉོས་པའི་རིན་གོང་སྟེ། དཔེ་དེབ་གཅིག་ལ་བླུ་ཡོན་ག་ཚད་ཡིན་ཟེར་བ་ལྟ་བུ།། བླུ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཉོས་པའི་ཞེ་ས་སྟེ། དཔེ་ཆ་བླུ་དགོས། དཔེ་ཆ་བླུ་མཁན་ཟེར་བ་ལྟ་བུ། ”བླུས”ནི་འདས་པ་དང་སྐུལ་ཚིག་སྟེ། གོང་ས་མཆོག་གི་གསུང་རྩོམ་བླུས་ནས་བསླབས། དཔེ་ཆ་འདི་བླུས་ཤིག་ལྟ་བུ།། གཞན་སེམས་སླུ་བ་ས་སླུ་འོ།། སླུ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)གཡོ་སྒྱུ་དང་རྫུན་གཏམ་གྱིས་མགོ་བསྐོར་གཏོང་བ་སྟེ། དོགས་ཟོན་མ་བྱས་ན་མི་ངན་གྱིས་སླུ་ཉེས་ཆེ། སླུ་མཁན། སླུ་བྲིད། སླུ་ཚིག་ཅེས་པ་ལྟ་བུ། ”བསླུ”ནི་མ་འོངས་པ་སྟེ། བསླུ་བ་མེད་པ་གྲོགས་ཀྱི་མཆོག་ཟེར་བ་ལྟ་བུ། ”བསླུས”ནི་འདས་པ་སྟེ། གཡོ་ཅན་ཁ་འཇམ་ཚིག་གིས་དྲང་པོ་བསླུས་ཞེས་པ་ལྟ་བུ། “སླུས”ནི་སྐུལ་ཚིག་སྟེ། དཔོན་ངན་རྒྱུ་ཡིས་སླུས་ཤིག་ཟེར་བ་ལྟ་བུ།། རི་ཀླུང་ཆུ་ཀླུང་ཀ་ཀླུང་དང་།། རི་ཀླུང རི་བོ་དང་ལུང་གཞུང་སྟེ། སྔོ་ལྗང་ཅན་གྱི་རི་ཀླུང་ཟེར་བ་ལྟ་བུ།། ཆུ་ཀླུང འབབ་ཆུའམ་ཆུ་རྒྱུན་ཏེ། ཆུ་ཀླུང་དྲག་པོ་ཐུར་དུ་འབབ། ཆུ་ཀླུང་འགྲམ་རྒྱུད་ཟེར་བ་ལྟ་བུ།། ཀླུང ལུང་གཞུང་སྟེ། རི་ཀླུང་སྔོ་ལྗང་ཅན། ནགས་ཀླུང། ཆུ་ཀླུང། རི་རྩྭ་དང་ཀླུང་རྩྭ་ཟེར་བ་ལྟ་བུ།། རླུང་འཁོར་རླུང་ལངས་ར་རླུང་ངོ།། ༡རླུང་འཁོར གནམ་གཤིས་ཚ་བ་ཆེ་སྐབས་རླུང་གཡོབ་བྱེད་ཀྱི་འཁོར་ལོ་སྟེ། རླུང་འཁོར་བཏང་ནས་ཚ་བ་ཅུང་བཅག་ཟེར་བ་ལྟ་བུ།། ༢རླུང་འཁོར རླུང་འཚུབ་སྒོར་མོ་སྟེ། རླུང་འཁོར་ཆེ་པོ་ཞིག་གིས་ཐལ་རྡུལ་མང་པོ་གནམ་ལ་ཕྱར་ཟེར་བ་ལྟ་བུ།། ༣རླུང་འཁོར རླུང་གིས་སྐོར་པའི་མ་ཎི་འཁོར་ལོ་སོགས་ཏེ། ང་ཚོའི་ཁང་ཐོག་རླུང་འཁོར་ཆུང་ཆུང་འགའ་བཙུགས་ཡོད་ཟེར་བ་ལྟ་བུ།། ༡རླུང་ལངས ཁོང་ཁྲོ་ཟ་བ་སྟེ། མི་དེ་རླུང་ལངས་བ་ཤེས་དུས་ངས་དགོངས་པ་མ་འཚོམས་ཞུས་པ་ཡིན་ལྟ་བུ།། ༢རླུང་ལངས རླུང་ནད་འཕར་བ་སྟེ། རླུང་ལངས་ནས་མགོ་ཡུ་འཁོར་ཟེར་བ་ལྟ་བུ།། ༡རླུང འབྱུང་བ་བཞིའི་ཡ་གྱལ་ཞིག་སྟེ། ཡང་ཞིང་གཡོ་བའི་མཚན་ཉིད་ཅན། དཔེར་ན། དྲོད་རླུང། ཆར་རླུང། ཤར་རླུང། ལྷོ་རླུང་། འཇམ་རླུང་གདོང་པར་རེག། རེ་བ་རླུང་འཕྱར། དྲག་རླུང་ཚན་ཚན་དུ་ལངས། ཤིང་སྡོང་ཆེན་པོ་རླུང་གིས་སྤྲུགས། དར་ལྕོག་རླུང་གིས་བསྐྱོད་ཟེར་བ་ལྟ་བུ།། ༢རླུང འཚིག་པ་དང་ཁྲོ་བ་སྟེ། རླུང་ལངས་པོ་ཟེར་བ་ལྟ་བུ།། ཡི་གེ་ཀློག་པ་ཀ་ཀློག་དང་།། ཀློག (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཡི་གེལ་བལྟས་ནས་ཚིག་འདོན་པའི་དོན་ཏེ། སློབ་ཕྲུག་ཚོས་དཔེ་ཆ་ཀློག་གིན་འདུག་ལྟ་བུ། ”བཀླག”ནི་མ་འོངས་པ་སྟེ། བཀླག་བྱའི་དཔེ་ཆ་ཞེས་པ་ལྟ་བུ། ”བཀླགས”ནི་འདས་པ་སྟེ། དཔེ་ཆ་བཀླགས་ནས་སློབ་སྦྱོང་བྱས་ལྟ་བུ། ”ཀློགས”ནི་སྐུལ་ཚིག་སྟེ། དཔེ་ཆ་ཀློགས་ཤིག་ཅེས་པ་ལྟ་བུ།། གློག་བརྙན་ལ་སོགས་ག་གློག་གོ། གློག་བརྙན གློག་འོད་ཀྱི་ནུས་པ་ལ་བརྟན་ནས་གཟུགས་བརྙན་སྣ་ཚོགས་འཆར་བའི་ལྟད་མོ་ཞིག་སྟེ། གློག་བརྙན་ཁང་ནི་དུས་ཚད་མི་ཆད་མཁན་ཚོས་དུས་ཚད་བཅད་ས་རེད་ཟེར་བ་ལྟ་བུ།། གློག དངོས་གཟུགས་ཀྱི་ཁྲོད་དུ་གནས་པའི་ནུས་པ་ཞིག་གི་མིང་སྟེ། དེ་ལ་གདགས་གློག་དང་སྲིབ་གློག་གམ་ཕོ་གློག་དང་མོ་གློག་རིགས་གཉིས་ཡོད།། མགོ་རྟིང་སློག་དང་ས་སློག་པ།། ས་ལ་ལ་བཏགས་ཡིན་པ་ངེས།། མགོ་རྟིང་སློག སྟེང་འོག་གོ་ལྡོག་བྱེད་པའམ་མགོ་རྐུབ་གོ་ལྡོག་བྱེད་པ་སྟེ། ལུས་པོ་མགོ་རྟིང་སློག་ནས་གློ་སྙིང་ཐམས་ཅད་སྟོད་ལ་སྲིང་ལྟ་བུ།། ས་སློག ས་རྐོ་བ་སྟེ། རྒྱ་གཏེར་པ་སྔོག་མཁན་དེ་ཚོས་ས་སློག་རྡོ་སློག་བྱས་ནས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་བྱས་འདུག་ལྟ་བུ།། སློག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ཕྱི་ནང་དང་སྟེང་འོག་གོ་ལྡོག་བྱེད་པའི་དོན་ཏེ། ལྭ་བ་ཕྱི་ནང་སློག སྡོང་པོ་མགོ་མཇུག་སློག་ལྟ་བུ། ”བསློག”ནི་མ་འོངས་པ་སྟེ། ཕྱི་ནང་སློག་དགོས་ལྟ་བུ། ”བསློགས”ནི་འདས་པ་སྟེ། སློག་པ་ཕྱི་ནང་བསློགས་ནས་སྤྲུགས་ལྟ་བུ། ”སློགས”ནི་སྐུལ་ཚིག་སྟེ། སྒྱེ་ཕྱི་ནང་སློགས་ཤིག་ལྟ་བུ། ༢ རྟ་ཁ་ཕྱིར་བསློགས་ནས་བརྒྱུགས་ལྟ་བུ། ༣ ས་སོགས་བརྐོ་བའམ་མངོན་པར་བླངས་པའི་དོན་ཏེ། ས་བརྐོ་རྡོ་སློག ཕྲུ་སློག་རྒྱག་ཅེས་པ་ལྟ་བུ། ༤ དངོས་རྫས་སླར་སྤྲད་པའི་དོན་ཏེ། ཚོང་རྫས་ཉོས་རྗེས་སྐྱོན་མཐོང་ན་སླར་སློག་ཆོག སྒོར་ཟུར་དྲུག་གིས་སིལ་ཏོག་ཉོས་པའི་རིན་ལ་སྒོར་གཅིག་ཕར་བྱིན་ན་སྒོར་ཟུར་བཞི་ཚུར་སློག་དགོས་ལྟ་བུ།། ༼ཁ༽ ཁ་བ་ཁ་མཆུ་ཁ་རྐྱང་ཡིན།། ༡ ཁ་བ གངས་སྟེ། དགུན་ཁའི་དུས་སུ་མཁའ་དབྱིངས་ཀྱི་ཆུ་རྡུལ་ཕྲ་མོ་རྣམས་ཆབ་རོམ་གྱི་ཟེགས་མར་གྱུར་ནས་མར་བབས་པ་དེ་ཡི་མིང་། དཔེར་ན། ཁ་བ་སིལ་སིལ་དུ་འབབ་ལྟ་བུ།། ༢ ཁ་བ དྲི་མ་བྲོ་བའམ། དྲི་མ་འཐུལ་བ་སྟེ། མེ་ཏོག་གི་དྲི་མ་རྒྱང་རིང་དུ་ཁ་བ་ཟེར་བ་ལྟ་བུ།། ༣ ཁ་བ ལྕེ་ཤེས་ཀྱི་མྱོང་བྱའི་བྲོ་བ་ཁ་མོ་སྟེ། དོམ་མཁྲིས་དང་ཏིག་ཏ་ཡི་རོ་ལྟ་བུ། དཔེར་ན། སྨན་འདིའི་རོ་ཧ་ཅང་ཁ་བ་ཟེར་བ་ལྟ་བུ།། ཁ་མཆུ རྩོད་གླེང་དང་གྱོད་གཞི་སྟེ། བོད་པ་ནང་ཁུལ་དུ་རྩྭ་སའི་ཁ་མཆུ་རྒྱག་རེས་བྱེད་པ་ནི་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་ཟེར་བ་ལྟ་བུ།། ཁ གདོང་ན་ཡོད་པའི་ཟ་མ་ཟ་སའི་དབང་པོ་སྟེ། ཁ་གདངས་མིག་དགྲད་མ་བྱེད་ཟེར་བ་ལྟ་བུ།། ལག་གི་འཁར་རྒྱུག་འ་འཁར་ཡིན།། འཁར་རྒྱུག ལམ་དུ་འགྲོ་སྐབས་ལུས་རྟེན་བྱེད་ཀྱི་དབྱུག་པའི་མིང་སྟེ། ལུས་འཁར་རྒྱུག་ལ་རྟེན་མཁན་གྱི་རྒན་པོ་ཞེས་པ་ལྟ་བུ།། འཁར ཐོག་པའི་དོན་ཏེ། གྱོན་གོས་ལྕགས་གཟེར་ལ་འཁར་བ་ཟེར་བ་ལྟ་བུ།། མཁར་རྫོང་མཁར་ནི་མ་མཁར་རོ།། མཁར་རྫོང རི་སྒང་སོགས་ལ་བརྩིགས་པའི་ཁང་པ་བཙན་པོ་སྟེ། ཡུམ་བུ་བླ་སྒང་གི་བོད་རྒྱལ་གཉའ་ཁྲི་བཙན་པོ་ཡི་སྐབས་སུ་བཞེངས་པའི་བོད་ཀྱི་མཁར་རྫོང་སྔ་ཤིས་ཏེ། སྤྱི་ལོའི་སྔོན་ལོ་༡༠༠ཡན་མན་དུ་བཞེངས་པའོ།། ༡ མཁར མཁར་རྫོང་།། ༢ མཁར མཁའ་རུ་ཞེས་པའི་རུ་ཡིག་བསྡུས་པ་སྟེ། ནམ་མཁར་སྤྲིན་འཁྲིགས་ལྟ་བུ།། རྫ་མཁན་ཡིག་མཁན་མ་མཁན་དང་།། རྫ་མཁན རྫ་སྣོད་བཟོ་མཁན་ཏེ། རྫ་མཁན་དེས་རྫ་མ་ཡག་པོ་ཞིག་བཟོས་འདུག་ཟེར་བ་ལྟ་བུ།། ༡ ཡིག་མཁན ཡི་གེ་བྲི་མཁན་གྱི་དྲུང་ཡིག་སྟེ། ཡིག་མཁན་དེས་ཡིག་གཟུགས་ཤིན་ཏུ་ལེགས་ཟེར་བ་ལྟ་བུ།། ༢ ཡིག་མཁན (མངོན་བརྗོད)ཤིང་གི་ནང་ལ་ཡོད་པའི་སྲིན་འབུ་ཞིག།། མཁན ༡ ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་བྱ་བ་དེའི་བྱེད་པོའམ་དེར་བྱང་ཆ་ཡོད་པའི་མིའི་དོན་ཏེ། ཞིང་འབྲེག་མཁན། ཆུ་ལ་རྐྱལ་མཁན། ཤིང་གཅོད་མཁན། ཡི་གེ་འབྲི་མཁན་ཞེས་པ་ལྟ་བུ། ༢ མིང་ཁ་ཤས་ཀྱི་མཐར་སྦྱར་ན་དེའི་སྐོར་གྱི་ཤེས་ཡོན་ཡོད་པའི་སྐྱེས་བུའི་མིང་སྟེ། སྙན་ངག་མཁན། ལྷམ་མཁན་ཞེས་པ་ལྟ་བུ།། དྲི་བཟང་འཁན་པ་འ་འཁན་ཡིན།། འཁན་པ དྲི་མ་ཞིམ་པོ་བྲོ་བའི་ལྡུམ་བུ་སྤོས་དང་སྨན་བཟོ་ཆོག་པ་ཞིག་སྟེ། ལོ་མ་ཕྲ་ལ་མེ་ཏོག་ལྗང་སེར་ཅན། དེ་ལ་འཁན་སྐྱ་དང་འཁན་པ་གསེར་མགོ་སོགས་རིགས་མང་ཡོད།། བལ་སོགས་འཁལ་བར་འ་འཕུལ་དང་།། འཁལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྐུད་པ་སྒྲུམ་པའམ་བཟོ་བ་སྟེ། བལ་འཁལ་མཁན་ཟེར་བ་ལྟ་བུ། ”བཀལ”ནི་འདས་པ་དང་མ་འོངས་པ་སྟེ། སྐུད་པ་བཀལ་ཏེ་ཐགས་བཏགས། བཀལ་བྱའི་སྐུད་པ་ཟེར་བ་ལྟ་བུ། ”འཁོལ”ནི་སྐུལ་ཚིག་སྟེ། སྐུད་པ་འཁོལ་ཅིག འཕང་འཁོལ་ཅིག་ཟེར་བ་ལྟ་བུ།། ལུས་ཀྱི་མཁལ་མར་མ་འཕུལ་ཡོད།། མཁལ་མ མི་ཕྱུགས་གྱི་དོན་ལྔའི་ནང་ཚན་ཞིག་སྟེ། གསོས་ཁོག་རྒྱབ་ལོགས་ཀྱི་སྒལ་ཚིགས་ཀྱི་གཡས་གཡོན་ལོགས་གཉིས་ན་མཁལ་འབྲས་རེ་རེ་ཡོད། མཁལ་འབྲས་རེ་རེའི་འོག་ཏུ་གཅིན་འབབ་སའི་རྩ་སྦུབས་རེ་ཡོད་པ་དེ་གཉིས་ཀ་ལྒང་བུ་དང་འབྲེལ་ཡོད། དེ་ནས་མར་གཅིན་ལམ་དང་འབྲེལ་ནས་ལུས་ཀྱི་ཕྱི་ལ་བུ་ག་ཕྱེ་ཡོད་ལ། མཁལ་མ་ནི་དྲི་ཆུའམ་གཅིན་པ་ཕྱི་ལ་འབྱིན་བྱེད་ཀྱི་དབང་པོ་གཙོ་བོ་ཞིག་ཡིན། ཚིག་བསྡུས་ན་མཁལ་ཞེས་འབྲི་ཆོག་སྟེ། མཁལ་མའི་ཚིལ་ལ་མཁལ་ཚིལ་ཟེར་བ་ལྟ་བུ།། འབྲུ་ཁལ་ཁལ་མར་འཕུལ་མེད་དོ།། འབྲུ་ཁལ འབྲུ་རིགས་འཇལ་སྣོད་བྲེ་ཉི་ཤུ་འགྲོ་བའི་འབོ་ཞིག་སྟེ། འབྲུ་ཁལ་གཅིག་ལ་བྲེ་ཉི་ཤུ་དང་བྲེ་གཅིག་ལ་ཕུལ་དྲུག་ཡོད།། ཁལ་མ དོ་པོ་འགེལ་སའི་ཕྱུགས་ཟོག་སོགས་ཏེ། གཡག་ཁལ་མ། རྟ་ཁལ་མ། འགྲུལ་སྐྱེལ་རླངས་འཁོར་དང་ཁལ་འཁོར་ཟེར་བ་ལྟ་བུ།། ༡ ཁལ སྔ་བོད་ལུགས་ཀྱི་འབོར་ཚད་དང་ལྗིད་ཚད་འཇལ་བྱེད་ཀྱི་ཡོ་བྱད་ཅིག་སྟེ། འབྲི་ཁལ་དང་འདེགས་ཁལ་ཟེར་བ་ལྟ་བུ། འདེགས་ཁལ་གཅིག་ལ་ཉ་ག་ཉི་ཤུ་ཡོད་པ་དང་། དེ་ལ་རྒྱ་མ་བདུན་ཙམ་ཡོད།། ༢ ཁལ རྟ་དྲེལ་སོགས་ཀྱི་རྒྱབ་ཏུ་འགེལ་རྒྱུའི་དོ་པོ་སོགས་ཏེ། མཛོ་ཁལ་ར་ཡིས་མི་ལྕོགས་ཟེར་བ་ལྟ་བུ།། ལྟག་ཁུང་ཁུང་ཡོངས་ཡང་འཇུག་མེད།། ལྟག་ཁུང མཇིང་པའི་རྒྱབ་ཀྱི་ཀོང་ཀོང་སྟེ། མགོ་ཡི་ལྟག་རྒྱབ་ཀྱི་མགོ་སྐེ་འབྲེལ་མཚམས་ཀྱི་ཀོང་ཀོང་གི་མིང་། ལྟག་ཁུང་ན་ཨ་ལོང་ཡོད་ཀྱང་མགོ་འདྲེན་གྱི་ལྕགས་ཀྱུ་མེད་པས་གོ་ས་ལ་རེག་པ་ཧ་ཅང་དཀས་ཟེར་བ་ལྟ་བུ།། ཁུར་ཡོངས བུ་ག་དང་དོང་སོགས་ཡོངས་རྒྱ་ཆེ་བ་སྟེ། ས་དོང་ཁུང་ཡོངས་པོ་འདི་ནི་སྔ་བོད་དམག་ཚོས་དགྲ་བོ་ལ་འཐབ་འཛིང་བྱེད་སྐབས་བརྐོས་པའོ་ལྟ་བུ།། ཁུང བུ་ག་སྟེ། སྣ་ཁུང་དང་བྱི་ཁུང་ཟེར་བ་ལྟ་བུ།། ལས་ཁུངས་འབྱུང་ཁུངས་ཡང་འཇུག་ཡོད།། ལས་ཁུངས ལས་དོན་སྒྲུབ་པའི་རྩ་འཛུགས་ཀྱི་མིང་སྟེ། སྲིད་འཛིན་ལས་ཁུངས། དམག་དོན་ལས་ཁུངས། གཞུང་གི་ལས་ཁུངས། སྒེར་གྱི་ལས་ཁུངས་ཟེར་བ་ལྟ་བུ།། ༡ འབྱུང་ཁུངས འབྱུང་སའམ་ཡོང་སའི་ཁུངས་ཏེ། སྟོན་ཐོག་གི་འབྱུང་ཁུངས་ནི་ཞིང་ས་ཡིན་ཟེར་བ་ལྟ་བུ།། ༢ འབྱུང་ཁུངས ་་སུམ་ཅུ་པའི་་ སྐབས་སུ་བཤད་པའི་རྣམ་དབྱེ་ལྔ་པ་སྟེ། ༡ གང་འབྱུང་སའི་གཞི་དང་གང་འབྱུང་བའི་ཆོས་གཉིས་སོ་སོར་འབྱེད་ཅིང་། ཁྱད་པ་གང་ཞིག་གང་ལས་འབྱུང་བ་སྟོན་པའི་ནས་ལས་གང་རུང་གི་སྒྲ་སྟེ། སངས་རྒྱས་ཀྱི་བསྟན་པ་ལས་སེམས་ཅན་གྱི་བདེ་སྐྱིད་འབྱུང་ཟེར་བ་ལྟ་བུ། ༢ དགར་གཞི་དང་དགར་ཆོས་སོ་སོར་འབྱེད་ཅིང་གང་ཞིག་གང་ལས་དགར་བ་སྟོན་པའི་ནས་ལས་གང་རུང་གི་སྒྲ་སྟེ། ཚེ་སྲོག་ལས་ཤེས་ཡོན་གལ་ཆེ་ཟེར་བ་ལྟ་བུ། ༣ སྡུད་བྱ་དང་སྡུད་བྱེད་སོ་སོར་འབྱེད་ཅིང་གང་ཞིག་གང་དུ་སྡུད་པ་སྟོན་པའི་ནས་ལས་གང་རུང་གི་སྒྲ་སྟེ། བོད་ནས་རྒྱ་གར་བར་ཟེར་བ་ལྟ་བུ།། ཁུངས རྩ་བའི་ཡོང་སའམ། རྩ་བའི་གཏུགས་ས་སྟེ། ཆུ་རྒྱུད་ཀྱི་ཁུངས། ཁུངས་གཏུགས་སའི་ལུང་ཟེར་བ་ལྟ་བུ།། རྐང་ལག་འཁུམ་པ་འ་འཁུམ་དང་།། ༡ འཁུམ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ བོངས་ཚོད་ཇེ་ཆུང་དུ་སོང་བ་སྟེ། ལག་པ་འཁུམ་པ། ལུས་འཁུམ་པ་ཟེར་བ་ལྟ་བུ། ”འཁུམས”ནི་འདས་པ་སྟེ། རྐང་ལག་འཁུམས་ནས་ཉལ་ལྟ་བུ། ༢ ཞུམ་པའི་དོན་ཏེ། ངག་འཁུམ་པ། དཔའ་འཁུམ་པ། ཡིད་འཁུམ་པ་ཟེར་བ་ལྟ་བུ།། ༢ འཁུམ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཤེས་པའམ་རྟོགས་པ་སྟེ། སེམས་ཀྱིས་འཁུམ་བྱ། སེམས་ཀྱིས་འཁུམ་ལྟ་བུ། ”འཁུམས”ནི་འདས་པ་སྟེ། སེམས་ཀྱིས་འཁུམས་པ། བཤད་ཚུལ་དེ་ངས་སེམས་ལ་འཁུམས་ཀྱང་ཡིད་བརྟན་མི་བྱེད་ཟེར་བ་ལྟ་བུ།། ཁུར་པོ་འཁུར་བ་འ་འཁུར་རོ།། ༡ འཁུར (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)དངོས་རྫས་རྒྱབ་དང་ཕྲག་པ་སོགས་ལ་བཞག་ནས་ཁུར་བའི་དོན་ཏེ། ཁུར་པོ་འཁུར་དགོས། ཁུར་པོ་འཁུར་གྱིན་ཡོད་ཅེས་པ་ལྟ་བུ། ”ཁུར”ནི་འདས་པ་དང་སྐུལ་ཚིག་སྟེ། ལས་འགན་ཁུར་ནས་ལས་དོན་བསྒྲུབས། ལས་འགན་ཡག་པོ་ཁུར་ཅིག་ཟེར་བ་ལྟ་བུ།། ༢ འཁུར འབྲུ་རིགས་ཀྱི་ཕྱེ་བརྫིས་ནས་དབྱིབས་སྣ་ཚོགས་བཟོས་ཏེ་བསྲེགས་པ་དང་བཙོས་པའི་ཟས་ཀྱི་སྤྱི་མིང་སྟེ། སྣུམ་འཁུར། གྲོ་འཁུར་ཞེས་པ་ལྟ་བུ། འདི་ལ་ཁུར་དང་འཁུར་ར་ཞེས་འབྲི་སྲོལ་ཡང་ཡོད། མདོ་སྨད་ཀྱི་ཁ་སྐད་དུ་འདི་ལ་གོ་རེ་ཟེར།། གཏན་ལ་འཁེལ་བ་འ་འཁེལ་ཡིན།། འཁེལ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ ཐག་ཆོས་པ་སྟེ། གཏན་འཁེལ་བ། གཏན་འཁེལ་བྱེད། གཏན་འཁེལ་བྱ་དགོས་ཟེར་བ་ལྟ་བུ། ”ཁེལ”ནི་འདས་པ་སྟེ། གཏན་ཁེལ་བྱས་ཟེར་བ་ལྟ་བུ། ༢ ཐུག་པ་སྟེ། རྣག་ཐོག་གཙག་འཁེལ། རྣག་ཐོག་གཙག་འཁེལ་བྱ། བྲེལ་བ་ཚ་པོའུ་དུས་དང་སྟབས་ཁེལ་སོང་ཟེར་བ་ལྟ་བུ། ༣ ཡིད་ཆེས་པ་སྟེ། བློ་འཁེལ་བ། གདེང་འཁེལ་ཡོང། བློ་ཁེལ་སོང། གདེང་ཁོལ་སོང་ཟེར་བ་ལྟ་བུ།། མཁོ་བྱད་མཁོ་འདོན་མ་མཁོ་འོ།། མཁོ་བྱད དགོས་མཁོ་ཅན་གྱི་ཡོ་བྱད་དེ། མཁོ་བྱད་འདི་ཚོ་ཉར་འཚག་བྱེད་རོགས་ཟེར་བ་ལྟ་བུ།། མཁོ་འདོན དགོས་མཁོ་ཅན་གྱི་ཡོ་བྱད་འདོན་སྤྲོད་བྱེད་པ་སྟེ། ཡོ་བྱད་མང་པོ་ཞིག་ཚོང་ཁང་འདིས་མཁོ་འདོན་བྱེད་མི་ཐུབ་ཟེར་བ་ལྟ་བུ།། མཁོ དགོས་མཁོ་ཡོད་པ་སྟེ། འདྲུད་འཐེན་འཁོར་ལོ་ནི་ཞིང་ལས་ལ་མཁོ་བའི་ཡོ་བྱད་ཅིག་རེད། མཁོ་གལ་ཆེ་བའི་ཡོ་བྱད་ཟེར་བ་ལྟ་བུ།། ཁོང་ཁྲོ་ཁོང་ཚོར་ཡང་འཇུག་མེད།། ཁོང་ཁྲོ ཞེ་སྡང་གི་བསམ་པའི་མིང་སྟེ། དགྲ་ལ་སོགས་པ་སེམས་ཅན་ཕ་རོལ་པོ་རྣམས་ལ་བརྡེག་ཅིང་གསད་པ་ལ་སོགས་པའི་གནོད་པ་སྣ་ཚོགས་བྱ་བར་སེམས་པ་སྟེ། ཁོང་ཁྲོ་ཟ་བ། ཁོང་ཁྲོ་ཚ་པོ། ཁོང་ཁྲོ་ཞི་བ། ཁོང་ཁྲོ་སློང་མཁན་མེད་ན་བཟོད་པ་སུ་ལ་སྒོམ་ཟེར་བ་ལྟ་བུ།། ཁོང་ཚོ གང་ཟག་གསུམ་པ་སྟེ། ཁོང་ཚོ་རྒྱ་མི་རེད། ང་ཚོ་བོད་པ་ཡིན་ཟེར་བ་ལྟ་བུ།། ༡ ཁོང སེམས་ཏེ། གད་མོ་ཁོང་ནས་རྒོད་པ་རྒྱུ་མཚན་ཡོད་འགྲོ་ཟེར་བ་ལྟ་བུ།། ༢ ཁོང ཁོ་རང་ཞེས་པའི་ཚིག་བསྡུས་པ།། ༣ ཁོང ཁོ་ཡི་ཞེ་ས་སྟེ། ཁོང་གིས་དཔེ་ཁྲིད་གནང་ལྟ་བུ།། ༤ ཁོང ཁོག་པའི་ནང་ཞེས་པའི་བསྡུས་ཚིག་སྟེ། ཁོང་གི་སྙིང་དང་དཔྲལ་བའི་མིག་ཟེར་བ་ལྟ་བུ།། མངའ་ཁོངས་ཁོངས་གཏོགས་ཡང་འཇུག་ཡོད།། མངའ་ཁོངས དབང་ཚད་ཀྱིས་ཁྱབ་ཁོངས་ཏེ། མདོ་དབུས་ཁམས་གསུམ་གྱི་མངའ་ཁོངས་ཡོངས་རྫོགས་བོད་ཀྱི་ས་ཆ་ཡིན་ཟེར་བ་ལྟ་བུ།། ཁོངས་གཏོགས དབྱེ་གཞི་གང་ཞིག་གི་ཁྱབ་ཁོངས་སུ་གཏོགས་པ་སྟེ། བོད་ཆོལ་ཁ་གསུམ་གྱི་ཁོངས་གཏོགས་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་ཕྱེད་ཀ་ལྷག་ཙམ་ཡོད་ཟེར་བ་ལྟ་བུ།། ༡ ཁོངས ས་མཚམས་བགོས་པའི་ས་ཁུལ་གྱི་མིང་སྟེ། མི་རིགས་དེའི་མངའ་ཁོངས། མངའ་སྡེ་དེའི་མངའ་ཁོངས་ཟེར་བ་ལྟ་བུ།། ༢ ཁོངས རིགས་དང་སྡེ་ཁག་སྟེ། ལོ་ཏོག་ཀྱང་རྩི་ཤིང་གི་ཁོངས་སུ་འདུས། སྦྲང་མའང་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་ཟེར་བ་ལྟ་བུ།། ༣ ཁོངས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ རྒྱོང་བའམ་གང་བ་བྱེད་པ། བུམ་པ་ཆུས་ཁོངས་ཤིག་ཟེར་བ་ལྟ་བུ། ”བཀང”ནི་འདས་པ་སྟེ། བུམ་པ་ཆུས་བཀང་ལྟ་བུ། ”དགང”ནི་མ་འོངས་པ་སྟེ། དགང་བྱའི་བུམ་པ་ཟེར་བ་ལྟ་བུ། ”འགེང”ནི་ད་ལྟ་བ་སྟེ། ཆུ་མཛོད་ཆུས་འགེང་ཟེར་བ་ལྟ་བུ། ༢ གཞུའི་རྒྱུད་འཐེན་པའི་དོན་ཏེ། གཞུ་བཀང་ནས་མདའ་འཕེན། དགང་བྱའི་གཞུ། གཞུ་ཁོངས་ཤིང། གཞུ་འགེང་གྱིན་འདུག་ལྟ་བུ།། བདེ་བར་འཁོད་དང་ཡི་གེ་འཁོད།། འ་འཁོད་ཡོན་པ་ཤེས་པར་བྱ།། ༡ འཁོད (བྱེད་མེད་ལས་ཚིག)རང་གནས་སུ་སྡོད་པ་སྟེ། རང་གནས་སུ་འཁོད། མགྲོན་པོ་རྣམས་རང་རང་གི་གནས་སུ་འཁོད་ཅེས་པ་ལྟ་བུ།།

༢ འཁོད   བཀོད་ཀྱི་སྐུལ་ཚིག་གི་འབྲི་ཚུལ་གཞན་ཞིག།།

ཁོ་ར་ཁོར་ཡུག་འཕུལ་མེད་དང་།། ཁོ་ར མཐའ་སྐོར་གྱི་ར་བ་སྟེ། ཁོ་ར་ནང་མ་དང་ཁོ་ར་ཕྱི་མ་ཟེར་བ་ལྟ་བུ།། ༡ ཁོར་ཡུག ཉེ་འཁོར་གྱི་ས་ཆ་སྟེ། ཁོར་ཡུག་གཙང་སྦྲ། རི་ཆུའི་ཁོར་ཡུག། གྲོང་ཁྱེར་གྱི་ཁོར་ཡུག་ཟེར་བ་ལྟ་བུ།། ༢ ཁོར་ཡུག ཉེ་འཁོར་གྱི་གནས་སྟངས་དང་ཆ་རྐྱེན་ཏེ། སློབ་སྦྱོང་བྱེད་སའི་ཁོར་ཡུག་བཟང་པོ། འཚར་ལོངས་བྱུང་སའི་ཁོར་ཡུག་བཟང་པོ་ཟེར་བ་ལྟ་བུ།། ཁོར (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ ལོགས་སུ་འབྱེད་པའམ་སོ་སོར་ཕྱེ་བ་སྟེ། མ་མོ་དང་ལུ་གུ་ཁོར་ཅིག་ལྟ་བུ། “བཀར”ནི་འདས་པ་སྟེ། མ་མོ་དང་ལུ་གུ་བཀར་ནས་འཚོས་ཟེར་བ་ལྟ་བུ། “དགར”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ར་ལུག་རྣམས་ལོགས་སུ་དགར་གྱིན་ཡོད། ལོགས་སུ་དགར་བྱའི་རིགས་ཟེར་བ་ལྟ་བུ། ༢ སྦྲ་དང་རས་གུར་སོགས་ཀ་ར་དང་དབྱུག་པས་ཡར་བཀྱགས་པའི་དོན་ཏེ། དགར་བྱའི་རས་གུར། རས་གུར་བཀར་ཞེས་པ་ལྟ་བུ།། འཁོར་ལོ་འཁོར་བར་འ་འཕུལ་ཡོད།། འཁོར (བྱེད་མེད་ལས་ཚིིག) ༡ ལྟེ་བ་ཞིག་ལ་སྐོར་བ་བྱེད་པའི་དོན་ཏེ། འཁོར་ལོ་འཁོར། འཚུབ་མ་འཁོར་ཟེར་བ་ལྟ་བུ། ༢ ཁ་ཕྱོགས་འགྱུར་བའི་དོན་ཏེ། ཁ་ཤར་ཕྱོགས་ལ་འཁོར་ཟེར་བ་ལྟ་བུ། ༣ འདུ་བའམ་འོང་བའི་དོན་ཏེ། རི་བཟང་པོ་རི་དྭགས་ལས་ཀྱིས་འཁོར། ཆུ་བཟང་པོ་ཉ་མོ་ལས་ཀྱིས་འཁོར་ཟེར་བ་ལྟ་བུ། ༤ ཞབས་འདེགས་ཞུ་མཁན་གྱི་མིང་སྟེ། བཟའ་ཚང་འཁོར་དང་བཅས་པ། དཔོན་གཡོག་འཁོར་དང་བཅས་པ་ཟེར་བ་ལྟ་བུ།། མི་འཁྱམ་སྤྲང་འཁྱམ་འ་འཁྱམ་དང་།། མི་འཁྱམ སྡོད་གནས་ངེས་ཅན་ཞིག་མེད་པར་གང་ས་འཁྱམ་ནས་འགྲོ་མཁན་གྱི་མི་སྟེ། མི་འཁྱམ་ཁྲོམ་གསེབ་ཉུལ་ནས་མི་ཚེ་ཟད་ཟེར་བ་ལྟ་བུ།། སྤྲང་འཁྱམ འཚོ་བ་དབུལ་ཕོངས་ངང་གནས་ངེས་མེད་དུ་འཁྱམ་པ་སྟེ། ཁོས་སྤྲང་འཁྱམ་རྐྱང་བརྒྱགས་ནས་ལང་ཚོ་ཆུད་ཟས་སུ་གཏོང་ཟེར་བ་ལྟ་བུ།། འཁྱམ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)དམིགས་ཡུལ་ངེས་ཅན་ཞིག་མེད་པ་གང་ས་གང་ལ་འགྲོ་བའི་དོན་ཏེ། སྤྲང་པོ་ས་མཐར་འཁྱམ། སྤྲང་འཁྱམ་བྱེད་མཁན་ལྟ་བུ། ”འཁྱམས”ནི་འདས་པ་སྟེ། ས་མཐར་འཁྱམས། རྒྱ་སྲང་ལ་འཁྱམས་ལྟ་བུ།། ཁང་པའི་ཁྱམས་ལ་སྔོན་འཇུག་མེད།། ཁྱམས ཁང་པའི་བར་ཁྱམས་ཏེ། ཁང་པའི་མདུན་གྱི་བྱ་འདབ་འོག་གི་མི་འགྲོ་ས། དཔེར་ན། བར་ཁྱམས་ན་ཕུད་པའི་ལྷམ་དེ་ཚོ་ལ་དྲི་མ་བཙོག་པ་ཞིག་བྲོ་བཞིན་འདུག་ཟེར་བ་ལྟ་བུ།། ཆུ་སོགས་འཁྱིལ་བ་འ་འཁྱིལ་ཡིན།། ༡ འཁྱིལ ས་ཆ་ཀོང་ཀོང་ནང་དུ་ཆུ་སོགས་གཤེར་ཁུ་མང་པོ་འདུ་ནས་སྡོད་པ་ལའོ། ཆུ་འཁྱིལ། མཚོ་འཁྱིལ་ཟེར་བ་ལྟ་བུ།། ༢ འཁྱིལ དུང་གི་རི་མི་ལྟར་འཁྱོག་པའི་དོན་ཏེ། ཐག་པ་འཁྱིལ། སྦྲུལ་འཁྱིལ་ལྟ་བུ།། ལུས་པོ་འཁྱོར་བ་འ་འཁྱོར་རོ།། འཁྱོར འཁྱོག་པོའམ་ཡ་ཡོར་གྱུར་པའི་དོན་ཏེ། ལུས་པོ་བརྟན་པོ་ཚུགས་མི་ཐུབ་པ་ཡ་ཡོར་འཁྱོར། རྟ་རྒས་ནས་གོམ་པ་འཁྱོར། མི་རྒས་ནས་རིག་པ་འཁྱོར་ལྟ་བུ།། ཁ་དོག་ཁྲ་ཁྲ་ཁ་ཁྲ་དང་།། ཁྲ་ཁྲ ཚོས་གཞི་སྣ་ཚོགས་བཀྲ་བའི་མདོག་སྟེ། སྦྲུལ་ཁྲ་ཁྲ་དེ་ཞེ་སྡང་ཧ་ཅང་ཆེ་ལྟ་བུ།། ཁྲ ཕུང་རོན་དང་བྱེའུ་སོགས་བཟུང་ནས་ཟ་མཁན་གྱི་བྱ་རིགས་ཤིག་སྟེ། འདི་ལ་རིགས་མང་ཡང་རྒྱུན་དུ་མཐོང་བར་བྱེའུ་ཁྲ་དང་སྐྱ་ཁྲ་གཉིས་མང་།། ཕྲ་སྦོམ་ཕྲ་མོ་ཕྲ་ཞིབ་སོགས།། ཕ་ཕྲ་ཡིན་པར་ཤེས་པར་བྱ།། ཕྲ་སྦོམ ཕྲ་མོ་དང་སྦོམ་པོ་སྟེ། ང་ཚོའི་གྲོང་གསེབ་ན་ཕྲ་སྦོམ་ཆ་མཉམ་པའི་ལྕང་མ་མང་པོ་སྐྱེ་ཡོད་ཟེར་བ་ལྟ་བུ།། ༡ ཕྲ་མོ སྦོམ་པོ་ཡི་ལྡོག་ཟླ་སྟེ། དར་སྐུད་ཕྲ་མོ། སྐེ་རགས་ཕྲ་མོ་ཟེར་བ་ལྟ་བུ།། ༢ ཕྲ་མོ ངོ་བོ་དང་རྣམ་པ་རགས་པ་མིན་པའམ་མི་མངོན་ཞིང་ལྐོག་ཏུ་གྱུར་པ་སྟེ། གནས་ལུགས་ཕྲ་མོ་དང་། ངོ་བོ་ཕྲ་མོ། དངོས་པོ་རྣམས་སྐད་ཅིག་སྐད་ཅིག་གི་འཇིག་པའི་ངོ་བོ་ཕྲ་མོ་འདི་སྟོན་པ་ཤཀྱཱ་ཐུབ་པས་ལོ་༢༥༠༠ཡི་སྔ་རོལ་ནས་གསུངས་པར་ཚན་རིག་པ་རྣམས་ཧ་ལས་ཧང་སང་གིན་ཡོད་ཟེར་བ་ལྟ་བུ།། ༡ ཕྲ རགས་པ་མིན་པ་སྟེ། ཕྲ་རབ་རྡུལ། དཔྱད་པ་ཕྲ་ཞིང་ཞིབ་པ་བཏང་ཟེར་བ་ལྟ་བུ།། ༢ ཕྲ སྦོམ་པོ་མིན་པ་སྟེ། སྐུད་པ་ཕྲ་མོ། སྐུད་པ་འདི་ཧ་ཅང་ཕྲ་ཟེར་བ་ལྟ་བུ།། ༣ ཕྲ ཡོ་བྱད་སོགས་ཀྱི་ཐོག་ལ་བརྟན་པོར་བཀོད་པའི་རྒྱན་གྱི་མིང་སྟེ། རྟ་སྒ་ཕྲ་ཤན་མ། ཕྲ་རྒྱན་གྱི་ཚོམ་བུ། གདུ་བུ་གཡུ་ཡི་ཕྲ་ཅན་ཟེར་བ་ལྟ་བུ།། ཤ་ཁྲག་ཟུངས་ཁྲག་ཁ་ཁྲག་དང་།། ཤ་ཁྲག ལུས་པོའི་ཤ་དང་ཁྲག་སྟེ། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམ་པ་ཟེར་བ་ལྟ་བུ།། ཟུངས་ཁྲག ལུས་སྟོབས་ཏེ་ལུས་ཟུངས་སྐྱེད་བྱེད། ཟུངས་ཁྲག་ཤོར་བས་ལུས་སྟོབས་ཉམས་ཟེར་བ་ལྟ་བུ།། ཁྲག ལུས་ཡོངས་ལ་རྒྱུ་ཞིང་གསོ་བཅུད་ལུས་ཀྱི་ཕྱོགས་ཡོངས་ལ་འདྲེན་བ་དང་། བཅུད་ཀྱི་སྙིགས་རོ་རྣམས་ཕྱི་ལ་འདོར་བ་བྱེད་པའི་དབང་པོའི་ནང་སྐྱེལ་བྱེད་ཀྱི་གཤེར་ཁུ་མདོག་དམར་པོ་ཞིག་སྟེ། ཁ་ཁྲག་སྣ་ཁྲག། ཁྲག་རྩ། རྨ་ནས་ཁྲག་དོན་ཟེར་བ་ལྟ་བུ།། དཔུང་པའི་ཕྲག་པ་ཕྲག་དོག་ཅན།། ཕ་ལ་ར་བཏགས་ཡིན་པ་ངེས།། ཕྲག་པ དཔུང་མགོ་དང་སྐེ་མཇིང་བར་གྱི་མིང་སྟེ། ཕྲག་པ་གཡས་པ། ཁུར་པོ་ཕྲག་པར་ཁུར་ཟེར་བ་ལྟ་བུ།། ཕྲག་དོག རང་རྙེད་བཀུར་ལ་དགའ་དྲག་ནས་གཞན་ལ་སྐྱིད་པོ་ཡོང་བ་མཐོང་དུས་མི་དགའ་བའི་སེམས་ཏེ། མི་ལ་སྐྱིད་པོ་ཡོང་བ་མཐོང་དུས་ཕྲག་དོག་ཟ་ན་རང་གི་སེམས་མི་སྐྱི་པ་བཟོ་ཡོང་ངེས་ཡིན་ཟེར་བ་ལྟ་བུ།། ༡ ཕྲག ཕྲག་པ།། ༢ ཕྲག གྲངས་ཀའི་མཐར་སྦྱར་ན་གྲངས་ཧྲིལ་བོའི་དོན་ཏེ། བཅུ་ཕྲག བདུན་ཕྲག བརྒྱ་ཕྲག སྟོང་ཕྲག བྱེ་བ་ཕྲག་བརྒྱ་ཞེས་པ་སོགས་ལྟ་བུ།། ཁྲལ་རིགས་ཁྲལ་པ་ཁ་ཁྲལ་དང་།། ཁྲལ་རིགས སྡུད་རུག་བྱེད་སྐབས་མ་སྤྲོད་ན་མི་ཆོག་པའི་དངོས་རྫས་སྣ་ཚོགས་ཏེ། རྒྱ་གཞུང་ལ་མར་ཁྲལདང་། འབྲུ་ཁྲལ། ཚོང་ཁྲལ། དམག་ཁྲལ་སོགས་ཁྲལ་རིགས་སྣ་ཚོགས་སྤྲོད་དགོས་ཟེར་བ་ལྟ་བུ།། ཁྲལ་པ ཁྲལ་སྤྲོད་མཁན་ཏེ། དེ་རིང་འབྲུ་རིགས་ལས་ཁུངས་ཀྱི་སྒོ་འགྲམ་ན་འབྲུ་ཁྲལ་སྤྲོད་མཁན་གྱི་ཁྲལ་པ་ཧ་ཅང་མང་པོ་འདུག་ཟེར་བ་ལྟ་བུ།། ༡ ཁྲལ ཁེ་ལས་དང་། ཐུན་མོང་། མི་སོ་སོ་བཅས་ལས་བསྡུས་པའི་མ་སྤྲོད་ན་མི་ཆོག་པའི་དངོས་རྫས་སྣ་ཚོགས་ཏེ། ཉེན་རྟོག་པས་རང་སྣང་གང་དྲན་གྱིས་ཁྲལ་ཆེ་པོ་རྒྱག་ཟེར་བ་ལྟ་བུ།། ༢ ཁྲལ སེམས་སྡུག་དང་མྱ་ངན་ཏེ། ཕ་མས་སེམས་ཁྲལ། སེམས་ཁྲལ་ཆེ་པོ་མ་བྱེད་ཟེར་བ་ལྟ་བུ།། ཕན་ཚུན་ཕྲལ་བ་ཕ་ཕྲལ་ཡིན།། ཕྲལ (བྱེད་འབྲེལ་ལས་ཚིག་འདས་པ) ༡ སོ་སོར་ཕྱེ་བའི་དོན་ཏེ། ཤ་པགས་ཕྲལ་ནས་བཞག་ལྟ་བུ། ”དབྲལ”ནི་མ་འོངས་པ་སྟེ། དབྲལ་བ་བྱ། དབྲལ་བྱའི་ཤ་པགས་ཞེས་པ་ལྟ་བུ། ”འབྲལ”ནི་ད་ལྟ་བ་ཏེ། ཤ་པགས་འབྲལ་གྱིན་འདུག་ལྟ་བུ། ”ཕྲོལ”ནི་སྐུལ་ཚིག་སྟེ། ལུག་བཤས་ནས་ཤ་པགས་ཕྲོལ་ཅིག་ལྟ་བུ། ༢ རྟོལ་བའམ་རལ་དུ་འཇུག་པའི་དོན་ཏེ། རྣག་རྒྱ་དབྲལ། ཤོག་གུ་དབྲལ་ལྟ་བུ། ༣ འབྲེལ་བ་འཆད་དུ་འཐུག་བའི་དོན་ཏེ། དགྲ་གཉེས་སོ་སོར་ཕྲལ། དཀྲུག་ཤིང་བརྒྱབ་ནས་མཛའ་གཤེས་ཕྲལ་བ་ཟེར་བ་ལྟ་བུ།། སྐབས་འཕྲལ་འཕྲལ་ལ་འ་འཕུལ་ཡོད།། སྐབས་འཕྲལ ༡ ལམ་སེང་དང་། དུས་ཐོག་སྟེ། ཕར་འགྱངས་མེད་པར་སྐབས་འཕྲལ་དུ་ཤོག། ནད་གཞི་བྱུང་སྟེ་སྐབས་འཕྲལ་དུ་སྨན་བཅོས་བྱས་ལྟ་བུ། ༢ རེ་ཞིག་དང་གནས་སྐབས་ཏེ། ད་རེས་སྐབས་འཕྲལ་གྱི་འཆར་གཞི་ཞིག་བཏིང་ཡོད་ལྟ་བུ།། ༡ འཕྲལ གནས་སྐབས་ཀྱི་མིང་སྟེ། འཕྲལ་གྱི་ཕན་པ་ཙམ་ལ་བལྟས་ནས་ཕུགས་ཀྱི་འདུན་པ་མ་འདོར། འཕྲལ་ཕུགས་ཀུན་དུ་བཟང་ཟེར་བ་ལྟ་བུ།། ༢ འཕྲལ མྱུར་བའི་དོན་ཏེ། གཟེར་འཇོམ་སྨན་གྱིས་ན་ཟུག་འཕྲལ་དུ་སེལ། འཕྲལ་དུ་འགྲོ་ལྟ་བུ།། ༣ འཕྲལ ཕྲལ་གྱི་ད་ལྟ་བ་ལ་འཕྲལ་འབྲི་བའང་ཡོད།། གར་སོགས་འཁྲབ་པ་འ་འཁྲབ་དང་།། ༡ འཁྲབ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)བྲོ་དང་ཟློས་གར་སོགས་འཁྲབ་པ་སྟེ། གློག་བརྙན་འཁྲབ་མཁན། འཁྲབ་བྱའི་གློག་བརྙན་ཟེར་བ་ལྟ་བུ། ”འཁྲབས”ནི་འདས་པ་སྟེ། ཁོང་གིས་རྐང་འཁྲབས་ལག་འཁྲབས་བྱས་ལྟ་བུ། ”འཁྲོབས”ནི་སྐུལ་ཚིག་སྟེ། ཟློས་གར་འདི་ཁྱེད་ཀྱིས་འཁྲོབས་ཤིག་ཟེར་བ་ལྟ་བུ།། ༢ འཁྲབ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)འཁྲབ་མས་འབྲུ་རིགས་ནང་གི་སྙིགས་མ་བསལ་བའི་དོན་ཏེ། འབྲུ་རིགས་འཁྲབ་ཀྱིན་ཡོད་ལྟ་བུ། ”བཀྲབས”ནི་འདས་པ་སྟེ། འབྲུ་རིགས་བཀྲབས་ནས་གཙང་མ་བཟོས་ལྟ་བུ། ”དཀྲབ”ནི་མ་འོངས་པ་སྟེ། དཀྲབ་བྱའི་འབྲུ་རིགས་ཟེར་བ་ལྟ་བུ། ”ཁྲོབས”ནི་སྐུལ་ཚིག་སྟེ། འབྲུ་རིགས་ཁྲོབས་ཤིག་ལྟ་བུ།། གོ་ཆའི་ཁྲབ་ལ་སྔོན་འཇུག་མེད།། ཁྲབ མཚོན་ཆ་འགོག་བྱེད་ཀྱི་ལྭ་བའི་རིགས་ཤིག་སྟེ། ཁྲབ་རྨོག་གྱོན་པ། གོ་ཁྲབ། ཁྲབ་བྱང། ཁྲབ་གྱོན་པའི་དམག་མི་ཟེར་བ་ལྟ་བུ།། གྲངས་ཀྱི་ཁྲི་སྟོང་ཁ་ཁྲི་དང་།། ༡ ཁྲི སྟོང་ཕྲག་བཅུའི་གྲངས་གནས་ལ་ཁྲི་ཟེར་ཏེ། ཆིག་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་མེད་གཅིག་ཟེར་བ་ལྟ་བུ།། ༢ ཁྲི འདུག་སྟེགས་སམ་ཉལ་སའི་སྟེགས་བུའི་མིང་སྟེ། ཤིང་ཁྲི། ཉལ་ཁྲི། གསེར་ཁྲི། ཁྲི་ལྕོག་ཟེར་བ་ལྟ་བུ།། ལས་ཀའི་འགན་འཁྲི་འ་འཁྲི་ཡིན།། འགན་འཁྲི ལས་འགན་རང་གི་མགོ་ཐོག་ཏུ་འབབ་པ་སྟེ། ལས་དོན་འདི་ཁྱེད་ལ་འགན་འཁྲི་ཡོད་ཟེར་བ་ལྟ་བུ།། འཁྲི (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ རང་གཞན་གང་རུང་གི་མགོ་ཐོག་ཏུ་འབབ་པ་སྟེ། གནད་དོན་འདི་རྗེས་མ་ཁྱེད་ལ་འཁྲི་ཡོང་། ལས་འགན་འཁྲི་ས། ང་ལ་འགན་འཁྲི་ཟེར་བ་ལྟ་བུ། ”འཁྲིས”འདས་པ་སྟེ། ལས་འགན་འཁྲིས་པ་ཟེར་བ་ལྟ་བུ། ༢ ཆགས་ཞེན་བྱེད་པའམ་སོ་སོར་འབྲལ་མི་འདོད་པའི་དོན་ཏེ། འབྲོང་བྲེ་སེར་བ་ལང་ལ་མི་འཁྲི། རྐྱང་ཁ་དཀར་བོང་བུ་ལ་མི་འཁྲི་ཞེས་པ་ལྟ་བུ། ཞེན་འཁྲི། རང་དོན་གྱི་འཁྲི་བ། ཞེན་འཁྲིས་ནས་སྡོད་ཟེར་བ་ལྟ་བུ།། འགོ་ཁྲིད་སློབ་ཁྲིད་རྗེས་འཇུག་ད།། འགོ་ཁྲིད ལས་འགན་འཁུར་མཁན་གྱི་མིང་སྟེ། བཟོ་གྲྭའི་འགོ་ཁྲིད། འགོ་ཁྲིད་ལས་བྱེད་པ་ཟེར་བ་ལྟ་བུ།། སློབ་ཁྲིད སློབ་དེབ་བམ་དཔེ་ཆའི་ནང་དོན་ངོ་སྤྲོད་བྱེད་པ་སྟེ། དགེ་རྒན་གྱི་སློབ་ཁྲིད་བྱེད། ངས་སློབ་ཉན་ཟེར་བ་ལྟ་བུ།། ཁྲིད (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག) ༡ ལམ་སྣ་དྲངས་པའི་དོན་ཏེ། བྱིས་པ་ཁྲིད་ནས་སློབ་གྲྭར་སོང་། ཁོང་ཁྲིད་ཅིག་ཟེར་བ་ལྟ་བུ། ”འཁྲིད”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ཡང་དག་པའི་ལམ་ལ་འཁྲིད་དགོས། ལམ་ཡང་དག་ལ་འཁྲིད་མཁན་ཟེར་བ་ལྟ་བུ། ༢ སློབ་ཁྲིད་བྱེད་པའི་དོན་ཏེ། དཔེ་ཆ་ཁྲིད། རིག་གནས་ཁྲིད། དམར་ཁྲིད་ཅེས་པ་ལྟ་བུ།། འགྲམ་གྱི་འཁྲིས་ལ་རྗེས་འཇུག་ས།། ༡ འཁྲིས ཉེ་འགྲམ་གྱི་མིང་སྟེ། འཁྲིས་སུ་བསྡད། འཁྲིས་སུ་བོས་ཟེར་བ་ལྟ་བུ།། ༢ འཁྲིས འཁྲི་ཡི་འདས་པ།། སྒྲིག་ཁྲིམས་རྩ་ཁྲིམས་ཁ་ཁྲིམས་སོ།། སྒྲིག་ཁྲིམས སྤྱི་ཚོགས་འཚོ་བའི་ནང་ཚང་མས་བརྩི་སྲུང་བྱེད་དགོས་པའི་ལམ་ལུགས་ཏེ། སྒྲིག་ལམ་ཀུན་སྤྱོད་དང་ཁྲིམས་ཀྱི་ལམ་སྲོལ་ཏེ། རྒྱལ་ཁབ་ཁ་ཤས་ཀྱི་སྒྲིག་ཁྲིམས་འགའ་ནི་ལོ་རྒྱས་ཐོག་དུ་རང་བཙན་ཅན་གྱི་མི་རིགས་ཚོར་མགོ་རྡུང་གཏོང་ཕྱིར་བཟོས་པ་ཡིན་ཟེར་བ་ལྟ་བུ།། རྩ་ཁྲིམས རྒྱལ་ཁབ་སོ་སོའི་སྒྲིག་ལམ་ཁག་གི་གཞི་འཛིན་ས་འམ་ལུགས་ཏེ། བཅའ་ཁྲིམས་གསར་པ་གཏན་འབེབས་བྱེད་སྐབས་གཞི་འཛིན་སའང་འདི་ཡིན། དཔེར་ན། དབང་འཛིན་རིང་ལུགས་པའི་རྩ་ཁྲིམས་རྣམས་ནི་ཡིད་རྟེན་བྱེད་འོས་པ་ཞིག་མིན་ཟེར་བ་ལྟ་བུ།། ༡ ཁྲིམས དབང་སྒྱུར་མཁན་གྱི་འདོད་པ་མཚོན་ཞིང། དབང་དུ་སྒྱུར་བྱའི་མི་རྣམས་ཀྱི་བྱ་སྤྱོད་ལ་བཀོད་འདོམས་དང་ཚད་འཛིན་བྱེད་སྤྱོད་ཀྱི་ཚད་གཞིའམ་སྒྲིག་འཛུགས་སྣ་ཚོགས་ཀྱི་སྤྱི་མིང་སྟེ། ཆབ་སྲིད་ཐོག་གི་ཁྲིམས་འགལ་དང་རྐུ་ཇག་ཐོག་གི་ཁྲིམས་འགལ་གཉིས་སུ་ཉེས་ཚབས་ཆེའམ་ཟེར་བ་ལྟ་བུ།། ༢ ཁྲིམས སྡུག་བསྔལ་རྒྱུ་དང་བཅས་པ་ལས་ལྡོག་ཕྱིར་དང་། བདེ་བ་རྒྱུ་དང་བཅས་པ་སྒྲུབ་ཐབས་སུ། མི་རུང་ཤིང་མི་མཐུན་པ་དང་རུང་ཤིང་མཐུན་པའི་སྤང་བླང་གི་རྣམ་བཞག་རྣམས་ཚུལ་བཞིན་གསུངས་པའི་སྟོན་པའི་འདུལ་ཁྲིམས་ཏེ། སྲོག་བཅོད་མི་ཆོག་པ་དང་། རྐུ་བྱེད་མི་ཆོག་པ། རྫིན་བཤད་མི་ཆོག་པ། གཞན་ལ་གནོད་སེམས་སྐྱེད་མི་ཆོག་པ། ཡང་དག་པའི་ལྟ་བ་ལ་གནས་དགོས་པ་སོགས་ཀྱིས་མཚན་པའི་འདུལ་ཁྲིམས་ལྟ་བུ།། འཐབ་མོའི་འཁྲུག་ནི་ཁ་འཁྲུག་དང་།། འཁྲུག (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ ཕན་ཚུན་འཐབ་པའི་དོན་ཏེ། གཡུལ་འཁྲུག དམག་འཁྲུག་ཟེར་བ་ལྟ་བུ། ”འཁྲུགས”ནི་འདས་པ་སྟེ། དམག་འཁྲུགས་ནས་མི་མང་པོ་ཤི་ལྟ་བུ། ༢ སེམས་མི་བདེ་བ་གྱུར་བ་ཏེ། སེམས་འཁྲུགས། སེམས་འཁྲུག་གིན་སྡོད་འདུག སེམས་འཁྲུག་གི་རེད་ཟེར་བ་ལྟ་བུ། ༣ གོ་རིམ་འཆོལ་བའི་དོན་ཏེ། དཔེ་ཆ་གོ་རིམ་འཁྲུག་པ། ཤོག་གྲངས་སྔ་ཕྱི་འཁྲུགས་པ་ཟེར་བ་ལྟ་བུ།། སློབ་ཕྲུག་བུ་ཕྲུག་མིང་གཞི་ཕ།། སློབ་ཕྲུག སློབ་གྲྭ་ན་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་ཚོ་སྟེ། སློབ་ཕྲུག་ཡག་པོ་ཞིག་བྱེད་འདོད་ན་སློབ་སྦྱོང་ཡག་པོ་བྱེད་དགོས་ཟེར་བ་ལྟ་བུ།། བུ་ཕྲུག མི་ཡི་ཕྲུ་གུ་སྟེ། ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་ཟེར་བ་ལྟ་བུ།། ༡ ཕྲུག ཕྲུ་གུ་ཞེས་པའི་བསྡུས་ཚིག་སྟེ། བྱ་ཡི་ཕྲུ་གུ་ལ་བྱ་ཕྲུག་ཟེར་བ་དང་། ཁྱི་ཡི་ཕྲུ་གུ་ལ་ཁྱི་ཕྲུག་ཟེར་བ་ལྟ་བུ།། ༢ ཕྲུག བལ་གྱིས་བཏགས་པའི་སྣམ་བུའི་མིང་སྟེ། སྣམ་བུ་སྤུ་ཕྲུག་ཟེར་བ་ལྟ་བུ།། ༣ ཕྲུག གཉིས་ཀྱི་མིང་སྟེ། ཉིན་ཞག་ཕྲུག་ཅིག་ཟེར་བ་ལྟ་བུ།། ནོར་བ་འཁྲུལ་བ་ཁ་འཁྲུལ་ཡིན།། འཁྲུལ (བྱེད་མེད་ལས་ཚིག)དོན་ངོ་མའི་གནས་ཚུལ་དང་མི་མཐུན་པ་ནོར་འཛོལ་ཤོར་བ་སྟེ། གཞུང་དོན་ལ་བློ་མ་འཁྲུལ། སྣང་བ་མ་འཁྲུལ། འཁྲབ་སྟོན་པ་དང་གླུ་པ་ཚོའི་བྱེད་སྟངས་འགའ་རང་གིས་ཀྱང་བྱས་ནས་རང་ཉིད་ཞེད་པོ་ཞིག་ཡིན་བསམ་པ་ནི་ཧ་ཅང་དགོད་བྲོ་བའི་འཁྲུལ་བ་ཆེ་པོ་ཞིག་གོ་ཟེར་བ་ལྟ་བུ།། འཕྲུལ་འཁོར་འཕྲུལ་ཆས་ཕ་འཕྲུལ་ཡིན།། འཕྲུལ་འཁོར ལྷུ་མང་པོ་བསྒྲིགས་ཏེ་འགུལ་སྐྱོད་བྱེད་སྐབས་བྱ་བ་སྣ་ཚོགས་བྱེད་ཐུབ་པའི་མི་ཡིས་བཟོས་པའི་ཡོ་བྱད་སྤྱི་ཡི་མིང་སྟེ། ས་སྣུམ་དང་རྡོ་སྣུམ་རྡོ་སོ་སོགས་ཀྱིས་འཕྲུལ་འཁོར་འགུལ་སྐྱོད་བྱེད་པ་དེས་མཁའ་དབུགས་ལ་གནོད་ཚབས་ཧ་ཅང་ཆེ་བས་ངེས་པར་དུ་ཉི་འོད་ལ་བརྟན་ནས་འཕྲུལ་འཁོར་འགུལ་སྐྱོད་བྱེད་པར་འབད་དགོས་ཟེར་བ་ལྟ་བུ།། འཕྲུལ་ཆས རིག་རྩལ་གྱི་རྫུ་འཕྲུལ་ལ་བརྟན་ནས་ལྷུ་ལག་མང་པོ་བསྒྲིགས་ཏེ་བཟོས་པའི་ཡོ་ཆས་ཏེ། འགུལ་སྐྱོད་བྱེད་ཐུབ་པ་དང་ངལ་རྩོལ་བྱེད་ཐུབ་པ་ཞིག འཕྲུལ་ཆས་ཀྱིས་ཐོན་སྐྱེད་ནུས་པ་མཐོ་འདེགས་བྱེད་ཐུབ་ལ་མི་ཡི་ལུས་པོའི་ངལ་རྩོལ་ཉུང་དུ་གཏོང་ཐུབ།། འཕྲུལ རིག་པའི་རྩལ་ལམ་ཏིང་ངེ་འཛིན་གྱི་རྩལ། དཔེར་ན། འགྲན་ཟླ་དང་བྲལ་བའི་རིག་འཕྲུལ་གྱིས་ཕ་རོལ་གྱི་རྒོལ་བ་རྩོད་པས་ཕམ་པར་བྱས་ཟེར་བ་དང་། རྫུ་འཕྲུལ་ཟེར་བ་ལྟ་བུ།། དངོས་པོ་མཁྲེགས་པོ་མ་མཁྲེགས་སོ།། ༡ མཁྲེགས་པོ སྲ་མོ་དང་གྱོང་པོ་ལས་སླ་པོས་ཞིག་མི་ཐུབ་པ་རྡོ་དང་ལྕགས་ལྟ་བུ་སྟེ། ས་མཁྲེགས་པོ། རྡོ་མཁྲེགས་པོ། ཤིང་མཁྲེགས་པོ། ལྕགས་མཁྲེགས་པོ་ཟེར་བ་ལྟ་བུ།། ༢ མཁྲེགས་པོ བསྒྱུར་དཀའ་པའི་དོན་ཏེ། ཀླད་རྙིང་མཁྲེགས་པོ། ཡ་ང་བའི་གདུང་འབོད་བྱེད་ཀྱང་གཡོ་འགུལ་མེད་པའི་སྙིང་མཁྲེགས་པོ་ཟེར་བ་ལྟ་བུ།། ལྕགས་རིགས་ཁྲོ་དང་ཁོང་ཁྲོ་སོགས།། ཁ་ཁྲོ་ཡིན་ལ་སྔོན་འཇུག་མེད།། ༡ ཁྲོ བཞུ་སྦྱང་ལེགས་པ་མ་བྱས་པའི་ལྕགས་རིགས་ཤིག་སྟེ། ཁྲོ་ཐབ། ཁྲོ་དང་ཟངས་མཉམ་བསྲེས་ཀྱི་ལུགས་བརྒྱབ་པའི་སྣོད་སྤྱད་ཟེར་བ་ལྟ་བུ།། ༢ ཁྲོ ཁྲོ་བོ་ཞེས་པའི་ཚིག་བསྡུས་པ་སྟེ། དྲག་པའི་རྣམ་འགྱུར་ཅན་གྱི་ལྷ་སྤྱིའི་མིང་། དཔེར་ན། ཁྲོ་བོའི་རྡོ་རྗེ། ཁྲོ་བོའི་བཞད་པ་བརྒྱད། ཁྲོ་བོ་བཅུ་གཅིག ཁྲོ་བོ་ཁྲོ་མོ་ཟེར་བ་ལྟ་བུ།། ༣ ཁྲོ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཞེ་སྡང་ལངས་བའོ་དོན་ཏེ། ཁོང་ཁྲོ། ཁྲོ་སེམས། སེམས་མ་ཁྲོ། ཁྲོ་བ་པོ་ལྟ་བུ། ”ཁྲོས”ནི་འདས་པ་སྟེ། དྲག་ཏུ་ཁྲོས། ཁྲོས་ཚིག་སྨྲས་སོ། ཁྲོས་པའི་རྣམ་འགྱུར་ཟེར་ལྟ་བུ།།

  འོད་ཟེར་འཕྲོ་དང་འཕྲོ་བརླག་སོགས།།
  ཕ་འཕྲོ་ཡིན་ལ་སྔོན་འཇུག་འ།།

འོད་ཟེར་འཕྲོ འོད་ཟེར་ཤར་བའམ་སྤྲོས་ནས་འཚེར་བ་སྟེ། ཉི་མ་ཤར་ནས་འོད་ཟེར་འཕྲོ་ལྟ་བུ།། འཕྲོ་བརླག བེད་སྤྱོད་ལོག་པར་བྱེད་ནས་ཆུད་ཟོས་སུ་གཏོང་བ་སྟེ། ཆུ་འཕྲོ་བརླག་མ་གཏོང། དུས་ཚད་འཕྲོ་བརླག་མ་གཏོང་། ཟེར་བ་ལྟ་བུ།། ༡ འཕྲོ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཉི་འོད་ཤར་བའི་དོན་ཏེ། ཉི་འོད་འཕྲོ། འོད་ཟེར་འཕྲོ་ལྟ་བུ། ”འཕྲོས”ནི་འདས་པ་སྟེ། ཉི་འོད་འཕྲོས་ནས་མུན་པ་སེལ་ཟེར་བ་ལྟ་བུ།། ༢ འཕྲོ སེམས་གཡེང་བའི་དོན་ཏེ། མིག་གིས་དཔེ་ཆ་ལ་བལྟས་ཀྱང་སེམས་ཡུལ་གཞན་དུ་འཕྲོ་ཟེར་བ་ལྟ་བུ།། ༣ འཕྲོ སྔ་ཕྱི་གཉིས་ཀྱི་ཕྱི་མ་སྟེ། ང་ཡི་འཕྲོ་ན་མི་གཉིས་ཡོད་ཟེར་བ་ལྟ་བུ།། ༤ འཕྲོ ལྷག་མ་ཡི་མིང་སྟེ། ཟ་འཕྲོ། འཐུང་འཕྲོ་ཟེར་བ་ལྟ་བུ།།

  གཞན་ནོར་འཕྲོག་པ་ཕ་འཕྲོག་དང་།།

འཕྲོག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ གཞན་གྱིས་མི་སྟེར་བཞིན་དུ་བཙན་གྱིས་ལེན་པ་སྟེ། གཞན་ནོར་འཕྲོག་མཁན་ཟེར་བ་ལྟ་བུ། ”ཕྲོགས”ནི་འདས་པ་དང་སྐུལ་ཚིག་སྟེ། གཞན་ནོར་ཕྲོགས་ས་བདག་གི་བྱས། ཕྲོགས་ཤིག་ཟེར་བ་ལྟ་བུ། ”དབྲོག”ནི་མ་འོངས་པ་སྟེ། དབྲོག་བྱའི་གཞན་ནོར་ཟེར་བ་ལྟ་བུ། ༢ བཙན་གྱིས་བདག་ཏུ་བཟུང་བ་སྟེ། གཞན་གྱིས་མངའ་ཁོངས་འཕྲོག་བར་ངོ་རྒོལ་བྱེད་ལྟ་བུ། ༣ ཡིད་དྲངས་པའི་དོན་ཏེ། གླུ་དབྱངས་སྙན་མོས་བདག་ཡིད་ཕྲོགས། སེམས་ཕྲོགས། མིག་དབང་འཕྲོག་ཟེར་བ་ལྟ་བུ།།

  གྲོད་ཁོག་འཁྲོག་པ་ཁ་འཁྲོག་ཡིན།། 

༡ འཁྲོག (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ ཁོག་ནང་ནས་སྐད་སྒྲོག་པ་སྟེ། གྲང་བས་ཁོག་པ་འཁྲོག ”འཁྲོགས”ནི་འདས་པ་སྟེ། གྲོད་པ་སྦོས་ཏེ་འཁྲོགས་ཟེར་བ་ལྟ་བུ། ༢ ཚིགས་འཆུས་པ་སྟེ། རྒན་མོ་པུས་ཚིགས་འཁྲོགས་ཀྱང་འགྲོ་སྙིང་འདོད་ཟེར་བ་ལྟ་བུ། ༣ ཨ་མཆོག་འོན་པ་སྟེ། ཨ་མཆོག་འཁྲོག་ཙམ་ཞིག་འདུག་ཟེར་བ་ལྟ་བུ།།

  དུར་ཁྲོད་རི་ཁྲོད་དམངས་ཁྲོད་སོགས།།
  ཁ་ལ་ར་བཏགས་ཡིན་པ་དང་།།

དུར་ཁྲོད མི་ཤིི་བའི་བེམ་པོ་བཞག་སའི་ས་ཆ་སྟེ། དུར་ཁྲོད་ཀྱི་གནས་སུ་ཕྱིན་ཏེ་ཤི་བའི་སྡུག་བསྔལ་བསམ་ཟེར་བ་ལྟ་བུ།། ༡ རི་ཁྲོད རི་གསེབ་ཀྱི་དགོན་པ་ཆུང་ཆུང་སྟེ། རི་ཁྲོད་ན་འདུག་ནས་ཆོས་ཉམས་སུ་ལེན་པ་ལས་གྲོང་གསེབ་ན་འོང་ནས་ཆོས་གོ་རྟོགས་སྤེལ་བ་དགའ་ཟེར་བ་ལྟ་བུ།། ༢ རི་ཁྲོད རི་ཡི་གསེབ་སྟེ། རི་ཁྲོད་ལ་སྨུན་པ་འཁྲིགས་ཟེར་བ་ལྟ་བུ།། དམངས་ཁྲོད མི་སེར་དཀྱུས་མའི་ཁྲོད་དེ། དམངས་ཁྲོད་ཀྱི་གླུ་གཞས་ཟེར་བ་ལྟ་བུ།། ཁྲོད བར་དང་ནང་། གསེབ་བཅས་ཀྱི་དོན་ཏེ། ནགས་ཁྲོད་ཀྱི་རི་དྭགས། དམངས་ཁྲོད་ཀྱི་གླུ་གཞས། མི་མང་པོའི་ཁྲོད། མུན་ཁྲོད་ཀྱི་རི་བོ། རི་ཁྲོད་ཀྱི་སྨུན་པ་ཟེར་བ་ལྟ་བུ།།

  ལག་ཏུ་འཕྲོད་དང་འཕྲོད་བསྟེན་སོགས།།
  ཕ་འཕྲོད་ཡིན་ལ་སྔོན་འཇུག་འ།།

ལག་ཏུ་འཕྲོད ལག་ཏུ་ཐོབ་པ་སྟེ། འཕྲིན་ཡིག་ལག་ཏུ་འཕྲོད་བྱུང་ཟེར་བ་ལྟ་བུ།། འཕྲོད་བསྟེན སོ་སོའི་ལུས་དང་འཕྲོད་པའི་བཟའ་བཏུང་སྤྱོད་ལམ་དང་ཁོར་ཡུག་སོགས་ལ་སྲུང་སྐྱོབ་བྱེད་བའི་བྱ་བཞག་གི་མིང་སྟེ། གཙང་སྦྲ་འཕྲོད་བསྟེན། ལུས་ཁམས་འཕྲོད་བསྟེན་ལྟ་བུ།། ༡ འཕྲོད བསྐུར་བའི་དངོས་རྫས་བསྐུར་ཡུལ་གྱི་ལག་ལ་འབྱོར་བའི་དོན་ཏེ། འཕྲིན་ཡིག་ལག་ཏུ་འཕྲོད། རྒྱུ་ནོར་བསྐུར་བ་བདག་པོ་ལ་འཕྲོད་ཟེར་བ་ལྟ་བུ།། ༢ འཕྲོད འོས་ཤིང་མཚམས་པའི་དོན་ཏེ། ཕ་ཡུལ་གྱི་ས་ཆུ་ལུས་ལ་འཕྲོད། ཟས་སྣུམ་རྩི་ཅན་འདི་ནད་པ་ལ་མི་འཕྲོད་ཟེར་བ་ལྟ་བུ།། ༣ འཕྲོད བློ་ལ་ངེས་པའི་དོན་ཏེ། དཔེ་ཆའི་ནང་དོན་ངོ་འཕྲོད་ཟེར་བ་ལྟ་བུ།། ༼ག༽

  གུས་པ་གུས་ཞབས་རྗེས་འཇུག་ས།།

༡ གུས་པ བརྩི་བཀུར་བྱེད་པའི་ལུས་ངག་གི་རྣམ་འགྱུར་གྱི་མིང་སྟེ། གུས་པ་ཆེན་པོཔའི་སྒོ་ནས་གསོལ་ཚིགས་ཕུལ་བ་ཟེེར་བ་ལྟ་བུ།། ༢ གུས་པ རང་ཉིད་དམའ་སར་འཛིན་པའི་ཚིག་ཞིག་སྟེ། གུས་པ་བློ་བཟང་མཁས་གྲུབ་ནས་ཟེར་བ་ལྟ་བུ།། གུས་ཞབས ཡིད་དང་བའི་སྒོ་ནས་ཞབས་ཕྱི་ཞུ་བ་སྟེ། དགེ་རྒན་ལ་གུས་ཞབས་དང་། སློབ་གྲོགས་ལ་མཐུན་ལམ་བྱེད་ཟེར་བ་ལྟ་བུ།།

  ཉམས་རྒུད་དར་རྒུད་རྗེས་འཇུག་ད།།

ཉམས་རྒུད སྟོབས་ཤུགས་དང་དཔལ་འབྱོར་ཉམས་ཞན་དུ་ཕྱིན་པ་སྟེ། མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བ་ནི་མི་རིགས་དེའི་བདག་དབང་སྲུང་སྐྱོབ་བྱེད་མ་ཐུབ་པས་ཡིན།། དར་རྒུད དར་རྒྱས་དང་ཉམས་རྒུད་དེ། ལོ་རྒྱུས་ཐོག་གི་མི་རིགས་ཐམས་ཅད་ལ་དར་རྒུད་སྣ་ཚོགས་བྱུང་མྱོང་ཟེར་བ་ལྟ་བུ།། རྒུད སྟོབས་ཤུགས་སོགས་ཆག་པའི་དོན་ཏེ། སྲིད་དབང་རྒུད་པ། སྡུག་བསྔལ་གྱིས་ལུས་སེམས་རྒུད་པ་ཟེར་བ་ལྟ་བུ།།

  གོམ་བགྲོད་གོམ་སྟབས་ཡང་འཇུག་མེད།།

གོམ་བགྲོད གོམ་པ་བརྒྱབ་ནས་འགྲོ་བ་སྟེ། ཞི་བའི་གོམ་བགྲོད། མདོ་དབུས་མཐོ་སྒོང་དུ་གོམ་བགྲོད་བྱེད་པ་ཟེར་བ་ལྟ་བུ།། གོམ་སྟབས གོམ་པ་སྤོ་སྟངས་ཀྱི་རྣམ་པ་སྟེ། ཟ་མ་མོ་ཡི་གོམ་སྟབས་ནི་སྐྱེས་པ་ཕོ་ཡི་མིག་ལ་མཛེས་ཟེར་བ་ལྟ་བུ།། གོམ གོམ་པ་ཡི་བསྡུས་ཚིག་སྟེ། གོམ་པ་གང་ལ་གོམ་གང་ཟེར་བ་ལྟ་བུ།།

  གོམས་གཤིས་གོམས་འདྲིས་ཡང་འཇུག་ཡོད།།

གོམས་གཤིས ༡ གོམས་འདྲིས་སུ་གྱུར་བའི་གཤིས་ཀ་སྟེ། ཕྲུ་གུ་དེ་ལ་གོམས་གཤིས་བཟང་པོ་ཞིག་འདུག་ཟེར་བ་ལྟ་བུ། ༢ ཡུལ་གོམས་དང་གཤིས་ལུགས་སྟེ། སྲོལ་རྒྱུན་གྱི་ལ་ལུགས་སྲོལ། དཔེར་ན། བོད་མི་རིགས་འདི་ཡ་རངས་གོམས་གཤིས་ཅན་གྱི་མི་རིགས་བཟང་པོ་ཞིག་ཡིན་པར་འཛམ་གླིང་ཤར་ནུབ་ཀུན་གྱིས་བཀུར་ཟེར་བ་ལྟ་བུ།། གོམས ཡུན་རིང་འདྲིས་པའམ་རང་གཤིས་ལ་ཞུགས་པ་སྟེ་བྱང་ཆ་ཐེག་པ། དཔེར་ན། ཡུན་རིང་གོམས་པའི་ལས་ལ་དཀའ་ཚེགས་ཆུང་ཟེར་བ་ལྟ་བུ།།

  གྲངས་གནས་གྱ་གཅིག་གྱ་གཉིས་ནས།།
  གྱ་དགུ་ལ་སོགས་གྱ་རྐྱང་ཡིན།།

གྱ བརྒྱད་ཅུ་མཚོན་པའི་ཚིག་ཞིག་སྟེ། བརྒྱད་ཅུ་གྱ་གཅིག གྱ་གཉིས། གྱ་གསུམ། གྱ་བཞི། གྱ་ལྔ། གྱ་དྲུག གྱ་བདུན། གྱ་བརྒྱད། གྱ་དགུ་ཟེར་བ་ལྟ་བུ། སྤྱི་བཅུ་ནས་དགུ་བཅུའི་བར་གྱི་གྲངས་ཀ་བརྩི་ཚུལ་འདི་ལྟ་ཡིན་ཏེ། བཅུ་གཅིག་་་་་་་་བཅུ་དགུ ཉེ་གཅིག་་་་་་་་་ཉེ་དགུ སོ་གཅིག་་་་་་་་་་སོ་དགུ ཞེ་གཅིག་་་་་་་་་་ཞེ་དགུ ང་གཅིག་་་་་་་་་་ང་དགུ རེ་གཅིག་་་་་་་་་རེ་དགུ དོན་གཅིག་་་་་་་་་དོན་དགུ གྱ་གཅིག་་་་་་་་་་གྱ་དགུ གོ་གཅིག་་་་་་་་་གོ་དགུ་ཟེར་བ་ལྟ་བུའོ།།

  རྒྱ་མཚོ་རྒྱ་ལྕོག་རྒྱ་ཁྱོན་དང་།།
  རྒྱ་བསྐྱེད་རྒྱ་ཕིབས་ར་མགོ་ཡོད།།

རྒྱ་མཚོ ཆུ་མང་པོ་ལྷན་གཅིག་ཏུ་འདུས་ནས་རྒྱ་ཁྱོན་ཧ་ཅང་ཆེན་པོར་འཁྱུལ་ཡོད་པའི་ཆུ་ཡི་མིང་སྟེ། ཞི་བདེ་རྒྱ་མཚོ། རྒྱ་གར་རྒྱ་མཚོ་ཟེར་བ་ལྟ་བུ།། རྒྱ་ལྕོག ཅོག་ཙེ་གྲུ་བཞི་མ་སྟེ། རྒྱ་ལྕོག་སྟེང་གི་ཟ་མ་དང་མི་རིགས་ཀྱི་བདག་དབང་བརྗེ་མི་རུང་ཟེར་བ་ལྟ་བུ།། རྒྱ་བསྐྱེད གཞི་རྒྱ་ཆེ་རུ་གཏོང་བ་སྟེ། མི་རིགས་ཁ་ཤས་ཀྱིས་ཧམ་སེམས་རྒྱ་བསྐྱེད་ཀྱིས་མི་རིགས་གཞན་གྱི་བདག་དབང་ལ་ཕོག་ཐུག་ཆེ་པོ་བཟོས་ཟེར་བ་ལྟ་བུ།། རྒྱ་ཕིབས གསེར་ཟངས་སོགས་ལས་བཟོས་པའི་ཁང་པའི་ཐོག་ཁེབས་ཏེ། ཕོ་བྲང་པོ་ཏ་ལ་ཡི་ཡང་ཐོག་གི་རྒྱ་ཕིབས་ཟེར་བ་ལྟ་བུ།། ༡ རྒྱ ཐེའུ་ཚེ་དང་རྟགས་ཏེ། གཏོང་ཡིག་ལ་རྒྱ་བཏབ་ཟེར་བ་ལྟ་བུ།། ༢ རྒྱ རི་དྭགས་འཛིན་བྱེད་ཀྱི་རྙི་སྟེ། བྱ་རྒྱ། ཉ་རྒྱ། རྒྱ་བཅད་ནས་རི་དྭགས་གློད་ཟེར་བ་ལྟ་བུ།། ༣ རྒྱ རྒྱ་ཁྱོན། དཔེར་ན། ཤེས་རྒྱ། མཐོང་རྒྱ། ཁ་རྒྱ། ཟེར་བ་ལྟ་བུ།། ༤ རྒྱ འགྲམ་པའི་སྤུ་སྟེ། གང་ཟག་རྒྱ་བོ་ཟེར་བ་ལྟ་བུ།། ༥ རྒྱ བོད་པ་མིན་པའི་མི་སྟེ། རྒྱ་དཀར་བ། རྒྱ་སེར་པ། རྒྱ་ནག་པ་ཟེར་བ་ལྟ་བུ།། ༥ རྒྱ མི་རིགས་ཤིག་སྟེ། སྐད་ཡིག་རྒྱ་ནག་སྐད་དང། གནས་ཡུལ་ས་ཆ་ལྷོ་རུ་རྒྱ་ནག་རྒྱ་མཚོདང་། ནུབ་ཏུ་ཡུན་ནན་དང་ཀན་སུའུ། བྱང་སོག་པོ་ལ་ཐུག་གི་བར་ན་གནས་ཡོད་ཅིང་། འབུ་སྲིན་འདྲ་མིན་སྣ་ཚོགས་ཟ་བ་དགའ།།

  གྲངས་ཀྱི་བརྒྱ་ལ་སྔོན་འཇུག་བ།།

བརྒྱ གྲངས་གནས་ཤིག་སྟེ། བཅུ་ཚན་བཅུ་དེ་བརྒྱ་ཡིན།།

  སློབ་གྲྭ་གྲྭ་པར་ཝ་ཟུར་ཡོད།། 

སློབ་གྲྭ རིག་གནས་ལ་སློབ་སྦྱོང་བྱེད་སའི་གནས་ཏེ། ང་ཚོ་ནི་གངས་ལྗངས་ཀྱི་མེ་ཏོག་དང་སློབ་གྲྭ་ནི་མེ་ཏོག་གི་ལྡུམ་ར་ཡིན་ཟེར་བ་ལྟ་བུ།། གྲྭ་པ དགེ་འདུན་པ་སྤྱི་ཡི་མིང་སྟེ། གྲྭ་པ་དང་ཨ་ནེ་རྡབ་བེ་རྡོབ་བེ་དེ་ཚོ་སྐྱ་སར་བབ་སྟེ་མི་རིགས་ཡར་རྒྱས་གཏོང་ན་བཟང་ཟེར་བ་ལྟ་བུ།། ༡ གྲྭ ལས་ཀ་གང་ཡང་རུང་བ་ཞིག་བྱེད་སའི་གནས་ཏེ། ཆོས་གྲྭ རྩོད་གྲྭ ལས་གྲྭ སློབ་གྲྭ བཟོ་གྲྭ་ཟེར་བ་ལྟ་བུ།། ༢ གྲྭ ཟུར་གྱི་མིང་སྟེ། ཁང་པའི་གྲྭ གོས་ཀྱི་གྲྭ་ཟེར་བ་ལྟ་བུ།།

  གྲ་རྒྱས་གྲ་སྒྲིག་སྙེ་མའི་གྲ།
  པགས་པའི་གྲ་ལ་ཝ་ཟུར་མེད།།

༡ གྲ་རྒྱས སྟོབས་འབྱོར་དར་ཆེ་བ་སྟེ། གྲ་ལོ་རྒྱས་པོ། དཔེར་ན། ཁྱིམ་ཚང་གྲ་རྒྱས་པོ། རྒྱལ་ཁབ་གྲ་རྒྱས་པ་ཟེར་བ་ལྟ་བུ།། ༢ གྲ་རྒྱས གང་ལ་ཅི་དགོས་ལྟ་གྲ་སྒྲིག་རྒྱས་པོ་ཡོད་པ་སྟེ། གྲ་རྒྱས་ཕུན་སུམ་ཚོགས་པའི་སློབ་སྦྱང་གི་མཐུན་རྐྱེན་ཟེར་བ་ལྟ་བུ།། གྲ་སྒྲིག ལས་དོན་གང་ཞིག་བསྒྲུབ་པའི་སྔོན་འགྲོའི་གོ་སྒྲིག་སྟེ། རྒྱུགས་སྤྲོད་གཏོང་བར་གྲ་སྒྲིག་བྱེད་ཟེར་བ་ལྟ་བུ།། སྙེ་མའི་གྲ ལོ་ཏོག་གི་སྙེ་མའི་ནང་གི་ས་བོན་རེ་རེའི་ཤུན་པའི་རྩེ་མོ་ནས་ཡར་སྐྱེ་བའི་ཕྲ་ཞིང་རིང་བ་དེའི་མིང་སྟེ། གྲ་མའང་ཟེར།། པགས་པའི་གྲ པགས་པའི་ཐོག་གི་སྤུ་ཡི་རྩེ་མོ་སྟེ། སྤུ་གྲ་མེས་འཚིག་ཟེར་བ་ལྟ་བུ།། ༡ གྲ དུད་འགྲོའི་རིགས་ཀྱི་སྤུའི་རྩེ་མོ་སྟེ། ཝ་སྤུའི་གྲ ཝ་པགས་གྲ་ཁ་ཡག་ངན་མ་བཤད་ཟེར་བ་ལྟ་བུ།། ༢ གྲ ཆ་ཤས་སམ་དུམ་བུའམ་ཡན་ལག་སྟེ། ཚིག་གྲ་ཟུར་ཙམ་ཡང་མ་ཉམས་པར་ལུང་དྲངས། གནའ་སྔ་མོའི་ཅ་ལག་གྲ་མ་ཆགས་པ་ཞིག་རྙེད་ཟེར་བ་ལྟ་བུ།།

  སྐད་གྲགས་སྙན་གྲགས་ག་གྲགས་ཡིན།།

སྐད་གྲགས མིང་གྲགས་ཏེ། ཧེས་ཐུ་ལུ་ནི་མི་ངན་སྐད་གྲགས་ཅན་ཞིག་རེད་ཟེར་བ་ལྟ་བུ།། སྙན་གྲགས མིང་གི་གྲགས་པ་བཟང་པོ་སྟེ། ལྷ་མོ་དོན་འགྲུབ་ནི་འཛམ་གླིང་ཤར་ནུབ་ཀུན་དུ་ཆེས་སྙན་གྲགས་ཅན་གྱི་མི་སྣ་ཞིག་རེད་ཟེར་བ་ལྟ་བུ།། ༡ གྲགས མིང་གྲགས་ཏེ། གྲགས་ཅན་ནི་སྣ་ཟེར་བ་ལྟ་བུ།། ༢ གྲགས (བྱེད་མེད་ལས་ཚིག་འདས་པ) ༡ སྒྲ་གྲག་པའམ་སྐད་འབྱིན་པ་སྟེ། ཟླ་བ་བཞི་པར་ཁུ་བྱུག་གྲགས། བྱ་བོ་གྲགས་རྗེས་སྐྱ་རེངས་ཤར་ཞེས་པ་ལྟ་བུ། “གྲག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ཁུ་བྱུག་གྲག་ཁ། འུར་སྒྲ་གྲག་གིན་འདུག་ཟེར་བ་ལྟ་བུ། ༢ སྐད་ཆ་ལབ་པའི་དོན་ཏེ། ཚོགས་འདུར་འོངས་བའི་མི་ཐམས་ཅད་ཀྱིས་ཁ་གྲག་དགོས་ཟེར་བ་ལྟ་བུ། ༣ མིང་དང་གསར་འགྱུར་སོགས་ཐོས་པའམ་ཤེས་པ་སྟེ། ཀུན་ལ་གྲགས། ཡོངས་སུ་གྲགས་ཟེར་བ་ལྟ་བུ།།

  ཞི་དྲག་དྲག་ཞན་ད་དྲག་དང་།།

ཞི་དྲག ཞི་བ་དང་དྲག་པོ་སྟེ། ཞི་དྲག་གཉིས་ཀའི་ཐོག་ནས་བདག་དབང་བཙན་ལེན་བྱེད་པ་ཟེར་བ་ལྟ་བུ།། དྲག་ཞན བཟང་པོ་དང་ངན་པའམ་ཡག་པོ་དང་སྡུག་ཆགས་ཏེ། དྲག་ཞན་བར་མ་གསུམ་དུ་དབྱེ་བའི་སློབ་སྦྱོང་གི་གྲུབ་འབྲས་ཟེར་བ་ལྟ་བུ།། ༡ དྲག ཉེན་ཁ་དང་སྐྱོན་མེད་པ་སྟེ། ལམ་ལ་ཁྱེད་སོང་ན་དྲག་ཟེར་བ་ལྟ་བུ།། ༢ དྲག ནད་སོས་པ་སྟེ། རྨ་དྲག་ལ་ཁད་ཡིན། ནད་དྲག་སོང་ངམ་ཟེར་བ་ལྟ་བུ།། ༣ དྲག དྲག་པོ་སྟེ། ཞི་བ་ཡི་ལྡོག་ཟླ། རྣམ་འགྱུར་དྲག་པོ་སྟོན་ན་མི་མི་དགའ་ཟེར་བ་ལྟ་བུ།།

  མཐོ་དྲགས་དམའ་དྲགས་མང་དྲགས་པ།།
  ཐལ་བའི་དྲགས་ལ་ཡང་འཇུག་ཡོད།།

དྲགས ཚད་ལས་བརྒལ་བའི་དོན་ཏེ། མཐོ་དྲགས་པ། དམའ་དྲགས་པ། རིང་དྲགས་པ། མང་དྲགས་པ། ཉང་དྲགས་པ། ཐུང་དྲགས་པ། སྐད་ཆའི་གནས་ལུགས་ཐལ་དྲགས་སོང་ཟེར་བ་ལྟ་བུ།།

  བྲག་རྡོ་བྲག་ཕུག་བ་བྲག་ཡིན།།

བྲག་རྡོ བྲག་ལས་བྱུང་བའི་རྡོ་སྟེ། བྲག་རྡོ་བརྩིགས་པའི་རྩིག་པ་མཐོ་པོ་ཟེར་བ་ལྟ་བུ།། བྲག་ཕུག བྲག་ངོས་སུ་ཡོད་པའི་ཨུ་ཁུང་སྟེ། བྲག་ཕུག་ཁ་ཤས་རྟ་བརྒྱ་ཤོང་བའང་ཡོད།། བྲག གཡའ་རྡོ་སོགས་རྡོ་རིགས་ལས་གྲུབ་པའི་གཡང་གཟར་རམ་རི་བོའི་མིང་སྟེ། ར་བྲག་འདོད་བྲག་དང་ལུག་སྤང་འདོད་སྤང་ཟེར་བ་ལྟ་བུ།།

  ཆུ་སོགས་གྲང་མོ་གྲང་དང་།།

གྲང་མོ ཚ་དྲད་མེད་པ་སྟེ། ཆུ་གྲང་མོ། རླུང་གྲང་མོ་ཟེར་བ་ལྟ་བུ།། གྲང ཚ་བའི་ལྡོག་ཟླ་སྟེ། ས་ཆ་ཚ་གྲང་སྙོམ་པ། ནམ་ཟླ་དྲོ་གྲང་སྙོམ་པ་ཟེར་བ་ལྟ་བུ།།

  བགྲང་བྱའི་གྲངས་ལ་ཡང་འཇུག་ཡོད།།

གྲངས བགྲང་བྱའམ་བརྩི་བྱའི་གྲངས་ཏེ། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ལྟ་བུ།།

  དྲང་པོ་དྲང་བཞག་ད་དྲང་དང་།།

༡ དྲང་པོ བདེན་པའམ་གཡོ་སྒྱུ་མེད་པ། གཟུ་བོའམ་མི་སླུ་བ་སྟེ། གཏམ་དྲང་པོ་བཤད། ལས་དྲང་པོ། མི་དྲང་པོ་ཟེར་བ་ལྟ་བུ།། ༢ དྲང་པོ འཁྱོག་པོ་མིན་པ་སྟེ། ཤིང་དྲང་པོ། ལམ་དྲང་པོ་ཟེར་བ་ལྟ་བུ།། དྲང་བཞག བདེན་པ་བདེན་ཐོག་ཏུ་བཞག་པ་སྟེ། དགྲ་གཉེན་གཉིས་ཀ་ལ་དྲང་པོ་དྲང་བཞག་བྱེད་པ་ལས་ཉེ་དགའ་ཕྱོགས་རིས་བྱེད་མི་རུང་ཟེར་བ་ལྟ་བུ།། ༡ དྲང ཡོ་འཁྱོག་མེད་པ་སྟེ། གཞུང་ལམ་དྲང་པོ། ཤིང་སྡོང་དྲང་པོ། གཟུགས་དྲང་པོ། ལུས་གཟུགས་ཧ་ཅང་དྲང་པོ་ཟེར་བ་ལྟ་བུ།། ༢ དྲང རྫུན་དང་གཡོ་སྒྱུ་མེད་པ་སྟེ། བསམ་པ་དྲང་པོ། མི་དྲང་པོ། སྐད་ཆ་དྲང་པོ་ཟེར་བ་ལྟ་བུ།།

  ཟས་སོགས་དྲངས་པར་ཡང་འཇུག་ཡོད།།

དྲངས (བྱེད་འབྲེལ་ལས་ཚིག་འདས་པ) ༡ ཁྲིད་པ་སྟེ། དམག་དྲངས། ལམ་སྣ་དྲངས། ཞིང་ལ་ཆུ་དྲངས་ཟེར་བ་ལྟ་བུ། ”དྲང”ནི་མ་འོངས་པ་སྟེ། དྲང་བྱའི་ཆུ་ཞེས་པ་ལྟ་བུ། ”འདྲེན”ནི་ད་ལྟ་བ་སྟེ། དམག་དཔུང་གཡུལ་ངོར་འདྲེལ་པ། ལམ་ཁྲིད་པས་ལམ་སྣ་འདྲེན། ཞིང་ལ་ཆུ་འདྲེན་ཟེར་བ་ལྟ་བུ། ”དྲོངས”ནི་སྐུལ་ཚིག་སྟེ། རྐ་ནང་ལ་ཆུ་དྲོངས་ཤིག་ཟེར་བ་ལྟ་བུ། ༢ བྱིན་པའམ་བླུད་པའི་ཞེ་ས་སྟེ། ཇ་དྲངས། ཆང་དྲངས། ཇ་འདྲེན་ཆང་འདྲེན། ཇ་དྲོངས་ཤིག་ཟེར་བ་ལྟ་བུ། ༣ ཞན་ཅིང་ཆགས་པའི་དོན་ཏེ། གླུ་སྐད་སྙན་མོས་ཡིད་འདྲེན་པ། ཡིད་དྲངས་བ། ཡིད་དྲང་ཟེར་བ་ལྟ་བུ། ༤ བཤད་ཚུལ་དང་ལྟ་ཚུལ་འགྲིག་པའི་རྒྱུ་མཚན་ལ་གཞུང་ཁུངས་ཐུབ་ཀྱི་ཚིག་རྟེན་ཁུངས་སུ་བཀོད་པའི་དོན་ཏེ། ལུང་འདྲེན་བྱེད། ལུང་དྲངས། ལུང་དྲོངས་ཤིག་ལྟ་བུ། ༥ འཐེནཔའི་དོན་ཏེ། ཁབ་ལེན་རྡོ་ཡིས་ལྕགས་འདྲེན། གྲུ་གཟིངས་ཀྱི་ཐོག་ནས་དངོས་ཟོག་འབོར་ཆེན་དྲངས་ཟེར་བ་ལྟ་བུ། ༦ སྣ་དྲངས་པའི་དོན་ཏེ། མི་ངན་ཁ་མ་འདྲེན། མི་ངན་ཁ་དྲངས་ན་གནོད་པ་རྒྱུན་མི་འཆད་ཅེས་པ་ལྟ་བུ།།

  ཕོ་བྲང་བླ་བྲང་བྲང་ཁོག་སོགས།།
  བ་བྲང་ཡིན་པས་ཤེས་པར་བྱ།།

༡ ཕོ་བྲང རྒྱལ་པོ་སྡོད་སའི་ཁང་པ་སྟེ། ཕོ་བྲང་པོ་ཏ་ལ་ལྟ་བུ།། ༢ ཕོ་བྲང འདུ་ཚོགས་ཆེན་པོ་བྱེད་སའི་ཁང་པ་སྟེ། བོད་གཞུང་དགའ་བདེ་ཕོ་བྲང་ཟེར་བ་ལྟ་བུ།། ༡ བླ་བྲང བླ་སྤྲུལ་ཆེ་གྲས་ཚོའི་ཤག་ཚང་སྟེ། བླ་བྲང་ཕྱག་མཛོད། བླ་བྲང་ཁག་གི་བླ་སྤྲུལ་ཟེར་བ་ལྟ་བུ།། ༢ བླ་བྲང མདོ་སྨད་བསང་ཆུའི་རྒྱུད་ཀྱི་དགོན་ཆེན་ཞིག་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་ཡང་ཟེར། བཀྲ་ཤིས་འཁྱིལ་ཞེས་པ་དགོན་པའི་མིང་དང་། བླ་བྲང་ཞེས་པ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བླ་བྲང་ལའོ། བླ་བྲང་དང་དགོོན་པ་ཆབས་གཅིག་ཏུ་མིང་འབོད་པའི་སྲོལ་དེ་ཡོངས་གྲགས་ཀྱི་ཁ་རྒྱུན་དུ་དགོན་པའི་མཚན་ལ་སོང་བ་དང་། ཡང་མིང་དེའང་ཐུང་དུ་གཏོང་སྟེ་བླ་བྲང་ཞེས་དགོན་པའི་མཚན་དུ་སོང་བ་དང་། དགོན་ཆེན་འདི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་ཕྱི་ལོ་༡༧༠༩ལོར་ཕྱག་བཏབ་བོ།། བྲང་ཁོག ལུས་སྟོད་ཀྱི་མདུན་ངོས་ཏེ། བྲང་ཁོག་ལན་བརྒྱ་རྡུང་བ་ལས། བསམ་བློ་ཐེངས་གཅིག་གཏོང་བ་དགའ་ཟེར་བ་ལྟ་བུ།། ༡ བྲང བྲང་ཁོག་དང་འདྲ་སྟེ། བྲང་ཁོག་དང་རྒྱབ་ལོག་གཉིས་ལ་བྲང་རྒྱབ་གཉིས་ཟེར་བ་ལྟ་བུ།། ༢ བྲང སྡོད་གནས་སམ་བསྟི་གནས་ཏེ། བླ་མ་བཞུགས་ས་ལ་བླ་བྲང་དང་དཔོན་པོ་བཞུགས་ས་ལ་བཞུགས་བྲང་ཟེར་བ་ལྟ་བུ།།

  གྲལ་བསྟར་གྲལ་རིམ་ག་གྲལ་དང་།།

གྲལ་བསྟར ཕྲེང་བ་བསྒྲིགས་པ་ལྟ་གཅིག་རྗེས་གཅིག་གོ་རིམ་བཞིན་དུ་བསྒྲིགས་ནས་ཡོད་པ་སྟེ། གྲལ་བསྟར་བསྒྲིགས་པའི་དཀར་མཛེས་གྲོང་ཁྱེར་གྱི་ཐོག་བརྩེགས་ཁང་ཆེན་དེ་དག་མིག་ན་མཛེས་ཟེར་བ་ལྟ་བུ།། ༡ གྲལ་རིམ དབུལ་ཕྱུག་ཆ་མི་མཉམ་པའི་སྤྱི་ཚོགས་ནང་དུ་མི་རྣམས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ལ་གནས་བབ་མི་འདྲ་བ་རེ་འཛིན་གྱི་ཡོད་པ་དང། ཐོན་སྐྱེད་རྒྱུ་ཆས་སྐོར་ཀྱི་འབྲེལ་བ་མི་འདྲ་བ་རེ་འཛིན་གྱི་ཡོད་པ་ལས་ཕྱེ་བའི་ཚོགས་ཁག་ལ་ཟེར། དཔེར་ན། བྲན་གཡོག་སྤྱི་ཚོགས་ནང་གི་བྲན་བདག་དང་བྲན་གཡོག་ཕྱོགས་གཉིས། མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་གི་མ་རྩ་ཅན་དང་བཟོ་པ་ཕྱོགས་གཉིས། བཀས་བཀོད་རྒྱུན་འཛིན་སྤྱི་ཚོགས་ནང་གི་ཞིང་པ་དང་ཞིང་བདག་ཕྱོགས་གཉིས། བཅས་ཚང་མ་ཕན་ཚུན་འགྲན་རྒོལ་དུ་ལངས་པའི་གྲལ་རིམ་རེད། གྲལ་རིམ་ནི་ཐོན་སྐྱེད་རྒྱུ་ཆས་སྒེར་ལ་དབང་བའི་ལམ་ལུགས་ནས་བྱུང་བ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་དེ་ཉིད་གུང་ཁྲན་རིང་ལུགས་སུ་སླེབས་སྐབས་གྲལ་རིམ་རྩ་མེད་དུ་འགྲོ་བ་འདོད་ཀྱང་། ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཁག་མ་རྩ་རིང་ལིགས་སུ་གྱུར་ཟིན་པས་བཤུ་གཞོག་གྲལ་རིམ་དང་། ཐོན་སྐྱེད་རྒྱུ་ཆས་བདག་གཟུང་ཕྱོགས་ཁག་གཉིས་ངལ་རྩོལ་མི་དམངས་དང་འགལ་ཟླ་ཆེ་རུ་ཕྱིན་སྟེ། གྲལ་རིམ་འཐབ་རྩོད་ཀྱི་འབྱུང་བའི་སྔ་ལྟས་སུ་སླེབས་ཡོད།། ༢ གྲལ་རིམ སྟར་གཅིག་གི་མགོ་གཞུག་བར་གྱི་གོ་རིམ་སྟེ། རྒན་གཞོན་གྲལ་རིམ་བཞིན་བསྒྲིགས་ཟེར་བ་ལྟ་བུ།། གྲལ ཁོངས་སམ་གྲས་ཏེ། སྔོན་ཆད་ས་བདག་རྣམས་ཀྱིས་བྲན་གཡོག་མི་གྲལ་དུ་མི་བརྩི། ད་ཆ་རྒྱ་རིགས་ཆེན་པོའི་རིང་ལུགས་འཛིན་མཁན་ཚོས་གྲངས་ཉུང་མི་རིགས་ཁག་མི་གྲལ་དུ་མི་འཇོག་ཟེར་བ་ལྟ་བུ།།

  ཐོག་གི་དྲལ་མ་ད་དྲལ་ཡིན།།

དྲལ་མ ཁང་པའི་ལྕམ་གྱི་ཐོག་ཏུ་གྲལ་གཤིབས་འཇོག་པའི་ཤིང་དུམ་བུ་དུམ་བུར་བཀས་པ་ཞིག་སྟེ། དྲལ་མའི་གྲལ་གཤིབས་ཡག་པོ་མ་བརྒྱབ་ན་ཁང་ཐོག་གི་གཡུལ་ཡང་ཡང་བུག་ངེས་ཡིན་ཟེར་བ་ལྟ་བུ།། དྲལ (བྱེད་མེད་ལས་ཚིག་མ་འོངས་པ་དང་འདས་པ) ༡ ཕྱི་ཤུན་ལ་བུ་ག་བརྡོལ་བ་སྟེ། སྐྲངས་པ་དྲལ་རྒྱུ་རེད། པགས་པ་དྲལ་སོང་ལྟ་བུ། ”འདྲལ”ནི་ད་ལྟ་བ་སྟེ། སྐྲངས་པ་འདྲལ་བར་བྱེད་ལྟ་བུ། ”དྲོལ”ནི་སྐུལ་ཚིག་སྟེ། སྐྲངས་པ་དྲོལ་ཅིག་ལྟ་བུ། ༢ རྙིང་ནས་ཧྲུལ་བོར་གྱུར་པ་སྟེ། ལྭ་དྲལ་སོང་ལྟ་བུ། ༣ བཤིག་པ་སྟེ། བརྩི་སྲུང་མི་བྱེད་པའམ་གཏོར་བརླག་བཏང་བ། དཔེར་ན། ངོ་ཚ་དྲལ་བ། སྒྲིག་ཁྲུམས་འདྲལ་བར་མི་བྱེད་ཟེར་བ་ལྟ་བུ།།

  ཁ་བྲལ་ལྟུང་བྲལ་བ་བྲལ་ལོ།།

ཁ་བྲལ སོ་སོར་གྱེས་པ་སྟེ། མ་བུ་ཁ་བྲལ། བཟའ་མི་ཁ་བྲལ། ཕན་ཚུན་ཁ་བྲལ་མི་རུང་བ་ཟེར་བ་ལྟ་བུ།། ལྟུང་བྲལ ལྟུང་བ་དང་བྲལ་བ་སྟེ། འདུལ་བའི་བཅས་ཁྲིམས་དང་འགལ་བའི་ཉེས་པ་ལ་ལྟུང་བ་ཞེས་བྱ་ལ་དེ་དང་བྲལ་བ་ལ་ལྟུང་བྲལ་ཞེས་པ་སྟེ། ཚེ་དང་ལྡན་པའི་ལྟུང་བྲལ་དགེ་སློང་ཟེར་བ་ལྟ་བུ།། བྲལ (བྱེད་མེད་ལས་ཚིག་འདས་པ) ༡ སོ་སོར་འཐོར་བའམ་ཁ་འགྱེས་པ་སྟེ། བཟའ་ཚང་བྲལ། ཕན་ཚུན་བྲལ་བ་ཟེར་བ་ལྟ་བུ། ”འབྲལ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། འགྲོགས་བའི་ཐ་མ་འབྲལ་བ་ཆོས་ཉིད་ཡིན། གྲོགས་པོ་ཁ་འབྲལ་མི་ཕོད་པ་ཟེར་བ་ལྟ་བུ། ༢ དག་པའམ་མེད་པར་གྱུར་བ་སྟེ། སྐྱོན་ཆ་བྲལ་བ། ཐབས་ཤེས་བྲལ། ཟེར་བ་ལྟ་བུ།།

  རིམ་གྲས་ལ་སོགས་ག་གྲས་དང་།།

རིམ་གྲས གྲལ་རིམ་འདྲ་བའི་ནང་ལ་སྤྱི་ཚོགས་ཀྱི་ཐོབ་ཐང་མི་འདྲ་བར་ཕྱེ་ནས་བྱུང་བའི་རིམ་པ་ཞིག་ལ་ཟེར། དཔེར་ན། ཞིང་པའི་ནང་གི་ཞིང་དབུལ་དང་ཞིང་འབྲིང་ལྟ་བུ་ནི་རིམ་གྲས་མི་འདྲ་བ་གཉིས་ཡིན།། གྲས རིགས་སམ་ཕྱོགས་གཏོགས་དང་སྡེ་ཚན་ཏེ། བཟོ་བའི་གྲས། ཞིང་བའི་གྲས། ཕྱི་བཅོས་སྨན་བའི་གྲས། ནང་བཅོས་སྨན་བའི་གྲས་ཟེར་བ་ལྟ་བུ།།

  རས་སོགས་དྲས་པ་ད་དྲས་ཡིན།།

དྲས (བྱེད་འབྲེལ་ལས་ཚིག་འདས་པ)ཁེ་གྲིས་གཅོས་པ་དང་སོག་ལེས་གཅོད་པ་སྟེ། ཤིང་དྲས་ནས་སྒམ་བཟོས། རས་དྲས་ནས་གོས་བཙེམས་ཟེར་བ་ལྟ་བུ། ”དྲ”ནི་མ་འོངས་པ་སྟེ། དྲ་བྱའི་རས། དྲ་རས་ཟེར་བ་ལྟ་བུ། ”འདྲ”ནི་ད་ལྟ་བ་སྟེ། རས་འདྲ་བར་བྱེད། རས་འདྲ་བྱེད་ཀྱི་ཁེ་གྲི་ཞེས་པ་ལྟ་བུ། ”དྲོས”ནི་སྐུལ་ཚིག་སྟེ། རས་དྲོས་ཤིག་ཟེར་བ་ལྟ་བུ།།

  རལ་གྲི་གློ་གྲི་ག་གྲི་དང་།།

རལ་གྲི སོ་གཉིས་ཅན་གྱི་གྲི་རིང་པོ་སྟེ། འཇམ་པའི་དབྱངས་གྱི་ཕྱག་ན་འཆང་བའི་རལ་གྲི་ལྟ་བུ།། གློ་གྲི གློ་སྒོང་ན་འདོགས་པའི་གྲི་ཆུང་ཆུང་ཤུབས་དང་ལྡན་པ་ཞིག་སྟེ། གློ་གྲི་ཡར་འགུག་མར་ལེབ་ནི་བུད་མེད་ཀྱི་གློ་གྲི་ཡིན་ཟེར་བ་ལྟ་བུ།། གྲི གཞོག་བྱེད་དང་གཏུབ་བྱེད། གཅོད་བྱེད་དུ་བྱེད་ཆོག་པའི་ཡོ་བྱད་ཅིང་སྟེ། གྲི་ཐོགས་པའི་མི་ལ་ཡག་རྟགས་དང་མེ་མདའ་ཐོགས་པའི་མི་ལ་བཟང་རྟགས་ཤིང་རྩ་བ་ནས་མེད་ཟེར་བ་ལྟ་བུ།།

  དྲི་བ་དྲི་མ་ད་དྲི་ལ།།

དྲུ་བ མི་ལ་སྐད་ཆ་དྲི་དགོས་པའི་དོན་སྙིང་སྟེ། རང་གིས་མ་ཤེེས་ན་ནི་ལ་དྲི་བ་བཏན་རྒྱུ་ཧ་ཅང་གལ་ཆེ་ཟེར་བ་ལྟ་བུ།། ༡ དྲི་མ སྣ་ཤེས་ཀྱིས་བསྣམ་བྱ་སྟེ། མེ་ཏོག་འདི་ལ་དྲི་མ་ཞིམ་པོ་བྲོ་ཟེར་བ་ལྟ་བུ།། ༢ དྲི་མ དྲེག་པ་ཡི་མིང་སྟེ། དར་དཀར་པོ་དྲི་མ་མེད་པ། གོས་དྲི་མ་ཅན་ཟེར་བ་ལྟ་བུ།། ༣ དྲི་མ ཉོན་མོངས་ཀྱི་མིང་སྟེ། དྲི་མ་རྣམ་པ་དག་པའི་སེམས་ཟེར་བ་ལྟ་བུ།། ༤ དྲི་མ སྐྱོན་གྱི་མིང་སྟེ། དྲི་མ་མེད་པའི་ལུགས་སྲོལ་བཟང་པོ་ཟེར་བ་ལྟ་བུ།། ༡ དྲི དྲི་མ་དང་འདྲ།། ༢ དྲི (བྱེད་འབྲེལ་ལས་ཚིག་མ་འོངས་པ) རང་གི་མི་ཤེས་པའི་དོན་རྣམས་གཞན་ལ་སྐད་ཆ་དྲི་བ་སྟེ། དགེ་རྒན་ལ་དྲི་བྱའི་དྲི་མ་ཟེར་བ་ལྟ་བུ། ”འདྲི”ནི་ད་ལྟ་བ་སྟེ། མི་ཤེས་པ་རྣམས་མི་ལ་འདྲི་བཞིན་ཡོད་ཟེར་བ་ལྟ་བུ། ”དྲིས”ནི་འདས་པ་དང་སྐུལ་ཚིག་སྟེ། དགེ་རྒན་གྱིས་དྲིས་ནས་ངས་ལན་བཏབ། མི་ཤེས་ན་མི་ལ་དྲིས་ཟེར་བ་ལྟ་བུ།།

  ཡི་གེ་བྲི་རྒྱུ་བ་བྲི་ཡིན།།

བྲི (བྱེད་འབྲེལ་ལས་ཚིག་མ་འོངས་པ) ཡི་གེ་དང་རི་མོ་སོགས་འབྲི་བ་སྟེ། བྲི་བྱའི་ཡི་གེ བྲི་བྱའི་རི་མོ་ཟེར་བ་ལྟ་བུ། ”འབྲི”ནི་ད་ལྟ་བ་སྟེ། ཡི་གེ་འབྲོ་མཁན། རི་མོ་འབྲི་བཞིན་འདུག་ཟེར་བ་ལྟ་བུ། ”བྲིས”ནི་འདས་པ་དང་སྐུལ་ཚིག་སྟེ། ཡི་གེ་བྲིས་ཚར། རི་མོ་བྲིས་ནས་ལག་རྩལ་སྦྱང་། ཡི་གེ་བྲིས་ཤིག་ཟེར་བ་ལྟ་བུ།།

  བསྐྱངས་པའི་དྲིན་ནི་ད་དྲིན་ནོ།།

༡ དྲིན ཤ་ཚ་བ་དང་སྙིང་ཉེ་བའི་ཐོག་ནས་འཚོ་བསྐྱངས་བྱས་པ་སྟེ། རྟག་ཏུ་ཕ་མའི་བཀའ་དྲིན་ཡིད་ལ་བཞག་ནས་སློབ་སྦྱོང་བྱེད་པ་དང་། བཀའ་དྲིན་ཆེན་པོས་གཟིགས་བསྐྱངས་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཟེར་བ་ལྟ་བུ།། ༢ དྲིན ཕན་ནུས་ཀྱི་མིང་སྟེ། ཐུད་ཞིམ་པ་མར་གྱི་དྲིན། ཟེར་བ་ལྟ་བུ།།

  སྤྱང་གྲུང་གྲུང་ནི་ག་གྲུང་དང་།།

སྤྱང་གྲུང བློ་གསལ་ལ་རིགས་པ་རྣོ་བ་སྟེ། སྤྱང་གྲུང་འཛོམས་པོ། སྤྱང་གྲུང་བསྟུན་མཁས་ཟེར་བ་ལྟ་བུ།། ༡ གྲུང རིག་པ་རྣོ་བའམ་རྣམ་རིག་བཀྲ་བ་སྟེ། ཕྲུ་གུ་གྲུང་པོ་ཟེར་བ་ལྟ་བུ།། ༢ གྲུང ནུས་པ་དང་ལྡན་པ་སྟེ། ས་བོན་གྲུང་པོ། མེ་གྲུང་པོ་ཟེར་བ་ལྟ་བུ།།

  སྐུ་དྲུང་དྲུང་ཡིག་ད་དྲུང་ཡིན།།

སྐུ་དྲུང སྐུ་ཡི་གམ་མམ་སྐུ་ཡི་འཁྲིས་སྟེ། བླ་མའི་སྐུ་དྲུང་དུ་བཅལ་ནས་བཀའ་སློབ་ཟབ་རྒྱུས་ཞུས་ཟེར་བ་ལྟ་བུ།། དྲུང་ཡིག སྲིད་གཞུང་གི་ལས་ཁུངས་དང་བླ་དཔོན་ཆེན་པོའི་མདུན་དུ་ཡི་གེ་འབྲི་མཁན་ཏེ། ལས་ཁུངས་དྲུང་ཡིག སྐུ་སྒེར་གྱི་དྲུང་ཡིག དྲུང་ཡིག་ཆེན་མོ་ཟེར་བ་ལྟ་བུ།། ༡ དྲུང ཉེ་བ་དང་མདུན་ཞེས་པའི་ཞེ་ས་སྟེ། སྐུ་དྲུང། ཞབས་དྲུང་། ཕོ་བྲང་གི་སྒོ་དྲུང་དུ་སླེབས་པ་ཟེར་བ་ལྟ་བུ།། ༢ དྲུང རྩ་བ་སྟེ། སྡུག་བསྔལ་རྩ་བ་ནས་འབྱིན་པ་ལ་སྡུག་བསྔལ་དྲུང་ནས་འབྱིན་པ་ཟེར་བ་ལྟ་བུ།།

 སྒྲུང་གཏམ་སྒྲུང་དཔེར་ས་མགོ་ཡོད།།

སྒྲུང་གཏམ རབ་བཏགས་ཀྱི་གཏམ་རྒྱུད་བརྗོད་བྱར་བྱས་པའི་རྩོམ་ཡིག སྒྲུང་པ་གྲགས་ཅན་བསམ་གྲུབ་ཀྱིས་ཡི་གེ་འགའ་ཡང་མི་ཤེས་པར་སྒྲུང་གཏམ་པོ་ཏི་ཁག་བརྒྱ་ལྷག་ཙམ་བློ་ཐོག་ནས་བཤད་ཐུབ་ཟེར་བ་ལྟ་བུ།། སྒྲུང་དཔེ སྒྲུང་གཏམ་ཡི་གེ་འཁོད་པའི་དཔེ་ཆ་སྟེ། སྒྲུང་པ་བསམ་གྲུབ་ལགས་ཀྱིས་ཕབ་པའི་<<གེ་སར་རྒྱལ་པོའི་སྒྲུང>>འདོན་སྐྲུན་བྱས་ཟིན་པར་སྒྲུང་དཔེ་༤༠་ལྷག་དངོས་སུ་མཐོང་རྒྱུ་ཡོད་ཟེར་བ་ལྟ་བུ།། ༡ སྒྲུང སྒྲུང་གཏམ་མམ་སྒྲུང་དཔེ་ལའོ།། ༢ སྒྲུང (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ཆུ་ནང་དུ་སྦངས་ནས་འཇུ་བར་བྱས་པའི་དོན་ཏེ། སྣག་ཚ་སྒྲུང་གི་འདུག སྣག་ཚ་སྒྲུང་སྣོད་ཅེས་པ་ལྟ་བུ། ”བསྒྲུང”ནི་མ་འོངས་པ་སྟེ། བསྒྲུང་བྱའི་སྣག་ཚ་ཟེར་བ་ལྟ་བུ། “བསྒྲུངས”ནི་འདས་པ་སྟེ། འོ་མའི་ནང་ལ་རིན་ཆེན་རིལ་བུ་བསྒྲུངས་ཟེར་བ་ལྟ་བུ། ”སྒྲུངས”ནི་སྐུལ་ཚིག་སྟེ། རིལ་བུ་ཆུ་ཡི་ནང་དུ་སྒྲུངས་ཤིག་ཟེར་བ་ལྟ་བུ།།

  ཁྲོན་པ་བྲུས་པ་བ་བྲུས་དང་།།

བྲུས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག) ༡ སྔོག་པ་དང་འདྲུ་བ། རྐོ་བ་སྟེ། ཆུ་ཡུར་བྲུས་ནས་ཆུ་གཏོང་། ཆུ་ཡུར་བྲུས་ཤིག་ཟེར་བ་ལྟ་བུ། ”བྲུ”ནི་མ་འོངས་པ་སྟེ། ཁུང་བྲུ་བ་བྱ། བྲུ་བྱའི་ཁུང་ཟེར་བ་ལྟ་བུ། “འབྲུ”ནི་ད་ལྟ་བ་སྟེ། ས་འབྲུ་བཞིན་འདུག ཁྲོན་པ་འབྲུ་མཁན་ཟེར་བ་ལྟ་བུ། ༢ མཚང་དངོས་སུ་བཤད་པའི་དོན་ཏེ། ངོ་མཚང་བྲུས། མཚང་འབྲུ་བ། མཚང་བྲུས་ལྟ་བུ།།

  ས་ལ་དྲུས་པ་ད་དྲུས་ཡིན།།

དྲུས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)འབྲུ་བ་དང་རྐོ་བ་སྟེ། སྐྱོན་མཚང་དྲུས། ས་དོང་དྲུས་ཤིག་ལྟ་བུ། ”འདྲུ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ས་དོང་འདྲུ་འིན་ཡོད། འདྲུ་བྱའི་ས་དོང་ཟེར་བ་ལྟ་བུ།།

  ས་ལ་དྲུད་པ་ད་དྲུད་ཡིན།།

དྲུད (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)ས་ལ་སྦྱར་ནས་འཐེན་པ་སྟེ། རྟས་ཤིང་རྟ་དྲུད། ཤིང་སྡོང་དྲུད་ཅིག་ལྟ་བུ། “འདྲུད”ནི་མ་འོངས་པ་དང་ད་ལྟ་བ་སྟེ། འདྲུད་བྱའི་ཤིང་རྟ། ཤིང་འདྲུད་ཀྱིན་ཡོད་ཟེར་བ་ལྟ་བུ།།

  བརྩོན་འགྲུས་འགྲུས་ནི་ག་འགྲུས་སོ།།

བརྩོན་འགྲུས ལེ་ལོ་ཡི་ལྡོག་ཟླ་སྟེ། སེམས་བྱ་བ་བཟང་པོ་སྒྲུབ་པ་ལ་ལེ་ལོ་མེད་ཅིང་སྤྲོ་བས་འཇུག་པ། དགེ་བའི་སེམས་བྱུང་བཅུ་གཅིག་གི་ནང་ཚན་ཞིག དགའ་བ་ཆེ་དང་། འདོད་དོན་འདུན། སྤྲོ་བ་ཆེ། རྩོམ་པ་ཆེ་རྣམས་ནི་བརྩོན་འགྲུས་ཀྱི་མིང་གི་རྣམ་གྲངས་སོ།། འགྲུས བརྩོན་པའམ་འབད་པ་སྟེ། འགྲུས་ན་མི་འགྲུབ་གང་ཡང་མེད། ལས་དོན་གང་ལ་ཡང་འགྲུས་པ་གལ་ཆེ་ཟེར་བ་ལྟ་བུ།།

  མགྲིན་པའི་གྲེ་བ་ག་གྲེ་དང་།།

གྲེ་བ མགྲིན་པའི་ཨོལ་ཀྲོག་དང་མིད་པའི་མགོར་གནས་པའི་སྐད་ཀྱི་གདངས་དང་དབྱངས་ཀྱི་འགྱུར་ཁུག་འབྱུང་བའི་རྟེན་བྱེད་པ་ཞིག་སྟེ། དབུ་མཛོད་ལགས་ཀྱིས་གྲེ་སྐད་འབྱིན་བྱེད་དེ་ཡིན། དཔེར་ན། གྲེ་བ་བདེ་པོ། གྲེ་བ་འགགས་པ་ཟེར་བ་ལྟ་བུ།།

  འཇལ་བྱེད་བྲེ་ནི་བ་བྲེ་ཡིན།།

༡ བྲེ བོད་ཀྱི་ཤོང་ཚད་འཇལ་བའི་ཚད་གཞི་ཞིག་སྟེ། འདི་ལ་ཕུལ་དྲུག་ལ་བྲེ་གང་རྩིས་པའི་དྲུག་ཕུལ་ཟེར་བ་གཅིག་དང་། ཕུལ་བདུན་ལ་བྲེ་གང་རྩིས་པའི་བདུན་ཕུལ་ཟེར་བ་ཞིག་བཅས་མི་འདྲ་བ་གཉིས་ཡོད། བྲེ་ཉི་ཤུ་ལ་ཁལ་གཅིག་ཏུ་རྩིས། ཡང་རྩི་སྲོལ་གཅིག་ལ་ནས་འབྲུ་ཆེ་བ་གཉིས། འབྲིང་བ་གཉིས། ཆུང་བ་གཉིས་བཅས་བསྡོམས་པའི་དྲུག་ལ་ཁམ་ཚིག་གང་། ཁམ་ཚིག་དྲུག་ལ་སྟར་ཕུལ་གང། སྟར་ཕུལ་དྲུག་ལ་བྱ་སྒོང་གང་། བྱ་སྒོང་དྲུག་ལ་མཁར་ཕུལ་གང། མཁར་ཕུལ་དྲུག་ལ་མཁར་བྲེ་གང། མཁར་བྲེ་ཉི་ཤུ་ལ་མཁར་ཁལ་གང། དེ་དེང་སང་གི་རྒྱ་མ་ལ་རྩིས་ན་རྒྱ་མ་ཉི་ཤུ་རྩ་བརྒྱད་ཡོད།། ༢ བྲེ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) འགྲེམས་པ་དང་། བརྒྱངས་པ། སྤྲས་པ། ཕན་ཚུན་སྦྲེལ་བ་བཅས་ཀྱི་དོན་ཏེ། ཁང་པར་གློག་སྐུད་བྲེ་དགོས། གློག་སྐུད་བྲེ་མཁན། མེ་ཏོག་བྲེ་འིན་ཡོད་ཟེར་བ་ལྟ་བུ། “བྲེས”ནི་འདས་པ་དང་སྐུལ་ཚིག་སྟེ། ཀ་བ་ཕན་ཚུན་དབར་དུ་མེ་ཏོག་ཕྲེང་བ་བྲེས་པ། གློག་སྐུད་བྲེས་ཤིག་ཟེར་བ་ལྟ་བུ།།

  གྲོ་ཞིབ་གྲོ་མ་ག་གྲོ་དང་།།

གྲོ་ཞིབ གྲོ་ཞིབ་ཞིབ་བཏགས་པའི་ཕྱེ་མ་སྟེ། གྲོ་ཕྱེའང་ཟེར། དཔེར་ན། གྲོ་ཞིབ་བསྙལ་བ། གྲོ་ཞིབ་བརྫིས་ནས་མོག་མོག་བཟོས་ཟེར་བ་ལྟ་བུ།། གྲོ་མ ལོ་མང་སྐྱེ་ལ་ས་འོག་ན་གནས་པ། ཟས་སུ་ཟ་ཆོག་ལ་སྨན་བྱེད་ན་ནུས་པས་ཚ་འཁྲུ་གཅོད། གྲང་བ་ལ་གནོད། བོད་ཕག་རྣམས་ཀྱིས་སྣ་འཁོར་ལོ་ལྟ་བུ་དེས་ས་སློག་ནས་འདི་ཟ་བ་ཧ་ཅང་མཁས། དཔེར་ན། འབྲས་སིལ་དང་གྲོ་མ་མར་ཁུ་ཡི་གསོལ་ཚིགས་གཤོམ་ནས་སྐུ་མགྲོན་ལ་ཕེབས་བསུ་ཞུ་ཟེར་བ་ལྟ་བུ།། ༡ གྲོ འབྲི་རིགས་ཤིག་སྟེ། ཁམས་དཀར་མཛེས་སུ་དགུན་ཁ། ནས་དང་སྲན་མ་འདེབས་སྲོལ་མེད་ཀྱང་གྲོ་འདེབས་སྲོལ་ཡོད་ལ། དགུན་ཁ་འདེབས་པའི་གྲོ་ལ་དགུན་གྲོ་ཟེར།། ༢ གྲོ གྲོ་བོ་ཞེས་པའི་ཚིག་བསྡུས་ཏེ། རྟ་ཡི་སྤུ་ཁ་དཀར་ནག་འདྲེས་པའི་མདོག་གི་མིང། དཔེར་ན། རྟ་གྲོ་སྔོན་ཟེར་བ་ལྟ་བུ།།

  དྲོ་སྐྱིད་དྲོ་པོ་ད་དྲོ་འོ།།

དྲོ་སྐྱིད སེམས་དྲོ་ཞིང་སྐྱིད་པ་སྟེ། འཁྱག་དུས་ཉི་འོད་ལས་སྟེར་བའི་དྲོད་ཀྱི་ཚོར་སྣང་ལྟ་བུ། དཔེར་ན། དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཟེར་བ་ལྟ་བུ།། དྲོ་པོ གྲང་བའི་ལྡོག་ཟླ་སྟེ། ཉི་མ་དྲོ་པོ། གནམ་གཤིས་དྲོ་པོ། ཆུ་དྲོ་པོ། གོས་དྲོ་པོ། ལྷམ་དྲོ་པོ་ཟེར་བ་ལྟ་བུ།། ༡ དྲོ གྲང་བའི་ལྡོག་ཟླ་སྟེ། དྲོ་པོ་དང་འདྲ།། ༢ དྲོ དུས་སྟོན་པའི་ཚིག་གྲོགས་ཤིག་ཏེ། སྔ་དྲོ། ཕྱི་དྲོ། དགོང་དྲོ་ཟེར་བ་ལྟ་བུ།། ༣ དྲོ ལམ་དུ་འཁྱེར་རྒྱུའི་བཟའ་ཆས་ཏེ། དྲོ་ཁས་མ་འདངས་ན་དྲོ་སྣོན་རྒྱག་ས་དགོས་ཟེར་བ་ལྟ་བུ།།

  ཟས་གྱི་བྲོ་བ་འཁྲབ་བྱའི་བྲོ།།
  བ་བྲོ་ཡིན་པས་མ་ནིར་ཅིག།

བྲོ་བ ཟས་ཀྱི་རོ་སྟེ། ཟས་བྲོ་བ་ཞིམ་པོ་ཟེར་བ་ལྟ་བུ།། ༡ བྲོ ལུས་ཀྱི་གར་སྟབས་ཤིག་སྟེ། ཞབས་བྲོ་འཁྲབ་ཟེར་བ་ལྟ་བུ།། ༢ བྲོ མནའ། དཔེར་ན། མནའ་བསྐྱལ་བ་ལ་བྲོ་བོར་ཟེར་བ་ལྟ་བུ།། ༣ བྲོ ནད་ཀྱི་བརྡ་རྙིང་སྟེ། ནད་ཕོག་པ་ལ་བྲོ་འཚལ་བ་ཟེར་བ་ལྟ་བུ།། ༤ བྲོ ལམ་དུ་འགྲོ་དུ་བཟའ་བྱའི་ཟས་ཀྱི་མིང་སྟེ་ལམ་རྒྱགས་ཀྱང་ཟེར། དཔེར་ན། ལམ་རིང་ཐུང་གཉིས་ཀ་བྲོ་འཛིན་དགོས་ཟེར་བ་ལྟ་བུ།། ༥བྲོ འདོད་པའི་དོན་ཏེ། སྡོད་མི་འདོད་འགྲོ་འདོད་ཟེར་བ་ལ། སྡོད་མི་བྲོ་འགྲོ་བྲོ་ཟེར་བ་དང། དགོད་བྲོ་བ། ངུ་བྲོ་བ། སྐྱུག་བྲོ་བ་ཟེར་བ་ལྟ་བུ།། ༦ བྲོ སྣ་ལ་མྱོང་ཚོར་བྱུང་བ་སྟེ། དྲི་མ་བྲོ་བྱུང་། དྲི་ངན་བྲོ་ཟེར་བ་ལྟ་བུ།།

  གྲོག་རོང་གྲོག་མར་ཡང་འཇུག་མེད།།

གྲོག་རོང གཡང་གཟར་གྱི་ལུང་པ་ཁ་དབྲག་དོག་པོ་སྟེ། གྲོག་རོང་གཡང་གཟར་པོ་ཞིག་གི་ཁ་ནས་ཡིང་སྐབས་གློ་བུར་དུ་རྡོག་སྣ་ཐོགས་ཏེ་ཞྭ་མོ་ཡང་གཡང་ས་ནས་ཟག་ཟེར་བ་ལྟ་བུ།། གྲོག་མ འབུ་སྲིན་གྱི་རིགས་ཤིག་སྟེ། ས་སྐྱ་པཎ་ཌི་ཏས་འདི་ལ་མིག་མེད་པ་གསུངས།འབུ་སྲིན་འདི་ཤུགས་ཧ་ཅང་ཆེ་སྟེ། རང་གི་ལུས་ཚད་དང་མཉམ་པའི་གསེར་རྡོག་རྡོག་ཞིག་ཁུར་ཐུབ་སྐད། ལུས་ནི་མང་ཆེ་བ་ནས་འབྲུ་ཙམ་ལས་མེད་ཅུང་སྐེ་པ་ཧ་ཅང་ཕྲ།། ༡ གྲོག གྲོག་མ་ཡི་མིང་བསྡུས་པ་སྟེ། གྲོང་ཚང་ཟེར་བ་ལྟ་བུ།། ༢ གྲོག གྲོག་མོ་སྟེ། གད་འོབས་ཆུས་བཤལ་བའི་གཡང་རོང་ངམ་རི་སུལ། དཔེར་ན། གྲོག་གཡང་། གྲོག་གཟར་སོགས་རོང་གྲོག་མོ་སྟེ་གཡང་ས་གཟར་པོ།། ༣ གྲོ གློ་བུར་དུ་ཐོབ་པའི་ནོར་རྫས་དང་ཁེ་བཟང་སྟེ། ནང་སྔ་ལངས་བ་ལ་གྲོག་ཞིག་ཡོད། དགུང་འཕྱི་ཉལ་བ་ལ་གྱོང་ཞིག་ཡོད་ཟེར་བ་ལྟ་བུ།།

  གྲོགས་པོའི་གྲོགས་ལ་ཡང་འཇུག་ཡོད།།

༡ གྲོགས ཕན་ཚུན་སེམས་མཐུན་པའམ་ཕན་ཚུན་ཕན་པ་སྒྲུབ་མཁན་གྱི་མི་སྤུན་མཆོད་མ་ཡིན་པ་སྟེ། མི་སླུ་བ་མི་གྲོགས་ཀྱི་མཆོག་ཟེར་བ་ལྟ་བུ།། ༢ གྲོགས མཉམ་དུ་བྱ་བ་བྱེད་མཁན་གྱི་མི་སྟེ། འགྲོ་གྲོགས། འདུག་གྲོགས། ལས་གྲོགས་ཟེར་བ་ལྟ་བུ།། ༣ གྲོགས རོགས་དང་འདྲ་སྟེ། ལས་ཀ་ལས་གྲོགས་བྱས་ཟེར་བ་ལྟ་བུ།། ༤ གྲོགས འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་སྟེ། ས་བོན་ལ་ཆུས་གྲོགས་བྱས་ནས་སྙེ་མ་སྐྱེ་ཟེར་བ་ལྟ་བུ།།

  གྲོང་ཁྱེར་གྲོང་གསེབ་ག་གྲོང་དང་།།

གྲོང་ཁྱེར གཙོ་བོ་བཟོ་ལས་དང་ཚོང་ལས་སོགས་ལས་རིགས་མང་པོ་འཛོམས་པའི་སྡེ་སྟེ། རིགས་གནས་དར་རྒྱས་ཆེ་ལ་མི་འབོར་ཆེ་འདུས་སྡོད་བྱེད་སའི་ཡུལ། དཔེར་ན། གྲོང་ཁྱེར་ལྷ་ས་ལྟ་བུ་སྟེ། གྲོང་ཁྱེར་ལྷ་སའི་ཁོར་ཡུག་ནི་ད་ཆ་རྒྱ་ནག་གི་ཡུལ་ཀ་ལྟ་བུ་ཞིག་ཏུ་གྱུར་འདུག་ཟེར་བ་ལྟ་བུ།། གྲོང་གསེབ བཟོ་ལས་དང་ཚོང་ལས་སོགས་རིག་གནས་དར་རྒྱས་མི་ཆེ་ལ་གཙོ་བོ་ཞིང་ལས་བྱེད་པའི་ས་ཁུལ་ལམ་གྲོང་སྡེ། དཔེར་ན། གྲོང་གསེབ་པ་རྣམས་གྲོང་ཁྱེར་ནང་འགྲོ་ཟེར་བ་ལྟ་བུ།། གྲོང་ མི་ཚང་གང་མཚམས་ཤིག་མཉམ་དུ་ཆགས་པའི་སྡེ་སྟེ། བརྒྱ་གྲོང་། སྟོང་གྲོང་། གྲོང་སྟོད། གྲོང་སྨད་ཟེར་བ་ལྟ་བུ།།

  ཤི་བའི་གྲོངས་པར་ཡང་འཇུག་ཡོད།།

༡ གྲོངས ཤི་བའི་ཞེ་ས་སྟེ། མ་རྒན་དྲིན་ཆེན་དེ་གྲོངས་ནས་ལོ་གཅིག་མཆིས་སོང་ཟེར་བ་ལྟ་བུ།། ༢ གྲོངས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)བསོད་པའི་ཞེ་ས་སྟེ། མ་འོངས་པ་ལ་དགྲོང། ད་ལྟ་བ་ལ་འགྲོང། འདས་པ་ལ་བཀྲོངས་འབྲི།།

  གྲོས་མོལ་ག་གྲོས་རྗེས་འཇུག་ཆ།།

གྲོས་མོལ ཕན་ཚུན་བསམ་འཆར་བསྡུར་རུག་བྱེད་པའི་བྱ་སྤྱོད་དེ། གྲོས་ཚོགས་ཐོག་ཏུ་གྲོས་མོལ་གནང་ཟེར་བ་ལྟ་བུ།། གྲོས མི་གཉིས་ཡན་འདུས་ནས་ལས་དོན་ལ་བསམ་འཆར་བསྡུར་བའི་བྱ་སྤྱོད་ཀྱི་མིང་སྟེ། ངེད་གཉིས་གྲོས་བྱས། ཚོགས་འདུ་འཚོགས་ནས་དོན་གལ་ཆེ་གྲོས་བྱས། གྲོས་ཚོགས། གྲོས་འགོ་གླེང། གྲོས་བསྡུར་བྱས་ཟེར་བ་ལྟ་བུ།།

  ལུས་ཀྱི་གྲོད་པར་རྗེས་འཇུག་ད།།

གྲོད་པ ལུས་ཀྱི་ཕོ་བ་སྟེ། བློ་ཕྱི་གཏད་གྲོད་པ་ནང་གཏད་ཟེར་བ་ལྟ་བུ། རྒྱུན་དུ་གསུས་པ་ཞེས་པ་ལ་འཇུག་པ་ཆེ། གསུས་པ་ནི་གྲོད་ཁོག་དང་ལྟོ་བ་སྟེ། བྲང་རུས་མན་དང་བརླ་རྩ་ཡན་གྱི་ཁོག་པའི་མིང་།། ཉི་མའི་དྲོད་ནི་ད་དྲོད་དང་།། དྲོད ཉི་མ་སོགས་ཀྱི་ཚ་དྲོད་དེ། མེ་དྲོད། ཉི་དྲོད། ཚ་དྲོད། དཔྱིད་ཚེས་ནས་དྲོད་བབས། ཉི་མ་ཤར་ན་དྲོད་ལམ་ལམ་། དྲོད་གཤེར་ཟེར་བ་ལྟ་བུ།།

  བྲོས་བྱོལ་བྲོས་ནི་བ་བྲོས་ཡིན།།

བྲོས་བྱོལ གནོད་པ་སོགས་ལ་བྱོལ་ཆེད་བྲོས་ཏེ་ཡུལ་གཞན་དུ་སོང་བའི་བྱ་སྤྱོད་ཏེ། ཆབ་སྲིད་ཀྱི་གནོད་ཤུགས་འོག་ནས་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་ཟེར་བ་ལྟ་བུ།། བྲོས (བྱེད་མེད་ལས་ཚིག་འདས་པ)གནོད་པ་སོགས་ལ་བྱོལ་ཆེད་གནས་གཞན་ལ་སོང་བ་སྟེ། དགྲ་དམག་ཕམ་ནས་བྲོས། བྲོས་ཀྱང་མ་ཐར་ལྟ་བུ། ”འབྲོ”ནི་མ་འོངས་པ་སྟེ། རྒྱ་དམག་འབྲོ་སའི་ཕྱི་ལམ་བཅད་ལྟ་བུ། ”འབྲོས”ནི་ད་ལྟ་བ་སྟེ། འབྲོས་མཁན། སྤྱང་ཀི་འབྲོས་ཀྱིན་ཕྱི་མིག་བལྟས་ལྟ་བུ། ”ཕྲོས”ནི་སྐུལ་ཚིག་སྟེ། ཕྲོས་ཤིག་ལྟ་བུ། སྐུལ་ཚིག་ལ་བྲོས་འབྲི་བའང་ཡོད།།

  གྲོན་ཆུང་འགྲོ་གྲོན་ག་གྲོན་ནོ།།

གྲོན་ཆུང འགྲོ་སོང་ཆུང་བའམ་འགྲོ་གྲོན་ཆུང་བ་སྟེ། སྤྱི་རྒྱུ་ལ་གྲོན་ཆུང་བྱེད་དགོས་ཟེར་བ་ལྟ་བུ།། འགྲོ་གྲོན དོན་མེད་ཀྱི་འགྲོ་སོང་ངམ་རྒྱུ་ནོར་ཟད་སྒོ། དཔེར་ན། གདོང་ལ་བལྟས་ནས་འགྲོ་གྲོན་མ་གཏོང་ཟེར་བ་ལྟ་བུ།། ༡ གྲོན ཟད་པའམ་ཆུད་ཟོས་སུ་བཏང་བའི་དོན་ཏེ། སྤྱི་རྒྱུ་མ་གྲོན་ཟེར་བ་ལྟ་བུ།། ༢ གྲོན དོན་མེད་ཀྱི་འགྲོ་སྒོ་སྟེ། རེ་གྲོན། ཟས་གྲོན་ཟེར་བ་ལྟ་བུ།།

  གནད་འགག་འགག་སྒོར་སྔོན་འཇུག་འ།།

གནད་འགག གནད་དོན་གྱི་གལ་ཆེ་སའམ་འགག་སྒོ་སྟེ། རང་གི་སྐད་ཡིག་ལ་འགངས་ཆེ་དང་བདག་སྐྱོང་བྱེད་པ་དེ་གནད་འགག་ཧ་ཅང་ཆེ་ཟེར་བ་ལྟ་བུ།། ༡ འགག་སྒོ ས་མཚམས་ཀྱི་ཚོང་ཁྲལ་བསྡུ་ས་སྟེ། འགག་སྒོ་ནས་ཉེན་རྟོག་པས་དངོས་ཟོག་འཕྲོག་ཟེར་བ་ལྟ་བུ།། ༢ འགག་སྒོ གཞི་རྩ་ལ་ཐུག་པའི་དོན་གནད། ཆོལ་གསུམ་གཅིག་འགྱུར་ཡོང་མིན་ནི་བོད་མི་ཡར་རྒྱས་འགྲོ་མིན་གྱི་འགག་སྒོ་ཡིན་ཟེར་བ་ལྟ་བུ།། ༡ འགག མི་ཐར་བའམ་ཐར་མི་ཐུབ་པ་གྱུར་བ་སྟེ། འགྲོ་ལམ་དེ་འགག་ཚར་འདུག། ས་འོག་ཆུ་རྐ་འགག་པ་རྣམས་བཤངས་བ་ཟེར་བ་ལྟ་བུ།། ༢ འགག རྒྱུན་ཆད་པ་སྟེ། ཆུ་འགག སྲོོག་འགག་ཟེར་བ་ལྟ་བུ།། ༣ འགག དོག་སའི་མིང་སྟེ། རི་འགག ལུང་འགག འགག་དོག་པོ། འགག་སྒོ་ཟེར་བ་ལྟ་བུ།། ༤ འགག གལ་ཆེ་ས་དང་གནད་ཆེ་ས་སྟེ། གནད་འགག འགག་སྒོ་ཟེར་བ་ལྟ་བུ།།

  གལ་འགངས་འགངས་ནི་འ་འགངས་ཡིན།།

གལ་འགངས གལ་གནད་དང་རིན་ཐང་སྟེ། མི་རིགས་གཅིག་ལ་སྐད་ཡིག་ལས་གལ་འགངས་ཆེ་བ་ཞིག་མེད་ཟེར་བ་ལྟ་བུ།། འགངས གནད་དང་རིན་ཐང་སོགས་ཀྱི་མིང་སྟེ། འགངས་ཆེ། འགངས་ཆུང། དོན་འདི་ནི་འགངས་ཧ་ཅང་ཆེ། གནས་མཆོག་རྡོ་རྗེ་གདན་ནི་སངས་རྒྱས་ཆོས་ལུགས་པ་ཆ་ཚོའི་གནས་འགངས་ཆེན་ཞིག་ཡིན་ཟེར་བ་ལྟ་བུ།།

  རི་སྒང་སྒང་གཤོངས་ས་སྒོང་ལ།།

རི་སྒང རི་ཡི་སྟེང་གི་ས་བབས་མཐོ་ས་སྟེ། རི་སྒང་ནས་གཤོངས་སའི་བར་དུ་རྐང་ལམ་ཕྲ་མོ་ཞིག་ཡོད་ཟེར་བ་ལྟ་བུ།། སྒང་གཤོངས མཐོ་ཤིང་འབུར་བའི་ས་ལ་སྒང་དང་དམའ་ཤིང་ཁེབས་མཉམ་པའི་ས་ཆ་ལ་གཤོངས་ཟེར་ཏེ། སྒང་གཤོངས་མང་པོ་ཞིག་བརྒལ་ནས་ལྷ་སར་སླེབས་ཟེར་བ་ལྟ་བུ།། ༡ སྒང ས་ཆ་མཐོར་བའམ་འབུར་བ་སྟེ། མདོ་དབུས་མཐོ་སྒང། རི་སྒང། སྒང་གཤོངས་ཞེས་པ་ལྟ་བུ།། ༢ སྒང ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་བྱ་བ་དེ་བྱེད་པའི་དུས་ད་ལྟ་བུ་སྟེ། ཞིང་འདེབས་པའི་སྒང་། ལོ་ཏོག་འབྲེག་པའི་སྒང་ཟེར་བ་ལྟ་བུ།།

  ལྒང་བུ་ལྒང་བཞུ་ལ་ལྒང་ཡིན།།

ལྒང་བུ གཅིན་སྣོད་ལྒང་པ་སྟེ། མི་ཕྱུགས་སོགས་ཀྱི་ཁོག་པའི་སྣོད་དྲུག་གི་ཡ་གྱལ་ཞིག ཡར་སྣེ་ཡི་སྦུ་གུ་གཉིས་མཁལ་མ་དང་འབྲེལ་ཞིང། མར་སྣེ་ཡི་སྦུ་གུ་སྟུའམ་མཇེ་ལ་འབྲེལ་ནས་གཅིན་གསོག་ཅིང་གཅིན་ཕྱི་ལ་འདོར་བ་ཡིན།། ལྒང་བཞུ རླུང་ཡོལ་དབྱིབས་ལྒང་བུ་དང་འདྲ་བ་ཞིག་གི་ནང་སྦར་བའི་མེ་སྟེ། ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔའི་དགོང་མོ་རྗེ་ཙོང་ཁ་བ་ལ་རྗེས་དྲན་ཆེད་ལྒང་བཞུ་ལག་ཏུ་ཁུར་ནས་ཁྲོམ་གཞུང་དུ་ཁྲོམ་སྐོར་འགྲོ་ཟེར་བ་ལྟ་བུ།།

  གད་མོ་བགད་པ་བ་བགད་ཡིན།།

བགད (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ)སེམས་དགའ་བའི་རྣམ་པར་མངོན་ཞིང་སྤྲོ་བའི་སྐད་འབྱིན་པའི་དོན་ཏེ། བགད་བྱའི་གད་མོ། འཛུམ་བསྟན་ནས་བགད་ཟེར་བ་ལྟ་བུ། ”དགོད”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། དགའ་ནས་གད་མོ་དགོད་པ། གད་མོ་དགོད་མཁན། དགོད་ཅིག་ཟེར་བ་ལྟ་བུ།།

  ལོ་ན་རྒས་པ་ར་རྒས་ཡིན།།

རྒས (བྱེད་མེད་ལས་ཚིག་འདས་པ)མི་ཕྱུགས་སོགས་ཀྱི་ན་ཚོད་ཡོལ་བའི་དོན་ཏེ། ན་ཚོད་རྒས། ལུས་རྒས། རྒས་ཀྱང་ངར་ཤུགས་ཆེ་ལྟ་བུ། ”རྒ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། སྐྱེ་རྒ་ན་འཆི་ཞེས་པ་ལྟ་བུ།།

  འགན་འཁུར་འགན་སྲུང་འ་འགན་དང་།།

འགན་འཁུར ལས་ཀ་ཡི་འགན་ནམ་ཁུར་པོ་སྟེ། བློ་བཀལ་ཆོག་པའི་མི་ཞིག་ལ་འགན་འཁུར་དཀྲི་བ་ཟེར་བ་ལྟ་བུ།། འགན་སྲུང འགན་ལེན་པ། སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲིད་གཞུང་གིས་འགན་སྲུང་བྱེད་སྟངས་ཤེས་དགོས་ཟེར་བ་ལྟ་བུ།། འགན རང་ལ་བབས་པའི་ལས་ཀའམ་ལས་དོན་གྱི་ཁུར།།

  དགེ་རྒན་རྒན་རབས་ར་རྒན་ནོ།།

དགེ་རྒན སློབ་དཔོན་དང་། བླ་མ། ཡོངས་འཛིན་བཅས་ལའོ། དགེ་རྒན་ལ་དད་པ་མེད་ན་སློབ་སྦྱོང་ལ་ཡར་རྒྱས་མི་ཡོང་།། རྒན་རབས མི་རབས་རྒན་པ་སྟེ། རྒན་རབས་ལ་གུས་ཞབས་དང་ཕ་མ་ལ་བཀུར་སྟི་ཟེར་བ་ལྟ་བུ།།

  ལྕགས་སྒམ་ཤིང་སྒམ་ས་སྒམ་ཡིན།།

ལྕགས་སྒམ ལྕགས་ལས་བཟོས་པའི་གྱོན་པ་སོགས་འཇོག་སྣོད་ཀྱི་སྒམ་སྟེ། ལྕགས་སྒམ་ནང་དུ་སློབ་གྲྭའི་སྒྲིག་ཆས་ཆ་གཅིག་མཛོད་ཡོོད་ཟེར་བ་ལྟ་བུ།། ཤིང་སྒམ ཤིང་ལས་བཟོས་པའི་སྒམ་སྟེ། དངོས་རྫས་འཇོག་སྣོད་ཀྱི་ཤིང་སྒམ། དཔེར་ན། སྟག་ལྤགས་དང་གཟིག་ལྤགས་གོས་ཆེན་སོགས་ལ་རིན་གོང་ཆེ་པོ་སྤྲད་དེ་ཤིང་སྒམ་ནང་བཅུག་ནས་མི་ཚེ་སྤྲང་གོས་གྱོན་བཞིན་སྐྱལ་བ་ནི་གྱོན་གོས་ལ་ལོངས་སུ་སྤྱོད་མི་ཤིས་པའི་ངང་ཚུལ་ལས་ཕྱུག་པོའི་ཁྱད་ཆོས་ག་ལ་ཡིན་ཟེར་བ་ལྟ་བུ།། སྒམ ཅ་དངོས་མཛོད་སྣོད་ཅིག།།

  དགའ་སྤྲོ་དགའ་སྟོན་ད་དགའ་དང་།།

དགའ་སྤྲོ སེམས་དགའ་ཞིང་སྤྲོ་བ་སྟེ། རང་གི་མི་རིགས་འདེ་ཡར་རྒྱས་ཀྱི་རྣམ་པ་ཅན་དུ་མཐོང་བར་དགའ་སྤྲོ་ཚད་མེད་སྐྱེད་ཟེར་བ་ལྟ་བུ།། དགའ་སྟོན ཡིད་དགའ་འོས་པའི་གནས་དོན་ལ་དགའ་སྤྲོ་མཚན་ཕྱིར་སྟོན་མོ་བཤོམ་པ་སྟེ། སྨྲ་བརྗོད་རང་དབང་ཐོབ་པའི་གདའ་སྟོན་གྱི་ཉིན་མོ་སྲུང་རྩིས་ཞུ་བ་ཟེར་བ་ལྟ་བུ།། ༡ དགའ སེམས་སྐྱེད་པའི་དོན་ཏེ། ལོ་ཡག་བྱུང་བས་སེམས་པ་དགའ་ཟེར་བ་ལྟ་བུ།། ༢ དགའ ཤ་ཞེན་ཡོད་པའི་དོན་ཏེ། རང་གི་མི་རིགས་ལ་དགའ། རང་གི་ཆོས་དང་རིག་གཞུང་ལ་དགའ་ཟེར་བ་ལྟ་བུ།། ༣ དགའ འདོད་ཆགས་སྐྱེད་པའི་དོན་ཏེ། རྒྱུ་ལ་དགའ་དྲགས་ན་སེམས་མི་སྐྱིད་ཟེར་བ་ལྟ་བུ།། ༤ དགའ ཡག་པོ་དང་བཟང་པོ། འཇོན་པོ་བཅས་ལ་འཇུག་པ་སྟེ། ཆོས་དགའ་ན་སྡུག་བསྔལ་སེལ། ནོར་དགའ་ན་བེད་སྤྱོད་ཆེ། བུ་དགའ་ན་གཅིག་གིས་ཆོག་ཟེར་བ་ལྟ་བུ།།

  རྟ་སྒ་ཁལ་སྒ་ས་སྒ་ལ།།

རྟ་སྒ རྟ་ཐོག་ཏུ་བསྟད་རྒྱུ་ཡི་རྐུབ་བཙུགས་སའི་བཞོན་ཆས་ཏེ། རྟ་སྒ་བསྟད་པ། རྟ་སྒ་གསེར་སྒ་དངུལ་སྒ་ཟེར་བ་ལྟ་བུ།། ཁལ་སྒ ཁལ་འགེལ་ས་ཡི་སྒ། ཁལ་སྒ་གཡག་ལ་བསྟད་ནས་དོ་པོ་ར་ལ་མ་ཁོལ།། སྒ རྟ་དང་དྲེལ། བ་ལང། གཡག བོང་བུ་སོགས་ཀྱི་རྒྱབ་ལ་བསྟད་ནས་དོ་པོའམ་ཁལ་འགེལ་ས་ཡི་ཡོ་བྱད་ཞིག།།

  འགའ་ཤས་འགའ་ཞིག་འ་འགའ་ཡིན།།

འགའ་ཤས ལ་ལའམ་ཁག་ཅིག་སྟེ། རྒྱལ་ཁབ་འགའ་ཤས་ཀྱིས་རང་དབང་དུ་བསྡུས་པའི་རྒྱལ་ཁབ་གཞན་གྱི་མི་རིགས་ལ་རང་བཙན་སྤྲོད་བཞིན་ཡོད། གནས་ཚུལ་འགའ་ཤས་ཁྱེད་རང་གིས་མཁྱེན་མདོག་ཁ་པོ་རེད་ཟེར་བ་ལྟ་བུ།། འགའ་ཞིག འགའ་ཤས་ཤིག་སྟེ། ཁ་ཤས་ཤིག དཔེར་ན། ལག་རྩལ་འགའ་ཞིག་ལོབས་པ། གནས་ཚུལ་འགའ་ཞིག་ད་དུང་གསལ་པོ་ཆགས་མེད་ཟེར་བ་ལྟ་བུ།། ༡ འགའ གྲངས་ཁ་ཅུང་ཟད་ཉུང་བའི་དོན་ཏེ། མི་འགའ། རེ་འགའ། སྐབས་འགའ། འགའ་ཡང་ཟེར་བ་ལྟ་བུ།། ༢ འགའ རས་མཐུག་པོ་ཞིག་སྟེ། འཐུམ་བྱེད་དང་། གུར། རས་ཕད། གྲུ་གཡོར་སོགས་བཟོ་བྱེད་ཀྱི་རས་ཆ།།

  ལྕགས་བཟོ་མགར་བ་མ་མགར་དང་།།

མགར་བ ལྕགས་རིགས་ཀྱི་ཡོ་བྱད་བཟོ་མཁན་ཏེ། མགར་བ་རང་གི་རལ་གྲིས་བསད་ཟེར་བ་ལྟ་བུ།། མགར (བྱེད་འབྲེལ་ལས་ཚིག་འདས་མ་འོངས་ད་ལྟ་བ) ལྕགས་རིགས་བརྡུངས་ནས་ཡོ་བྱད་བཟོ་བའི་དོན་ཏེ། ལྕགས་ཀྱིས་གྲི་མགར་བ། མགར་བྱའི་ལྕགས། ”མགོར”ནི་སྐུལ་ཚིག་སྟེ། ལྕགས་ཀྱིས་གྲི་མགོར་ཟེར་བ་ལྟ་བུ།།

  དམག་སྒར་བཞུགས་སྒར་ས་སྒར་ཡིན།།

དམག་སྒར དམག་མི་གནས་སྡོད་བྱེད་སའི་ཁང་པ་དང་གུར་ཁྱུ་སྟེ། འཐབ་འཛིང་བྱས་ནས་དམག་སྒར་མང་པོ་གཏོར་རེས་བྱས་ཟེར་བ་ལྟ་བུ།། བཞུགས་སྒར ༡ འགྲུལ་པས་ལམ་དུ་བརྒྱབ་པའི་སྒར། ༢ སྔར་དམག་སྤྱི་རྣམས་ཕྱོགས་སུ་འགྲོ་སྐབས་སྡོད་གནས་ཁང་པའམ་གུར་སོགས།། ༡ སྒར དཔུང་སྡེ་སྟེ། སྒར་པ་དང་པོ་དང་སྒར་པ་བར་མ་ཟེར་བ་ལྟ་བུ།། ༢ སྒར ཕྱོགས་སུ་འགྲོ་བའི་སྡོད་གནས་གུར་དང་ཁང་ཁྱུ།།

  སྒལ་པ་སྒལ་ཚིགས་ས་སྒལ་ཡིན།།

སྒལ་པ མི་དང་སྲོག་ཆགས་ཀྱི་རྒྱབ་ངོས་ཀྱི་མིང་སྟེ། རྗེ་བཙུན་མི་ལས་སྲས་མཁར་དགུ་ཐོག་བརྩིགས་སྐབས་རྡོ་ཁུར་ནས་སྒལ་པ་བུག་གནང་མཛོད་ཟེར་བ་ལྟ་བུ།། སྒལ་ཚིགས མི་དང་དུད་འགྲོའི་རྒྱབ་ངོས་ནང་རུས་དབུས་མ་མཇིང་ཚིགས་དང་རྐེད་ཚིགས་བར་ན་ཚིགས་བཅུ་གཉིས་ཙམ་ཡོད་པ་དེ་ལ་སྒལ་ཚིགས་ཟེར། སྤྱི་མིའི་ལུས་ཁམས་ཧྲིལ་པོ་ལ་ཁྱོན་བསྡོམས་རུས་དུམ་ཉིས་བརྒྱ་བརྒྱད་ཅུ་གྱ་གཉིས་ཡོད། དེ་ཡི་ནང་ནས་མཇིང་ཚིགས་ལ་བདུན་དང་། སྒལ་ཚིགས་ལ་བཅུ་གཉིས། རྐེད་ཚིགས་ལ་ལྔ་བཅས་ཡོད།། སྒལ ལུས་ཀྱི་རྒྱབ་ངོས་མཇིང་པ་དང་རྐེད་པའི་བར་གྱི་མིང་།།

  ཁྲིམས་འགལ་རྒྱབ་འགལ་འ་འགལ་ལ།།

ཁྲིམས་འགལ ཁྲིམས་ལུགས་དང་མི་མཐུན་པའི་བྱ་སྤྱོད། དཔེར་ན། དུད་འགྲོའི་སྲོག་གཅོད་པ་དེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་ཡང་སངས་རྒྱས་པའི་ཆོས་ལུགས་ནང་ཁྲིམས་འགལ་ཡིན་ཟེར་བ་ལྟ་བུ།། རྒྱབ་འགལ མི་མཐུན་པ་སྟེ། དབུས་སྲིད་གཞུང་གཡས་ཐལ་ཆ་བས་མི་རིགས་དང་མི་རིགས་བར་རྒྱབ་འགལ་དུ་སོང་བ་ཟེར་བ་ལྟ་བུ།། འགལ ཕན་ཚུན་མི་མཐུན་པ་གནས་པ་སྟེ། ལྷན་གཅིག་མི་གནས་འགལ་དང་། ཕན་ཚུན་སྤངས་འགལ། ཚོད་མའི་གནོད་འགལ་ཟེར་བ་ལྟ་བུ།།

  ཆུ་སོགས་རྒལ་བ་ར་རྒལ་ཡིན།།

རྒལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ལ་ལུང་ཆུ་བོ་སོགས་ཀྱི་ཕ་རོལ་ཚུ་རོལ་ལ་འགྲོ་བའི་དོན་ཏེ། བོད་དམག་ཚོས་རི་ལུང་བཙན་གྱིས་རྒལ། ”བརྒལ”ནི་མ་འོངས་པ་དང་འདས་པ་སྟེ། ལ་ལུང་མང་པོ་བརྒལ་ནས་ལྷ་སར་གནས་འཇལ་དུ་སོང་། བརྒལ་བྱའི་ཆུ་བོ་ཟེར་བ་ལྟ་བུ། ”རྒོལ”མི་སྐུལ་ཚིག་སྟེ། ཆུ་བོ་འདི་རྒོལ་ཅིག་ཟེར་བ་ལྟ་བུ། ༢ ཚད་ལས་འདས་པའི་དོན་ཏེ། གསོ་རིག་ཡོན་ཏན་གཡུ་ཐོག་པ་ལས་བརྒལ། རྣམ་རིག་བཀྲ་བ་ཕལ་པའི་མི་ལས་བརྒལ་ལྟ་བུ། ༣ ཆུའི་ནང་དུ་སོང་བའི་དོན་ཏེ། རྟ་བོ་ཆུ་ནང་དུ་བརྒལ་ལྟ་བུ།།

  སེམས་ལ་མགུ་པ་མ་མགུ་དང་།།

མགུ ཡིད་སེམས་ཚིམ་པ་སྟེ། དགའ་མགུ་ཡི་རང་སྐྱེས། དགའ་ཞིང་མགུ་བ། སློབ་མ་རྣམས་མགུ་པར་བྱས་ཟེར་བ་ལྟ་བུ།།

  གྲངས་ཀ་དགུ་ནི་ད་དགུ་ཡིན།།

༡ དགུ གྲངས་ཀ”༩”འདི་ལ་དགུ་ཟེར།། ༢ དགུ མང་པོའམ་ཐམས་ཅད་དེ། མི་ལས་དགུ་ལས། མི་བཤད་དགུ་བཤད། ཡོད་དགུ། འདོད་དགུ་ཟེར་བ་ལྟ་བུ།།

  ཉིན་དགུང་དགུང་ལོ་ད་དགུང་ངོ།།

ཉིན་དགུང ཉིན་མོ་ཡི་དཀྱིལ་ལམ། ཉིན་མོ་ཡི་ཆུ་ཚད་༡༢་ཡན་མན་གྱི་དུས་ཚད་ལ་ཟེར། ཉིན་དགུང་ཞལ་ལག་ཐུགས་ལ་བབས་པ་ཨེ་བྱུང་ཟེར་བ་ལྟ་བུ།། དགུང་ལོ མི་ཡི་ལོ་གྲངས་ཀྱི་ཞེ་ས་སྟེ། གཞོན་ཉམས་དོད་ཀྱང་དགུང་ལོ་མཐོན་པོ་ཡིན་ཟེར་བ་ལྟ་བུ།། ༡ དགུང དཀྱིལ། དཔེར་ན། ཉིན་དགུང། མཚན་དགུང། ནམ་མཁའི་དགུང་ཟེར་བ་ལྟ་བུ།། ༢ དགུང གནམ། དཔེར་ན། དགུང་ཨ་སྔོན་ཟེར་བ་ལྟ་བུ།། ༣ དགུང ལོ་ཡི་ཞེ་ས་སྟེ། དགུང་ལོ། དགུང་གྲངས་ཟེར་བ་ལྟ་བུ།།

  དབྱར་དགུན་དགུན་ནི་ད་དགུན་ཡིན།།

དབྱར་དགུན དབྱར་ཀ་དང་དགུན་ཁ་སྟེ། དབྱར་དགུན་སྟོན་དཔྱིད་བཞི་ནི་དུས་བཞི་ཡིན་ཟེར་བ་ལྟ་བུ།། དགུན དགུན་ཁ་སྟེ། བོད་ཟླ་དགུ་པའི་ཚེས་དགུ་བཅུ་ཙམ་ནས་བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་རྩ་དྲུག་ཙམ་གྱི་བར་གྱི་དུས་ཚད་ལ་དགུན་ཁ་ཟེར།།

  ཤིང་དོག་རྒུན་འབྲུམ་ར་རྒུན་ནི།།

རྒུན་འབྲུམ ཤིང་ཏོག་དང་ཤིང་སྨན་གྱི་རིགས་ཤིག དུས་པས་གློ་གཅོང་དང་གློ་ཚད་སེལ། དབུགས་མི་བདེ་བ་དང་། སྐད་འགག་པ། བྱིས་པའི་གློ་འཁུན་སོགས་ལ་ཕན། བཟོ་ལྟ་བ་ཡི་དུ་མགོ་དང་འདྲ་ལ་ཆེ་ཆུང་མཛུབ་ཆེ་ཡི་མགོ་ནས་ཐེ་འུ་ཆུང་གི་མགོ་མི་བར་ཡོད། མདོག་ནི་རྒྱ་སྨུག་ཡིན་ལ་ཚོས་གཞི་རྒྱ་སྨུག་ལ་རྒུན་འབྲུམ་མདོག་ཟེར་བའང་ཡོད།།

  གཡོ་འགུལ་ལས་འགུལ་འ་འགུལ་དང་།།

གཡོ་འགུལ གཡོ་ཞུང་འགུལ་སྐྱོད་བྱེད་པ་སྟེ། སེམས་ལ་གཡོ་འགུལཐེབས་པ། གཡོ་འགུལ་གཏོང་མི་ཐུབ་བ་ཟེར་བ་ལྟ་བུ།། ལས་འགུལ ཆབ་སྲིད་དང་། རིག་གནས་ཐོན་སྐྱེད་སོགས་ཀྱི་དམིགས་ཡུལ་ཡོད་ལ། མང་ཚོགས་ཀྱི་རང་བཞིན་ལྡན་པའི་བྱ་བཞག་རྒྱ་ཆེ་ཙམ་ཞིག་སྟེ། ཨ་མདོ་ལྷ་མོ་དོན་འགྲུབ་ནི་འཛམ་གླིང་གི་ཞི་བདེ་ཆེད་དུ་ལས་འགུལ་རྒྱ་ཆེ་སྤེལ་མཁན་གྱི་རླབས་ཆེ་མི་སྣ་ཞིག་གོ་ཟེར་བ་ལྟ་བུ།།

  མགྲིན་པའི་མགུལ་ནི་མ་མགུལ་ཡིན།།

མགུལ མགྲིན་པའམ་སྐེ་ཡི་ཞེ་ས་སྟེ། སྐེ་དཀྲིས་ལ་མགུལ་ཆིངས་ཟེར་བ་དང་། མགུལ་ཕྲེང་དོ་ཤལ་ལྟོ་བའི་བར་དུ་འཕྱང་ཟེར་བ་ལྟ་བུ།།

  དགེ་སྐྱོན་དགེ་ནི་ད་དགེ་དང་།།

དགེ་སྐྱོན ཕན་གནོད་གཉིས་སམ་ལེགས་ཉེས་གཉིས་ཏེ། དགེ་སྐྱོན་གཉིས་ཕན་གནོད་འདྲེན་ཚུལ་ལེགས་པ་བརྟགས་ནས་ལེགས་ཉེས་འབྱེད་དགོས་ཟེར་བ་ལྟ་བུ།། ༡ དགེ བཟང་པོའམ་ལེགས་པའི་ཆ་སྟེ། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་བརྩོན་བཞིན་མི་ཚེ་སྤྱོད་ན་ཧ་ཅང་སྐྱིད་ཟེར་བ་ལྟ་བུ།། ༢ དགེ དགེ་བ་སྟེ། རྣམ་སྨིན་དཀར་བའི་རིགས་སུ་གནས་པ། དཔེར་ན། དགེ་བ་བཅུ་སྟེ། སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ། ལོག་གཡེམ་མི་བྱེད་པ་རྣམས་ལུས་གྱི་དགེ་བ་གསུམ་དང་། བདེན་པར་སྨྲ་བ་དང་། ཕྲ་མ་མི་བྱེད་པ། ཚིག་འཇམ་པོ་སྨྲ་བ། ངག་མི་འཆལ་བ་སྟེ། ངག་གི་དགེ་བ་བཞི་དང་། གཞན་ནོར་ལ་ཆགས་སྲེད་མི་བྱེད་པ་དང་གཞན་ལ་གནོད་སེམས་མི་སྐྱེད་པ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་པ་སྟེ་ཡིད་ཀྱི་དགེ་བ་གསུམ་སྟེ་བསྡོམས་པའི་བཅུའོ།།

  ཁང་པའུ་སྒེའུ་ཁུང་ས་སྒེ་ཡིན།།

སྒེའུ་ཁུང ཁང་པའི་ལོགས་སུ་བཟོས་པའི་གསལ་འོད་དང་རླུང་ཡོང་སའི་དཀར་ཁུང་སྟེ། རྒྱུན་པ་ཁང་པའི་སྒེའུ་ཁུང་ཕྱེ་ནས་སྡོད་ན་ལུས་པོའི་འཕྲོད་བསྟེན་ལ་ཕན་ཟེར་བ་ལྟ་བུ།།

  དགོང་མོ་དགོང་ཚོགས་ད་དགོང་དང་།།

དགོང་མོ ཕྱི་དྲོ་བྱ་ཉལ་ལ་མི་མ་ཉལ་བའི་བར་གྱི་དུས་ཏེ། དགོང་མོ་དགོན་པའི་ཁོར་ཡུག་གང་ས་གྲྭ་པ་རྣམས་དཔེ་ཆ་སྐྱོར་བཞིན་གདའ་ཟེར་བ་ལྟ་བུ།། དགོང་ཚོགས དགོང་མོའི་དུས་སུ་ཆེད་དམིགས་ཀྱི་དོན་ཞིག་བྱེད་ཆེད་འདུས་པའི་ཚོགས་ཏེ། དགོང་ཚོགས་རང་སྦྱོང་སྐངས་ངས་བོད་ཡིག་ཁོ་ན་ཀློག་ནས་སྡོད་ཟེར་བ་ལྟ་བུ།། དགོང ཕྱི་དྲོ་ཡི་མིང་སྟེ། དགོང་ཆས། དགོང་ཇ། དགོང་དུས། དགོང་དྲོ། དགོང་ག དོ་དགོང། མདང་དགོང། དགོང་མལ། དགོང་འདེབས་ཟེར་བལྟ་བུ།།

  དགོངས་ཞུ་ཐུགས་དགོངས་ཡང་འཇུག་ཡོད།།

དགོངས་ཞུ དགོངས་པ་ཞུ་བ་སྟེ་གནང་བ་ཞུ་བ། དགོང་ཆོས་ར་ལ་དགོངས་ཞུ་ཡི་གེ་གཏོང་བ་ཡིན་ཟེར་བ་ལྟ་བུ།། ཐུགས་དགོངས བསམ་མནོ་ཡི་ཞེ་ས་སྟེ། སྐུ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་དེ་ལ་བདག་ཡིད་སྨོན་སྐྱེད་ཟེར་བ་ལྟ་བུ།། དགོངས དགོངས་པ་སྟེ། བསམ་བློ་གཏོང་བའམ་སེམས་པའི་ཞེ་ས།།

  ལམ་གྱི་འགྲུལ་པ་ག་འགྲུལ་དང་།།

འགྲུལ་པ ཕྱོགས་སུ་འགྲོ་མཁན་དང་ཕྱོགས་ནས་ཡོང་མཁན་ནང་མི་མ་ཡིན་པ་སྟེ། ཁྲམ་གཞུང་ན་འགྲུལ་པ་རྣམ་འཚང་ག་ཆེ། ངའི་ཁྱིམ་མཚེས་ཀྱི་ནང་དུ་འགྲུལ་པ་ཞིག་འབྱོར་འདུག་ཟེར་བ་ལྟ་བུ།། འགྲུལ ལམ་དུ་སྐྱོད་པའམ་འགྲོ་བའི་དོན།།

  སྲོག་ཆགས་སྦྲུལ་ནི་བ་སྦྲུལ་ལོ།།

༡ སྦྲུལ སེམས་ཅན་ལྟོ་འགྲོ་ཞིག་སྟེ། འདིའི་ལུས་ཐག་པའི་གཟུགས་དང་འདྲ་ལ། མིག་གིས་སྒྲ་ཐོས་པ་ནང་པའི་དཔེ་བདེ་ཁག་ལས་གསུངས་ཤིང། རིགས་ཧ་ཅང་མང་བ་དང་། ཁ་ན་དུག་ཡོད་པ་དང་མེད་པ་གཉིས་ཡོད་ལ། རྐང་ལག་སོགས་མི་མངོན་ཞིང་ལྟོ་འགྲོ་བྱེད་ནས་འགྲོ།། ༢ སྦྲུལ ལོ་འཁོར་བཅུ་གཉིས་ཀྱི་བཅུ་པའོ།། འདི་ལ་ལོ་འཁོར་བཅུ་གཉིས་ཀྱི་དྲུག་པ་ཞེས<<དག་ཡིག་གསར་བསྒྲིགས>>ལས་བཤད་ལ་དེ་ནི་འདུལ་བའི་ལུགས་སུ་མངོན་ཏེ། འདུལ་བའི་ལུགས་ལ་ལོ་ནི་ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ནས་འགོ་འཛུགས་པ་དང་། ཚེས་ཀྱང་ཚེས་ཚེས་བཅུ་དྲུག་ནས་འགོ་འཛུགས་ནས་ཚེས་གཅིག་གཉིས་ཞེས་བགྲང་དགོས་པའོ།།

  བྱ་རྒོད་ས་རྒོད་རྟ་རྒོད་མ།།
  མི་རྒོད་ལ་སོགས་ར་མགོ་ཡོད།།

བྱ་རྒོད རོ་ཟ་བའི་བྱ་ཆེན་པོ་ཞིག་ཏེ། རྒྱུན་པ་དུར་ཁྲོད་དུ་འཔོར་ནས་མི་རོ་ཟ་ལ་མི་རྣམས་ཀྱིས་རོ་བཤལ་ནས་བྱ་འདི་ལ་གསོ། འདི་ལ་ཤ་ཡི་སྤྱན་རྗེས་མཐུན་པ་ཡོད་སྐད། མདོ་ན་མི་རྟ་སོགས་ཀྱི་རོ་གང་དུ་སྐྱལ་ཡང་བྱ་འདི་ཡུལ་དེར་བསླེབ་འོང་།། ས་རྒོད རྨོ་འདེབས་མི་བྱེད་ནས་ཡུན་རིང་སོང་བའི་ས་ཆ་སྟེ། བེད་མེད་ས་རྒོད་དེ་དག་རྨོ་འདེབས་བྱེད་དགོས་ཟེར་བ་ལྟ་བུ།། རྟ་རྒོད རང་གཤིས་རྩུབ་པའམ་མ་དུལ་བའི་རྟ་གྱོང་པོ་སྟེ། སེམས་པ་རྟ་རྒོད་འཕྱོ་འཕྱོ་བྱེད་ན་སློབ་སྦྱོང་ཡག་པོ་མི་ཡོང་ཟེར་བ་ལྟ་བུ།། ༡ མི་རྒོད ནག་ཁྲོད་དུ་སྡོད་པའི་མིར་འདྲ་བའི་སེམས་ཅན་དགོང་དང་གཟུགས་པོ་ལ་སྤུ་ནག་པོ་སྐྱེས་པ། དུད་འགྲོ་དང་འདྲ་པའི་བླུན་རྨོངས། རང་གཤོས་ཧ་ཅང་རྩུབ་པོ་ཞིག།། ༢ མི་རྒོད མི་རང་གཤིས་རྩུབ་པོ་སྟེ། མི་རྒོད་མཉམ་གཤིབས་དང་། རྟ་རྒོད་མཉམ་རྒྱུག་ཟེར་བ་ལྟ་བུ།། ༡ རྒོད རང་གཤིས་རྩུབ་པོ།། ༢ རྒོད བྱ་རྒོད་དེ། ཐང་དཀར་རམ། ཐང་དཀར་རྒོད་པོའམ་ཟེར།། འགྲུལ་པའི་ལམ་རྒྱགས་ཤ་རྒྱགས་པ།། ཡང་འཇུག་ཡོད་ལ་སྔོན་འཇུག་མེད།། ལམ་རྒྱགས འགྲུལ་པ་ལམ་དུ་འགྲོ་སྐབས་ཀྱི་ཟ་ཆས་ཏེ། བྱེས་སུ་འགྲོ་སྐབས་ལམ་རྒྱགས་འདང་ངེས་ཞིག་འཁྱེར་དགོས་ཟེར་བ་ལྟ་བུ།། ༡ རྒྱགས་པ ལུས་ཤ་ཚོན་ཆེ་བ་སྟེ། མི་ཤ་རྒྱགས་པ་དེ་ཚོ་ནི་ཟས་ཀྱི་ནུས་ཤུགས་མང་པོ་ལུས་ལ་རག་ཀྱང་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་གཏོང་མ་ཐུབ་པས་ཚིལ་ཆགས་ཏེ་རྒྱགས་པ་རེད།། དེས་ན་ལས་མེད་དུ་སྡོད་ན་རྒྱགས་པ་ཆགས་ངེས་ཡིན།། ༢ རྒྱགས་པ ཁེངས་དྲེགས་དང་ང་རྒྱལ་གྱི་རྣམ་པ་ཅན། ཉེ་ཉོན་ཉི་ཤུ་ཡི་ནང་ཚན། རང་ལ་གཟུགས་གཤིས་དང་ལོངས་སྤྱོད་ཕྲན་བུ་ཡོད་པ་ཙམ་གྱིས་མི་ཡི་མདུན་དུ་རྒྱགས་པའམ་འགྱིངས་པ་བྱེད་མི་རུང་ཟེར་བ་ལྟ་བུ།། ༡ རྒྱགས ཤ་ཚོན་པོ་སྟེ། མི་རྒྱགས་པ། ཕག་རྒྱགས་པ་ཟེར་བ་ལྟ་བུ།། ༢ རྒྱགས བཟའ་བཅའི་རིགས་ཏེ། ལམ་རྒྱགས། ཕུགས་རྒྱགས། རྒྱགས་རང་འཁུར་ཟེར་བ་ལྟ་བུ།། ༣ རྒྱགས (བྱེད་མེད་ལས་ཚིག་ད་ལྟ་བ) ཟས་ཀྱིིས་ངོམས་པ་སྟེ། གྲོད་ཁོག་རྒྱགས་ཆེ་བ། རྒྱ་མཚོ་བཏུངས་ཀྱང་མི་ངོམ། རི་བོ་བཟས་ཀྱང་མི་རྒྱགས་ཟེར་བ་ལྟ་བུ། ”བརྒྱགས”ནི་འདས་པ་སྟེ། གྲོད་ཁོག་བརྒྱགས་སོང་ཟེར་བ་ལྟ་བུ། ”བརྒྱག”ནི་མ་འོངས་པ་སྟེ། གྲོད་ཁོག་བརྒྱག་གི་རེད་དམ་ཟེར་བ་ལྟ་བུ།།

  གཡོ་སྒྱུ་སྒྱུ་མ་ས་སྒྱུ་དང་།།

༡ གཡོ་སྒྱུ རང་སྐྱོན་སྦ་ཤིང་གཞན་མགོ་སྐོར་བའི་བསམ་སྦྱོར་ཏེ། གཡོ་སྒྱུ་མེད་པའི་མི་བཟང་པོ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེ་ཟེར་བ་ལྟ་བུ།། ༢ གཡོ་སྒྱུ ‘གཡོ’ནི་རྙེད་བཀུར་བྱེད་མཁན་ཡོང་ཕྱིར་རང་གི་ཉེས་པ་སྦ་བའི་ཐབས་འཚོལ་བའི་སེམས་བྱུང་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས། ཉེ་ཉོན་ཉི་ཤུ་ཡི་ནང་ཚན། ‘སྒྱུ’ནི་རྙེད་བཀུར་བྱེད་མཁན་ཡོང་ཕྱིར་རང་ལ་ཡོན་ཏོན་མེད་བཞིན་དུ་ཡོད་ཁུལ་བྱེད་པའི་རྣམ་པ་ཅན་གྱི་སེམས་འདིད་ཆགས་དང་གཏི་རུག་གི་ཆར་གཏོགས། ཉེ་ཉོན་ཉི་ཤུ་ཡི་ནང་ཚན།།

  ནང་ཁྲོལ་རྒྱུ་མ་ར་རྒྱུ་ཡིན།།

རྒྱུ་མ ཁོག་པའི་ནང་ན་ཡོད་པའི་ཡར་སྣེ་ཕོ་བ་དང་མར་སྣེ་ལོང་ག་ལ་འབྲེལ་བའི་ཟས་འཇུ་བྱེད་དང་དྭངས་མ་རྣམས་རང་རང་གི་ས་ལ་འདྲེན་ཞིང་རྒྱུ་བ་བྱེད་པའི་ལས་ཅན། དབྱིབས་ནར་ནར་རིང་པོ་ཡིན་པ་ཞིག དཔེར་ན། ནང་ཁྲོལ་རྒྱུ་མ་ཕུ་འདེད་ཟེར་བ་ལྟ་བུ།། ༡ རྒྱུ འགྲོ་བའམ་སོང་བའི་དོན་ཏེ། རི་དྭགས་རྒྱ་བའི་ལམ། རླུང་གི་རྒྱུ་ལམ་ཟེར་བ་ལྟ་བུ།། ༢ རྒྱུ ནོར་རྫས་ཀྱི་སྤྱི་མིང་སྟེ། སྤྱི་རྒྱུ། རྒྱུ་རྫས། གཞུང་གི་རྒྱུ། མྱི་རྒྱུ་དང་རང་རྒྱུ་ཟེར་བ་ལྟ་བུ།། ༣ རྒྱུ འབྲས་བུ་དེ་དང་དེ་འབྱུང་བ་ལ་ཕན་འདོགས་པའི་སྔོན་འགྲོའི་ཆ་རྐྱེན་ཏེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་ཟེར་བ་ལྟ་བུ།། ༤ རྒྱུ སྤུས་ཀ་ཡི་མིང་སྟེ། གྱོན་པ་འདི་རྒྱུ་ཡག། ལྷམ་འདི་རྒྱུ་སྡུག་ཟེར་བ་ལྟ་བུ།། ༥ རྒྱུ མ་འོངས་པ་སྟོན་བྱེད་ཀྱི་ཚིག་གྲོགས་ཤིག་སྟེ། ལས་འགོ་འཛུགས་རྒྱུ་ཡིན། ཁ་ལག་ཟ་རྒྱུ་ཡིན་ཟེར་བ་ལྟ་བུ།།

  སྒྱུར་བཅོས་ཡིག་སྒྱུར་ས་སྒྱུར་དང་།།

སྒྱུར་བཅོས ལམ་ལུགས་དང་ངོ་བོ་རྣམ་པ་སོགས་བརྗེ་བ་སྟེ། སྤྱི་ཚོགས་དང་སྟུན་ནས་ལམ་ལུགས་རྙིང་པ་རྣམ་སྒྱུར་བཅོས་བྱེད་དགོས་ཟེར་བ་ལྟ་བུ།། ཡིག་སྒྱུར ཡི་གེ་ཡི་ནང་དོན་རྣམས་ཡིག་རིགས་གཅིག་ནས་ཡིག་རིགས་གཞན་ཞིག་གི་ནང་དུ་ཕར་ཕབ་པ་སྟེ། ཚན་རིག་གི་དཔེ་ཆ་རྣམས་བོད་ཡིག་ཏུ་ཡིག་སྒྱུར་བྱེད། ནང་དོན་རིག་པའི་གཞུང་ལུགས་རྣམས་དབྱིན་ཡིག་ཏུ་ཡིག་སྒྱུར་བྱེད་ཟེར་བ་ལྟ་བུ།། སྒྱུར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ ལམ་ལུགས་དང་ངོ་བོ་རྣམ་པ་སོགས་ལ་འགྱུར་ལྡོག་འབྱུང་དུ་འཇུག་པའི་དོན་ཏེ། ས་ཞིང་གི་སྒྱུར་བའི་ལས་འགུལ། རྐྱེན་ངན་གྲོགས་སུ་སྒྱུར། གཏེར་རྡོ་བཞུས་ནས་ལྕགས་སུ་སྒྱུར། རས་ཀྱི་མདོག་སྒྱུར་བྱེད་ཟེར་བ་ལྟ་བུ། ”བསྒྱུར”ནི་མ་འོངས་པ་དང་འདས་པ་སྟེ། བསྒྱུར་བྱའི་ལམ་ལུགས། སྒེར་དབང་ལམ་ལུགས་བསྒྱུར་ནས་དམངས་གཙོའི་ལམ་ལུགས་བཙུགས་ལྟ་བུ། ༢ གྲངས་ཀ་ཞིག་གྲངས་ཀ་གཞན་ཞིག་གི་རྡབ་གྲངས་སུ་རྩི་བའི་དོན་ཏེ། དྲུག་གིས་གསུམ་བསྒྱུར་ན་བཅོ་བརྒྱད་ཡིན་ལ་གསུམ་ནི་བསྒྱུར་བྱ་དང་། དྲུག་ནི་སྒྱུར་བྱེད་ཡིན་ཟེར་བ་ལྟ་བུ། ༣ དབང་དུ་བསྡུས་པའི་དོན་ཏེ། དབང་བསྒྱུར་བྱས། དབང་དུ་སྒྱུར་མཁན་ཟེར་བ་ལྟ་བུ།།

  འབྱུང་འགྱུར་ཉམས་འགྱུར་འ་འགྱུར་ཡིན།།

༡ འབྱུང་འགྱུར རྗེས་སུ་ཡོང་རྒྱུ་སྟེ། མ་འོངས་པའི་བྱ་བ་དང་དངོས་པོ། འབྱུང་འགྱུར་བོད་ཀྱི་མདུན་ལམ་ལ་ཐུགས་ཁུར་བཞེས་མཁན་ཟེར་བ་ལྟ་བུ།། ༢ འབྱུང་འགྱུར འབྱུང་བ་ས་ཆུ་མེ་རླུང་བཞུ་ཡི་འགྱུར་བ་ལས་བྱུང་བའི་དངོས་པོ་སྟེ། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡང་བ། གྲང་བ་དང་བཀྲེས་པ། སྐོམ་པ་སོགས་ལྟ་བུ་འོ།། ཉམས་འགྱུར བསམ་བློ་ཡི་འཆར་སྒོ་ལ་འགྱུར་བ་ཞེས་བྱ་ལ་དེ་ཉིད་ལུས་ངག་གི་རྣམ་འགྱུར་ལས་ཐོན་པ་ལ་ཉམས་ཞེས་ཟེར་རོ། དཔེར་ན། གཞས་མ་དེས་ཆགས་པའི་ཉམས་འགྱུར་སྣ་ཚོགས་སྟོན་ཏེ་སྐྱེ་བོ་རྣམས་ཀྱི་སེམས་བཀུག་ཐབས་བྱེད་ཟེར་བ་ལྟ་བུ།། འགྱུར (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ངོ་བོ་དང་རྣམ་པ་སྔ་དང་མི་འདྲ་བར་འཕོ་བ་སྟེ། སྟོན་ཁར་ཤིང་གི་ལོ་མ་སེར་བོར་འགྱུར། གོས་འགྱུར་ཡང་སེམས་མི་འགྱུར་ཟེར་བ་ལྟ་བུ། ”གྱུར”ནི་འདས་པ་སྟེ། ལྕོང་མོ་སྦལ་བར་གྱུར་ཟེར་བ་ལྟ་བུ།།

  མི་རྒྱུད་རིགས་རྒྱུད་རྗེས་འཇུག་ད།།

མི་རྒྱུད སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མ་བར་མ་འཆད་པའི་མི་ཡི་རྒྱུད་པ་སྟེ། གྲྭ་པ་ཨ་ནེ་མང་ན་མི་རྒྱུད་ཆད། མཛོ་དང་མཛོ་མོ་མང་ན་ཟོག་རྒྱུད་ཆད་ཟེར་བ་ལྟ་བུ།། རིགས་རྒྱུད སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མར་བར་མ་འཆད་པ་འོང་བའི་རིགས་ཀྱི་རྒྱུད་པ་སྟེ། ནུབ་ལ་དྭགས་ནས་ཤར་མདོ་ཁམས་བར་ས་ཕྱོགས་མི་གཅིག་ཁ་ཁ་ཡིན་ཡང་རིགས་རྒྱུད་གཅིག་པའི་སྤུན་ཟླ་ཡིན་ཟེར་བ་ལྟ་བུ།། ༡ རྒྱུད སྐུད་པ་སྟེ། གཞུ་རྒྱུད། སྒྲ་སྙན་རྒྱུད་གསུམ་མ། ཕྲེང་རྒྱུད་ཟེར་བ་ལྟ་བུ།། ༢ རྒྱུད ཡུལ་ཕྱོགས་སམ་ས་ཁུལ་ཏེ། ཆུ་རྒྱུད། རི་རྒྱུད། ས་རྒྱུད། གྲོང་ཁྱེར་གྱི་ཉེ་རྒྱུད་ཟེར་བ་ལྟ་བུ།། ༣ རྒྱུད རིགས་རུས་ཏེ། རུས་རྒྱུད། ཁྲག་རྒྱུད། རྟ་རྒྱུད་ཟེར་བ་ལྟ་བུ།། ༤ རྒྱུད སྔ་ཕྱི་བར་མི་འཆད་པའི་དཀྱུས་སམ་སྟར་གཅིག་པ་སྟེ། སྐྱེ་རྒྱུད། ལུས་རྒྱུད། སེམས་རྒྱུད། ལུ་གུ་རྒྱུད་ཟེར་བ་ལྟ་བུ།། ༥ རྒྱུད གསང་སྔགས་དང་དེའི་གཞུང་རྣམས་ཏེ། མདོ་རྒྱུད། ཕ་རྒྱུད། མ་རྒྱུད་ཟེར་བ་ལྟ་བུ།།

  ལོ་རྒྱུས་ལམ་རྒྱུས་རྗེས་འཇུག་ས།།

ལོ་རྒྱུས སྔོན་བྱུང་གནས་ཚུལ་གྱི་བྱུང་རབས་ཏེ། མིའི་རིགས་ཀྱི་ལོ་རྒྱུས། ལོ་རྒྱུས་ཐོར་བུ། ལོ་རྒྱུས་ཤུལ་རྙིང། ལོ་རྒྱུས་ཐོག་བྱུང་མ་མྱོང་བ་ཟེར་བ་ལྟ་བུ།། ལམ་རྒྱུས ས་ཆ་དེ་དང་འགྲོ་ལམ་དེ་ཡི་ཆ་རྒྱུས་སམ་གོམས་འདྲོས་ཏེ། མདོ་དབུས་ཁམས་གསུམ་གྱི་ས་རྒྱུས་ལམ་རྒྱུས་ཚང་མ་ང་ལ་ཡོད་ཟེར་བ་ལྟ་བུ།། ༡ རྒྱུས གོམས་འདྲོས་ཏེ། མཚན་ཉིད་རིག་པ་བ་འདེ་ནང་དོན་རིག་པ་ལ་རྒྱུས་མངའ་ཆེ་བ་ཐག་ཆོད། ཚན་རིག་པ་འདི་དངོས་ཁམས་ལ་རྒྱུས་ཆེ་བ་ཐག་ཆོད་ཟེར་བ་ལྟ་བུ།། ༢ རྒྱུས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) བུ་གར་དང་ཨི་ཁུང་ནང་དུ་སྐུད་པ་སོགས་འཇུག་པའི་དོན་ཏེ། ཁབ་མིག་ལ་སྐུད་པ་རྒྱུས་ཤིག་ཟེར་བ་ལྟ་བུ། ”བརྒྱུད”ནི་འདས་པ་སྟེ། མུ་ཏིག་བསྟར་ལ་བརྒྱུས། ཁབ་མིག་ལ་བརྒྱུས་པའི་སྐུད་པ་ཟེར་བ་ལྟ་བུ། ”བརྒྱུ”ནི་མ་འོངས་པ་སྟེ། བརྒྱུ་བྱའི་སྐུད་པ། ཁབ་མིག་ལ་སྐུད་པ་བརྒྱུ་དགོས་ཟེར་བ་ལྟ་བུ། ”རྒྱུ”ནི་ད་ལྟ་བ་ཏེ། ཁབ་མིག་ལ་སྐུད་པ་རྒྱུ་མཁན་ཟེར་བ་ལྟ་བུ།།

  སྒྲ་གདངས་སྒྲ་སྙན་ས་སྒྲ་དང་།།

སྒྲ་གདངས སྐད་ཀྱི་ང་རོ། སྒྲ་ཡི་འགྱུར་ཁུག་སྟེ། སྐད་མཐོན་པོ་དང་སྒྲ་དག་པོ། ཚིག་གསལ་པོ་བཅས་གསུམ་ཚང་ན་མི་དེའི་སྒྲ་གདངས་ལེགས་ཅེས་ཟེར་ཆོག་ཟེར་བ་ལྟ་བུ།། སྒྲ་སྙན རྒྱུད་སྐུད་དང་ལྡན་པའི་རོལ་ཆ་སྟེ། རྒྱལ་པོ་ཡུལ་འཁོར་སྲུང་གིས་གཞན་གྱི་སྨྲ་བ་ནི་ཕྱག་གི་སྒྲ་སྙན་བརྒྱུད་ནས་གོ་དགོས་པའོ་ཟེར་བ་ལྟ་བུ།། ༡ སྒྲ རྣ་ཤེས་ཀྱིས་ཉན་བྱ་སྟེ། རྔ་སྒྲ། ཆུ་སྒྲ། རླུང་སྒྲ། སྒྲ་ཆེན་པོ་ཞིག་གྲགས་ཟེར་བ་ལྟ་བུ།། ༢ སྒྲ ཐ་སྙད་དང་ཡི་གེའི་མིང། དཔེར་ན། དགག་སྒྲ། འབྲེལ་སྒྲ། སྒྲ་རིག་པ། སྒྲ་བཤད་ཟེར་བ་ལྟ་བུ།།

  དགྲ་བོའི་དགྲ་ནི་ད་དགྲ་ཡིན།།

དགྲ་བོ སེམས་སུ་གནོད་སེམས་འཛིན་མཁན་གྱི་ཕས་རྒོལ། དོན་མེད་གླགས་འཚོལ་གྱི་དགྲ་བོ། ཐབས་ཀྱིས་བསྐྱངས་ན་དགྲ་བོ་ཡང་གཉེན་དུ་འགྱུར།། དགྲ གནོད་འཚེ། དཔེར་ན། སྤྱང་ཀིས་ལུག་ལ་དགྲ་བཟོ། གཞན་ལ་དགྲ་མ་བཟོ་ཟེར་བ་ལྟ་བུ།།

  འདེམས་སྒྲུག་སྒྲུག་ནི་ས་སྒྲུག་དང་།།

འདེམས་སྒྲུག མང་པོའི་ནང་ནས་གདམ་སྟེ་ཉར་ཚགས་བྱེད་པའམ་གདམ་བསྐོས་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། སློབ་གྲྭའི་རྒན་བདག་འདེམས་སྒྲུག་བྱེད་ཟེར་བ་ལྟ་བུ།། སྒྲུག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ཡར་ལེན་པའི་དོན་ཏེ། ལམ་དུ་བུད་ཤིང་སྒྲུག་བཞིན་འགྲོ་ལྟ་བུ། ”བསྒྲུགས”ནི་འདས་པ་ཏེ། ས་ལ་ཐོར་བའི་ཅ་དངོས་རྣམས་ཡར་བསྒྲུགས་ནས་ལྕོག་ཙེ་སྟེང་དུ་བཞག་ཟེར་བ་ལྟ་བུ། ”བསྒྲུག”ནི་མ་འོངས་པ་ཏེ། བྱེའུས་བསྒྲུག་བྱའི་འབུ་སྲིན་ཟེར་བ་ལྟ་བུ། ”སྒྲུགས”ནི་སྐུལ་ཚིག་སྟེ། ཅ་དངོས་རྣམས་ཡར་སྒྲུགས་ཟེར་བ་ལྟ་བུ།།

  འབྲུག་སྐད་འབྲུག་པ་འ་འབྲུག་ཡིན།།

འབྲུག་སྐད གློག་གདགས་སྲིབ་བམ་ཕོ་གློག་དང་མོ་གློག་གི་རིགས་ལྡན་པའི་སྤྲུན་ཕུང་གཉིས་ཉེ་བར་གྱུར་སྐབས་སུ་གློག་འཁྱུགས་པ་ལ་བརྟེན་ནས་བྱུང་བའི་སྒྲ་ཆེན་པོ་དེའི་མིང་སྟེ། <<འཇེག་རྟེན་གདགས་པ>>ཞེས་བྱ་བའི་བསྟན་བཅོས་སུ། ཡང་ཅིའི་ཕྱིར་གློག་འབྱུང་ཞེ་ན། ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཚ་བ་དག་ལྡང་སྟེ། དེ་དག་ཕན་ཚུན་ཐུག་པ་གློག་འབྱུང་སྟེ་ཞེས་དང་། <<རྒྱལ་པོ་བཀའ་ཐང>>ལས་ཀྱང། མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས། དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས། འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག་དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས། དཔེ་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན་ཞེས་གསུངས་སོ། དེས་ན་ནང་པ་དང་ཚན་རིག་པ་གཉིས་ཀས་འབྲུག་ཞེས་པ་སེམས་ཅན་ཞིག་ཡིན་པ་མི་བཞེས།། འབྲུག་པ རིགས་རུས་བོད་དུ་གཏོགས་པའི་ནང་པའི་རྒྱལ་ཁབ་ཆུང་ཆུང་ཞིག་སྟེ། སྐད་ཀྱི་རྨང་གཞི་བོད་སྐད་དང་ཡི་གེའང་བོད་ཡིག་ཡིན།། ༡ འབྲུག དམངས་ཁྲོད་ཀྱི་བཤད་སྲོལ་ལ་གནམ་ལ་འཕུར་ཤིང་ཆུ་ལ་རྐྱལ་ཐུབ་པའི་སྲོག་ཆགས་ཤིག་ཏུ་འདོད་ཀྱང་དོན་དངོས་སུ་ནང་པ་དང་ཚན་རིག་པ་གཉིས་ཀས་སྲོག་ཆགས་དེ་ཡོད་པར་ཁེས་ལེན་གྱིན་མེད།། ༢ འབྲུག ལོ་འཁོར་བཅུ་གཉིས་ཀྱི་ནང་གི་ལྔ་པ་དང་དགུ་པ་རྩི་ཚུལ་གཉིས་ཡོད་པར། འདུལ་བའི་ལུགས་ལ་ལྔ་པ་དང་། ཕལ་ཆེ་རྒྱལ་པའི་ལུགས་ལ་དགུ་པ་ཡིན་ནམ་སྙམ་སྟེ་དཔྱད།།

  མིང་ཚིག་འགྲེལ་བཤད་མིང་གཞི་ག།།

འགྲེལ་བཤད དོན་ཞིབ་ཏུ་བཀྲལ་བའི་བཤད་པ་སྟེ། ཚིག་དོན་འགྲེལ་བཤད་ཀྱི་ཡིག་འབྲུ་ཁ་སྣོན་ཟེར་བ་ལྟ་བུ།། འགྲེལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)མིང་ཚིག་གམ་གཞུང་དོན་གོ་སླ་བའམ་གསལ་བར་བྱེད་པ་སྟེ། གཞུང་དོན་འགྲེལ་མཁན། མཆན་འགྲེལ། དཀའ་འགྲེལ། ཚིག་འགྲེལ། དོན་འགྲེལ་ཞེས་པ་ལྟ་བུ། ”བཀྲལ”ནི་འདས་པ་སྟེ། གཞུང་དོན་གོ་དཀའ་བ་རྣམས་བཀྲལ་ནས་གོ་བདེ་བར་བྱས་ཟེར་བ་ལྟ་བུ། ”དགྲོལ”ནི་མ་འོངས་པ་སྟེ། ཚིག་དོན་གོ་དཀའ་བ་རྣམས་དགྲོལ་དགོས། དགྲོལ་བྱའི་དཀའ་གནད་ཅེས་པ་ལྟ་བུ། ”ཁྲོལ”ནི་སྐུལ་ཚིག་སྟེ། གཞུང་གི་དཀའ་གནད་རྣམས་ཁྲོལ་ཅིག་ཟེར་བ་ལྟ་བུ།།

  མཉམ་དུ་འབྲེལ་བར་མིང་གཞུ་བ།།

༡ འབྲེལ ཕན་ཚུན་མཐུད་པ་སྟེ། བོད་རྒྱ་གཉིས་ས་མཚམས་འབྲེལ་ཟེར་བ་ལྟ་བུ།། ༢ འབྲེལ ཕན་ཚུན་བརྟན་པ་སྟེ། གཅིག་ཤིས་ལྡོག་ན་གཅིག་ཤིག་ལྡོག་དགོས་པ་སྟེ། མེད་དང་དུ་བའི་འབྲེལ་བ་ལྟ་བུ། བརྟན་སའི་མེ་ལྡོག་ན་དེ་ལ་བརྟན་པའི་དུ་བ་ལྡོག་དགོས་པ་ལྟ་བུའོ།།

  ཞེ་འགྲས་འཁོན་འགྲས་མིང་གཞི་ག།།

ཞེ་འགྲས ཞེ་ལྡོག་པའམ་མི་དགའ་བར་གྱུར་བ་སྟེ། སྤྱོད་ངན་མཐོང་ནས་ཞེ་འགྲས་པ་ཟེར་བ་ལྟ་བུ།། འཁོན་འགྲས ཞེ་འཁོན་ཞིང་འགྲས་པ་སྟེ། མི་དགའ་ཤིང་གཏོང་ནད་ཉལ་བ། དཔེར་ན། ངས་མི་སུ་ལའང་འཁོན་འགྲས་འཛིན་པ་མི་འདོད་ཟེར་བ་ལྟ་བུ།། གླང་ཆེན་གླང་གོག་ག་གླང་དང་།། གླང་ཆེན སྐམ་ས་གནས་པའི་སྲོག་ཆགས་ཆེ་ཤས་ཏེ། རྣ་བ་ཆེ་ལ་མིང་ཆུང་བ་དང་། སྣ་ཧ་ཅང་རིང་བ་མ་ཟད་སྣས་ལས་ཀ་མང་པོ་བྱེད་ཅིང་མཆེ་བ་རིང་པོ་དང་ལྡན་པ་ཞིག། གླང་ཆེན་གྱི་མཆེ་བ་ནི་བ་སོ་ཡིན།། གླང་གོག བ་ལང་ཕོ་སྟེ། དོ་པོ་འགེལ་སའི་ཕྱུགས་རིགས་བཟང་པོ་ཞིག།། ༡ གླང བ་ལམ་ཕོ། གློང་གོག་དང་འདྲ།། ༡ གླང ལོ་འཁོར་བཅུ་གཉིས་ཀྱི་ནང་ཚན་འདུལ་བའི་ལུགས་ཀྱི་གཉིས་པ་དང་ཕལ་ཆེ་རྒྱལ་པོའི་ལུགས་ཀྱི་དྲུག་པ་ཡིན།།

  བླང་བྱ་བླང་དོར་བ་བླང་ཡིན།།

༡ བླང་བྱ ཚུར་ལེན་པ་བྱ་བ་སྟེ། བླང་བྱའི་བུ་ལོན་རྣམས་སྡོམ་རྩིས་བྱེད་ཟེར་བ་ལྟ་བུ།། ༢ བླང་བྱ བྱེད་འོས་རང་གིས་སྦྱོང་འོས་གྱི་བྱ་བའམ་ཡོན་ཏན་ཏེ། དགེ་མཚན་དང་ལྡན་པའི་བྱ་བ། དཔེར་ན། བླང་བ་བླ་ན་མེད་པ་ནི་གཞན་རྒྱུད་ཀྱི་ཡོན་ཏན་ནོ་ཟེར་བ་ལྟ་བུ།། བླང་དོར ཚུར་བླང་བ་བྱ་བ་དང་ཕར་དོར་བ་བྱ་བ་སྟེ། སྐྱོན་དང་ཡོན་ཏན་གཉིས་ལའོ། དཔེར་ན། བློ་གྲོས་ཀྱི་མིག་གིས་བླང་དོར་གྱི་དབྱེ་བ་འབྱེད་ཟེར་བ་ལྟ་བུ།། བླང (བྱེད་འབྲེལ་ལས་ཚིག་མ་འོངས་པ) ༡ ལག་ཏུ་འཛིན་པའམ་འཁྱེར་བའི་དོན་ཏེ། དཔེ་ཆ་ལག་ཏུ་བླང་བ་བྱ། བླང་བྱའི་དཔེ་ཆ་ཞེས་པ་ལྟ་བུ། ”ལེན”ནི་ད་ལྟ་བ་སྟེ། དཔེ་ཆ་ལེན་མཁན། ལེན་གྱིན་འདུག་ཟེར་བ་ལྟ་བུ། ”ལོངས”ནི་སྐུལ་ཚིག་སྟེ། དཔེ་ཆ་ལོངས་ཤིག་ཟེར་བལྟ་བུ། ”བླངས”ནི་འདས་པ་སྟེ། དཔེ་ཆ་ལག་ཏུ་བླངས་ནས་འདོན་ཟེར་བ་ལྟ་བུ། ༢ བློ་ལ་ངེས་པར་བྱས་པའམ་ཁོང་དུ་ཆུད་པར་བྱེད་པའི་དོན་ཏེ། གདམས་ངག་བླངས། ཉམས་སུ་ལེན་དགོས། ཉམས་མྱོང་ལོངས་ཤིག་ཟེར་བ་ལྟ་བུ། ༣ ཐོབ་པར་བྱེད་པ་དང་དབང་བར་བྱེད་པའི་དོན་ཏེ། རྒྱལ་ཁ་བླང་བར་བྱ། བུ་ལོན་ལེན་པ་ཟེར་བ་ལྟ་བུ། ༤ ཕྱི་ལ་ཕྱུང་བའམ་ཕྱིར་བཏོན་པའི་དོན་ཏེ། གཏེར་ཁ་ནས་གཏེར་རྡོ་བླང། ས་འོག་ནས་རྡོ་སྣུམ་བླངས་ལྟ་བུ། ༥ དམ་བཅས་པའམ་ཁས་འཆེ་བའི་དོན་ཏེ། ཁས་བླང་བ་བྱ། ཁས་ལེན་མཁན། ཁས་མ་བླངས། ཁས་ལོངས་ཤིག་ཟེར་བ་ལྟ་བུ། ༦ གླུ་ཚིག་དབྱངས་སུ་གྱེར་བ་སྟེ། གླུ་བླངས། གླུ་ལོངས་ཤིག་ཟེར་བ་ལྟ་བུ།། ༼ང༽

  བང་མི་མངགས་པ་མ་མངགས་དང་།།

མངགས (བྱེད་འབྲེལ་ལས་ཚིག་འདས་པ)ལས་བཅོལ་བྱས་ནས་བྱ་བ་བྱེད་དུ་བཅུག་པའི་དོན་ཏེ། ལན་སྐྱེལ་མཁན་མི་གཅིག་མངགས་ཟེར་བ་ལྟ་བུ། ”མངག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། མངག་བྱའི་མི། མི་སྣ་མངག་མཁན་ཟེར་བ་ལྟ་བུ། ”མངོགས”ནི་སྐུལ་ཚིག་སྟེ། མི་གཅོག་མངོགས་ཤིག་ཟེར་བ་ལྟ་བུ།།

  བསྔགས་བརྗོད་བསྟོད་བསྔགས་ས་བསྔགས་ཡིན།།

བསྔགས་བརྗོད བཟང་ཆའམ་ཡོན་ཏན་གྱི་ཆ་བརྗོད་པ་སྟེ། མེས་པོའི་རྒྱལ་ཁབ་ཀྱི་རླབས་ཆེན་ལོ་རྒྱུས་ལ་བསྔགས་བརྗོད་འབུལ་ཟེར་བ་ལྟ་བུ།། བསྟོད་བསྔགས ཆེ་བ་བརྗོད་ནས་བསྟོད་ར་གཏོང་ཤིང་ཡོན་ཏན་བརྗོད་ནས་བསྔགས་པ་སྟེ། སློབ་སྤྱི་མཆོག་གིས་སློབ་མ་བཀྲ་ཤིས་སེམས་རྒྱུད་དྲང་ལ་བརྩོན་འགྲུས་ཅན་ཞིག་རེད་བཅས་བསྟོད་བསྔགས་གནང་སོང་ཟེར་བ་ལྟ་བུ།། བསྔགས (བྱེད་འབྲེལ་ལས་ཚིག་འདས་པ)མིིི་དང་བྱ་དངོས་ཀྱི་བཟང་ཆ་བཤད་པའི་དོན་ཏེ། བཟང་པོར་བསྔགས་ཤིང་ངན་པར་སྨད་ཟེར་བ་ལྟ་བུ། ”བསྔག”ནི་མ་འོངས་པ། ”སྔག”ནི་ད་ལྟ་བ། ”སྔོགས”ནི་སྐུལ་ཚིག་ཡིན།།

  དངངས་སྐྲག་དངངས་འཚབ་ད་དངངས་སོ།།

དངངས་སྐྲག གློ་བུར་དུ་དབུགས་དངངས་དགོས་ཀྱི་འཇིགས་སྐྲག་སྟེ། བསང་ལམ་དུ་ཇག་པ་དང་ཐུག་སྟེ་དངངས་སྐྲག་སྐྱེས་ཟེར་བ་ལྟ་བུ།། དངངས་འཚབ གློ་བུར་དུ་དབུགས་དངངས་དགོས་ཀྱི་འཚབ་འཚུབ་བམ་བྲེལ་ཟིང་སྟེ། ཁོང་གོས་ལས་ཀ་དེ་དྲན་པ་དང་དངངས་འཚབ་བྱེད་བཞིན་རང་ཁྱིམ་དུ་ལོག་ཟེར་བ་ལྟ་བུ།། དངངས གློ་བུར་དུ་དབུགས་འཚངས་པ།།

  སྟེར་བའི་རྔན་པ་ར་རྔན་ནོ།།

རྔན་པ བྱ་དགའ་འམ་གསོལ་རས་ཏེ། ཨ་མས་སྟེར་བའི་རྔན་པ་ཟེར་བ་ལྟ་བུ།། རྔན (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ བསླུ་བའི་ཆེད་དུ་རྒྱུ་དངོས་སྤྲོད་པ་སྟེ། དངུལ་གྱིས་རྔན་པ་བྱེད་ཟེར་བ་ལྟ་བུ། ”བརྔན”ནི་འདས་པ་དང་མ་འོངས་པ་སྟེ། ལྐོག་བརྔན་བྱ། ལྐོག་བརྔན་བྱས་ཟེར་བ་ལྟ་བུ། ”རྔོན”ནི་སྐུལ་ཚིག་སྟེ། རྒྱུ་ནོར་གྱིས་མི་ངན་རྔོན་ཤིང་ཟེར་བ་ལྟ་བུ།།

  འདོད་རྔམ་ཟིལ་རྔམ་ར་རྔམ་ཡིན།།

འདོད་རྔམ འདོད་ཡོན་ལ་རྔམ་པ་སྟེ། འདོད་ཞེན་ཆེན་པོའམ་ཧམ་པ་བྱེད་པའི་བྱ་སྤྱོད་ཀྱི་མིང་། དཔེར་ན། གཞན་རྒྱུ་ལ་འདོད་རྔམ་བྱེད་མི་རུང་ཟེར་བ་ལྟ་བུ།། ཟིལ་རྔམ གཟོལ་བརྗིད་དེ། ཕ་རོལ་ཟིལ་གྱིས་གནོན་པའི་རྔམ་སྟབས་སྟོན་པ་ལ་ཟིལ་རྔམ་སྟོན་ཟེར་བ་ལྟ་བུ།། རྔམ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཧམ་པ་བྱེད་པའམ་འཇིགས་སུ་རུང་བ་བྱེད་པ་སྟེ། དགྲ་ལ་རྔམ་མཁན། རྔམ་པའི་ང་རོལ་སྒྲོག ཟས་ནོར་ཡིད་དུ་འོང་བ་ལ་རྔམ་པ་ཟེར་བ་ལྟ་བུ། ”བརྔམས”ནི་འདས་པ་སྟེ། དགྲ་ལ་བརྔམས་པའི་ང་རོ་སྒྲོག རྒྱུ་ལ་བརྔམས་ནས་རང་སྲོག་ཤོར་ཟེར་བ་ལྟ་བུ། ”བརྔམ”ནི་མ་འོངས་པ་སྟེ། བརྔམ་བྱའི་རྒྱུ་དངོས། དགྲ་ལ་བརྔམ་ཟེར་བ་ལྟ་བུ། “རྔོམས”ནི་སྐུལ་ཚིག་སྟེ། རྔོམས་ཤིག་ཟེར་བ་ལྟ་བུ།། མངའ་ཁོངས་མངའ་ཐང་མངའ་འབངས་དང་།། ཐུགས་ལ་མངའ་བ་མ་མངའ་ལ།། མངའ་ཁོངས དབང་ཚད་ཀྱིས་ཁྱབ་ཁོངས་ཏེ། བོད་ཀྱི་མངའ་ཁོངས་སུ་ཆོལ་ཁ་གསུམ་ཡོད་ཟེར་བ་ལྟ་བུ།། མངའ་ཐང སྟོབས་འབྱོར་དང་དབང་ཐང་སྟེ། སྟོབས་འབྱོར་མངའ་ཐང་ཡར་ངོའི་ཟླ་བཞིན་འཕེལ། མངའ་ཐང་ལོངས་སྤྱོད་དཔྱིད་ཀྱི་དཔལ་ལ་འགྲན་ཟེར་བ་ལྟ་བུ།། མངའ་འབངས དབང་ཚད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་འབངས་སམ་མི་སེར་ཏེ། བོད་ལྗངས་ཆོལ་ཁ་གསུམ་ན་ཡོད་པའི་མངའ་འབངས་ཡོད་ཚད་ཟེར་བ་ལྟ་བུ།། ཐུགས་ལ་མངའ ཐུགས་ལ་ཡོད་པའམ་སེམས་ལ་ངེས་པ་སྟེ། ཐུགས་ལ་མངའ་བའི་ཡོན་ཏན། འབངས་མི་སེར་རྣམས་ཀྱི་སྐྱིད་སྡུག་ཐུགས་ལ་མངའ་བ་ཟེར་བ་ལྟ་བུ།། མངའ ཡོད་པ། ལྡན་པ། གསལ་བ། དབང་བ། བཅས་ཀྱི་ཞེ་ས་སྟེ། སྲས་གསུམ་མངའ། སྐུ་འཁྲུལ་བ་མི་མངའ། ཐུགས་ལ་མངའ། མི་ཡི་མངའ་བདག་ཟེར་བལྟ་བུ།། གྲངས་ཀྱི་ལྔ་ནི་ལ་ལྔ་དང་།། ལྔ གྲངས་ཀའི་ཨང་གྲངས”༥”འདི་དང་མཚུངས་པ་སྟེ། དཔེར་ན། དཔེར་ན་ལག་གསས་པའི་མཛུབ་མོའི་གྲངས་ནི་ལྔ་ཡིན། བཞི་ལ་གཅིག་བསྣན་ན་ལྔ་ཡིན་ཟེར་བ་ལྟ་བུ།།

  རྡུང་བའི་རྔ་ནི་ར་རྔ་ཡིན།།

༡ རྔ དབྱུ་གུས་བརྡུང་ན་སྒྲ་འབྱིན་པའི་རོལ་མོ་ཞིག་སྟེ། ཕལ་ཆེ་ཟོ་བའི་དབྱིབས་ལྟ་བུ་ཁོག་སྟོང་གི་ཁ་ཀོ་པགས་ཀྱིས་གཡོགས་ཡོད། དེར་རྔ་བོ་ཆེ་དང་ལག་རྔ། རྐེད་རྔ། མགྲིན་རྔ་སོགས་ཡོད།། ༢ རྔ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཟོར་བས་གཅོད་པ་སྟེ། ནས་རྔ་མཁན། གྲོ་རྔ་བྱེད་ཟོར་བ་ཟེར་བ་ལྟ་བུ། ”བརྔས”ནི་འདས་པ་སྟེ། ནས་བརྔས་ནས་བམ་པོ་བསྡམས་ཟེར་བ་ལྟ་བུ། ”བརྔ”ནི་མ་འོངས་པ་སྟེ། བརྔ་བྱའི་ནས་དང་གྲོ་ཟེར་བ་ལྟ་བུ། ”རྔོས”ནི་སྐུལ་ཚིག་སྟེ། ནས་རྔོས་ཤིག་ཟེར་བ་ལྟ་བུ།།

  སྔ་དྲོ་སྔ་མོ་ས་སྔ་ལོ།།

སྔ་དྲོ ཞོགས་ཉི་མ་ཤར་བ་ནས་ཉིན་གུང་ལ་མ་སླེབ་གི་བར་ཏེ། སྔ་དྲོ་ཆུ་ཚོད་བརྒྱད་པར་གྲྭ་ཇ་ཚོགས་ཟེར་བ་ལྟ་བུ།། ༡ སྔ་མོ ནངས་སྔ་མོ་སྟེ། ཞོགས་པ་སྔ་མོ་མལ་ལས་ལངས་ལྟ་བུ།། ༢ སྔ་མོ གནའ་བོའི་དུས་ཏེ། གནའ་སྔ་མོ་ཞེས་པ་ལྟ་བུ།། སྔ སྔ་ཕྱི་རིམ་པའི་སྔོན་མ་སྟེ། སྔ་ལོ། སྔ་ཉིན། སྔ་དགོང། མལ་ལས་ལངས་བ་སྔ། ས་མཐོ་སར་ཉིན་འོད་ཤར་བ་སྔ། ས་དམའ་སར་ལོ་ཏོག་སྨིན་པ་སྔ་ཟེར་བ་ལྟ་བུ།།

  བྲོ་བ་མངར་བ་མ་མངར་དང་།།

མངར་བ ཁ་ལ་མྱོང་བྱའི་བྲོ་བ་ཞིག་སྟེ། སྦྲང་རྩི་དང་ཀ་ར་ལྟ་བུའི་བྲོ་བ་ལྟ་བུ་ལ་ཟེར། དཔེར་ན། ཟས་ཞིམ་མངར་ཅན། ཤིན་ཏུ་མངར་བའི་བཏུང་བ་ཟེར་བ་ལྟ་བུ།།

  ཚར་བུ་དངར་བ་ད་དངར་ཡིན།།

ཚར་དུ་དངར གྲལ་སྟར་འགྲིག་པོའམ་གྲལ་མཉམ་པོ་སྟེ། དམག་དཔུང་གི་རུ་སྒྲིག་ཚར་དུ་དངར་བ། མཁོ་རྒུའི་ཡོ་བྱད་ཚར་དུ་དངར་བ་ཟེར་བ་ལྟ་བུ།། ༡ དངར ཚར་དུ་དངར་ཟེར་བ་དང་འདྲ།། ༢ དངར མེ་ཏོག་ནང་གི་སྦྲང་རྩིའི་རྒྱུའི་མིང་ལ་འཇུགཔ་སྟེ། ཟིལ་དངར། བུང་བས་ཟིལ་དངར་ལེན་ཟེར་བ་ལྟ་བུ།།

  སྔས་མགོའི་སྔས་ནི་ས་སྔས་དང་།།

སྔས མགོ་རྟེན་སའི་ཉལ་ཆས་ཏེ། སྔས་མགོ་དང་དོན་འདྲ། དཔེར་ན། སྔས་འབོལ། སྔས་རིལ། སྔས་ལེབ། སྔས་ཤུབས་ཟེར་བ་ལྟ་བུ།།

  སྟོན་ཐོག་བརྔས་པ་ར་བརྔས་སོ།།

བརྔས (བྱེད་འབྲེལ་ལས་ཚིག་འདས་པ)ཟོར་བས་གཅོད་པ་སྟེ། ནས་བརྔས། གྲོ་བརྔས་ཞེས་པ་ལྟ་བུ། ”བརྔ”ནི་མ་འོངས་པ་སྟེ། བརྔ་བྱའི་ནས། ”རྔ”ནི་ད་ལྟ་བ་སྟེ། ནས་རྔ་མཁན། ”རྔོས”ནི་སྐུལ་ཚིག་སྟེ། ནས་རྔོས་ཤིག་ཟེར་བ་ལྟ་བུ།།

  ལུས་ཀྱི་རྔུལ་ཆུ་ར་རྔུལ་དང་།།

རྔུལ་ཆུ ཚ་བ་ཚ་སྐབས་སུ་ལུས་པོནས་ཐོན་པའི་ཆུ་སྟེ། ལུས་ནས་རྔུལ་ཆུ་ཐོན་པས་ལྭ་བ་སྦངས་ཟེར་བ་ལྟ་བུ།། རྔུལ རྔུལ་ཆུ་ཐོན་པའི་དོན་ཏེ། ལུས་རྔུལ་ནས་ལྭ་བ་སྦངས་ཟེར་བ་ལྟ་བུ།།

  གསེར་དངུལ་དངུལ་ལོར་ད་དངུལ་ཡིན།།

གསེར་དངུལ གསེར་དང་དངུལ་ཏེ། མཉེན་ཞིང་འོད་འཚེར་བའི་ལྕགས་རིགས་ཞིག་ཡིན་པ་མ་ཚད་འདི་གཉིས་ལ་གློག་རྒྱུ་ཧ་ཅང་སླ་བ་ཡིན། གསེར་གྱི་མ་རྡུལ་རིམ་གྲངས་ནི་༧༩དང་། གཞི་རྒྱུའི་རྟགས་ནིAuདང་། མ་རྡུལ་ཚད་༡༩༦.༩༦༦ཡིན། དངུལ་གྱི་མ་རྡུལ་རིམ་གྲངས་ནི་༤༧དང་། གཞི་རྒྱུའི་རྟགསAgདང་། མ་རྡུལ་ཚད་༡༠༧.༨༦༨ཡིན།། དངུལ་ལོར དངུལ་གྱི་ཚབ་ཏུ་སྤྲོད་ལེན་བྱེད་པའི་ཤོག་ལོར་ཏེ། དངུལ་ལོར་དུང་ཕྱི་འགའ་ནམ་མཁའ་ནས་བབས་པའི་རྨི་ལམ་གཏོང་བཞིན་ཉལ་ནས་སྡོད་པ་ཟེར་བ་ལྟ་བུ།།

  ཡོས་སོགས་རྔོ་བ་ར་རྔོ་དང་།།

༡ རྔོ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཟས་རིགས་སོགས་སླ་ང་ཡི་ནང་དུ་བཞག་ནས་ཚ་དྲོད་གཏོང་བཞིན་ཡོག་ནས་ཚོས་པར་བྱེད་པ་སྟེ། ཡས་རྔོ། ནས་རྔོ་ཟེར་བ་ལྟ་བུ། ”བརྔོལ”ནི་འདས་པ་སྟེ། ཡས་བརྔོས་ནས་རྩམ་པ་འཐག་ལྟ་བུ། ”བརྔོ”ནི་མ་འོངས་པ་སྟེ། བརྔོ་བྱའི་ནས། ཡས་བརྔོ་དགོས་ཟེར་བ་ལྟ་བུ། ”རྔོས”ནི་སྐུལ་ཚིག་སྟེ། ཚལ་རྔོས་ཤིག་ཟེར་བ་ལྟ་བུ།། ༢ རྔོ རྔོ་ནད་དེ། མི་ལ་རྔོ་ནད་བྱུང་ན་ལུས་ལ་རྨ་འབྲུམ་ཁྱབ་ཅིང་ཟ་འཕྲུག་ཧ་ཅང་ཆེ།།

  ཁ་དོག་སྔོ་བ་ས་སྔོ་ཡིན།།

༡ སྔོ རྩ་བའི་ཁ་དོག་སྔོ་སེར་དཀར་དམར་བཞི་ཡི་ཡ་གྱལ། དཀར་པོ་འདི་ནང་བསྟན་ཚན་ཉིད་རིག་པའི་གཞུང་ལུགས་སྐོར་ཞིག་ལས་རྩ་བའི་ཁ་དོག་ཏུ་བགྲང་འདུག་ཀྱང་ཚན་རིག་པས་དཀར་པོ་རྩ་བའི་ཁ་དོག་ཡིན་པ་མི་བཞེས།། ༢ སྔོ ཚལ་དང་རྩྭ་ལྡུམ་བུ་སོགས་ཀྱི་སྤྱི་མིང་སྟེ། སྔོ་རིགས་མང་པོ་ཟས་སུ་ཟ། སྒོ་ཕྱུགས་རྣམས་ལ་སྔོ་རྩྭ་སྟེར། སྔོ་འབུས་པ་ཟེར་བ་ལྟ་བུ།། ༣ སྔོ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ དགེ་རྩའི་ནུས་པའི་ཁ་ཕྱོགས་སྒྱུར་བ་སྟེ། དགེ་རྩ་རྫོགས་བྱང་དུ་སྔོ་ཟེར་བ་ལྟ་བུ། ”བསྔོས”ནི་འདས་པ་སྟེ། དགེ་རྩ་རྫོགས་བྱང་དུ་བསྔོས་སོ། ”བསྔོ”ནི་མ་འོངས་པ་སྟེ། བསྔོ་བྱའི་དགེ་རྩ་ཟེར་བ་ལྟ་བུ། ”སྔོས”ནི་སྐུལ་ཚིག་སྟེ། དགེ་རྩ་རྣམས་གཞན་དོན་དུ་རང་ཉིད་མྱ་བ་སྐྱེ་བའི་རྒྱུ་སྔོས་ཤིག་ཟེར་བ་ལྟ་བུ། ༢ རྒྱུ་མཚན་སོགས་བགྲང་བའི་དོན་ཏེ། གོ་དོན་སྔོ་བ། བླང་དོར་བསྔོས་ཟེར་བ་ལྟ་བུ།།

  གྲི་ཡི་དངོ་ནི་ད་དངོ་འོ།།

༡ དངོ གྲི་ཡི་པ་སྟེ། གྲི་དངོ་རྣོན་པོ་ཟེར་བ་ལྟ་བུ།། ༢ དངོ ངོགས་སམ་འགྲམ་སྟེ། ཆུའི་དངོ་ཟེར་བ་ལྟ་བུ།།

  མངོན་སུམ་མངོན་གསལ་མ་མངོན་དང་།།

༡ མངོན་སུམ ལྐོག་གྱུར་མིན་པ་དངོས་སམ་ཐད་ཀ་ཡི་དོན་ཏེ། མངོན་སུམ་དུ་མཐོང་། མངོན་སུམ་སུ་ཐོས། མངོན་སུམ་དུ་བརྗོད་ཟེར་བ་ལྟ་བུ།། ༢ མངོན་སུམ རྟོག་པ་དང་བྲལ་ཤིང་མ་འཁྲུལ་བའི་རིག་པ་སྟེ། བློ་རིགས་བདུན་གྱི་ནང་གསེས་ཤིག དཔེར་ན། མིག་དང་རྣ། སྣ། ལྕ། ལུས་བཅས་གྱི་མངོན་སུམ་ལ་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་ལ་རང་རིག་དང་རྣལ་འབྱོར་མངོན་སུམ་གཉིས་ཡོད་པ་བཅས་འདོད་མཁན་ཡོད།། མངོན་གསལ མཐོང་ཆོས་སུ་གྲུབ་པ། མིག་མཐོང་ལག་བཟུང་ལྟ་རྗེན་པར་སྣང་བའམ་རྗེན་པ་ཡིན་པ་སྟེ། ཞབས་འདྲེན་ཞུ་མཁན་མི་ངན་དེ་དག་ཡིན་པ་མངོན་གསལ་རེད་ཟེར་བ་ལྟ་བུ།། ༡ མངོན མཐོང་ཆོས་སུ་གྲུབ་པ་སྟེ། གདོང་ལ་འཛུམ་མདངས་མངོན་ལྟ་བུ།། ༢ མངོན གྲུབ་ལ་ཉེ་བའམ་ཐོབ་ལ་ཉེ་བ་སྟེ། དཀའ་ཚེགས་ལ་མངོན་དུ་ཕྱོགས། ཐོབ་པར་མངོན་དུ་ཕྱོགས་ཟེར་བ་ལྟ་བུ།།

  དུས་ཀྱི་སྔོན་མ་ས་སྔོན་ཡིན།།

སྔོན་མ དུས་དང་གོ་རིམ་སྔ་ཕྱི་གཉིས་ཀྱི་སྔ་མ་སྟེ། དུས་རབས་སྔོན་མ། སྔོན་ཕ་ཡུལ་ན་སྡོད་དུས། གྲལ་སྔོན་མ་ཟེར་བ་ལྟ་བུ།། ༡ སྔོན སྔ་རྗེས་གཉིས་ཀྱི་སྔ་མ་སྟེ། སྔོན་གྱི་ལས། སྔོན་འགྲོ། སྔོན་ཆད་ཟེར་བ་ལྟ་བུ།། ༢ སྔོན སྔོན་པོ་སྟེ། ནམ་མཁའི་མདོག་ལྟ་བུ། རས་སྔོན་པོ། ནམ་མཁའ་སྔོན་པོ། ཁ་དོག་སྔོན་པོ་ཟེར་བ་ལྟ་བུ།།

  རི་དྭགས་རྔོན་པ་ར་རྔོན་ནོ།།

རྔོན་པ རི་དྭགས་གསོད་མཁན་ཏེ། རྩྭ་བདག་མེད་ཟ་བའི་རི་དྭགས་རྔོན་པས་གསོད། ཆུ་བདག་མེད་འཐུང་བའི་རི་དྭགས་རྔོན་པས་གསོད་ཟེར་བ་ལྟ་བུ།། ༡ རྔོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) རི་དྭགས་འཛིན་པའམ་གསོད་པའི་དོན་ཏེ། རི་དྭགས་རྔོན་ཏེ་ལས་ངན་གསོག་གིན་འདུག རི་གྭགས་མ་རྔོན་ཤིང་ཟེར་བ་ལྟ་བུ། ”བརྔོན”ནི་འདས་པ་དང་མ་འོངས་པ་དང་མ་འོངས་པ་སྟེ། རི་དྭགས་བརྔོན་ན་ལས་ངན་བསོག རི་དྭགས་བརྔོན་ནས་ལས་ངན་བསོགས་ཟེར་བ་ལྟ་བུ།། ༢ རྔོན (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)སླུ་བའི་ཆེད་དུ་རྒྱུ་དངོས་སྤྲོད་པ་སྟེ། དཔོན་ངན་དེ་རྒྱུ་ནོར་གྱིས་རྔོན་ཤིང་ཟེར་བ་ལྟ་བུ། ”བརྔན”ནི་འདས་པ་དང་མ་འོངས་པ་སྟེ། རྒྱུ་ནིར་གྱིས་བརྔན་པ་བྱས། བརྔན་པ་བྱ་ཟེར་བ་ལྟ་བུ། ”རྔན”ནི་ད་ལྟ་བ་སྟེ། དཔོན་ངན་དེ་རྒྱུ་ནོར་གྱིས་རྔན་གྱིན་ཡོད་ཟེར་བ་ལྟ་བུ།།

  དངོས་འབྲེལ་དངོས་གཞི་དངོས་ཡོད་དང་།།
  དངོས་པོ་ལ་སོགས་ད་དངོས་ཡིན།།

༡ དངོས་འབྲེལ དངོས་སམ་ཐད་ཀ་འབྲེལ་བ་ཡོད་པ་སྟེ། དངོས་འབྲེལ་དང་བརྒྱུད་འབྲེལ་གྱི་བྱ་བཞག་ཡོད་ཚད་ལག་བསྟར་བྱས་ནས་གྲུབ་འབྲས་གྱེན་འདེགས་བྱེད་ཟེར་བ་ལྟ་བུ།། ༢ དངོས་འབྲེལ དངོས་གནས་ཏེ། དངོས་གནས་དྲང་གནས་ལ་དངོས་འབྲེལ་དྲང་འབྲེལ་ཟེར་བ་ལྟ་བུ།། དངོས་གཞི ལས་དོན་ངོ་མ་སྟེ། མཛད་སྒོ་དངོས་གཞི། གཞུང་དངོས་གཞི། སྔོན་འགྲོ་དང་དངོས་གཞི་ཟེར་བ་ལྟ་བུ།། དངོས་ཡོད མངོན་སུམ་དུ་ཡོད་པ་སྟེ། དངོས་ཡོད་གནས་ཚུལ་རྣམས་དངོས་ར་གསལ་འཕྲོད་བྱུང་ཟེར་བ་ལྟ་བུ།། དངོས་པོ ཅ་ལག་གམ་ཡོ་བྱད། ལས་དོན་ནམ་བྱ་བ། མདོ་ན་དོན་བྱེད་དུས་པ་ཐམས་ཅད་དངོས་པོ་ཡིན།། ༡ དངོས ལྐོག་གྱུར་མིན་པའི་མངོན་གསལ་ཏེ། དངོས་འཐབ་དང་འཇབ་འཛིངས། དངོས་ནས་མདུང་འཕེན་ལྐོག་ནས་མདའ་རྒྱག་ཟེར་བ་ལྟ་བུ།། ༢ དངོས བརྒྱུད་པ་མིན་པའི་ཐད་ཀ་སྟེ། རྣ་བས་དངོས་སུ་ཐོས། མིག་གི་དངོས་སུ་མཐོང་། ཞལ་རས་དངོས་སུ་མཇལ་ཟེར་བ་ལྟ་བུ།། ༣ དངོས སྦྱོར་མཇུག་གཉིས་མིན་གྱི་དངོས་གཞི་སྟེ། གཞུང་དོན་དངོས། ལས་ཁུངས་དངོས་སུ་བཙུགས་ཟེར་བ་ལྟ་བུ།། ༤ དངོས བདེན་པ་དང་ངོ་མ་སྟེ། བྱུ་རུ་དབོང་མ་དང་བརྫུས་མ། དངོས་དང་སྒྱུ་མ་གང་ཡིན་མི་ཤེས། དངོས་རྫུན་དབྱེ་བ་འབྱེད་དཀའ་ཟེར་བ་ལྟ་བུ།། ༼ཅ༽

  རྟ་ལྕག་སྐུལ་ལྕག་ལ་ལྕག་དང་།།

རྟ་ལྕག རྟ་ལ་གཅར་རྡུང་སྤྲོད་བྱེད་ཀྱི་ལྕག་ཚན་ཏེ། རྟ་བཞོན་པའི་མ་ཚད་རྟ་ལྕག་གཞུས་ཟེར་བ་ལྟ་བུ།། ༡ སྐུལ་ལྕག ལྐུལ་བྱེད་ཀྱི་ལྕག་ཚན་ཏེ། རྟ་ལ་སྐུལ་ལྕག་མ་བཞུས་ཟེར་བ་ལྟ་བུ།། ༢ སྐུལ་ལྕག སྐུལ་མ་དང་ལྕག་འདེབས་སྟེ། གཞན་ལ་དངོས་སུ་ལག་ལེན་བྱེད་དུ་འཇུག་པའི་ཐབས་ཤེས་ཀྱི་མིང་། དཔེར་ན། ལས་དོན་འདིའི་སྐོར་ལ་སྐུལ་ལྕག་ཐེངས་མང་བཏང་བ། དགེ་རྒན་གྱིས་སློབ་ཕྲུག་ཚོར་སློབ་སྦྱོང་བྱེད་པར་སྐུལ་ལྕག་བཏང་ཟེར་བ་ལྟ་བུ།། ༡ ལྕག རྡུང་བྱེད་དམ་གཞུ་བྱེད། རྟ་ལྕག། སྦ་ལྕག ལྕག་ཡུ། ཐལ་ལྕག་གཞུས་པ་ཟེར་བ་ལྟ་བུ།། ༢ ལྕག གཞན་ལ་ཡར་སྐུལ་བྱེད་པའི་ཐབས་ཀྱི་མིང་སྟེ། དགེ་རྒན་གྱིས་སློབ་མར་ལྕག་འདེགས་བྱས། ལྐུལ་ལྕག་བཏང་ཞེས་པ་ལྟ་བུ།། ༣ ལྕག ལྕག་གིས་གཞུས་པ་ལྟར་རྒྱག་པའི་བྱ་སྤྱོད་ཀྱི་མིང་སྟེ། འགྲམ་ལྕག་ཅིག་གཞུས། ལུས་ལ་ཆུ་ལྕག་བརྒྱབ་ཟེར་བ་ལྟ་བུ།།

  ལྕགས་དང་ལྕགས་རིར་ཡང་འཇུག་ཡོད།།

ལྕགས ཁྲོ་རྡོ་བཞུས་པའི་སྙོང་པོ་སྟེ། བཟོ་ལས་ཐོན་སྐྱེད་ཐོག་ལྕགས་ནི་བཀོལ་སྤྱོད་ཧ་ཅང་ཆེ།། ལྕགས་རི མཐའ་སྐོར་གྱི་གྱང་རའི་མིང། རྒྱ་ནག་ལྕགས་རི་མི་རྒྱ་ཡི་རྒྱལ་ཁབ་ལ་སོག་པོས་བཙན་འཛུལ་འགོག་ཆེད་དུ་རྒྱ་ནག་གི་རྒྱལ་པོ་ཆིན་ཧྲི་ཧོང་གིས་ཐོག་མ་སྐྲུནཔའོ་ཟེར་བ་ལྟ་བུ།།

  རྫ་སོགས་བཅག་པ་བ་བཅག་གོ།།

བཅག (བྱེད་འབྲེལ་ལས་ཚིག་འདས་པ) ༡ དངོས་པོ་སྲ་མོ་དུམ་གསིལ་བཏང་བ་སྟེ། རྡོ་བཅག་ནས་རྩིག་པ་བརྩིགས་ལྟ་བུ། ”གཅག”ནི་མ་འོངས་པ་སྟེ། གཅག་བྱའི་རྡོ་ཟེར་བ་ལྟ་བུ། ”གཅོག”ནི་ད་ལྟ་བ་སྟེ། རྡོ་གཅོག་མཁན། རྡོ་གཅོག་གོན་འདུག་ཟེར་བ་ལྟ་བུ། ”ཆོགས”ནི་སྐུལ་ཚིག་སྟེ། རྡོ་ཆོགས་ཤིག་ཟེར་བ་ལྟ་བུ། ༢ མགོ་གནོན་པའི་དོན་ཏེ། སྨན་བཏུངས་ནས་ན་ཟུག་བཅག སྨན་ཆུ་བཏུངས་འཕྲལ་ན་ཚ་གཅོག་ཟེར་བ་ལྟ་བུ། ༣ ཆུང་དུ་གཏོང་བའམ་དམའ་རུ་གཏོང་བ་སྟེ། ཚོང་ཟོག་གི་རིན་གོང་གཅོག་པ། ཉིན་མོའི་ཟས་བཅག མཚན་མོའི་གཉིད་བཅག ཟླ་ཕོགས་ནང་ནས་ཟས་རིན་བཅག་ཟེར་བ་ལྟ་བུ། ༤ འགལ་བ་བྱེད་པ་སྟེ། ཁས་ལེན་དམ་བཅའ་བཅག་པ། ཁས་བླངས་ཐེབས་གཅོག་བྱེད་པ་ཟེར་བ་ལྟ་བུ།།

  ཡིད་ལ་བཅངས་བ་བ་བཅངས་ཡིནན

བཅངས (བྱེད་འབྲེལ་ལས་ཚིག་འདས་པ) ༡ སེམས་ལ་བརྗེད་མེད་དུ་བཟུང་བའི་དོན་ཏེ། མན་ངག་ཡིད་ལ་བཅངས། ”བཅང”ནི་མ་འོངས་པ་སྟེ། མི་དམངས་སེམས་སུ་མཅང། ”འཆང”ནི་ད་ལྟ་བ་སྟེ། བཀའ་དྲིན་སྙིང་འཆང་ཟེར་བ་ལྟ་བུ། ”ཆོངས”ནི་སྐུལ་ཚིག་སྟེ། བཀའ་དྲིན་ཡིད་ལ་ཆོངས་ཤིག་ཟེར་བ་ལྟ་བུ། ༢ ལག་པས་འཇུ་བའོ་དོན་ཏེ། ལག་ལ་མེ་མདའ་བཅང་མི་དགོས། བཅང་བྱའི་ཡུ་བ། ལག་ཏུ་མེ་མདའ་འཆང་མཁན། ཕྱག་གཡས་ཀྱིས་རལ་གྲི་བཅངས། ལག་ལ་མེ་མདའ་མ་ཆོངས་ཤིག་ལྟ་བུ།།

  ལྕང་ལོ་ལྕང་མ་ལ་ལྕང་ཡིན།།

༡ ལྕང་ལོ ལྕང་མའི་ལོ་མ་སྟེ། ལྕང་ལོ་སེར་པོ་ཆགས་ཏེ་ས་ལ་ལྷུང་ཟེར་བ་ལྟ་བུ།། ༢ ལྕང་ལོ སྐྲ་ཡི་ལན་བུ་སྟེ། གསང་བདག་དང་རྣམ་སྲས་ལ་ལྕང་ལོ་ཅན་ཟེར་བ་ལྟ་བུ།། ལྕང་མ ལོ་མ་ལྷུང་བའི་ཤིང་རིགས་ཤིག དང་ཐོག་དྲང་པོ་སྐྱེ་ལ་ལོ་མང་རྗེས་སུ་ཡལ་ག་ཕྱོགས་མང་པོ་གྱེས་འགྲོ་བ་ཞིག འདི་ལ་ཕོ་ལྕང་དང་མོ་ལྕང་སོགས་རིགས་ཁ་ཤས་ཡོད།།

  རིག་པ་སྤྱང་དང་སྤྱང་ཀི་ལ།།
  ས་ཡི་མགོ་ཅན་ཡོད་པར་ཤེས།།

༡ སྤྱང རིག་པ་རྣོ་བའི་དོན་ཏེ། རིག་པ་སྤྱང། མི་སྤྱང་པོ། བྱ་སྤྱང་པོ་ཟེར་བ་ལྟ་བུ།། ༢ སྤྱང སྤྱང་ཀི་ཡི་ཚིག་བསྡུས་པ་སྟེ། སྤྱང་ཀིའི་ཕྲུ་གུ་ལ་སྤྱང་ཕྲུག་ཟེར་བ་ལྟ་བུ། སྤྱང་ཀི་ནི་དབྱིབས་ཁྱི་དང་འདྲ་ཤིང་སྤུ་མདོག་སེར་སྐྱའམ་ནག་པོ་མང། གདོང་ལ་ཁྲོ་གཉེར་ལྟ་བུའི་ཁྲ་རིས་ཡོད་པའི་གཅན་གཟན་རྫི་ཧ་ཅང་རྣོ་པོ་ཞིག མི་ཕྱུགས་གཉིས་ཀར་གནོད་པ་བྱེད་ཅིང་ཁྱད་པར་དུ་ཕྱུགས་ལ་གནོད་པ་བྱེད་མཁན་ཞིག་ཡིན།།

  ཤིང་སོགས་བཅད་པ་བ་འཕུལ་དང་།།

བཅད (བྱེད་འབྲེལ་ལས་ཚིག་འདས་པ) ༡ དངོས་རྫས་རིང་པོ་དུམ་བུར་གཏུབ་པའི་དོན་ཏེ། ཤིང་བཟོས་ཤིང་སྡོང་བཅད་ནས་ཤིང་སྒམ་བཟོས་ཟེར་བ་ལྟ་བུ། ”གཅད”ནི་མ་འོངས་པ་སྟེ། གཅད་བྱའི་ཤིང་ཞེས་པ་ལྟ་བུ། ”གཅོད”ནི་ད་ལྟ་བ་སྟེ། ཤིང་གཅོད་མཁན། སྡོང་པོ་གཅོད་ཀྱིན་འདུག་ཟེར་བ་ལྟ་བུ། ”ཆོད”ནི་སྐུལ་ཚིག་སྟེ། ཁྱེད་ཀྱིང་ཤིང་འདེ་ཆོད་ཅིག་ཟེར་བ་ལྟ་བུ། ༢ གཏན་ཁེལ་བྱེད་པ་སྟེ། ཐག་གཅད་བྱ། ཐག་བཅད་པའི་དོན། ཚིག་ཐག་གཅོད་མཁན། ཐག་ཆོད་ཅིག། ཐག་མ་ཆོད་ཟེར་བ་ལྟ་བུ། ༣ སྔོན་དུ་སོང་བའི་རྗེས་ལ་སྙེགས་པའི་དོན་ཏེ། རྗེས་མ་ཚོས་སྔོན་མའི་རྗེས་བཅད། རྗེས་གཅོད། རྗེས་ཆོད་ཅིག་ཟེར་བ་ལྟ་བུ། ༤ བརྟག་དཔྱད་དང་རྒྱུས་ལོན་བྱས་པའི་དོན་ཏེ། རྩད་བཅད། རྟ་ཞིག་བོར་བ་རྩད་གཅོད་དུ་སོང། རྩད་བཅད་ནས་རྩད་ཆོད་ཡོད། རྩད་མ་ཆོད་ཟེར་བ་ལྟ་བུ། ༥ མཚམས་བཀག་ནས་སྔ་ཕྱི་འབྲེལ་དུ་མི་འཇུག་པའི་དོན་ཏེ། ནད་ཡམས་རྒྱུན་བཅད། ཆུ་རྒྱུན་གཅོད། འགོ་ནད་རྒྱུན་གཅད་འགྲོ་ཟེར་བ་ལྟ་བུ། ༦ སྤང་བའི་དོན་ཏེ། ཆང་བཅད། དུ་བ་བཅད། དུག་ནག་བཅད་ཟེར་བ་ལྟ་བུ། ༧ བཀག་པའི་དོན་ཏེ། སྡུག་ཁེ་ཉལ་གྱིས་ལུང་མདོ་མི་གཅོད། ཝ་བུ་མང་གིས་ཁུང་སྒོ་མི་ཆོད། སྣ་ཁྲག་བཅད། ཁྲག་གཅོད། སྐྱེ་རྒྱུན་བཅད། སྐྱུགས་པ་གཅོད་པའི་སྨན་ཟེར་བ་ལྟ་བ།།

  བརྟག་དཔྱད་དཔྱད་གཞི་ད་དཔྱད་ཡིན།།

བརྟག་དཔྱད ཤེས་རབ་ཀྱི་རྩལ་ལ་བརྟན་ནས་བསམ་བློ་གཏིང་ཟབ་མོ་གཏོང་སྟེ་ཡུལ་ལ་དཔྱད་པ་སྟེ། བརྟག་དཔྱད་གང་ཡང་མ་བྱས་པ་ཧམ་བཤད་བྱེད་མི་རུང་ཟེར་བ་ལྟ་བུ། དཔྱད་གཞི བརྟག་དཔྱད་བྱེད་སའི་གཞི་རྩ་སྟེ། ལོ་རྒྱུས་ལ་རྟོག་ཞིབ་བྱེད་པ་ལ་དཔྱད་གཞི་ཡིག་ཆ་ཁག་ཧ་ཅང་གལ་ཆེ་ཟེར་བ་ལྟ་བུ།། དཔྱད (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ)༡བསམ་བློ་ནན་པོ་གཏང་སྟེ་ཡུལ་སོ་སོའི་ཁྱད་པ་དང་བྱེད་ལས་སོ་སོར་ནས་གཟུང་བ་སྟེ། དཔྱད་བྱའི་དོན། ཡིན་མིན་དཔྱད་ཟེར་བ་ལྟ་བུ། “དཔྱོད”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། གཞུང་དོན་ལ་དཔྱོད་ཀྱིན་འདུག།ཡིན་མིན་དཔྱོད་ཅིག་ཟེར་བ་ལྟ་བུ། གཅན་གཟན་གཅན་ནི་ག་གཅན་ཡིན།། གཅན་གཟན མཆེ་བ་དང་སྡེར་མོ་ཡོད་ཅིང་གཙོ་བོར་ཤ་ཟ་བ་ལ་འཚོ་བ་བརྟེན་པའི་རི་སྐྱེས་སྲོག་ཆགས་ཀྱི་སྤྱི་མིང་སྟེ།། སྟག་དང་སེང་གེ དོམ་དང་དྲེད་མོ ཝ་དང་སྤྱང་ཀི་སོགས་ཐམས་ཅད་གཅན་གཟན་ཡིན་ཟེར་པ་ལྟ་བུ།། ༡གཅན ས་མཚོམས་སོ་སོར་ཚོང་ཟོག་རྒྱུ་སྐབས་སྤྲོད་དགོས་པའི་ཚོང་ཁྲལ་ངེས་ཅན་ཞིག་སྟེ། འགག་སྒོ་ན་ཁྲལ་སྡུད་མཁན་ལ་འགག་གཅན་པའམ་ལ་གཅན་པ་ཟེར་བ་ལྟ་བུ།། ༢གཅན ལམ་སྲུང་པའི་འགག་སྒོ་སྟེ། གཅན་རིམ་པ་ལྔ་ཅན་གྱི་མཁའ་རྫོང་ཟེར་བ་ལྟ་བུ།། སྤྱན་བསྟར་སྤྱན་གཟིགས་ས་མགོ་ཅན།། སྤྱན་བསྟར མིག་སྔར་བསྒྲིགས་ཏེ་བསྟན་པ་སྟེ། སྤྱན་བསྟར་ཞིབ་གཟིགས། གལ་ཆེ་བའི་ཡིག་ཆ་ཁག་ལ་སྤྱན་བསྟར་བྱེད་ཟེར་བ་ལྟ་བུ།། ༡སྤྱན་གཟིགས གླིང་ག་སོགས་ལ་བཞག་པའི་ལྟད་མོ་བལྟ་རྒྱུའི་རིགས་སྤྱིའི་མིང་སྟེ། སྤྱན་གཟིགས་ཡིན་ཞེས་སྲོག་ཆགས་རིགས་བཙན་ཉར་བྱེད་པ་ཟེར་བ་ལྟ་བུ།། ༢སྤྱན་གཟིགས མགོན་ཁང་སོགས་སུ་བསྒྲིགས་པའི་མཆོད་རྫས་སྤྱིའི་མིང་སྟེ། མེ་ཏོག བདུག་སྤོས མར་མེ དྲི་ཆབ ཞལ་ཟས རོལ་མོ་སོགས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བ་གྱུརཟེར་བ་ལྟ་བུ།། སྤུན་མཆེད་ལྕམ་སྲིང་ཁང་པའི་ལྕམ།། ལྕམ་ཆུང་ལ་སོགས་ལ་ལྕམ་ཡིན།། ༡ལྕམ་སྲིང སྲིང་མོའི་ཞེ་ས་སྟེ། ལྕམ་སྲིང་སྐུ་ངལ་གསོ་ཕྱིར་གཟིམས་ཤག་ན་བཞུགས་འདུག་ཟེར་བ་ལྟ་བུ།། ༢ལྕམ་སྲིང ཡི་དམ་རྟ་མགྲིན་གྱི་འཁོར་ལས་མཁན་སྲོག་བདག་དམར་པོ་སྟེེ། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་ཟེར་བ་ལྟ་བུ།། ལྕམ་ཆུང བུད་མེད་གཞོན་ནུ་མའི་ཞེ་ས། ལྕམ་ཆུང་སྐུ་ཞབས་ཐུགས་ངལ་གསོ་རོགས་ཟེར་བ་ལྟ་བུ།། ༡ལྕམ བུད་མེད་ཀྱི་ཞེ་ས་སྟེ། ཕལ་ཆེ་བ་དཔོན་རིགས་བུད་མེད་ལ་འཇུག།། ༢ལྕམ ཁང་པའི་ལྕམ་སྟེ། གདུང་མའི་སྟེང་དུ་གྲལ་སྟར་བསྒྲིགས་པའི་ཁང་པའི་ཀློད་འགེབས་བྱེད་ཀྱི་ལྕམ་ཤིང་། རྡོ་གཅལ་པང་གཅལ་ག་གཅལ་ལོ།། རྡོ་གཅལ ས་ངོས་སུ་བཏིང་པའི་རྡོ་ཡི་གཅལ་མ་སྟེ། ལག་རྩེད་སྤོ་ལོ་རྩེད་སའི་ཐང་སྟེང་དུ་རྡོ་གཅལ་བཏིང་གིན་རེད་ཟེར་བ་ལྟ་བུ།། པང་གཅལ ངོས་སུ་བཏིང་པའི་པང་ལེབ་སྟེ། ཁང་པའི་མཐིལ་དུ་པང་གཅལ་བསྒྲིགས་ཟེར་ང་ལྟ་བུ།། གཅལ ས་ངོས་སམ་ར་བའི་མཐིལ་གྱི་མིང་སྟེ། རྡོ་བཏིང་པའི་ར་བའི་མཐིལ་ལ་རྡོ་གཅལ་ཟེར་བ་དང་། རྔ་བ་ཁུལ་དུ་༢༠༠༨ལོའི་སྤྱི་ཟླ་༣ཚེས་༡༨ཉིན་གྱི་ངོ་རྒོལ་སྐབས་བོད་མི་ཚོའི་ཕུང་པོ་གཅལ་དུ་བཀྲམ་འདུག་ཟེར་བ་ལྟ་བུ།། ཕྱུགས་ཀྱི་ལྕི་བ་ལ་ལྕི་ཡིན།། ༡ལྕི་བ འབྲི་དང་མཛོ་མོ་སོགས་ཀྱི་སྐྱག་པ་སྟེ། ཕྱུགས་ཀྱི་ལྕི་བ། བ་གླང་གི་ལྕི་བ་ཟེར་བ་ལྟ་བུ། ཚིག་བསྡུས་ན་ལྕི་ཞེས་འདྲི་ཆོག དཔེར་ན། ལྕི་རློན། ལྕི་རུག་ཟེར་བ་ལྟ་བུ།། ༢ལྕི་བ ཡང་བའི་ལྡོག་ཟླའི་མིང་སྟེ། ཁུར་བོ་ལྕི་བ་དང་ཡང་བ་ཟེར་བ་ལྟ་བུ།། ༣ལྕི་བ ཚབས་ཆེ་བའི་མིང་སྟེ། ནད་གཞི་ལྕི་བ། རྨས་ལྕི་བ་ཟེར་བ་ལྟ་བུ།། ༡ལྕི ཡང་གི་ལྡོག་ཟླ་སྟེ། ཁུར་ཧ་ཅང་ལྕི་ཟེར་བ་ལྟ་བུ།། ༢ལྕི ཚབས་ཆེ་བའི་དོན་ཏེ། ནད་གལི་ལྕི། རྨས་ལྕི་ཟེར་བ་ལྟ་བུ།། ལུས་ཀྱི་དཔྱི་མགོ་ད་དཔྱི་ཡིན།། དཔྱི བརླ་རུས་དང་ཚང་རུས་སྦྲེལ་བའི་ལྷུ་རུས་ཏེ། དཔྱི་མགོ་ལ་ཁབ་རྒྱག་ཟེར་བ་ལྟ་བུ།། སྤྱི་རྫས་སྤྱི་ཚོགས་ས་སྤྱི་ཡིན།། སྤྱི་རྫས སྤྱི་ཡི་རྒྱུ་ནོར་ཏེ། སྤྱི་རྫས་ལ་བདག་གཅེས་བྱེད་དགོས་ཟེར་བ་ལྟ་བུ།།འའའའ སྤྱི་ཚོགས གཅིག་གྱུར་གྱི་ལྟ་བ་དང་། གཅིག་གྱུར་གྱི་ཐོན་སྐྱེད་ཀྱི་འབྲེལ་བས་གོང་བུ་གཅིག་ཏུ་སྒྲིག་པའི་མིའི་ཚོགས་སྡེ་སྟེ། སྤྱི་ཚོགས་དེའི་ཡར་རྒྱས་ཀྱི་རྣམ་པ་ནི་སྤྱི་ཚོགས་དེའི་ཤེས་ཡོན་གྱིས་མཚན་པ་ལས་སྤྱི་ཚོགས་དེའི་དཔའ་འབྱོར་གྱིས་མཚན་མི་ཐུབ་ཟེར་བ་ལྟ་བུ།། ༡སྤྱི རང་གི་གསལ་བ་(བྱེ་བྲག)ལ་རྗེས་སུ་འགྲོ་བའི་ཆོས་ཏེ། མི་རྟག་པ་ནི་རང་གི་གསལ་བ་རི་ར་བ་ཁང་ཁྱིམ་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། མི་དང་དུད་འགྲོ་སོགས་ནང་བཅིད་ཀྱི་སེམས་ཅན་ཐམས་ཅད་ལ་རྗེས་སུ་འགྲོ་བའམ་ཁྱབ་པའི་སྤྱི་ཡིན་ཟེར་བ་ལྟ་བུ།། ༢སྤྱི ཐུན་མོང་དང་ཁྱོན་ཡོངས་ཏེ། བོད་སྤྱི་ཡི་རྩ་དོན། མི་དམངས་སྤྱི་ཡི་ཁེ་ཕན་ཟེར་བ་ལྟ་བུ།། ༣སྤྱི རང་ག་བའམ་ཕལ་པ་སྟེ། མི་སྤྱི་བཏང་བ་ཁྱད་པ་བ་ཟེར་བ་ལྟ་བུ།། ཁ་ཅིག་ལྷན་ཅིག་ཆབས་ཅིག་དང་།། སྐད་ཅིག་ལ་སོགས་འཕུལ་མེད་དང་།། ཁ་ཅིག ལ་ལའམ་འགའ་ཞིག་སྟེ། དཔོན་པོ་ཁ་ཅིག་གིས་འགྲོ་བ་མི་ཡི་ཐོབ་ཐང་ལ་ཐུགས་ཁུར་ཆེན་པོ་བཞེས་ལ། ཁ་ཅིག་གིས་ཐུགས་ཁུར་དེ་ཙམ་མི་བཞེས་པ་མ་ཟད་ཆབ་སྲིད་གཡས་ཕྱོགས་པའི་ལས་འགུལ་སྤེལ་ཟེར་བ་ལྟ་བུ།། ལྷན་ཅིག མཉམ་དུ་སྟེ། ལྷན་ཅིག་མི་གནས་པའི་འགལ་ཟླ་མི་མཐུན་ཕྱོགས་ཟེར་བ་ལྟ་བུ།། ཆབས་ཅིག དུས་ལྷན་ཅིག་གམ་དུས་མཉམ་སྟེ། ནང་ཆོས་ཡུལ་གྲུ་ཀུན་དུ་དར་བ་དང་ཆབས་ཅིག་ཞི་བདེ་ལ་འབད་བརྩོན་བྱེད་མཁན་མང་དུ་འཕེལ་ཟེར་བ་ལྟ་བུ།། སྐད་ཅིག ཡུད་ཙམ་མམ་ཐང་ཅིག་གི་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་ སྐད་ཅིག་མ་སྟེ། འདི་ལ་རང་རྒྱུད་པ་མན་ཆད་ཀྱིས་སྐྱེས་བུ་དར་མས་སེ་གོལ་གཅིག་གི་ཡིན་ཚད་ཆ་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་ལ་སྐད་ཅིག་ཅིག་འཇོག་ལ་ཐལ་འགྱུར་བས་ཆ་སུམ་བརྒྱ་རེ་ལྔ་ཕྱེ་བའི་ཆ་རེ་ལ་སྐད་ཅིག་རེ་འཇོག་གོ། ༡ཅིག རྗེས་འཇུག་ག་ད་བ་དང་། ད་དྲག་གི་མཐའ་སྦྱར་བའི་ངེས་མེད་ཀྱི་ངོ་བོ་རེ་རེ་བ་སྟོན་བྱེད་ཀྱི་ཚིག་གྲོགས་ཕྲད་གཞན་དབང་ཅན་ཞིག་སྟེ། རྒྱལ་ཁབ་ཅིག ཆབ་སྲིད་ཅིག སྐད་ཡིག་ཅིག ཚེ་སྲོག་ཅིག་ཟེར་བ་ལྟ་བུ།། ༢ཅིག སྐུལ་ཚིག་གི་ཚིག་གྲོགས་ཤིག་སྟེ། སྤྱང་ཀི་ཡིན་ཡང་མ་སོད་ཅིག མེ་མདའ་མ་རྒྱོབས་ཅིག སློབ་སྦྱོང་བྱེད་ཅིག སེམས་བཟང་བྱེད་ཅིག ཇ་སྐོརད་ཅིག་ཟེར་བ་ལྟ་བུ།། གྲངས་ཀྱི་གཅིག་ལ་ག་འཕུལ་ཡོད།། ༡གཅིག ཨང་གྲངས་”༡”འདི་ཡི་མིང་། གྲངས་ཀ་ཡོངས་རྫོགས་ཀྱི་གྲུབ་ཆ་སྟེ། གྲངས་ཀ་རིལ་བོའི་ཉུང་མཐའ། དཔེར་ན གཅིག་གཉིས་གསུམ་བཞི་ལྔ་ཟེར་བ་ལྟ་བུ།། ༢གཅིག ཡོངས་རྫོགས་སྟེ། མི་ཚེ་གཅིག་ལ་སློབ་སྦྱང་བྱེད་ཟེར་བ་ལྟ་བུ། ༣གཅིག སོ་སོར་བ་མ་ཡིན་པའི་ཆོས་སྟེ། ཐ་དད་ཀྱི་ལྡོག་ཟླ། དཔེར་ན། མི་དང་དངོས་པོ མི་རྟག་པ ཤེས་བྱ་སོགས་རེ་རེ་ནས་དེ་ཡིན་ནོ།། ཐག་པས་བཅིངས་པ་བ་བཅིངས་ཡིན།། བཅིངས (བྱེད་འབྲེལ་ལས་ཚིག་འདས་པ)༡ཐག་པ་སོགས་ཀྱིས་སྡོམ་པའི་དོན་ཏེ། སྐ་རགས་བཅིངས། རྟ་རྒོད་སྒྲོག་གི་བཅིངས་ཟེར་བ་ལྟ་བུ། “བཅིང”ནི་མ་འོངས་པ་སྟེ། སྐ་རགས་བཅིང་དགོས་ཟེར་བ་ལྟ་བུ། ”འཆིང”ནི་ད་ལྟ་བ་སྟེ། སྐ་རགས་འཆིང་མཁན། འཆིང་བྱེད་ཀྱི་ཞགས་པ་ཟེར་བ་ལྟ་བུ། ”ཆིངས”ནི་སྐུལ་ཚིག་སྟེ། ཐག་པས་ཆིངས་ཤིག་ཟེར་བ་ལྟ་བུ།། དྲི་ཆུ་གཅིན་པ་ག་གཅིན་ཡིན།། གཅིན་པ ལྒང་པ་ནང་ལ་གསོག་ཅིང་སྟུ་མཇེ་གང་རུང་ནས་ཕྱི་ལ་དོན་པའི་དྲི་ཆུ་སྟེ། གཅིན་པ་བྲོ་དུས་གསང་སྤྱོད་དྲན་ཟེར་བ་ལྟ་བུ།། སྦྱོར་བྱེད་སྤྱིན་ནི་ས་སྤྱིན་ཡིན།། ༡སྤྱིན ཤོག་བུ་སོགས་སྦྱོར་བྱེད་རྫས་རིགས་ཀོ་བ་དང་རུས་པ་སོགས་གདུས་ནས་བཟོས་པ་ཞིག་སྟེ། ཀོ་སྤྱིན རུས་སྤྱིན་ཟེར་བ་ལྟ་བུ།། ༢སྤྱིན རྫས་འབྱར་བག་ཅན་གྱི་མིང་སྟེ། ས་སྤྱིན། དུ་སྤྱིན་ནི་དུད་དྲེག་འབྱར་བག་ཅན། སྤྱིན་འདག་ནི་ས་འདམ་འབྱར་བག་ཅན་ལ་ཟེར་བ་ལྟ་བུའོ།། གྲངས་ཀ་བཅུ་ལ་བ་འཕུལ་ཡོད།། ༡བཅུ ཨང་གྲངས་”༡༠”ཡི་མིང་སྟེ། ལག་པའི་སོར་མོའི་གྲངས་ཀ་ནི་བཅུ་ཡིན་ཟེར་བ་ལྟ་བུའོ།། ༢བཅུ (བྱེད་འབྲེལ་ལས་ཚིག་མ་འོངས་པ)སྐྱོགས་སོགས་ཀྱིས་ཆུ་དང་བྱེ་མ་སོགས་བླངས་ནས་སྣོད་དུ་བླུགས་པའི་དོན་ཏེ། བཅུ་བྱའི་ཆུ། ཆུ་བཅུ་བ་བྱ་ཟེར་བ་ལྟ་བུ། (འཆུ)ནི་ད་ལྟ་བ་སྟེ། ཆུ་འཆུ་བྱེད་ཀྱི་སྐྱོགས། ཆུ་འཆུ་བཞིན་འདུག་ཟེར་བ་ལྟ་བུ། (བཅུས)ནི་འདས་པ་སྟེ། ཆུ་བཅུས་ནས་སྣོད་དུ་བླུགས་ཟེར་བ་ལྟ་བུ། (ཆུས)ནི་སྐྭལ་ཚིག་སྟེ། ཆུ་ཆུས་ཤིག་ཟེར་བ་ལྟ་བུ།། སུམ་ཅུ་དྲུག་ཅུ་བདུན་ཅུ་དང་།། བརྒྱད་ཅུ་བཅས་ལ་བ་འཕུལ་མེད།། སུམ་ཅུ ཨང་གྲངས་”༣༠”འདིའི་མིང་།། དྲུག་ཅུ ཨང་གྲངས་”༦༠”འདིའི་མིང་།། བདུན་ཅུ ཨང་གྲངས་”༧༠”འདིའི་མིང་།། བརྒྱད་ཅུ ཨང་གྲངས་”༨༠”འདིའི་མིང་།། ཅུང་ཟད་ཅུང་ལ་འཕུལ་མེད་དང་།། ཅུང་ཟད ཕྲན་བུ། ཏོག་ཙམ། ཚད་ཆུང་ངུའམ་ཉུང་ངུ་ཞིག་སྟེ། དུས་ཚོད་ཀྱིས་མི་ལ་ཅུང་ཟད་ཀྱང་མི་སྒུག་ཟེར་བ་ལྟ་བུ།། ཅུང ཚད་ཆུང་ཆུང་ངམ་ཉུང་ཉུང་ཞིག་སྟེ། མི་ཅུང་མང། འགྲོ་སོང་ཅུང་ཆུང། ལམ་ཐག་ཅུང་རིང་ཟེར་བ་ལྟ་བུ།། གཅུང་པོ་གཅུང་མོར་ག་འཕུལ་ཡོད།། གཅུང་པོ ཕ་མ་གཅིག་པའི་སྤུན་མཆེད་བུ་རང་ལས་ཆུང་བ་སྟེ། གཅུང་པོའི་སྦྱང་འབྲས་ང་ལས་ཡག་ཟེར་བ་ལྟ་བུ།། གཅུང་མོ ཕ་མ་གཅིག་པའི་སྤུན་མཆེད་བུ་མོ་རང་ལས་ཆུང་བ་སྟེ། ངའི་གཅུག་མོའི་གཤེས་ཀ་ཧ་ཅང་བཟང་། ངའི་གཅུང་མོ་ཅ་ཅོ་བཤད་པར་མི་དགའ་ཟེར་བ་ལྟ་བུ།། གཅུང རང་ལས་གཞོན་པའི་སྤུན་མཆེད་དེ། གཅེན་གཅུང་གཉིས་ཤིན་ཏུ་འཆམས་ཟེར་བ་ལྟ་བུ།། ཟས་བཅུད་རོ་བཅུད་བ་འཕུལ་དང་།། ཟས་བཅུད ཟས་ཀྱི་སྙིང་པོའམ་ནུས་པ་སྟེ། མངར་ཅའི་རིགས་རྣམས་ཞིམ་པོ་ཡོད་ཀྱང་ཟས་བཅུད་ཆོན་པོ་མེད་ཟེར་བ་ལྟ་བུ།། རོ་བཅུད བྲོ་བ་དང་ཉིང་བཅུད་གཉིས་སྟེ། རོ་བཅུད་གཉིས་ལྡན་གྱི་ཟ་མ་ནི་རྩམ་པ་ཉིད་དོ་ཟེར་བ་ལྟ་བུ།། ༡བཅུད སེམས་ཅན་དང་རྩི་ཤིང་སོགས་སྐྱེ་དངོས་རྣམས་སྐྱེ་འཕེལ་བྱེད་བྱེད་ཀྱི་ནུས་པའི་མིང་།། ༢བཅུད འགྲོ་བ་སེམས་ཅན་ལ་སྟེ། ཕྱི་སྣོད་ཀྱི་འཇིག་རྟན་རི་ར་བ་ཁམ་ཁྱིམ་དང་། ནང་བཅིད་ཀྱི་སེམས་ཅན་རྟ་དང་བ་གླང་གང་ཟག་རྣམས་ཟེར་བ་ལྟ་བུ།། ཆུ་སོགས་གཅུས་པ་གའཕུལ་ཡིན།། གཅུས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག་)བསྒྲིམས་བཙིར་བརྒྱབ་པ་སྟེ། གོས་རླན་པ་གཅུས་ནས་ཆུ་ཟག གཅུ་གཟེར་དམ་པོ་གཅུས་ཤིག་ཟེར་བ་ལྟ་བུ། ”གཅུ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། གཅུ་རེ་མ་བྱེད། གཅུ་བྱའི་གྱོན་པ། གྱོན་པ་བཀྲིས་ཚར་བ་རྣམས་གཅུ་བཞིན་ཡོད་ཟེར་བ་ལྟ་བུ།། ཁའི་ལྕེ་མེ་ལྕེ་ལ་ལྕེ་འོ།། ༡ལྕེ ཟས་ཀྱི་བྲོ་བ་མྱོང་བྱེད་དང་། སྐད་ཆའི་སྒྲ་འབྱིན་པ་ལའང་རམ་འདེབས་བྱེད་པའི་ཁ་ཡི་ནང་ན་ཡོད་པའི་ཤ་འདབ་ནར་ནར་དེའོ། དཔེར་ན། ལྕེ་ལྡིབ་པ། རོ་བཅུད་ལྕེ་ཡིས་འཇིབ། ཞོ་ལྕེ་ཡིས་ལྡག་ཟེར་བ་ལྟ་བུ།། ༢ལྕེ དབྱིབས་ལྕེ་དང་འདྲ་བའི་དངོས་པོ་སྟེ། མེ་ལྕེ། དྲུལ་བུའི་ལྕེ། དར་ལྕེ་ཟེར་བ་ལྟ་བུ།། མེ་ལྕེ ལྷབ་ལྷབ་ཏུ་འབར་བའི་མེ་སྟེ། ཁོང་ཁྲོའི་མེ་ལྕེ་འབར། ཤིང་བཤགས་མང་ན་མེ་ལྕེ་མཐོ་ཟེར་བ་ལྟ་བུ།། གཅེས་སྐྱོང་གཅེས་སྤྲས་ག་གཅེས་ཡིན།། གཅེས་སྐྱོང གཙིགས་ཆེན་པོས་སྐྱོང་བའམ་བྱམས་བརྩེ་ཡིས་སྐྱོང་བ་སྟེ། དགེ་རྒན་གྱིས་ང་ལ་གཅེས་སྐྱོང་གང་ལེགས་བྱེད་ཟེར་བ་ལྟ་བུ།། གཅེས་སྤྲས མཐོང་ཆེན་ནམ་གཙིགས་ཆེན་པོས་ཅ་ག་བྱེད་པའམ་བདག་ཉར་བྱེད་པ་སྟེ། སྤྱི་རྒྱུ་ལ་གཅེས་སྤྲས་བྱེད་དགོས་ཟེར་བ་ལྟ་བུ།། གཅེས བརྩི་མཐོང་ངམ་གཙིགས་ཆརན་བྱེད་པ།། ལས་ཀ་ལྕོགས་དང་མི་ལྕོགས་ནི།། ལ་ལྕོགས་ཡིན་ལ་ཡང་འཇུག་མེད།། ལྕོགས ཐུབ་པའམ་ནུས་པ་སྟེ། ལས་ཀ་འདི་ངས་ལྕོགས། རང་གིས་ཅི་ལྕོགས་གིས་སྒོ་ནས་མི་རིགས་ལ་ཞབས་འདེབས་ཞུ། མི་ལྕོག་པའམ་མི་ཐུབ་པསི་ཁུར་འཇིག་རྟན་ན་མེད་ཟེར་བ་ལྟ་བུ།། ཁོང་པའི་ལྕོག་དང་མགོ་ལྕོག་ལྕོག།། ལ་ལྕོག་ཡིན་ལ་ཡང་འཇུག་མེད།། ལྕོག འབུར་ཐོན་གྱི་དབྱིབས་ཅན་ཏེ། ཁང་པའི་ཐོག་གི་ཟུར་ལྕོག་ཟེར་བ་ལྟ་བུ། ༡ལྕོག་ལྕོག དབྱིབས་ཅོག་བུའི་རྣམ་པ་སྟེ། རི་སྣ་ལྕོག་ལྕོག་ཟེར་བ་ལྟ་བུ།། ༢ལྕོག་ལྕོག མགོ་ཡི་གཡོ་སྟངས་ཤིག་སྟེ་ཁས་ལེན་པའི་རྣམ་པ་སྟོན་པ། མགོ་ལྕོག་ལྕོག་བྱེད་ཟེར་བ་ལྟ་བུ།། གཟུགས་པོ་གཅོང་པོ་ག་གཅོང་དང།། གཟུགས་པོ་གཅོང་པོ ཟུངས་ཁྲག་ཉམས་པའི་གཟུགས་པོའམ་བཅོས་དཀའ་བའི་ནད་དང་ལྡན་པའི་གཟུགས་པོ།། ༡གཅོང བཅོས་དཀའ་བའི་ནད་དེ། ལུས་གཅིང་ནད་ཀྱིས་ཟིན་ཟེར་བ་ལྟ་བུ།། ༢གཅོང བྲག་གམ་གད་པ་སོགས་གཡང་ས་སྟེ། གཅོང་རོང། གཅོང་གཡང་ཟེར་བ་ལྟ་བུ།། སྦལ་ཕྲུག་ལྕོང་མོ་ལ་ལྕོང་ཡིན།། ལྕོང་མོ སྦལ་བའི་ཕྲུ་གུ་སྟེ། དང་ཐོག་མགོ་དབྱིབས་གོ་གོ་ཞིག་ལ་རྔ་མ་ཞིག་ཐོགས་ཡོད་པ་ལས་ལུས་གཞན་མེད། མགོ་རིལ་རིལ་འདི་ལ་རིམ་པའི་ཡན་ལག་དང་ཉིིས་ལག་འབྱུང་ཤིང་རྔ་མ་ཆད་ནས་སྦལ་བ་འགྱུར་འགྲོ་བ་ཡིན། སྦལ་ཕྲུག་ལྕོང་མོ་ཡིན་པའི་སྐབས་ནས་ཆུ་ལ་རྐྱལ་ཤེས་ཟེར་བ་ལྟ་བུ།། དོན་གཅོད་མཚམས་གཅོད་ག་གཅོད་ཡིན།། ༡དོན་གཅོད ལས་དོན་ཐག་གཅོད་བྱེད་པའི་མིང་སྟེ། དོན་གཅོད་ཡང་དག་པ་བྱེད་དགོས་ཟེར་བ་ལྟ་བུ།། ༢དོན་གཅོད ལས་དོན་ཐག་གཅོད་བྱེད་མཁན་ནམ་ལས་དོན་སྒྲུབ་མཁན་ཏེ། ས་གནས་དོན་གཅོད་ལ་ཞུ་བ་ཕུལ་ཤིག་ཟེར་བའམ། སྐུ་ཚབ་དོན་གཅོད་ཞིག་མངག་གཏོང་གནང་བ་ཟེར་བ་ལྟ་བུ།། མཚམས་གཅོད བར་མཚམས་གཅོད་པ་སྟེ། རེ་ཞིག་མཚམས་གཅོད་ནས་འགྲོ་འོང་གཉིས་ཀ་བཀག་ཟེར་བ་ལྟ་བུ།། གཅོད (བྱེད་འབྲེལ་ལས་ཚིག་ད་ལྟ་བ)༡དངོས་རྫས་རིང་པོ་དུམ་བུར་གཏུབ་པ་སྟེ། ཤིང་གཅོད་མཁན། སྡོང་པོ་གཅོད་ཀྱིན་འདུག་ཟེེར་བ་ལྟ་བུ། ”བཅད”ནི་འདས་པ་སྟེ། ཤིང་བཟོས་ཟམ་པ་བཟོས།བཅད་པའི་ཤིང་ཟེར་བ་ལྟ་བུ། ”གཅད”ནི་མ་འོངས་པ་སྟེ། གཅད་བྱའི་ཤིང་ཟེར་བ་ལྟ་བུ། ”ཆོད”ནི་སྐུལ་ཚིག་སྟེ། ཁྱོད་ཀྱིས་ཤིང་སྡོང་འདི་ཆོད་ཅིག་ཟེར་བ་ལྟ་བུ།། ༢ གཏན་ཁེལ་བྱེད་པའི་དོན་ཏེ། ཐག་གཅོད། ཐག་གཅད་བྱ། ཐག་བཅད་པའི་དོན། ཚིག་ཐག་མ་བཅད། ཐག་ཆོད། ཐག་མ་ཆོད། ཁོ་ཐག་བཅད། བློ་ཐག་བཅད། གྲོས་ཐག་བཅད་ཟེར་བ་ལྟ་བུ།། ༣ སྔོན་དུ་སོང་བའི་རྗེས་ལ་སྙེག་པའི་དོན་ཏེ། སྔོན་མའི་རྗེས་བཅད། རྗེས་གཅོད། རྗེས་ཆོད་ཅིག་ཟེར་བ་ལྟ་བུ།། ༤ གནས་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བནཡས་པའི་དོན་ཏེ། རྩད་བཅད་ནས་རྩད་ཆོད། རྩད་མ་ཆོད་ཟེར་བ་ལྟ་བུ།། ༥ མཚམས་བཀག་ནས་སྔ་ཕྱི་འབྲེལ་དུ་མི་འཇུག་པ་སྟེ། ནད་ཡམས་རྒྱུན་གཅོད། ཆུ་རྒྱུན་མ་གཅོད། འགོ་ནད་རྒྱུན་བཅད། རྒྱུན་གཅོད་མ་ཐུབ། རྒྱུན་ཆོད་ཅིག་ཟེར་བ་ལྟ་བུ།། ༦ གོམས་འདྲིས་མི་ལེགས་པ་རྣམས་ཕྱིན་ཆད་བྱེད་པ་སྤང་བ་སྟེ། ཆང་བཅད། དུ་བ་གཅོད། ཐ་མག་ཆོད་ཅིག་ཟེར་བ་ལྟ་བུ།། ༧བཀག་པའི་དོན་ཏེ། སྟག་ཁེ་ཉལ་གྱིས་ལུང་མདོ་གཅོད། ཝ་བུ་མང་གིས་ཁུང་སྒོ་མི་ཆོད། སྣ་ཁྲག་བཅད། ཁྲག་གཅོད། སྐྱེ་རྒྱུན་བཅད། སྐྱུགས་པ་གཅོད་པའི་སྨན་ཟེར་བ་ལྟ་བུ།། ༨ བསད་པའི་དོན་ཏེ། སྲོག་བཅད། རང་སྲོག་རང་གིས་གཅོད་ཟེར་བ་ལྟ་བུ།། ༩ སྔ་ཕན་ཚུན་འབྲེལ་བ་ཡོད་པ་མཚམས་གཅོད་པ་སྟེ། འབྲེལ་བ་གཅོད། ཕྱི་འབྲེལ་གཅོད། གྲོགས་པོའི་འབྲེལ་བ་མ་གཅོད་ཟེར་བ་ལྟ་བུ།། ༡༠ མེད་པར་གཏོང་བའི་དོན་ཏེ། དགྲ་བོ་ཚར་གཅོད། ཚར་གཅོད་དགོས། ཚར་ཆོད་ཅིག་ཟེར་བ་ལྟ་བུ།། ༡༡ སོང་ནས་དམིགས་ཡུལ་ལ་བསླེབས་པའི་དོན་ཏེ། ལོ་ལམ་ཟླ་བས་བཅད་། ཟླ་ལམ་ཞག་གིས་བཅད། ཞག་ལམ་ཟ་མས་བཅད། བྱ་རྒོད་ཀྱིས་གནམ་འཕང་བཅད། ཁྱིམ་བྱས་གནམ་འཕང་མི་ཆོད་ཟེར་བ་ལྟ་བུ། ༡༢ དཔྱད་པ་གཏོང་བའམ་རྩོད་པ་བྱས་ནས་དོན་གཏིང་ཟབ་མོ་རྟོགས་པའི་དོན་ཏེ། དཔྱད་པ་མཐའ་ཆོད་པར་གཏོང། དཔྱད་ཀྱང་མཐའ་མ་ཆོད། གཞུང་དོན་མཐའ་བཅད་ནས་བཤད་ཟེར་བ་ལྟ་བུ།། ༡༣ བི་ག་སོགས་ཀྱི་འཇུག་སྒོར་དངོས་རྫས་བརྫངས་ནས་བཀག་པའི་དོན་ཏེ། བྱི་ཁུང་རྡོ་ཡིས་བཅད། དགྲ་ཁ་ཐལ་བས་བཅད་ཟེར་བ་ལྟ་བུ།། བཟོ་བཅོས་སྨན་བཅོས་བ་བཅོས་སོ།། བཟོ་བཅོས སྔ་བཟོས་ཟིན་པའི་གཞི་རྩ་ལ་བསྒྱུར་བཅོས་བྱེད་པའི་མིང་སྟེ། ད་ལྟའི་ཆབ་སྲིད་ཀྱི་འཛིན་སྐྱོང་ལ་བཟོ་བཅོས་བྱེད་དགོས་ཟེར་བ་ལྟ་བུ།། སྨན་བཅོས སྨན་གྱི་སྦྱོར་བ་ལ་རྟེན་ནས་ནད་གཞི་བཅོས་ཐབས་ཀྱི་བྱ་བའི་མིང་སྟེ། སྨན་བཅོས་དང་འཕྲོད་བསྟེན་གཉིས་ལས་ནད་གཞི་འཇོམས་ཐབས་གཞན་མེད་ཟེར་བ་ལྟ་བུ།། བཅོས (བྱེད་འབྲེལ་ལས་ཚིག་འདས་པ)ལས་སྣོན་བྱེད་པའམ་བཟོ་བཅོས་བྱེད་པའི་དོན་ཏེ། ངས་སྒ་སྟན་བཅོས་ནས་ལས་ཀ་ལས། བསྐྱར་བཅོས། བཅོས་བསྒྱུར་ཟེར་བ་ལྟ་བུ། ”བཅོ”ནི་མ་འོངས་པ་སྟེ། བཅོ་བྱའི་ཟས་ཞེས་པ་ལྟ་བུ། ”བཅའ”ནི་ད་ལྟ་བ་སྟེ། བག་ལེབ་བཅའ་མཁན་ཟེར་བ་ལྟ་བུ། ”ཆོས”ནི་སྐུལ་ཚིག་སྟེ། རྟ་ལ་སྒ་སྟན་ཞིག་ཆོས་ཤིག་ཟེར་བ་ལྟ་བུ། མ་འོངས་པ་ལ་བཅོས་དང་ད་ལྟ་བ་ལ་འཆོས་འབྲི་བའང་ཡོད་དེ། སྤྱོད་ངན་རྣམས་བཅོས་ནས་སྤྱོད་བཟང་ལ་ཞུགས། སྤྱོན་ངན་རྣམས་བཅོས་དགོས། སྤྱོད་པ་གང་ལེགས་སུ་འཆོས་མཁན། སེམས་རྒྱུད་གང་ལེགས་སུ་ཆོས་ཤིག་ཟེར་བ་ལྟ་བུ།། བེད་སྤྱོད་ཀུན་སྤྱོད་ས་སྤྱོད་ཡིན།། བེད་སྤྱོད ལོངས་སུ་སྤྱོད་པའི་མིང་སྟེ། ཉེར་མཁོ་ཡོ་བྱད་ཀྱི་ཕན་ནུས་མ་རྫོགས་བར་དུ་བེད་སྤྱོད་བྱེད་པ་ལས་གཡུག་མི་རུང་ཟེར་བལྟ་བུ།། ཀུན་སྤྱོད ཀུན་དུ་སྤྱོད་པ་སྟེ། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད། དཔེར་ན། རྟོགས་པ་ལྷ་དང་མཉམ་ཡང་། ཀུན་སྤྱོད་མི་དང་མཐུན་དགོས་ཟེར་བ་ལྟ་བུ།། ༡སྤྱོད ལུས་ངག་གི་བྱ་སྟངས་བྱེད་སྟངས་ཏེ། འགྲོ་འདུག་གི་སྤྱོད་ལམ་ཟེར་བ་ལྟ་བུ།། ༢སྤྱོད (བྱེད་འབྲེལ་ལས་ཚིིག་ད་ལྟ་བ་དང་སྐུལ་ཚིག)༡ ཟས་གོས་སོགས་བཟས་པ་དང་གྱོན་པ་དང་ཡོ་བྱད་སོགས་བཀོལ་བའི་དོན་ཏེ། བཟའ་བཏུང་ལ་སྤྱོད་མཁན། ཟས་ལ་སྤྱོད་ཅིག་ཟེར་བ་ལྟ་བུ། ”སྤྱད”ནི་མ་འོངས་དང་ད་ལྟ་བ་སྟེ། བཟའ་བཏུང་ལ་སྤྱད། ཡོ་བྱད་བེད་སྤྱད། སྤྱད་བྱའི་ཟས་ཞེས་པ་ལྟ་བུ། ༢ བྱས་པའི་དོན་ཏེ། ཉེས་པ་སྤྱད་ནས་ཁྲིམས་ལ་སྦྱར་ཟེར་བ་ལྟ་བུ།། དགྲ་བོ་བཅོམ་དང་འཕྲོག་བཅོམ་སོགགས།། བ་ཡིས་འཕུལ་བ་ཤེས་པར་བྱ།། དགྲ་བོ་བཅོམ དགྲ་བོ་གཏོར་བརླག་གཏོང་བ་སྟེ། ཉོན་མོངས་པའི་དགྲ་བོ་བཅོམ་དགོས་ཟེར་བ་ལྟ་བུ།། འཕྲོག་བཅོམ གཞན་གྱི་རྒྱུ་ནོར་འཕྲོག་ཅིང་བཅོམ་པ་སྟེ། བཙན་རྒྱལ་རིང་ལུགས་པས་མི་སེར་སྤེལ་ཡུལ་གྱི་རྒྱུ་དངོས་ཐོན་ཁུངས་འཕྲོག་བཅོམ་བྱེད་ཟེར་བ་ལྟ་བུ།། བཅོམ (བྱེད་འབྲེལ་ལས་ཚིག་འདས་པ) ༡ གཏོར་བའི་དོོན་ཏེ། དམག་གིས་དགྲ་བོའི་བཙན་རྫོང་བཅོམ་ཟེར་བ་ལྟ་བུ། ”གཞོམ”ནི་མ་འོངས་པ་སྟེ། གཞོམ་བྱའི་དགྲ་རྫོང་གཞོམ་དགོས་ཟེར་བ་ལྟ་བུ། ”འཇོམས”ནི་ད་ལྟ་བ་སྟེ། དགྲ་བོའི་བཙན་རྫོང་འཇོམས་པ་པོ། འཇོམས་པ་བྱེད་ཟེར་བ་ལྟ་བུ། ”ཆོམས”ནི་སྐུལ་ཚིག་སྟེ། དགྲ་རྫོང་ཆོམས་ཤིག་ཟེར་བ་ལྟ་བུ། ༢ མེད་པར་བཏང་བའི་དོན་ཏེ། སྨན་གྱིས་ནད་འཇོམས། སྨན་གྱིས་ན་ཟུག་བཅོམ། ང་རྒྱལ་བཅོམ། གཞོམ་བྱའི་ཉོན་མོངས་ཟེར་བ་ལྟ་བུ། བཅའ་ཁྲིམས་བཅའ་སྡོད་བ་འཕུལ་དང་།། བཅའ་ཁྲིམས ཆོག་དང་མི་ཆོག་གི་བྱ་རིམ་གཏན་ལ་ཕབ་པའི་སྒྲིག་ཁྲིམས་ཀྱི་མིང་སྟེ། བཅའ་ཁྲིམས་ལྟར་ཁྲིམས་གཅོད་བྱེད་ཟེར་བ་ལྟ་བུ། བཅའ་སྡོད རྒྱུན་དུ་སྡོད་པའི་དོན་ཏེ། དཀར་མཛེས་སུ་བཅའ་སྡོད་བྱེད་པ་འདོད་པའི་རྒྱ་མི་རྣམས་ཉེ་ཆར་ཟིང་འཁྲུག་སྐབས་སྐྲག་ཐག་ཆད་དེ་རང་ཡིལ་དུ་ལོག་ཟེར་བ་ལྟ་བུ ། བཅའ (བྱེད་འབྲེལ་ལས་ཚིག་མ་འོངས་པ)༡ གཏན་ལ་དབབ་པའི་དོན་ཏེ། སྒྲིགས་ལམ་བཅའ་བ་བྱ་ཟེར་བ་ལྟ་བུ། ”བཅས”ནི་འདས་པ་སྟེ། སྒྲིགས་ལམ་བཅས། ”འཆའ”ནི་ད་ལྟ་བ་སྟེ། སྒྲིགས་ལམ་འཆའ། ”འཆོས”ནི་སྐུལ་ཚིག་སྟེ། སྒྲིགས་ལམ་འཆོས་ཤིག་ཟེར་བ་ལྟ་བུ། ༢ ཁས་ལེན་པའི་དོན་ཏེ། དམ་བཅས་སོ། དམ་བཅའ་བ་བྱ། དམ་འཆའ་མཁན། དམ་འཆོས་ཤིག་ཟེར་བ་ལྟ་བུ། ༣ རྒྱུན་དུ་སྡོད་པའམ་གཞི་ཆགས་པ་སྟེ། གནས་བཅས་སོ། གནས་བཅའ་བ་བྱ། གནས་འཆའ་མཁན། གནས་འཆོས་ཤིག་ཟེར་བ་ལྟ་བུ ། དཔྱ་ཁྲལ་ད་འཕུལ་ཡིན་པ་ངེས།། དཔྱ་ཁྲལ ཐོན་སྐྱེད་ལ་བཞེས་ནས་གཏན་ལ་ཕབ་པའི་ཁྲལ་ཏེ། མི་དམངས་ནས་གང་བྱུང་དུ་དཔྱ་ཁྲལ་བསྡུ་མི་རུང་ཟེར་བ་ལྟ་བུ།། ༡དཔྱ བརྡ་རྙིང་དེ། ཁྲལ་ལའོ།། ༢དཔྱ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྨད་ར་གཏོང་བའམ་གཞན་སྐྱོན་རྗོད་པའི་དོན་ཏེ། གཞན་སྐྱོན་ཁོ་ན་དཔྱ་མཁན། དཔྱ་བྱའི་མི། ”དཔྱས”ནི་འདས་པ་སྟེ། སོ་སོ་རང་གིས་མ་བྱུང་བ་གཞན་ལ་དཔྱས་པས་ཅི་ཕན། མི་སྐྱོན་ཁོ་ན་དཔྱས་ན་རང་སྐྱོན་ནམ་ཡང་མི་མཐོང།། ”དཔྱོས”ནི་སྐུལ་ཚིག།། ༼ཆ༽ ཆ་རྐྱེན་ཆ་ཚང་ཆ་རྐྱང་དང།། ཆ་རྐྱེན མཐུན་རྐྱེན་ནམ་ཆ་ཤས་སོ་སོར་སྐྱེ་བ་བྱེད་པའི་རྒྱུ་རྐྱེན་ཏེ།། འཚོ་བའི་ཆ་རྐྱེན། ཆ་རྐྱེན་འཛོམས་པོ། ཆ་རྐྱེན་མེད་པ། ཆ་རྐྱེན་སྐྲུན་པ་ཟེར་བ་ལྟ་བུ།། ཆ་ཚང ཆ་ཤས་ཡོད་ཚད་ཚང་བ་སྟེ། བསྟན་འཛིན་རྒྱལ་མཚོའི་གསུང་འབུམ་ཆ་ཚང་ཟེར་བ་ལྟ་བུ།། ༡ཆ ཟུང་སྟེ། ཡ་ཡི་ལྡོག་ཟླ། དཔེར་ན། ལྷམ་ཆ་གཅིག་ཟེར་བ་ལྟ་བུ།། ༢ཆ ཆ་རྒྱས་སམ་ཤེས་རྟོགས་ཏེ། ཆ་ཡོད་རྒྱས་ཡོད། གར་སོང་ཆ་མེད་ཟེར་བ་ལྟ་བུ།། ༣ཆ དངོས་པོ་གཅིག་དུམ་བུ་བགོས་པའི་ཆ་ཤས་ཏེ། བརྒྱ་ཆ། སུམ་ཆ་ཡི་གཅིག ཆ་ཤས་ཟེར་བ་ལྟ་བུ།། འཕྱ་སྨོད་འཕྱ་ནི་འ་འཕྱ་ཡིན།། འཕྱ་སྨོད གཞན་ལ་སྨོད་པའམ། སྐྱོན་འདོག་པ་སྟེ། གཞན་གྱིས་འཕྱ་སྨོད་བྱེད་པར་མི་བརྩི་བ་ཟེར་བ་ལྟ་བུ།། འཕྱ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྨད་ར་གཏོང་བའམ། གཞན་སྐྱོན་རྗོད་པ་སྟེ།ངན་སྤྱོད་བྱས་ན་ཀུན་གྱིས་འཕྱ། འཕྱ་སྨོད་བྱེད། ”འཕྱས”ནི་འདས་པ་སྟེ། སྤྱོད་པ་ངན་པར་ཀུན་གྱིས་འཕྱས། ”འཕྱོས”ནི་སྐུལ་ཚིག་སྟེ། སྤྱོན་ངན་ལ་འཕྱོས་ཤིག་ཟེར་བ་ལྟ་བུ།། ཆག་སྐྱོན་ཆག་སྒོར་ཡང་འཇུག་མེད།། ཆག་སྐྱོན གས་ཆག་གི་སྐྱོན་ཆ་སྟེ། རྐང་རྩེད་སྤོ་ལོ་རྩེས་ནས་རྐང་པ་ལ་ཆག་སྐྱོན་བཏང་འདུག་ཟེར་བ་ལྟ་བུ།། ཆག་སྒོ རྐྱེན་ངན་ནམ་སྡུག་བསྔལ་གྱི་འབྱུང་གཞི་སྟེ། གཞུང་ལམ་ནས་བརྒྱུད་སྐབས་ཆག་སྒོ་ཞིག་བྱུང་ནས་ཁོང་གི་སྲོག་ཤོར་ཟེར་བ་ལྟ་བུ་། ཆགས་སྒོའང་འབྲི། ༡ཆག (བྱེད་མེད་ལས་ཚིག་འདས་པ) ༡ དངོས་རྫས་ལ་ཆག་སྐྱོན་བྱུང་བ་སྟེ། དཀར་ཡོ་ཆག་སོང་། ཤིང་ཆ་ཆག་སོང་ལྟ་བུ། ”འཆག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། སྡོང་པོ་འདི་འཆག་ལ་ཁད། འཆག་རྒྱུ་རེད་ལྟ་བུ། ༢ དུས་ངེས་ཅན་ལ་བྱེད་དགོས་པའི་བྱ་བ་དུས་དེར་མ་བྱས་པ་སྟེ། སློབ་ཐུན་འཆག་མི་རུང་། སློབ་སྦྱོང་ཆག་མེད་དུ་བྱས་ལྟ་བུ། ༣ ཇེ་ཉུང་དུ་སོང་བའི་དོན་ཏེ། ཚོང་རྫས་ཀྱི་རིན་གོང་མར་ཆག་ལྟ་བུ། ༢ཆག ལུས་ཚད་འཇལ་བྱེད་སོར་མོ་བཞིའི་ཞེང་ཚད་དེ། ཆག་གང་ཟེར་བ་ལྟ་བུ།། ༣ཆག ཆག་པ་ཡི་བསྡུ་ཚིག་སྟེ། སྤོས་ཆག་གཅིག སྐུད་པ་ཆག་གཅིག་ལྟ་བུ།། སེམས་ཆགས་ཆགས་སྡང་ཡང་འཇུག་ཡོད།། སེམས་ཆགས དངོས་པོ་ཞིག་ལ་ཡིད་འོང་དུ་སྒྲོ་འདོགས་ཏེ་ལྷག་པ་ཆགས་པའི་སེམས་ཀྱི་བྱ་བྱེད་ཀྱི་མིང་སྟེ། སེམས་ཆགས་ནས་བྲལ་མི་ཕོད་པར་འཛིན་པ་ཟེར་བ་ལྟ་བུ། ཆགས་སྡང འདོད་ཆགས་དང་ཞེ་སྡང་སྟེ། གཉེན་ལ་ཞེན་ཆགས་དང་། དགྲ་ལ་སྡང་བ་འཛིན་པའི་སེམས། ཆགས་སྡང་གཉིས་ནི་ཉེ་རིང་ཤོར་བའི་སེམས་ཡིན་པས་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བ་ལ་འབོད་དགོས་སོ་ཟེར་བ་ལྟ་བུ།། ༡ཆགས རྒྱུ་དངོས་དང་བདེ་བ་སོགས་ལ་ཞེན་པའམ་འདོད་པ་སྐྱེས་པའི་བསམ་པའམ་བྱ་སྤྱོད་ཀྱི་མིང་སྟེ། ཆགས་པའི་གདུང་བ། ཆགས་ཞེན། བདེ་བ་ཆུང་ལ་ཆགས་མི་རུང་ཟེར་བ་ལྟ་བུ།

༢ཆགས   གྲུབ་པ་སྟེ། མངའ་ཆགས་པ། འཁྱགས་པ་ཆགས་པ། གཞི་ཆགས་པ་ཟེར་བ་ལྟ་བུ།།

གད་སྙིགས་ཕྱགས་དང་ཕྱགས་མ་ནི།། ཕ་ཕྱགས་ཡིན་ལ་ཡང་འཇུག་ཡོད།། ཕྱགས (བྱེད་འབྲེལ་ལས་ཚིག་འདས་པ)གད་སྙིགས་བྱི་དོར་བྱེད་པ་སྟེ། ཕྱགས་མས་གད་སྙིགས་ཕྱགས། ”ཕྱག”ནི་མ་འོངས་པ་སྟེ། ཕྱག་བྱའི་གད་སྙིགས་། ”འཕྱག”ནི་ད་ལྟ་བ་སྟེ། གད་སྙིགས་འཕྱག་མཁན། ས་རྡུལ་འཕྱག་བྱེད། ”ཕྱོགས”ནི་སྐུལ་ཚིག་སྟེ། ས་རྡུལ་ཕྱོགས་ཤིག་ཟེར་བ་ལྟ་བུ།། ཕྱགས་མ གད་སྙིགས་ཕྱགས་བྱེད་ཀྱི་ཡོ་བྱད་ཞིག་སྟེ། རྩྭ་ཡི་ཕྱགས་མ་དང་ཤིང་གི་ཕྱགས་མ་སོགས་ཡོད།། ལག་པའི་ཕྱག་དང་ཕྱག་བྲིས་སོགས།། ཡང་འཇུག་མེད་པ་ངེས་དགོས་སོ།། ཕྱག ལག་པའི་ཞེ་ས་ཡིན་ཏེ། ལག་བྲིས་ཡི་གེ་ལ་ཕྱག་བྲིས་ཟེར་བ་ལྟ་བུ།། བཏུང་བྱའི་ཆང་ལ་འཕུལ་མེད་དང་།། ཆང མྱོས་བྱེད་ཀྱི་བཏུང་བ་སྤྱིའི་མིང་སྟེ། སྨྱོ་ཆུ་ཡང་ཟེར་ཞིང་། ཆང་འཐུང་ན་བཟི་འོང་ལ་ནོར་ཟད་པ་དང་ནད་མང་བ་སོགས་ཉེས་དམིགས་ཧ་ཅང་ཆེན། ལག་པ་འཆང་བར་འ་འཕུལ་ཡོད།། འཆང (བྱེད་འབྲེལ་ལས་ཚིག་ད་ལྟ་བ) འཛིན་པའི་དོན་ཏེ། ཕྱག་ཏུ་རྡོ་རྗེ་འཆང་། ”བཅངས”ནི་འདས་པ་སྟེ། མན་ངག་རྣམས་ཡིད་ལ་བཅངས། ”བཅང”མ་འོངས་པ་སྟེ། ཡིད་ལ་བཅང་བྱའི་མན་ངག མི་དམངས་སེམས་སུ་བཅང་། ”ཆོངས”སྐུལ་ཚིག་སྟེ། མེ་མདའ་ལ་ལག་པ་མ་ཆོངས་ཤིག་ཟེར་བ་ལྟ་བུ།། སྐུད་པ་ཆད་དང་ཆད་ལྷག་དང་།། སྔོད་ཆད་ཕྱིན་ཆད་རྗེས་འཇུག་ད།། ༡ཆད (བྱེད་མེད་ལས་ཚིག་འདས་པ)དུམ་བུ་གྱུར་བའི་དོན་ཏེ། ཐག་པ་ཆད་སོང་། ”འཆད”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ཐག་པ་འཆད་རྒྱུ་རེད། ཐག་པ་འཆད་ལ་ཁད། སྐུད་པ་འཆད་ཀྱིན་འདུག་ཟེར་བ་ལྟ་བུ།། ༢ཆད ཉེས་ཆད་དེ། ཆད་དེ་པོ་བཅད་ཟེར་བ་ལྟ་བུ།། ༣ཆད མ་ཚང་བ་སྟེ། ཚིག་གཅིག་ཆད་འདུག་ཟེར་བ་ལྟ་བུ།། ༤ཆད མ་ལྡང་བའི་དོན་ཏེ། ཐོབ་སྐལ་ཆད་ཁངས་ཟེར་བ་ལྟ་བུ།། ༥ཆད མེད་པ་འགྱུར་བའི་དོན་ཏེ། རེ་བ་ཆད་སོང་ཟེར་བ་ལྟ་བུ།།

༦ཆད   ཉམས་པ་གྱུར་བ་སྟེ། ཡིད་ཆད་སོང་ཟེར་བ་ལྟ་བུ།།

༧ཆད ཁ་དན་ནམ་ཁས་བླངས་ཏེ། གཏན་འཁེལ་བའི་ཐ་ཚིག དཔེར་ན། ཁ་ཆད། སྟེར་ཆད། འགྲོ་ཆད། འདུག་ཆད། ཡོང་ཆད་བཟོས་ཡོད་ཟེར་བ་ལྟ་བུ།། ཆད་ལྷག མ་ཚང་བའམ་ལྷག་པོ་ཡོད་པའི་དོན་ཏེ། བགོ་བཤའ་ཆད་ལྷག་མེད་པ་ཞིག་བྱེད་དགོས་ཟེར་བ་ལྟ་བུ།། སྔོན་ཆད དེ་སྔ་ཕན་ཆད་དེ། སྔོན་ཆད་ཀྱི་མེས་རྒྱལ་ད་ཆ་དགྲ་ལག་ཏུ་ཤོར་སོང་ཟེར་བ་ལྟ་བུ།། ཕྱིན་ཆད མ་འོངས་པའི་དུས་ཏེ། ད་ཕྱིན་ཆད་ལས་ངན་འདི་འདྲ་མི་བྱེད་ཟེར་བ་ལྟ་བུ།། ལྟོ་ཆས་འཕྲུལ་ཆས་རྗེས་འཇུག་ད།། ལྟོ་ཆས བཟའ་ཆས་དང་བཏུང་ཆས་སྟེ། སྒེར་གྱི་ལྟོ་ཆས་དོན་དུ་མི་གཉེར་བ་མི་རིགས་སྤྱིའི་རྩ་དོན་ལ་འབད་ཟེར་བ་ལྟ་བུ།། འཕྲུལ་ཆས རིག་རྩལ་གྱི་འཕྲུལ་ལ་བརྟན་ནས་ལྷུ་ལག་མང་པོ་བསྒྲིགས་ཏེ་བཟོས་པ་འགུལ་སྐྱོད་བྱེད་སྐབས་བྱ་བ་མང་པོ་སྒྲུབ་ཐུབ་པའི་ཡོ་ཆས་ཏེ། འཕྲུལ་ཆས་ཀྱི་འགུལ་སྐྱོད་ནུས་པ་ཇི་ཙམ་གྱིས་འཕེལ་བ་དེ་ཙམ་གྱིས་མི་ཡི་རང་བྱུང་འགུལ་སྐྱོས་ནུས་པ་ཇེ་ཞན་དུ་འགྲོ་ངེས་ཡིན་ཟེར་བ་ལྟ་བུ།། ༡ཆས གྱོན་གོས་ཀྱི་ཆ་ལུགས་ཏེ། ཕོ་ཆས། མོ་ཆས། བོད་ཆས། རྒྱ་ཆས། ཟེར་བ་ལྟ་བུ། ༢ཆས ཡོ་བྱེད་དེ། མཁོ་ཆས། དགོས་ཆས། འགྲོ་ཆས། མགར་ཆས། འདུག་ཆས་ཟེར་བ་ལྟ་བུ།། ༣ཆས སོང་བའི་དོན་ཏེ། མདོ་དབུས་ཁམས་གསུམ་དུ་སྐོར་ནས་ཆས། ཚོང་ལ་ཆས་ཟེར་བ་ལྟ་བུ།། མིག་གི་མཆི་མ་མ་མཆི་དང་།། མཆི་མ མིག་ཆུ་སྟེ། དགའ་བ་མིག་གི་མཆུ་མ་དང་།། སྡུག་པ་མིག་གི་མཆུ་མ་གཉིས།། དྲིན་ཆེན་ཕ་མའི་མཁུར་ཚོས་ན།། བུ་ངའི་ཆེད་དུ་ཡང་ཡང་བབས།། ཟེར་བ་ལྟ་བུ།། མཆི (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) འགྲོ་བའི་དོན་ཏེ། གནས་སུ་མཆི་བ། སྐྱབས་སུ་མཆིའོ་ཟེར་བ་ལྟ་བུ།། ”མཆིས”ནི་འདས་པ་སྟེ། གྲོང་གསེབ་ལ་མཆིས་སོ་ལྟ་བུ། མཆིས་ནི་ཡོད་པའི་དོན་ལའང་འཇུག་པ་དཔེར་ན་བླ་ན་མ་མཆིས་སོ། གོང་ན་མ་མཆོས་སོ། འགྲོ་རྒྱུའི་གོ་སྐབས་མཆིས་ཟེར་བ་ལྟ་བུ།། མིི་རྟག་འཆི་བ་འ་འཆི་འོ།། འཆི (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) སྲོག་ཆད་པའི་དོན་ཏེ། འགྲོ་བའི་དོན་དུ་འཆི་ཡང་འགྱེད་པ་མེད། འཆི་རན་ཁ། གསོན་མཉམ་འཆི་མཉམ་ཟེར་བ་ལྟ་བུ། ”ཤི”ནི་འདས་པ་སྟེ། ཁོང་ཤི་བ་མི་རིགས་ཀྱི་དོན་དུ་རེད་ལྟ་བུ། ཕྱི་རྒྱལ་ཕྱི་ནང་ཕ་ཕྱི་ཡིན།། ཕྱི་རྒྱལ ཕྱི་ཡི་རྒྱལ་ཁབ་སྟེ། རང་གི་རྒྱལ་ཁབ་མ་ཡིན་པའི་རྒྱལ་ཁབ་ཐམས་ཅད། ཕྱི་རྒྱལ་གྱི་སྐད་ཡིག་ལས་རང་མི་རིགས་ཀྱི་སྐད་ཡིག་གལ་ཆེན་ཡིན་ཟེར་བ་ལྟ་བུ།། ༡ཕྱི་ནང ཕྱི་རོལ་དང་ནང་ལོགས་ཏེ། གྱོན་པ་ཕྱི་ནང་བསློགས་ཏེ་གྱོན་པ། སྒོ་ཕྱི་ནང་ཐམས་ཅད་གཙང་སྦྲ་བྱེད་དགོས་ཟེར་བ་ལྟ་བུ།། ༢ཕྱི་ནང ཕྱི་རོལ་པ་དང་ནང་པ་སྟེ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཐུགས་སུ་ཆུབ་པ་ཟེར་བ་ལྟ་བུ།། ༡ཕྱི ནང་གི་ལྡོག་ཟླ་སྟེ། ཕྱི་རོལ། ཕྱི་སྐོགས།། ༢ཕྱི སྔ་ཕྱི་གཉིས་ཀྱི་ཕྱི་མ་སྟེ། ཕྱི་ཉིན། ཕྱི་དྲོ། ཕྱི་རྟིང་། སྔ་ཕྱི་ཟེར་བ་ལྟ་བུ།། ༣ཕྱི རྒྱབ་ངོས་སམ་རྒྱབ་ཕྱོགས་ཏེ། མིག་ཕྱི་བལྟས། ཁ་ཕྱི་འཁོར་བ་ཟེར་བ་ལྟ་བུ།། འདུམ་འགྲིགས་ཆིངས་ཡིག་ཆ་ཆིངས་དང་།། ཆིངས་ཡིག ཕན་ཚུན་འདུམ་འགྲིགས་བྱུང་ནས་ཁ་དན་བཞག་པའི་ཡི་གེ་སྟེ། བོད་རྒྱ་གཉིས་ཀྱི་བར་དུ་འདུམ་འགྲིགས་ཡོང་ཆེེད་ཆིངས་ཡིག་དོན་ཚན་ཅུ་བདུན་ཅན་ཞིག་ཡོད། རྒྱ་ཕྱོགས་ནས་ཆིངས་ཡིག་དེ་ལ་ཁག་ཐེག་མི་བྱེད་པ་མ་ཟད་བོད་ཀྱི་རྒྱལ་ཁམས་ཧྲིལ་པོ་ལ་རིག་གནས་གསར་བརྗེ་ཟེར་བ་ཞིག་རྒྱག་པ་རེད། ༡ཆིངས ཁ་དན་གྱི་ཡི་གེ་སྟེ། ཆིངས་ཡིག ཞི་ཆིངས། ༢ཆིངས རྩོམ་གཞུང་གི་སྤྱི་སྡོམ་སྟེ། སྤྱི་ཆིངས། དམག་དོན་གྱི་ཆིངས། ༣ཆིངས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)སྡོམ་པའི་དོན་ཏེ། སྐྲ་གྱོན་དུ་ཆིངས་ཤིག ”བཅིངས”ནི་འདས་པ་སྟེ། སྐྲ་གྱོན་དུ་བཅིངས། ”བཅིང”ནི་མ་འོངས་པ་སྟེ། སྐེ་རགས་བཅིང་། ”འཆིང”ནི་ད་ལྟ་བ་སྟེ། སྐེ་རགས་འཆིང་མཁན་ཟེར་བ་ལྟ་བུ།། ཕྱིང་ཞྭ་ཕྱིང་གུར་ཕ་ཕྱིང་ཡིན།། ཕྱིང་ཞྭ ཕྱིང་པ་ལས་བཟོས་པའི་ཞྭ་མོ་སྟེ། འབྲོག་ཕྲུག་ཆུང་ཆུང་དེས་ཕྱིང་ཞྭ་སྙིང་རྗེ་བོ་ཞིག་གོན་ནས་རི་ལ་སོང་ཟེར་བ་ལྟ་བུ།། ཕྱིང་གུར ཕྱིང་པ་ལས་བཟོས་པའི་གུར་ཏེ། ཆར་པ་ཇི་ཙམ་ཆེ་ཡང་ཕྱིང་གུར་གྱི་ནང་དུ་ཐིགས་པ་གཏན་ནས་མི་ཟག།། ཕྱིང ཕྱིང་པ་སྟེ། ཐགས་སུ་མ་བྱས་པར་ཆུ་ཆགས་ཀྱིས་བཅགས་པའི་བལ་ལས་བཟོས་པའི་དངོས་རྫས་ཏེ། ཕྱིང་ལྷམ། ཕྱིང་གཟར། ཕྱིང་གདན། ལྟ་བུ།། གཙང་མ་ཕྱིས་པ་རྗེས་འཇུག་ས།། ༡ཕྱིས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག་) ༡ དངོས་རྫས་ཀྱི་ཐོག་གི་དྲི་མ་མི་གཙང་བ་གཙུབ་རྡར་བྱས་ནས་དག་པར་བྱས་པ་སྟེ། རྡུལ་ཕྱིས་ནས་དྲི་མ་དག།ཅོག་ཙེ་ཕྱིས་ཤིག་ལྟ་བུ། ”དབྱི”ནི་མ་འོངས་པ་སྟེ། དབྱ བྱའི་ཅོག་ཙེ་ཞེས་པ་ལྟ་བུ། ”འབྱིན་”ནི་ད་ལྟ་བ་སྟེ། ཐལ་རྡུལ་འབྱིན་བཞིན་པ་ཟེར་བ་ལྟ་བུ། ༢ རི་མོ་དང་ཡི་གེ་སོགས་བསུབས་པའི་དོན་ཏེ། ཡི་གེ་དབྱི་བར་བྱའོ། ན་རོ་ཕྱིས་ནས་གི་གུ་སྦྱར་ལྟ་བུ།། ༢ཕྱིས (བྱེད་མེད་ལས་ཚིག)སྲོགས་ཆགས་མོའི་མངའ་གྱི་ཕྲུ་གུ་བཙའ་མ་རན་པར་ཐོན་པ་སྟེ། ད་ལོ་མ་མོར་ལུ་གུ་ཕྱིས་པ་ཤིན་ཏུ་ཉུང་ཞེས་པ་ལྟ་བུ།། ༣ཕྱིས རྗེས་དུས་ཀྱི་མིང་སྟེ། ཕྱིས་སུ། ཕྱིས་འབྱུང་གི་བྱ་བ་ཞེས་པ་ལྟ་བུ།། གངས་འཕྱིད་འཁྱགས་འཕྱིད་རྗེས་འཇིག་ད།། གངས་འཕྱིད གངས་ལ་བལྟས་དྲགས་ནས་མིག་དབང་གདུང་བར་འགྱུར་བ་སྟེ། མིག་ལ་གངས་འཕྱིད་ཐེབས་ཡོང་ཟེར་བ་ལྟ་བུ།། འཁྱགས་འཕྱིད འཁྱགས་དྲགས་ནས་རྐང་ལག་སོགས་ལུས་ཀྱི་ཆ་ཤས་རྣམས་འཁོབ་སྟེ་སླད་དྲོས་སྐབས་རུལ་འགྲོ་བ་སྟེ། གངས་ནང་འགྲོ་སྐབས་རྐང་པ་འཁྱགས་འཕྱིད་ཐེབས་སོང་ཟེར་བ་ལྟ་བུ།། འཕྱིད (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ཡན་ལག་དང་མིག་དབང་སོགས་གདུང་བ་འགྱུར་བ་སྟེ། གངས་ཀྱིས་མིག་འཕྱིད་ཡོང་། འཁྱགས་འཕྱིད། གངས་འཕྱིད། ”ཕྱིད”ནི་འདས་པ་སྟེ། མིག་འཕྱིད་སོང་། ལག་པ་ཕྱིད་སོང་ཟེར་བ་ལྟ་བུ།། ཁ་ཡི་མཆིལ་མ་བྱེའུ་མཆིལ་པ།། མ་འཕུལ་ཡིན་པ་བློ་རུ་ངེས།། མཆིལ་མ ཁ་ཆུ། མིག་པ་མཆིལ་མས་འགགས་པ་ཟེར་བ་ལྟ་བུ།། མཆིལ་པ ཁང་པའི་བུ་ག་སོགས་སུ་ཚང་བཅས་ནས་སྡོད་མཁན་གྱི་བྱེའུ་ཞིག་སྟེ། ༡མཆིལ་པ ཁང་བྱེའུ།། ༢མཆིལ་པ ལྕགས་ཀྱུ་སྟེ། གླང་ཆེན་ལུས་སྟོབས་ཆེན་ན་འང་།། མཆིལ་པས་བཏབ་ཚེ་བྲན་བཞིན་བྱེད་ཟེར་བ་ལྟ་བུ།། རྦ་རླབས་ཆིལ་ཆིལ་སྔོན་འཇིག་མེད།། ཆིལ་ཆིལ ༡ ཆུ་ཡི་རྦ་རླབས་གཡོ་བའི་སྒྲ་སྟེ། རྦ་རླབས་ཆིལ་ཆིལ་དུ་གཡོ། ༢ ཆུ་འཁོལ་སྟངས་སྟེ། ཇ་ཆིལ་ཆིལ་དུ་འཁོལ། ༣ ཆར་ཆེན་འབབ་པའི་སྒྲ་སྟེ། ཆར་ཆུལ་ཆུལ་དུ་འབབ་ཟེར་བ་ལྟ་བུ།། ཆིལ (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ སྐྲོད་པའམ་འདོན་པ་སྟེ། རྩ་གནད་ལ་གཙག་བུ་གཙུགས་ཏེ་ཁྲག་ཆིལ་ཤིང་། ”བཅིལ”ནི་འདས་པ་སྟེ། དྲི་ངན་ཕྱིར་བཅིལ། ”གཞུལ”ནི་མ་འོངས་པ་སྟེ། ལུས་ནས་གཞུལ་བྱའི་ཁྲག ”འཇིལ”ནི་ད་ལྟ་བ་སྟེ། ལུས་ནས་ཁྲག་འཇུལ་མཁན་ཟེར་བ་ལྟ་བུ།། ནང་ཁྲོལ་མཆིན་པ་མ་མཆིན་དང་།། མཆིན་པ མི་ལུས་ཀྱི་བྱང་ཁོག་སྟོད་ཀྱི་གཡས་ངོས་ལ་གནས་ཤིང་དིན་ལྔའི་ཡ་གྱལ་ཞིག་སྟེ།མཆིན་པའི་བྱེད་ལས་ནི་ཁྲག་གི་རྟེན་བྱེད་ཅིང་། ཟས་སྐོམ་གྱི་དྭངས་མ་རྣམས་ཕོ་བ་ནས་ལུས་ལ་འདྲེན་པར་བྱེད་པ་ཡིན་ནོ།། ལམ་དུ་ཕྱིན་དང་མཐར་ཕྱིན་པ།། ཕྱིན་ཅི་ལོག་སོགས་ཕ་ཕྱིན་ནོ།། ༡ཕྱིན (བྱེད་མེད་ལས་ཚིག་འདས་པ)འགྲོ་བའི་དོན་ཏེ། བདག་ཆུང་དུས་སློབ་གྲྭ་ལ་ཕྱིན། ”འགྲོ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ང་སློབ་གྲྭ་ལ་འགྲོ་དགོས། སློབ་གྲྭ་ལ་འགྲོ་མཁན། ”སོང”ནི་སྐུལ་ཚིག་སྟེ། སློབ་གྲྭ་ལ་སོང་ཤིང་ཟེར་བ་ལྟ་བུ།། ༢ཕྱིན དུས་རྗེས་མ་སྟེ། སྔོན་ཆད་དང་ཕྱིན་ཆད་ཟེར་བ་ལྟ་བུ།། མཐར་ཕྱིན ཕ་མཐར་ཕྱིན་པའམ་ཡོངས་རྩེ་སོན་པ་སྟེ། ཡོན་ཏན་མཐར་ཕྱིན་པ་བསླབ་དགོས། གནས་ཚུལ་མཐར་ཕྱིན་པ་རྟོགས་པ། ཐང་ཆེན་པོའི་ཕར་མཐར་ཕྱིན་ཟེར་བ་ལྟ་བུ།། ཕྱིན་ཅི་ལོག ཁ་ཕྱོགས་ཡང་དག་པ་མ་ཡིན་པ་སྟེ། ལྟ་བ་ཕྱིན་ཅི་ལོག་འཛིན་དུ་མི་རུང་ཟེར་བ་ལྟ་བུ།། གྱོན་བྱའི་ཕྱུ་པ་ཕ་ཕྱུ་ཡིན།། ཕྱུ་པ བོད་ལུགས་ཀྱི་ལྭ་བ་རིང་པོ་ཞིག་སྟེ། ཕྱུ་པ་གྱོན་སྐབས་ཁོ་མོའི་སྒེག་ཉམས་ཧ་ཅང་དོན་ཟེར་བ་ལྟ་བུ།། གཙང་ཆུ་རྒྱུག་ཆུ་ཆུ་རྐྱང་ལ།། ༡གཙང་ཆུ གཙང་པོའི་ཆུ་སྟེ། གཙང་ཆུ་བརྒལ་ནས་འགྲོ་ལྟ་བུ།། ༢གཙང་ཆུ ཆུ་གཙང་མ་སྟེ། གཙང་ཆུ་འཐུང་བ་འོས་ཀྱི་རྙོག་ཆུ་འཐུང་ག་ལ་འོས་ལྟ་བུ།། ༣གཙང་ཆུ གཙང་གི་ས་ཆ་བརྒྱུད་ནས་འབབ་པའི་ཆུ་བོ་སྟེ། གཙང་ཆུ་དང་ཁམས་ཆུ། ཨ་མདོ་ཕྱོགས་ཀྱི་ཆུ་རྒྱུད་ཟེར་བ་ལྟ་བུ།། རྒྱུག་ཆུ འབབ་འགྲོ་བའི་ཆུ་རྒྱུན་ཏེ། ང་ཚོའི་གྲོང་པའི་འགྲམ་ནས་རྒྱུག་ཆུ་ཆུང་ཆུང་ཞིག་འབབ་བཞིན་ཡོད་ཟེར་བ་ལྟ་བུ།། ཆུ རླན་ཤིང་གཤེར་བ་སྟེ། ཁྲོན་ཆུ། ཆུའི་གཟེགས་མ་ལྟ་བུ། ཆུ་ནི་མ་རྡུལ་H2Oལས་གྲུབ་པའོ།། གྱོད་ཀྱི་ཁ་མཆུ་ཁའི་མཆུ་ཏོ།། མ་མཆུ་ཡིན་པ་བློ་རུ་ངེས།། ཁ་མཆུ གྱོད་གཞི་ཡི་རྩོད་གླེང་གི་མིང་སྟེ། བོད་རིགས་སྤུན་ཟླ་ནང་ཁུལ་རྩྭ་སའི་ཁ་མཆུ་ཐུག་ནི་ཡིད་ཕམ་པའི་གནས་ཤིག་གོ་ཟེར་བ་ལྟ་བུ།། མཆུ་ཏོ ཁ་ཡི་ཡ་མཆུ་དང་མ་མཆུ་ཏེ། བྱ་སྐྱང་ཀའི་མཆུ་ཏོ་ནི་དམར་པོ་ཡིན་ཟེར་བ་ལྟ་བུ།། མཆུ མི་ཕྱུགས་སོགས་ཀྱི་ཁ་ཤའི་མིང་སྟེ། མཆུ་ནི་བུམ་པ་ལྟ་དམར་བ་ཟེར་བ་ལྟ་བུ།། ཕྱུག་པོའི་ཕྱུག་ལ་ཡང་འཇུག་མེད།། ཕྱུག་པོ རྒྱུ་ནོར་དང་ལྡན་པའི་མི་སྟེ། ཕྱུག་པོ་གསོག་འདོད་ན་ཟས་མི་ཟ། དབུལ་པོ་འུ་ཐུག་ན་ལས་མི་བྱེད་ཟེར་བ་ལྟ་བུ།། སྒོ་ཕྱུགས་ཕྱུགས་ལ་ཡང་འཇུག་ཡོད།། སྒོ་ཕྱུགས མི་ཡིས་འཚོ་སྐྱོང་བྱེད་པའི་སྲོག་ཆགས་སྟེ། གྲང་སྡེ་ནང་སྒོ་ཕྱུགས་སྨན་བཅོས་ཁང་ཞིག་གསར་རྒྱག་བྱེད་ལྟ་བུ། ཁ་ནང་མཆེ་བ་མ་མཆེ་ཡིན།། མཆེ་བ འགྲམ་སོ་དང་མདུན་སོའི་བར་མཚམས་གཡས་གཡོན་གཉིས་ཀྱི་སོ་རིང་པོ་སྟེ། ཁ་གདངས་ནས་མཆེ་བ་གཙིགས་བ་ཟེར་་བ་ལྟ་བུ།། རྒྱགས་ཕྱེ་སྨན་ཕྱེ་ཕྱེ་མ་ལེབ།། ཕ་ཕྱེ་ཡིན་པ་ངེས་དགོས་སོ།། རྒྱགས་ཕྱེ ཕྱོགས་སུ་འགྲོ་སྐབས་ཁྱེར་རྒྱུའི་ཟས་རིགས་སྟེ། རྒྱགས་ཕྱེ་འདང་ངེས་ཞིག་འཁུར་ནས་ལྷ་ས་ལ་འགྲོ།། སྨན་ཕྱེ སྨན་བཏགས་པའི་ཕྱེ་མ་སྟེ། སྨན་ཕྱེ་འདིའི་བྲོ་བ་ཧ་ཅང་ཁ་ལྟ་བུ།། ཕྱེ་མ་ལེབ ལྕེབ་འདྲེ་མ་སྟེ། རྩི་ཤིང་མེ་ཏོག་སོགས་ཀྱི་གསེབ་ན་འཕུར་ཤིང་མེ་ཏོག་སོགས་ཀྱི་ཟིལ་སངར་བཞིབས་ནས་འཚོ་བའི་འབུ་གཤོག་པ་ཅན་ཞིག་ཡིན་ལ། རྐང་པ་དྲུག་ལྡན་དང་གཤོག་པ་བཞི་ལྡན། གཤོག་པའི་སྟེང་ན་ཚན་མདོག་སྣ་ཚོགས་མངོན་པ་ཞིག་ཧ་ཅང་མཛེས།། ༡ཕྱེ འབྲུ་རིགས་སོགས་ཞིབ་མོར་བཏགས་པའི་དངོས་རྫས། ༢ཕྱེ (བྱེད་འབྲེལ་ལས་ཚིག་འདས་པ)དབྱེ་བ་འབྱེད་པའམ། ཁ་འབྱེད་པ་སྟེ། ལེགས་ཉེས་དབྱེ་བ་ཕྱེ། ”དབྱེ”ནི་མ་འོངས་པ་སྟེ། ལེགས་ཉེས་དབྱེ་དགོས། ”འབྱེད”ནི་ད་ལྟ་བ་སྟེ། ལེགས་ཉེས་དབྱེ་བ་འབྱེད་མཁན། ”ཕྱེས”ནི་སྐུལ་ཚིག་སྟེ། ལེགས་ཉེས་དབྱེ་བ་ཕྱེས་ཤིག་ཟེར་བ་ལྟ་བུ།། ཆེད་མངགས་ཆེད་བརྗོད་ཆ་རྐྱང་ཡིན།། ༡ཆེད་མངགས ཆེད་དུ་མངགས་པའམ་ཆེད་དུ་གཏོང་བ་སྟེ། ལས་ཀ་འདིའི་སྐོར་ལ་ཆེད་མངགས་ཀྱི་མི་ཡོད་ལྟ་བུ། ༢ཆེད་མངགས དམིགས་སུ་བཀར་བ་སྟེ། ཆེད་མངགས་གདན་ཞུས་སྐུ་ཚབ་ལྟ་བུ།། ༡ཆེད དགོས་པ་གང་གི་ཕྱིར་རམ་དགོས་པ་གང་གི་སླད་དེ། ཅི་ཡི་ཆེད། རང་གི་མི་རིགས་ཀྱི་ཆེད། ཕ་མེས་ཀྱི་ཆེད། བུ་རྒྱུད་ཀྱི་ཆེད། ཚེ་སྲོག་གི་ཆེད། སྐད་ཡིག་གི་ཆེད། ཡར་རྒྱས་ཀྱི་ཆེད་དུའོ་ཟེར་བ་ལྟ་བུ།། ༢ཆེད དམིགས་སུ་བཀར་བའམ་རྐང་བཙུགས་པ་སྟེ། ཆེད་ལས་མཁས་ཅན། ཆེད་གཉེར་བ་ལྟ་བུ།། ཤ་ཉེ་སྤུན་མཆེད་མ་མཆེད་ཡིན།། སྤུན་མཆེད ཤ་རུས་གཅིག་ལས་མཆེད་པའི་སྤུན་བུ་ཕོ་དང་བུ་མོ་སྟེ། ཕ་གཅིག་མ་གཅིག་གི་ཤ་ཉེ་སྤུན་མཆེད་ལྟ་བུ།། ༡མཆེད རྒྱ་ཆེར་ཁྱབ་པའམ་འཕེལ་བ་སྟེ། མེ་ལྕེ་མཆེད་པ་ཟེར་བ་ལྟ་བུ།། ༢མཆེད སྤུན་ཟླའི་མིང་སྟེ། སྐུ་མཆེད། མཆེད་གྲོགས། ཟེར་བ་ལྟ་བུ། མཆེད་གྲོགས་ནི་དགེ་རྒན་གཅིག་པའི་རྒན་ཕྲུག་ལའོ།། ཕྱེད་ཀའི་ཕྱེད་ནི་ཕ་ཕྱེད་དོ།། ཕྱེད་ཀ དུམ་བུ་གཉིས་སུ་བགོས་པའི་ཆ་ཤས་གཅིག་སྟེ། གཅིག་དང་ཕྱེད་ཀ། གཅིག་ཆ་ཡི་ཕྱེད་ཀ་ཟེར་བ་ལྟ་བུ།། ༡ཕྱེད གཉིས་ཆ་ཡི་གཅིག་སྟེ། ཕྱེད་དང་གཉིས་ནི་གཅིག་དང་ཕྱེད་ཡིན་ཟེར་བ་ལྟ་བུ།། ༢ཕྱེད སོ་སོར་ཕྱེ་བ་སྟེ། བརྟག་དཔྱད་བྱས་ནས་བདེན་རྫུན་གྱི་དབྱེ་བ་ཕྱེད་པ་ཞེས་པ་ལྟ་བུ།། གསེར་འོད་ཆེམ་ཆེམ་ཡང་འཇུག་མེད།། ༡ཆེམ་ཆེམ གསེར་སོགས་ཀྱི་འོད་འཚེར་ཚུལ་གྱི་རྣམ་པ་ཞིག།།

༢ཆེམ་ཆེམ   གཡོ་འགུལ་བྱེད་སྟངས་ཤིག་སྟེ། ས་ཆེམ་ཆེམ་དུ་གཡོ་ལྟ་བུ།།

༣ཆེམ་ཆེམ སྒྲ་གྲགས་སྟངས་ཤིག་སྟེ། རོལ་མོའི་སྒྲ་ཆེམ་ཆེམ་དུ་གྲགས་ལྟ་བུ།། འཆི་བའི་ཁ་ཆེམས་ཡང་འཇུག་ཡོད།། ཁ་ཆེམས མི་འཆི་ཁ་འཇོག་པའི་མངག་གཏམ་སྟེ། སློབ་སྦྱོང་ཡག་པོ་བྱེད་དེ་རང་མི་རིགས་ལ་ཞབས་འདེབས་ཞུ་དགོས་པནི་ངའི་ཨ་ཕའི་ཁ་ཆེམས་ཡིན་པས་ངས་ངེས་པར་དུ་སྒྲུབ་དགོས་ཞེས་པ་ལྟ་བུ།། ཆོག་དང་མི་ཆོག་ཡང་འཇུག་མེད།། ༡ཆོག རུང་བ་སྟེ། འགྲོ་ཆོག། བྱེད་ཆོག་ལྟ་བུ།། ༢ཆོག ཆོ་ག་ཞེས་པའི་བསྡུ་ཚིག་སྟེ། ལས་ཆོག སྨན་ལྷའི་མདོ་ཆོག་ཟེར་བ་ལྟ་བུ།། ༣ཆོག (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)དུམ་བུ་གཏོང་བའམ་ཆུང་དུ་གཏོང་བ་སྟེ། རིན་གོང་ཅུང་ཆོག་ཅིག ཐོ་བས་ཆོག་ཅིང། ”བཅག”ནི་འདས་པ་སྟེ། ཚོང་ཟོག་གི་རིན་གོང་བཅག་ཚར། ཤིང་བཅག།”གཅག”ནི་མ་འོངས་པ་སྟེ། གཅག་བྱའི་རིན་གོང། གོང་གཅག་གི་རེད། ”གཅོག”ནི་ད་ལྟ་བ་སྟེ། ས་ཕག་གཅོག་མཁན། གོང་གཅོག་གིན་འདུག་ཞེས་པ་ལྟ་བུ།།

ལེགས་པའི་མཆོག་ལ་མ་འཕུལ་ཡོད།།

མཆོག རབ་བམ་ཁྱད་དུ་འཕགས་པ་སྟེ། དམན་པའི་ལྡོག་ཟླ། ཚོགས་ཀྱི་མཆོག མཁས་པའི་མཆོག ལེགས་པའི་མཆོག དམན་མཆོག་བར་མ་གསུམ་ཟེར་བ་ལྟ་བུ། ”མཆོག”གི་མཐར”ཏུ”སྦྱར་ན་ཚིག་རྒྱན་དུ་འགྲོ་བའི་རབ་ཏུ་དང་ཤིན་ཏུ་སོགས་ཀྱི་དོན་མཚན་པ་བྱེད་དེ། མཆོག་ཏུ་དགའ། མཆོག་ཏུ་ཕྲ། མཆོག་ཏུ་ཕུན་སུམ་ཚོགས། མཆོག་ཏུ་མཛེས། མཆོག་ཏུ་ཡིད་གཅུགས་ཟེར་བ་ལྟ་བུ།། ཁ་ཕྱོགས་ཕྱོགས་ལྷུང་ཕྱོགས་སྡོམ་སོགས།། ཕ་ཕྱོགས་ཡིན་པ་ཤེས་པ་བྱ།། ཁ་ཕྱོགས ཁ་འཁོར་སའི་ཕྱོགས་ཏེ། ཁ་ཕྱོགས་གཡས་སུ་སྒྱུར། མདུན་ལམ་གྱི་ཁ་ཕྱོགས་གདམ་ཞེས་པ་ལྟ་བུ།། ཕྱོགས་ལྷུང ཉེ་དགའ་ཕྱོགས་རིས་བྱེད་པ་སྟེ། རང་གི་ཉེ་འཁོར་གྱི་སེམས་ཅན་ཐམས་ཅད་ལ་ཕྱོགས་ལྷུང་མེད་པའི་ལྟ་སྟངས་འཛིན་དགོས་ཞེས་པ་ལྟ་བུ།། ཕྱོགས་སྡོམ མང་པོ་ཕྱོགས་གཅིག་ཏུ་སྡོམ་པ་སྟེ། གོང་དུ་བཤད་པའི་སྐད་ཆ་ལ་ཕྱོགས་སྡོམ་བྱེད་པ་ཟེ་བ་ལྟ་བུ།། ༡ཕྱོགས ངོས་སམ་ཁོངས་གཏོགས་ཀྱི་མིང་སྟེ། ཤར་ཕྱོགས། རང་ཕྱོགས་ལྟ་བུ།། ༢ཕྱོགས ཁ་སྟོན་པ་སྟེ། ཁ་ཉི་མ་ལ་ཕྱོགས། གོམ་ཁ་ལྷ་ས་ལ་ཕྱོགས་ལྟ་བུ།། ༣ཕྱོགས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)ཕྱགས་མ་སོགས་ཀྱིས་ས་རྡུལ་གད་བདར་བྱེད་པ་སྟེ། ཐལ་རྡུལ་ཕྱོགས་ཤིག ”ཕྱགས”ནི་འདས་པ་སྟེ། ཁང་པའི་ནང་གི་ཐལ་རྡུལ་ཕྱགས་ནས་གཙང་སྦྲ་བྱས། ”ཕྱག”ནི་མ་འོངས་པ་སྟེ། ཕྱག་བྱའི་རྡུལ། ”འཕྱག”ནི་ད་ལྟ་བ་སྟེ། རྡུལ་འཕྱག་མཁན་ཞེས་པ་ལྟ་བུ།། དབྱེ་བ་ཆོད་སོགས་རྗེས་འཇུག་ད།། དབྱེ་བ་ཆོད དབྱེ་བ་གཏན་ཁེལ་བྱེད་ཞེས་སྐུལ་བའི་དོན་ཏེ། དབྱེ་བ་ཆོད་ཅིག་ཞེས་པ་ལྟ་བུ།། ཆོད (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ དངོས་རྫས་དུམ་བུར་གཏུབ་པའི་དོན་ཏེ། ཁྱེད་ཀྱིས་ཤིང་སྡོང་འདི་ཆོད་ཅིག ”བཅད”ནི་འདས་པ་སྟེ། ཤིང་བཟོས་ཤིང་སྡོང་བཅད་ནས་སྒམ་བཟོས། ”གཅད”ནི་མ་འོངས་བ་སྟེ། གཅད་བྱའི་ཤིང། ”གཅོད”ནི་ད་ལྟ་བ་སྟེ། ཤིང་གཅོད་མཁན་ཟེར་བ་ལྟ་བུ། ༢ གཏན་ཁེལ་བའི་དོན་སྟེ། ཐག་གཅད་བྱ། ཐག་བཅད་པའི་གནད་དོན། ཚིག་ཐག་མ་བཅད། གྲོས་ཐག་བཅོད་མཁན་ཟེར་བ་ལྟ་བུ། ༣ སྔོན་ལ་སོང་བའི་རྗེས་སྙེགས་པའི་དོན་ཏེ། སྔོན་མའི་རྗེས་བཅད། རྗེས་ཆོད་ཅིག་ཞེས་པ་ལྟ་བུ། ༤ གནས་ཚུལ་བརྟག་དཔྱད་དང་རྒྱུས་ལོན་བྱས་པའི་དོན་ཏེ། རྩད་བཅད། རྩད་གཅོད་མཁན།། ཁྱད་ཆོས་ཆོས་ལུགས་རྗེས་འཇུག་ས།། ཁྱད་ཆོས ཁྱད་པར་གྱི་ཆོས་སྟེ། གཞན་དང་མི་འདྲ་བའི་གཞི། དཔེར་ན། མི་རིགས་ཀྱི་ཁྱད་ཆོས། སྐད་ཡིག་གི་ཁྱད་ཆོས་ཟེར་བ་ལྟ་བུ།། ཆོས་ལུགས ཆོས་ཀྱི་གྲུབ་མཐའ་འམ་ལུགས་སྲོལ་ཏེ། བོད་ཀྱི་ཆོས་རྒྱུད་ཆོན་མོ་བཞི་གཡུང་དྲུང་བོན་དང་བཅས་པ་རྒྱུད་པ་མི་འདྲ་བ་ཡིན་གྱི་ཆོས་ལུགས་མི་འདྲ་བ་ནི་གཏན་ནས་མིན་ཟེར་བ་ལྟ་བུ།། ༡ཆོས རང་གི་ངོ་བོ་འཛིན་པ་སྟེ། བུམ་པ་དང་ཀ་བ་ལྟ་བུ།། ༢ཆོས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)བཟོ་བའམ་བཅོས་པ་སྟེ། རྙིང་པ་གསར་དུ་ཆོས་ཤིག ”བཅོས”ནི་འདས་བ་དང་མ་འོངས་པ་སྟེ། ཚ་ནད་བསུལ་གཏོང་གིས་བཅོས། བཅོས་བྱའི་ནད། ”འཆོས”ནི་ད་ལྟ་བ་སྟེ། ཚུལ་འཆོས་བྱེད། ཕྱིར་འཆོས་ཟེར་བ་ལྟ་བུ།། ལས་ཕྱོད་ཕྱོད་ནི་ཕ་ཕྱོད་ཡིན།། ལས་ཕྱོད ལས་ཀ་བྱེད་ནུས་ཀྱི་ནུས་ཚད་དེ། མི་མང་ན་ལས་ཕྱོད་ཆེ་ཟེར་བ་ལྟ་བུ།། ཕྱེད མཐུ་དང་ནུས་པ་སྟེ། ས་ཕྱེད་ཆེ། ལས་ཕྱེད་ཆེ་ཞེས་པ་ལྟ་བུ།། ༼ཇ༽ བཏུང་བྱའི་ཇ་ནི་ཇ་རྐྱང་དང་།། ཇ མཐུང་བ་བྱེད་པའམ་བཏུང་བ་བྱ་བའི་ཇ་སྟེ། ཇ་མངར་མོ། མར་ཇ། འོ་ཇ་ཟེར་བ་ལྟ་བུ།། ནམ་མཁའི་བྱ་ནི་བ་བྱ་ཡིན།། ༡བྱ སྒོ་ང་ལས་སྐྱེས་ཤིང་ལུས་ལ་སྒྲོ་ཡོད་པའི། གཤོག་པ་ཅན་གྱི་སྲོག་ཆགས་སྤྱིའི་མིང་སྟེ། ཁྱིམ་བྱ། བྱ་གག། བྱ་རྒོད། བྱ་ཁྲ་ཞེས་པ་ལྟ་བུ།། ༢བྱ (བྱེད་འབྲེལ་ལས་ཚིག་མ་འོངས་པ)ལས་ཀ་དང་བྱ་བ་སོགས་བསྒྲུབ་པ་སྟེ། སློབ་སྦྱོང་བྱ། ”བྱས”ནི་འདས་པ་སྟེ། སློབ་སྦྱོང་བྱས། ”བྱེད”ནི་ད་ལྟ་བ་སྟེ། སློབ་སྦྱོང་བྱེད་མཁན། སློབ་སྦྱོང་བྱེད་དགོས། ”བྱོས”ནི་སྐུལ་ཚིག་སྟེ། སློབ་སྦྱོང་བྱོས་ཤིག བརྩོན་འགྲུས་བྱོས་ཤིག་ཟེར་བ་ལྟ་བུ།། ཇི་ལྟ་ཇི་སྲིད་ཇ་ཇི་དང་།། ཇི་ལྟ ཇི་འདྲ་བ་དེ་ལྟ་སྟེ། ཁྱེད་ཀྱིས་ཇི་ལྟ་འདོད་པ་ལྟ་བྱོས་ཤིག་ཟེར་བ་ལྟ་བུ།། ཇི་ལྟ ཇི་འདྲ། གང་འདྲ་ཞེས་པའི་དོན་ཏེ། འདི་ཡི་གོ་དོན་ཇི་ལྟ་ཡིན་ཟེར་བ་ལྟ་བུ།། ཇི་སྲིད དུས་ཇི་ཙམ་ཡོད་པ་དེ་སྲིད་དེ། ཇི་སྲིད་མ་ཤི་བར་དུ་བོད་མི་རིགས་ལ་ཞབས་འདེབས་ཞུས་ཟེར་བ་ལྟ་བུ།། ཇི “སྙེད”སྲིད”ལྟ”བཞིན”སྐད”བཅས་ལ་འཇུག་པའི་སྤྱི་སྒྲ་ཞིག་སྟེ། ཇི་སྙེད། ཇི་སྲིད། ཇི་ལྟ། ཇི་བཞིན། ཇི་སྐད་ཟེར་བ་ལྟ་བུ།། བྱི་བ་བྱི་ལ་བ་བྱ་ཡིན།། ༡བྱི་བ ཙི་གུའམ་ཙི་ཙི་ཡི་མིང་སྟེ། ༢བྱི་བ སྐྲ་སྤུ་སོགས་རང་བཞིན་བུད་འགྲོ་བ་སྟེ། མི་འདིའི་མགོ་སྤུ་མི་བྱི་བ་ལ་སྨན་ཡིད་ཟེར་བ་ལྟ་བུ།། བྱི (བྱེད་མེད་ལས་ཚིག་འདས་བ)ལུས་ཀྱི་སྤུ་ལྷུང་བའི་དོན་སྟེ། མི་རྒས་ན་སྐྲ་བྱི། ”འབྱི”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ལུག་གི་བལ་འབྱི་རྒྱུ་རེད། ལུག་གི་བལ་འབྱི་སྐབས་འབྲེད་དགོས་ལྟ་བུ།། ཇེ་མང་ཇེ་ཞན་ཇེ་རྐྱང་དང་།། ཇེ་མང གོ་རིམ་གྱིས་མང་དུ་འཕེལ་བ་སྟེ། བོད་ཕྲུག་ཤེས་ཡོན་ཅན་ཇེ་མང་ནས་ཇེ་མང་དུ་འགྲོ་ལྟ་བུ།། ཇེ་ཞན གོ་རིམ་གྱིས་སྡུག་ཏུ་འགྲོ་བ་སྟེ། བོད་མི་རིགས་ཀྱི་སྐད་ཡིག་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བ་ཟེར་བ་ལྟ་བུ།། ཇེ རྒྱན་ཚིག་གི་ཐོག་མར་སྦྱར་ན་ཚད་སྔ་མ་ལས་ཕྱི་མ་ཆེ་བའམ་ཆུང་བ་སོགས་སྟོན་པ་སྟེ། ཇེ་ཆེ། ཇེ་ཆུང་། ཇེ་བཟང་། ཇེ་ངན། ཇེ་དམར་ཇེ་དམར་རེད་ཅེས་པ་ལྟ་བུ།། གྲངས་གནས་བྱེ་བ་བྱེ་ཐང་སོགས།། བ་བྱེ་ཡིན་པ་ཤེས་པར་བྱ།། ༡བྱེ་བ ས་ཡ་བཅུ་འམ་ཁྲི་ཚོ་སྟོང་གི་གྲངས་གནས་སྟེ། ཨང་ཀི་རུ་འབྲི་ན་(༡༠༠༠༠༠༠)འདི་ལྟ་ཡིན།། བྱེ་བ ཁ་འབྱེད་པའམ་ཁ་བྲལ་བ་སྟེ། མ་ཡུལ་དང་ཁ་བྱེ་བའི་སྡུག་བསྔལ་ཟེར་བ་ལྟ་བུ།། བྱེ (བྱེད་མེད་ལས་ཚིག་འདས་པ)ཁ་འབྱེད་པའམ་ཁ་བྲལ་བ་སྟེ། ཤ་པགས་བྱེ། ཤ་རུས་བྱེ། ”འབྱེ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། རྨ་སྐྲངས་ནས་ཤ་པགས་འབྱེ་པར་བྱེད། སོ་སོར་འབྱེ་བ་འགྱུར་ཟེར་བ་ལྟ་བུ། ངོ་མཇལ་མཇལ་དར་མ་མཇལ་དང་།། ངོ་མཇལ ངོ་ཐུག་པའི་ཞེ་ས་སྟེ། དེ་རིང་དགོངས་དྲོ་ངོ་མཇལ་ཡོང་བ་ཞུ་ལྟ་བུ།། མཇལ་དར ངོ་མཇལ་ཡོང་དུས་འབུལ་རྒྱུའི་ཁ་བཏགས་ཏེ། མཇལ་དར་ནང་མཛོད་དང་། ཨ་ཤེ། ཟུབ་ཤེ། བསོད་བཏགས་སོགས་ནི་ཁ་བཏགས་ཀྱི་ནང་གསེས་སོ།། མཇལ (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ་ད་ལྟ་བ་)ཐུག་པའི་ཞེ་ས་སྟེ།མཇལ་འཛོམ་གནང་། མཇལ་ཕྲད་བྱས་ལྟ་བུ། སྐུལ་ཚིག་ལ”མཇོལ”ཞེས་འབྲི་བ་ཡིན།། ཁྲལ་སོགས་འཇལ་བ་འ་འཇལ་ཡིན།། འཇལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ལྕི་ཡང་དང་མང་ཉུང་རིང་ཐུང་སོགས་བརྩིས་བ་སྟེ། ཐག་པ་འདོམ་གྱིས་འཇལ། སྨན་རྫས་སྲང་གིས་འཇལ། འབྲི་རིགས་འཇལ་བྱེད་ཀྱི་བྲེ། ས་ནག་པོ་འདོམ་ཀྱིས་འཇལ། སྤྲིན་ནག་པོ་ཐད་ལ་བཟུངལྟ་བུ། ”གཞལ”ནི་མ་འོངས་པ་སྟེ། རིང་ཐུང་འདོམ་ལ་གཞལ་དགོས། སྲོང་ལ་གཞལ་བྱའི་དངོས་རྫས་ཞེས་པ་ལྟ་བུ། ”བཅལ”ནི་འདས་པ་སྟེ། འབྲུ་རིགས་རྒྱ་མས་བཅལ་ནས་བརྩིས། རིང་ཐུང་འདོམ་ལ་བཅལ་ནས་ཤེས། ”འཇོམ”ནི་སྐུལ་ཚིག་སྟེ། འབྲུ་རིགས་རྒྱ་མར་འཇོལ་ཅིག སྨན་རྫས་སྲང་ལ་འཇོལ་ཅིག་ལྟ་བུ། ༢ དཔྱད་པ་བཏང་ནས་ཤེས་ཐབས་བྱས་པའི་དོན་ཏེ། གཞུང་དོན་བློས་འཇལ། ཚིག་དོན་རིག་པས་གཞལ་ཞེས་པ་ལྟ་བུ། ༣ ཁྲལ་དང་བུ་ལོན་བྱིན་པའོ་དོན་ཏེ། ཁྲལ་འཇལ། བུ་ལོན་འཇོལ་ལྟ་བུ།། འཇིག་རྟེན་འཇིག་ལ་ཡང་འཇུག་མེད།། འཇིག་རྟེན སྣོད་འཇིག་པ་ཅན་ལ་བཅུད་འཁྲུལ་བ་ཅན་རྟེན་པ་སྟེ། ཕྱི་ཡི་སྣོད་འཇིག་པ་ཅན་ནི་ཉི་མ་ཟླ་བ་ས་ཡི་གོ་ལ་སྐར་ཚོགས་དང་བཅས་པ་དང་། ནང་བཅུད་འཁྲུལ་བ་ཅན་ནི་མི་དང་མི་མིན་འབུ་སྲིན་དང་བཅས་པའོ།། ༡འཇིག (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)འཐོར་བའམ་ཉམས་པ་སྟེ། རྩིག་པ་འཇིག་གིན་འདུག འཇིག་བྱའི་རྩིག་པ་ཞེས་པ་ལྟ་བུ། ”ཞིག”ནི་འདས་པ་སྟེ། རྩིག་པ་ཞིག་ནས་ཁང་པ་རྡིབ་སོང་ཟེར་བ་ལྟ་བུ།། ༢འཇིག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ཞིག་རལ་དུ་གཏོང་བའི་དོན་ཏེ། ཁང་རྙིང་འཇིག་གིན་འདུག འཇིག་བྱེད་ཞེས་པ་ལྟ་བུ། ”གཞིག”ནི་མ་འོངས་པ་སྟེ། གཞིག་བྱའི་ཁང་རྙིང་ཞེས་པ་ལྟ་བུ། ”བཤིག”ནི་འདས་པ་སྟེ ཁང་རྙིང་བཤིག་ནས་ཁང་གསར་ཕུབ་ཅེས་པ་ལྟ་བུ། ”ཤིགས”ནི་སྐུལ་ཚིག་སྟེ། ཁང་རྙིང་ཤིགས་ཤིག་ཅེས་པ་ལྟ་བུ།། འཇིགས་སྐྲག་ཆུ་འཇིགས་ཡང་འཇུག་ཡོད།། འཇིགས་སྐྲག ཉེན་ཚབས་ཆེ་བའི་གནོད་འཚེ་དང་ཐུག་སྐབས་ཀྱི་སྐྲག་པའི་མིང་སྟེ། འཆི་བ་མི་རྟག་པ་དྲན་རེ་བཞིན་དུ་འཇིགས་སྐྲག་སྐྱེ་ཟེར་བ་ལྟ་བུ།། ཆུ་འཇིགས ཆུ་ཡིས་གནོད་འཚེ་སྟེ། ཆུ་འཇིགས་དང་། རླུང་འཇིགས། མེ་འཇིགས། སོགས་ཟློག་ཕྱིར་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཟེར་བ་ལྟ་བུ།། ༡འཇིགས ཉེན་ཚབས་ཆེ་བའི་གནོད་འཚེ་སྟེ། དམག་འཁྲུག་དང་མུ་གེ་ཡི་འཇིགས་པ་ལས་ཐར་ཐབས་སུ་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ཆོག་ཤེས་ངེས་པར་དུ་བྱེད་དགོས་ཟེར་བ་ལྟ་བུ།། ༢འཇིགས ཞེད་པ་སྟེ། འཇིགས་སྐུལ་མ་བྱེད་ཅེས་པ་ལྟ་བུ།། ལུས་ཀྱི་མཇིང་པ་མ་འཇིང་ངོ་།། མཇིང་པ ཕྲག་པ་ནས་རྣ་བའི་བར་གྱི་སྐེ་ཟུར་གྱི་མིང་སྟེ། མཇིང་པ་སྦོམ་པོ། མཇིང་པའི་ཆུ་ལེབ་ཟེར་བ་ལྟ་བུ།། མཇུག་མ་མཇུག་སྒྲོ་མ་འཕུལ་དང་།། ༡མཇུག་མ རྔ་མ་སྟེ། གཡག་གི་མཇུག་མ། ཁྱི་ཡི་མཇུག་མ་གཡུག་བཞིན་དགའ་དགའ་བྱེད་པ་ནི་སྤྲེལ་ལེད་སྤུ་ཙམ་ཡང་མེད་ཟེར་བ་ལྟ་བུ།། ༢མཇུག་མ རྗེས་མ་སྟེ། གཟའ་འཁོར་མཇུག་མ། ལོ་མཇུག་མ་ཟེར་བ་ལྟ་བུ།། མཇུག་སྒྲོ བྱ་ཡི་མཇུག་མའམ་རྔ་མའི་སྒྲོ་སྟེ། རྨ་བྱའི་མཇུག་སྒྲོ་ཧ་ཅང་མཛེས་ཟེར་བ་ལྟ་བུ།། མཇུག དུས་ཡུན་ཞིག་ལ་ཐོག་མཐའ་བར་གསུམ་མམ་འགོ་མཇུག་བར་གསུམ་དུ་ཕྱེ་བའི་མཐའ་མ་སྟེ། ལོ་མཇུག ཟླ་མཇུག ཚེ་མཇུག དུས་རབས་བཅུ་དགུ་པའི་མཇུག་རྫོགས། དཔེ་ཆའི་མཇུག་རྫོགས། དཔེ་ཆའི་མཇུག་ཤོག་ལྟ་བུ། རྗེས་སུ་འཇུག་པར་འ་འཕུལ་ཡིན།། ༡འཇུག (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ ཡི་གེ་སྒྲ་སྦྱོར་བྱེད་སྐབས་ཕན་ཚུན་སྦྱོར་རུང་བའི་དོན་ཏེ། རྗེས་འཇུག་ཡི་གེ་བཅུ་ཡིན་ཏེ། དེ་ལས་ལྔ་ནི་སྔོན་དུའང་འཇུག་ལྟ་བུ། ”ཞུགས”ནི་འདས་པ་དང་སྐུལ་ཚིག་སྟེ། གསལ་བྱེད་ལ་དབྱངས་མ་ཞུགས་ན་ཀློག་ཐབས་མེད། བོད་ཡིག་ལ་དབྱངས་ཡིག་སྲོག་ཞུགས་ཀྱི་ཐ་སྙད་ཡོད་ཅེས་པ་ལྟ་བུ། ༢ ནང་དོན་གང་རུང་ཞིག་སྟོན་པའི་དོན་ཏེ། པ་ཡིག་བདག་སྒྲ་ལ་འཇུག་ལྟ་བུ།། ༢འཇུག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ སྣོད་སོགས་ཀྱི་ནང་དུ་འཇོག་པ་དང་བླུག་པ་སྟེ། རལ་གྲི་ཤུབས་ཀྱི་ནང་འཇུག “བཅུག”ནི་འདས་པ་སྟེ། ཕྲུ་གུ་བུ་བཅོལ་ཁང་ལ་བཅུག ཉེས་ཅན་བཙོན་ལ་བཅུག ”གཞུག”ནི་མ་འོངས་པ་སྟེ། ལུག་རར་གཞུག་བྱའི་ལུག ”ཆུགས”ནི་སྐུལ་ཚིག་སྟེ། ཕྱུགས་ར་བར་ཆུགས་ཤིག་ལྟ་བུ། ༢ གྲས་སུ་ཆུད་པར་བྱེད་པའི་དོན་ཏེ། བྱིས་པ་སློབ་གྲྭ་ལ་གཞུག བྱིས་པ་སློབ་གྲྭ་ལ་བཅུག བྱིས་པ་སློབ་གྲྭ་ལ་ཆུགས་ཤིག་ལྟ་བུ། ༣ ལས་ཚིག་ད་ལྟ་བའི་མཐར་དེ་ཉིད་ཀྱི་རྣམ་དབྱེ་དང་བཅས་པ་སྦྱར་ན་གཞན་ལ་བསྐུལ་བ་དང་ཁ་ལོོ་བསྒྱུར་བ་འགན་བསྐུར་བ་སོགས་ཀྱི་དོན་སྟོན་པ་སྟེ། བྱེད་འབྲེལ་ལས་ཚིག་དང་སྦྱར་བ་དཔེར་ན། དགེ་རྒན་གྱིས་སློབ་མ་རྣམས་ལ་རྩིས་རིག་སློབ་ཏུ་བཅུག སློབ་ཏུ་འཇུག་མཁན། སློབ་ཏུ་འཇུག་དགོས། སློབ་ཏུ་ཆུགས་ཤིག ལས་བྱེད་པས་ཞིང་པ་རྣམས་ལ་ལུད་གསོག་ཏུ་བཅུག བྱིས་པ་ལ་ཆང་འཐུང་དུ་འཇུག་མི་རུང། ཆང་འཐུང་དུ་མ་བཅུག རྟ་ལ་རྩྭ་ཟ་རུ་ཆུགས་ལྟ་བུ། དེ་བཞིན་དུ་བསྒྲུབ་ཏུ་བཅུག བརྐོ་རུ་འཇུག འཚོ་རུ་ཆུགས་ཞེས་སོགས་བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་ཕལ་ཆེར་སྦྱོར་ཆོག་པ་ཡིན། དགོངས་འཇགས་བདེ་འཇགས་འ་འཇགས་དང་།། དགོངས་འཇགས བློ་ལ་ངེས་བའི་ཞེ་ས་སྟེ། གང་དུ་ཞུས་པ་དེ་ཐམས་ཅད་དགོངས་འཇགས་འཚལ་ཟེར་བ་ལྟ་བུ།། བདེ་འཇགས ཞི་བདེ་ལྷིང་འཇགས་སྟེ། གཞུང་དམངས་བར་ཟིང་འཁྲུག་གི་རྒྱུན་བཅད་ནས་བདེ་འཇགས་བཟོ་ལྟ་བུ།། ༡འཇགས བློ་ལ་ངེས་པ་སྟེ། ཡིད་ལ་འཇགས། དགོངས་པར་འཇགས་ལྟ་བུ།། ༢འཇགས སྡོད་པའི་ཞེ་ས་སྟེ། བཞུགས་གདན་འཇགས་ལྟ་བུ།། ༣འཇགས འཕོ་འགྱུར་མེད་པ་སྟེ། རང་འཇགས། བདེ་འཇགས། ཟེར་བ་ལྟ་བུ།། རོ་འཛིན་ལྗགས་ནི་ལ་ལྗགས་སོ།། ༡ལྗགས རོ་འཛིན་བྱེད་དེ་ལྕེ་ཡི་ཞེ་ས། ལྗགས་རྐྱོང་བ་མཛོད། ལྟ་བུ།། ༢ལྗགས མིང་ཚིག་འགའ་ཞིག་གི་སྔོན་ལ་སྦྱོར་རྒྱུའི་ཞེ་སའི་ཚིག་ཞིག་སྟེ། ལྗགས་བཀོད། ལྗགས་ཁྲིད། ལྗགས་ཆབ། ལྗགས་སྨིན། ལྗགས་ལན། ལྗགས་ལུང་ཟེར་བ་ལྟ་བུ།། འཇིམ་བརྙན་འཇིམ་བཟོ་འ་འཇིམ་མོ།། འཇིམ་བརྙན འཇིམ་པ་ལས་བཟོས་པའི་གཟུགས་བརྙན་སྣ་ཚོགས་པ་སྤྱིའི་མིང་སྟེ། སྒྲོམ་སྐྱོར་ནང་བསྒྲིགས་པའི་འཇུམ་བརྙན་དེ་ཚོ་ནི་ཕྲུ་གུ་ཡི་རྩེད་ཆས་དང་། གྲགས་ཅན་མི་སྣའི་གཟུགས་བརྙན་འདྲ་རེད་འདུག་ཟེར་བ་ལྟ་བུ།། འཇིམ་བཟོ ས་འདམ་བརྫོས་ནས་གཟུགས་སྣ་ཚོགས་བཟོས་པའི་བཟོ་རྩལ་ཏེ། འཇིམ་སྐུ་ཁ་ཤས་ལ་བལྟོས་ན་བོད་དུ་འཇིམ་བཟོ་དར་ནས་མར་མཐའ་ཡང་་ལོ་ངོ་སྟོང་ཕྲག་ཅིག་ཡན་འགྲོ་ཚར་བ་མངོན་ལྟ་བུ།། འཇུམ འཇུམ་པ་ཞེས་པའི་བསྡུལ་ཚིག།། ལྟོ་ཆོས་འཇུ་དང་ལག་པས་འཇུ་།། ཁྱི་ཡིས་འཇུ་བ་འཇུ་ཡིན།། ༡འཇུ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྲ་འཐས་ཀྱི་རྣམ་པ་ལས་གཤེར་ཁུའི་རྣམ་པར་འགྱུར་བ་སྟེ། འཇུ་བྱའི་ཟས། ཟས་འཇུ་བཞིན་པ་ལྟ་བུ། ”ཞུ”ནི་འདས་པ་སྟེ། ཟས་མ་ཞུ་བ། མ་ཞུ་བའི་མར་ཟེར་བ་ལྟ་བུ།། ༢འཇུ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྲ་འཐས་ཀྱི་རིགས་གཤེར་ཁུ་ལ་བསྒྱུར་བ་སྟེ། མར་འཇུ་བྱེད་ཅེས་པ་ལྟ་བུ། ”བཞུས”ནི་འདས་པ་སྟེ། གཏེར་རྡོ་བཞུས་ནས་ཁྲོ་ཆུ་ཁོལ་ལྟ་བུ། ”བཞུ”ནི་མ་འོངས་པ་སྟེ། ཉི་མའི་དྲོད་ཀྱིས་གངས་རི་བཞུ། བཞུ་བྱའི་མར་ཞེས་པ་ལྟ་བུ། ”ཞུས”ནི་སྐུལ་ཚིག་སྟེ། གཏེར་རྡོ་ཞུས་ཤིག་ལྟ་བུ།། ༣འཇུ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ ལག་པ་སོགས་ཀྱིས་བཅངས་པའི་དོན་ཏེ། ལག་པ་ལྕགས་ཁེམ་ལ་འཇུ། ལག་མགོ་ལ་འཇུ་ལྟ་བུ། ”འཇུས”ནི་འདས་པ་དང་སྐུལ་ཚིག་སྟེ། ཁང་གིས་ལན་ཀན་ལ་འཇུས་ནས་གཏམ་དེ་བཤད། ངའི་ལག་པ་ལ་འཇུས་ཤིག་ཟེར་བ་ལྟ་བུ། ༢ ཁྱིས་སོ་འདེབས་པའི་དོན་ཏེ། སྒོ་ཁྱིས་བདག་པོར་མི་འཇུ་ཟེར་བ་ལྟ་བུ།། བོད་ལྗོངས་ཡུལ་ལྗོངས་ལ་ལྗོངས་དང་།། བོད་ལྗོངས བོད་མི་རིགས་ཁྱབ་ཁོངས་ཀྱི་ལྗོངས་ཡོངས་རྫོགས་སྟེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རི་བཞི། སྨད་མདོ་ཁམས་སྒོང་དྲུག་རྣམས་སོ། བོད་ལྗོངས་ཞེས་པའི་མིང་འདི་དབུས་གཙང་གཅིག་པོ་ལ་བཀོར་སྤྱོད་བྱེད་པ་ནི་བོད་རིགས་ནང་ཁུལ་དུ་ཁ་བྲལ་བཏང་བྱེད་ཀྱི་སྲིད་ཇུས་ཡིན།། ཡུལ་ལྗོངས ཡུལ་སྡེ་དང་ས་ཆ་སྟེ། མཛེས་ཤིང་ལྟ་ན་སྡུག་པའི་ཕ་ཡུལ་བོད་ཀྱི་ཡུལ་ལྗོངས་ཟེར་བ་ལྟ་བུ།། ལྗོངས ཡུལ་ལྗོངས་སྟེ། ཡུལ་སྡེ་དང་ས་ཆ། དཔེར་ན། བོད་གངས་ཅན་གྱི་ལྗོངས། སོག་པོ་རྩྭ་ཐང་གི་ལྗོངས་ཟེར་བ་ལྟ་བུ།། གཟུགས་དབྱིབས་འཇོང་འཇོང་འ་འཇོང་ཡིན།། འཇོང་འཇོང ཆུན་པོ་ཟླུམ་ཤིང་སྲིད་དུ་ཅུང་རིང་བའི་གཟུགས་དབྱིབས་ཏེ། དབྱིབས་བྱ་ཡི་སྒོ་ང་ལྟ་བུ། དཔེར་ན། རྡོ་འཇོང་འཇོང་ཟེར་བ་ལྟ་བུ།། ༡འཇོང འཇོང་འཇོང་སྟེ། འཇོང་མོ་ཞེས་པ་ལྟ་བུ།། ༢འཇོང (བྱེད་འབྲེལ་ལས་ཚིག་ད་ལྟ་བ)འཐུང་བའམ་མིད་པའི་དོན་ལ་འཇུག་པའི་མ་རོང་བའི་ཚིག་ཞིག་སྟེ། སྤྲང་རྒན་དེས་ཇ་འཇོང་བཞིན་འདུག་ལྟ་བུ། ”འཇངས”ནི་འདས་པ་སྟེ། ཟ་མ་སྤྲང་རྒན་ཁོས་འཇངས་སོང་ལྟ་བ། ”འཇང”ནི་མ་འོངས་པ་སྟེ། འདི་སྤྲང་རྒན་ཁྱོད་ཀྱི་འཇང་བྱ་ཡིན་ལྟ་བུ། ”འཇོངས”ནི་སྐུལ་ཚིག་སྟེ། ཇ་འཇོངས་ཤིག་ཟེར་བ་ལྟ་བུ།། འགྲུལ་པ་འབྱོར་བ་འ་འབྱོར་རོ།། ༡འབྱོར (བྱེད་མེད་ལས་ཚིག) ༡ འཕྲོད་པའི་དོན་ཏེ། འཕྲིན་ཡིག་ལག་ཏུ་འབྱོར་ལྟ་བུ། ༢ སླེབས་པའི་དོན་ཏེ། ཁ་སོང་ལྷ་ས་ལ་འབྱོར་ལྟ་བུ། ༢འབྱོར རྒྱུ་ནོར་གྱི་མིང་སྟེ། རྒྱལ་ཁབ་ལ་སྟོབས་འབྱོར་འཛོམས། འབྱོར་ལྡན་མི་སྣ། འབྱོར་བ་ཕུན་སུམ་ཚོགས་པ་ཟེར་བ་ལྟ་བུ། [བརྗེད་ངེས་བརྗེད་ཐོ་རྗེས་འཇུག་ད།། བརྗེད་ངས ཉེ་ཉོན་ཉི་ཤུའི་ནང་གསེས། དགེ་བའི་དམིགས་པ་མི་གསལ་བར་བརྗེད་པ། དྲན་པའི་མི་མཐུན་ཕྱོགས་ཏེ། དྲན་པ་འཆར་བ་སེམས་གཡེང་བའི་རྟེན་བྱེད་པ། དཔེར་ན། ལོ་ན་ཇེ་ཆེར་སོང་ན་བརྗེད་ངས་ཀྱི་ཤུགས་ཇེ་ཆེར་འགྲོ་ངེས་ཟེར་བ་ལྟ་བུ།། བརྗེད་ཐོ མི་བརྗེད་པའི་ཕྱིར་དུ་བྲིས་པའི་ཐོ་སྟེ། ཉོ་ཆ་རྣམས་བརྗེད་ཐོ་ཞིབ་གསལ་ཞིག་འབྲི་དགོས་ལྟ་བུ།། བརྗེད {(བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ)བསྐྱུད་བམའ་བློ་ཡུལ་ལས་ཡལ་བ་སྟེ། ཁར་སོང་བཤད་པ་དེ་བརྗེད་ཚར་འདུག། སྔར་གྱི་སྡུག་བསྔལ་བརྗེད་ན་ད་ལྟའི་སྐྱིད་མི་ཤེས་ལྟ་བུ། ”རྗེད”ནི་ད་ལལྟ་བ་དང་སྐུལ་ཚིག་སྟེ། ལ་མགོར་བུད་ན་རྟ་ཕོ་རྗེད། དེ་དོན་མ་རྗེད་ཡིད་ལ་ཟུང་ཟེར་བ་ལྟ་བུ།།}] བྱས་རྗེས་སྔོན་རྗེས་རྗེས་འཇུག་ས།། བྱས་རྗེས ལས་བྱས་པའི་ལག་རྗེས་སམ་གྲུབ་འབྲས་ཏེ། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་བྱས་རྗེས་གཟེངས་སུ་ཐོན་པའི་བོད་ཀྱི་རྒྱལ་པོ་ཞིག་ཡིན་ཟེར་བ་ལྟ་བུ།། སྔོན་རྗེས སྔོན་མ་དང་རྗེས་མ་སྟེ། སྔོན་རྗེས་གོ་རིམ་མ་འཁྲུག་པ་བྱོས་ཟེར་བ་ལྟ་བུ།། ༡རྗེས སྔོན་གྱི་ལྡོག་ཟླ་སྟེ། རྗེས་སུ་འབྲངས། རྗེས་ལ་སྙེགས། མི་རབས་རྗེས་མ། དུས་རྗེས་མ། རྗེས་སུ་ལུས་ཞེས་པ་ལྟ་བུ།། ༢རྗེས མི་དང་སྲོག་ཆགས་རྐང་ལག་ས་ལ་སྤོས་པའི་ཤུལ་གྱི་མིང་སྟེ། མིའི་རྐང་རྗེས། རྟའི་རྨིག་རྗེས། རྗེས་ཤུལ་ཟེར་བ་ལྟ་བུ།། ༣རྗེས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)ཕྱོགས་གཉིས་ནས་སོ་སོའི་ཡོད་པ་རྣམས་ཕན་ཚུན་སྤྲད་རེས་བྱེད་པ་སྟེ། ཁྱེད་ཀྱིས་ལུག་ལྤགས་འབྲུ་རིགས་ལ་རྗེས་ཤིས་ལྟ་བུ། ”བརྗེས”ནི་འདས་པ་སྟེ། བལ་པགས་འབྲུ་རིགས་ལ་བརྗེས་ནས་ཕྱེ་རྩམ་འཐག་ལྟ་བུ། ”བརྗེ”ནི་མ་འོངས་པ་སྟེ། བརྗེ་བྱའི་དངོས་པོ་ཟེར་བ་ལྟ་བུ། ”རྗེ”ནི་ད་ལྟ་བ་སྟེ། ཉམས་མྱོང་རྗེ་བཞིན་འདུག བསམ་འཆར་རྗེ་མཁན་ཞེས་པ་ལྟ་བུ།། དངོས་པོ་བརྗེས་པར་སྔོན་འཇུག་བ།། བརྗེས (བྱེད་འབྲེལ་ལས་ཚིག་འདས་པ) ཕྱོགས་གཉིས་ནས་སོ་སོའི་ཡོད་པ་རྣམས་ཕན་ཚུན་སྤྲད་རེས་བྱེད་པ་སྟེ། བལ་པགས་འབྲུ་རིགས་ལ་བརྗེས་ནས་ཕྱེ་རྩམ་འཐག་ལྟ་བུ། ”བརྗེ”ནི་མ་འོངས་པ་སྟེ། བརྗེ་བྱའི་དངོས་པོ་ཟེར་བ་ལྟ་བུ། ”རྗེ”ནི་ད་ལྟ་བ་སྟེ། ཉམས་མྱོང་རྗེ་བཞིན་འདུག བསམ་འཆར་རྗེ་མཁན་ཞེས་པ་ལྟ་བུ།“རྗེས”ནི་སྐུལ་ཚིག་སྟེ། ཁྱེད་ཀྱིས་ལུག་ལྤགས་འབྲུ་རིགས་ལ་རྗེས་ཤིས་ལྟ་བུ། སེམས་ཀྱིས་བརྗེད་པར་རྗེས་འཇུག་ད།། [བརྗེད (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ)བསྐྱུད་བམའ་བློ་ཡུལ་ལས་ཡལ་བ་སྟེ། ཁར་སོང་བཤད་པ་དེ་བརྗེད་ཚར་འདུག། སྔར་གྱི་སྡུག་བསྔལ་བརྗེད་ན་ད་ལྟའི་སྐྱིད་མི་ཤེས་ལྟ་བུ། ”རྗེད”ནི་ད་ལལྟ་བ་དང་སྐུལ་ཚིག་སྟེ། ལ་མགོར་བུད་ན་རྟ་ཕོ་རྗེད། དེ་དོན་མ་རྗེད་ཡིད་ལ་ཟུང་ཟེར་བ་ལྟ་བུ།།] ལོ་ཏོག་ལྗང་པ་མདོག་ལྗང་ཁུ།། ལ་ལྗང་ཡིན་པ་ཤེས་པ་བྱ།། ལྗང་པ ལོ་ཏོག་གི་མྱུ་གུ་སྔོན་པོ་སྟེ། ས་ཞིང་ལ་སོ་ནམ་མ་བྱེད་ན། ལོ་ཏོག་གི་ལྗང་པ་ལག་པས་འཐེན་པས་སྐྱེ་རོགས་མི་ཡོང་ཟེར་བ་ལྟ་བུ།། ལྗང་ཁུ ཁ་མདོག་སེར་པོ་དང་སྔོ་པོ་འདྲེས་པ་ལས་བྱུང་བའི་ཁ་མདོག་ཞིག་སྟེ། རྩི་ཤིང་གི་ལོ་མའི་མདོག་ལྗང་ཁུ་ཡིན།། ལྗང ལྗང་ཁུའི་བསྡུས་ཚིག་སྟེ། དཀར་སེར་དམར་ལྗང་ཟེར་བ་ལྟ་བུ།། ལྗིད་ཚད་ལྗིད་འདེབས་ལ་ལྗིད་དང་།། ལྗིད་ཚད ལྕི་ཡང་གི་ཚད་དེ། ལུས་པོའི་ལྗིད་ཚད་ཟེར་བ་ལྟ་བུ།། ལྗིད་འདེབས  ???????????/ ལྗིད དངོས་རྫས་ཀྱི་ལྕི་བའི་ཚད་དེ། བལ་སྲང་གང་དང་གསེར་སྲང་གང་ལྗིད་མཉམ་ཡིན་ཟེར་བ་ལྟ་བུ།། བརྗིད་ཆགས་གཟི་བརྗིད་ར་བརྗིད་ཡིན།། བརྗིད་ཆགས རྫིག་པོ་དང་བབ་ཆགས་པོ་སྟེ། བརྗིད་ཆགས་དང་ལྡན་པའི་སེ་ར་ཐེག་ཆེན་གླིང་ཟེར་བ་ལྟ་བུ།། གཟི་བརྗིད རྫིག་པོའི་ཉམས་དང་བཀྲག་མདངས་ཏེ། གཟི་བརྗིད་བླ་ན་མེད་པ་ཨ་མདོ་ལྷ་མོ་དོན་འགྲུབ་ཞེས་པ་ལྟ་བུ།། བརྗིད རྗིག་པོའམ་བབ་ཆགས། མཛེས་པོ་སོགས་སྟེ། མིས་བལྟས་ན་གུས་པ་སྐྱེས་པའམ་ཧ་ལས་དགོས་པའི་རྣམ་པ། དཔེར་ན། གངས་སེང་ཁ་སྤྲད་སྐྱེད་ཅིང་བརྗིད་ཞེས་པ་ལྟ་བུ།། ༼ཉ༽ ཆུ་ནང་ཉ་མོ་ཉ་རྐྱང་དང་།། ཉ་མོ ཆུ་ཡི་ནང་གནས་པའི་སྲོག་ཆགས་སྒལ་ཚིགས་ཅན་གྱི་རིགས། ལུས་དབྱིབས་ཕལ་ཆེར་འཇོང་པོ་ལེབ་ལེབ་དང་། ལུས་ལ་ཉ་གཤོག་ཡོད་པ། འགྲམ་ལྕིབས་ཀྱིས་ཆུ་གཏོང་ལེན་བྱེད་པ། ཁྲག་གྲང་མོ་ཡིན་ཞིང་རིགས་ཤིན་ཏུ་མང་། ཉའང་ཟེར། ཉ་རུས་ཚེར་མའི་དབྱིབས་དང་འདྲ་ཞེས་པ་དང་། ཆུ་བོ་སྐམ་ནུས་ན་ཉ་མོ་ཤི་ནུས་ཟེར་བ་ལྟ་བུ།། རྐང་པའི་ཉྭ་ལ་ཝ་ཟུར་ཡོད།། ཉྭ པུས་མོ་མན་དང་ལོང་ཚིགས་ཡན་གྱི་རྒྱབ་ཤ་སྟེ། ཉྭ་ལོག་ནས་ཉྭ་ཤ་སྐྲངས། ཉྭ་འབྲོས། ཉྭ་ཕྲ་རྡོག་ཁྲེལ་ལྕི་ཞེས་པ་ལྟ་བུ།། ཉམ་ཆུང་ཉམ་ཐག་ཡང་འཇུག་མེད།། ཉམ་ཆུང སྟོབས་ཆུང་བ་སྟེ། ཕྲུ་གུ་ངུ་ས་ཕ་མ། ཉམ་ཆུང་ཞུ་ས་དཔོན་པོ་ཟེར་བ་ལྟ་བུ།། ཉམ་ཐག སྟོབས་དང་ནུས་པ་ཞན་པ་སྟེ། དབུལ་ཕོངས་ཉམ་ཐག་རྣམས་ལ་རོགས་རམ་དགོས་ལྟ་བུ།། ཉམ སྟོབས་དང་ནུས་པ་སྟེ། བཙན་འཛུལ་པ་ལ་མཐའ་མ་ཉམ་དམས་པ་ཡོང་ངེས་པ་ཡིན། ཉམ་ང་བ་དང་བག་ཚ་བ་མེད་པའི་དཔའ་བོ་ཞེས་པ་ལྟ་བུ།། ཉམས་འགྱུར་ཉམས་རྒུད་ཉམས་མྱོང་དང་།། ཉམས་ལེན་སོགས་ལ་ཡང་འཇུག་ཡོད།། ཉམས་འགྱུར ལུས་ངག་གི་རྣམ་པ་རིག་བྱེད་ལ་ཉམས་དང་། བློ་ཡི་འཆར་སྒོར་ལ་འགྱུར་ཟེར་ཏེ། ཉམས་འགྱུར་དང་ལྡན་པའི་གར་སྟབས་ཟེར་བ་ལྟ་བུ།། ཉམས་རྒུད སྟོབས་ཤུག་ཉམས་པའམ་ཞན་དུ་ཕྱིན་པ་སྟེ། བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་ཕྱིན་པ་དེ་བོད་ཀྱི་མི་རིགས་ཉམས་རྒུད་དུ་འགྲོ་བའི་འགག་མདོ་གཙོ་བོ་ཡིན་ལྟ་བུ།། ཉམས་མྱོང ལག་ལེན་བསྟར་བ་ལ་བརྟེན་ནས་ཐོབ་པའི་མྱོང་ཚོར་གྱི་མིང་སྟེ། བསམ་པ་རྒཡ་ཆུང་ཡང་ཐུག་རྒྱུ་གྲངས་མང་བས་ཉམས་མཽང་གང་ལ་གང་འཚམས་ཡོད་ཟེར་བ་ལྟ་བུ།། ཉམས་ལེན ལག་ལེན་བསྟར་བའི་བྱ་སྤྱོད་ཀྱི་མིང་སྟེ། ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་རྣམས་གཞན་ལའང་བཤད་ལ་རང་གིས་ཀྱང་ཉམས་ལེན་བྱེད་ཟེར་བ་ལྟ་བུ།། ༡ཉམས ལུས་ངག་གི་རྣམ་འགྱུར་རམ་ཚུགས་ཀ་སྟེ། སྡུག་ཉམས། སྤྲོ་ཉམས། དགའ་བའི་ཉམས། སྐྱིད་ཉམས་ཟེར་བ་ལྟ་བུ།། ༢ཉམས བློ་དང་ཡིད་དེ། ཉམས་སུ་དགའ་བའི་ཕ་ཡུལ་ཟེར་བ་ལྟ་བུ།། ༣ཉམས རྒུད་པའམ་ཞན་དུ་ཕྱིན་པ་སྟེ། ནུས་སྟོབས་ཉམས། བྱ་བ་ཉམས། མི་རིགས་ཀྱི་ཉམས་རྒུད་ཟེར་བ་ལྟ་བུ།། སྙན་ངག་སྙན་གྲགས་སྒར་སྙན་པོ།། སྙན་སྒྲོན་ལ་སོགས་ས་སྙན་ཡིན།། སྙན་ངག ཚིག་བཅད་ལྷུག་སྤེལ་མ་གསུམ་གང་རུང་གི་སྒོ་ནས་བརྩམས་པའི་སྙན་ཚིག་སྟེ། སྙན་ངག་ཚིག་བཅད་མ། སྙན་ངག་ཚིག་ལྷུག ཚིག་བཅད་ལྷུག་སྤེལ་མ་གསུམ་གྱི་སྙན་ངག་ལྟ་བུ། རིག་གནས་ཆུང་བ་ལྔ་ཡི་ཡ་གྱལ་ཞིག་སྟེ། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཟེར་བ་ལྟ་བུ།། སྙན་གྲགས མིང་གྲགས་སམ་སྐད་གྲགས་གི་ཞེ་ས་སྟེ། ཨ་བདོ་ལྷ་མོ་དོན་འགྲུབ་ནི་དུས་རབས་ཉེ་གཅིག་པའི་ནང་ཆེས་སྙན་གྲགས་ཅན་གྱི་མི་སྣ་ཞིག་རེད་ཟེར་བ་ལྟ་བུ།། སྙན་པོ སྒྲ་ཡིད་དུ་འོང་བ་སྟེ། རིག་འཛིན་སྒྲོལ་མའི་གླུ་དབྱངས་ཀྱི་སྒྲ་སྙན་པོ་དེ་ཚིག་སྦྱོར་དང་བསྟུན་ཏེ་བདག་གི་རྣ་ལམ་དུ་གྲགས་ཟེར་བ་ལྟ་བུ།། སྙན་སྒྲོན ངག་ཐོག་ནས་གོང་རིམ་ལ་ཞུ་ཡའི་གནས་ལུགས་ཏེ། སྙན་སེང་ཞུ་མཁན་ལ་སྙན་སྒྲོན་པ་ཟེར་བ་ལྟ་བུ།། ༡སྙན སྒྲ་ཡི་རྣམ་པ་ཡིད་དུ་འོང་བ་སྟེ། སྒྲ་སྙན་པོ། སྐད་སྙན་པོ། ངག་སྙན་པོ་ཟེར་བ་ལྟ་བུ།། ༢སྙན རྣ་བའི་ཞེ་ས་སྟེ། སྙན་གཏོད་པ། སྙན་དུ་གསོལ་བ། སྙན་གཙེར། སྙན་སེང་ཞུ་ཟེ་བ་ལྟ་བུ།། གཟུགས་བརྙན་ར་བརྙན་བ་འཕུལ་ཡོད།། གཟུགས་བརྙན ཆུ་དང་མེ་ལོང་ལ་སོགས་པའི་ནང་ཤར་བའི་ངོ་གདོང་སོགས་ཀྱི་འདྲ་གཟུགས་ཏེ། དངོས་པོ་རྣམས་བློ་ལ་སྣང་ཙམ་གྱིས་བཞག་པ་ཡིན་གྱི་ཚུགས་ཐུབ་རང་ངོས་ནས་མེད་དེ། གཟུགས་བརྙན་བཞིན་ཡིན་པའི་ཕྱིར།། བརྙན འདྲ་གཟུགས་ཏེ། སྐུ་འདྲ་ལ་སྐུ་བརྙན་ཟེར་བ་ལྟ་བུ།། མཇིང་པའི་གཉའ་དང་གཉའ་གནོན་དང་།། གཉའ་ཤིང་ལ་སོགས་ག་གཉའ་འོ།། གཉའ མཇིང་པའམ་སྐེ་ཡི་རྒྱབ་ངོས་ཏེ། གཉའ་ལྟག གཉའ་གདན། གཉའ་གནོན། གཉའ་ཤིང་ཟེར་བལྟ་བུ།། ༡གཉའ་གནོན གཉའ་ལྟག་ནས་གནོན་པ། ༢གཉའ་གནོན བཙན་གནོན་ཏེ། བཙན་ཤེད་ཀྱི་གཉའ་གནོན་འོག་ཏུ་སྡོད་མི་འདོད་ཅེས་པ་ལྟ་བུ།། གཉའ་ཤིང རྨོན་མཛོ་ཡི་གཉའ་གཉིས་སྦྲེལ་བྱེད་དམ་གཤོལ་འཐེང་བྱེད་དེ། སོ་ནམ་པའི་ཡོ་བྱད་ཅིག དཔེར་ན། གཉའ་ཤིང་དང་གཤོལ་མདའ་ཐོང་གཤོལ་རྣམས་སྦྲེལ་ནས་ཞིང་ཁ་རྨོ་ཟེར་བ་ལྟ་བུ།། དོ་མཉམ་འདྲ་མཉམ་མཉམ་ལས་ཁང་།། མ་མཉམ་ཡིན་པ་ཤེས་པར་བྱ།། དོ་མཉམ དོ་པོའི་ལྕི་ཡང་མཉམ་པ་སྟེ། དོ་མཉམ་བྱུང་ན་ཁལ་ལོག་མི་ཐེབས་ཟེར་བ་ལྟ་བུ།། འདྲ་མཉམ དམན་མཆོག་དང་མཐོ་དམའ་སོགས་ཀྱི་ཁྱད་པར་མེད་པ་སྟེ། མི་རིགས་འདྲ་མཉམ། འདྲ་མཉམ་མེད་པའི་ཆིངས་ཡིག་ཅེས་པ་ལྟ་བུ།། མཉམ་ལས་ཁང མི་དམངས་ཀྱི་ཐོན་སྐྱེད་ནུས་པ་ཡོད་ཚད་གཞུང་གིས་བདག་གི་བྱས་ཏེ། མི་དམངས་ལ་དབང་ཆ་ཅུང་ཟད་ཀྱང་མེད་པའི་སྒྲིག་འཛུགས་ཤིག་སྟེ། སྲིད་གཞུང་སྐོར་ཞིག་གིས་མཉམ་ལས་ཁང་བཙུགས་པ་དང་གྲལ་རིམ་འཐབ་རྩོད་སྤེལ་བ་སོགས་ཀྱིས། མི་དམངས་ནང་ཁུལ་དུ་ཁ་བྲལ་དང་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་ཕོག་པ་བཟོས་ཤིང་། ཡར་ལངས་མ་ཐུབ་པ་རྟག་ཏུ་སྲིད་གཞུང་ངན་པས་གཉའ་གནོན་འོག་སྡོད་དགོས་པ་བཟོས་ཡོད།། ཆང་སོགས་བསྙལ་བ་ས་བསྙལ་ལོ།། བསྙལ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ) ༡ སྐྱུར་རྩི་དང་ཕབ་བཏབ་སྟེ་དྲོ་སར་བཞག་ནས་ཞོ་དང་ཆང་སོགས་ཆགས་སུ་འཇུག་པའི་དོན་ཏེ། བསྙལ་བྱའི་ཞོ། བསྙལ་བྱའི་ཆང་། ཞོ་བསྙལ་ནས་བཞག ཆང་བསྙལ་ཡོད་ལྟ་བུ། ”སྙལ”ནི་ད་ལྟ་བ་སྟེ། ཞོ་སྙལ་བ་བྱེད། ཆང་སྙལ་མཁན་ཅེས་པ་ལྟ་བུ། ”སྙོལ”ནི་སྐུལ་ཚིག་སྟེ། ཞོ་སྙོལ་ཅིག ཆང་སྙོལ་ཅིག་ལྟ་བུ། ༢ ཉལ་དུ་འཇུག་པའི་དོན་ཏེ། བྱིས་པ་བསྙལ་ནས་གཉིད་ལོག བསྙལ་བྱའི་བྱིས་པ། བྱིས་པ་སྙལ་གྱིན་འདུག སྙོལ་ཅིག་ཟེར་བ་ལྟ་བུ། ཉལ་བའི་གཉིད་ལ་རྗེས་འཇུག་ད།། ༡གཉིད རང་སྟོབས་ཀྱིས་སེམས་ཀྱི་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པའི་རྣམ་པ་ཅན་བྱེད་ལས་བྱ་བ་ཤོར་བ་བྱེད་པའི་སེམས་བྱུང་སྟེ། ལེ་ལོ་ཅན་གྱི་མི་དེ་གཉིད་ལ་དགའ། སྒྱིད་ལུག་ཅན་གྱི་མི་དེ་གཉིད་ལ་ཆགས་ཟེར་བ་ལྟ་བུ།། ༢གཉིད ཀླད་ཆེན་གྱི་པགས་རིམ་ངལ་གསོ་བའི་ངང་ལ་གནས་པའི་རྣམ་འགྱུར་གྱི་མིང་སྟེ། གཉིད་སད། གཉིད་ཡེར། གཉིད་མཐུག་པོ་ལོག་ལྟ་བུ།། གྲངས་ཀ་གཉིས་ལ་རྗེས་འཇུག་ས།། གྲངས་ཀ་གཉིས ཨང་རྟགས་”༢”འདིས་མཚན་པ་བྱ་བའི་གྲངས་ཀྱི་མིང་།། ༢གྲངས་ཀ་གཉིས གྲངས་མི་འདྲ་བ་གཉིས་ཏེ། སྡོམ་ཐོ་དེའི་ནང་གྲངས་ཀ་གཉིས་ནོར་འདུག་ཟེར་བ་ལྟ་བུ།།

ཀོ་བ་མཉེད་པར་རྗེས་འཇུག་ད།།

མཉེད (བྱེད་འབྲེལ་ལས་ཚིག་ད་ལྟ་བ)འཕུར་འཕུར་གཏོང་བའི་དོན་ཏེ། ཁོང་གིས་ཀོ་བ་མཉེད་བཞིན་འདུག།”མཉེས”ནི་འདས་པ་དང་སྐུལ་ཚིག་སྟེ། ཀོ་བ་མཉེས་ནས་ལྷམ་བཟོ། ཀོ་བ་མཉེས་ཤིག་ལྟ་བུ། ”མཉེ”ནི་མ་འོངས་པ་སྟེ། མཉེ་བྱའི་ཀོ་བ་ཟེར་བ་ལྟ་བུ།། དགའ་བའི་མཉེས་ལ་རྗེས་འཇུག་ས།། མཉེས ༡ དགའ་བའི་ཞེ་ས་སྟེ། སེམས་དགའ་བ་ལ་ཐུགས་མཉེས་ཞེས་པ་ལྟ་བུ།། ༢མཉེད་ཀྱི་འདས་པ་དང་སྐུལ་ཚིག།། ལུས་སོགས་མཉེན་པོ་མ་འཕུལ་དང་།། མཉེན་པོ སྲ་མོ་དང་གྱོང་པོ་མ་ཡིན་ཏེ། ལུས་མཉེན་པོ་སྤྲེའུ་ལྟ་མཆོང་ཟེར་བ་ལྟ་བུ།། དགྲ་གཉེན་གཉེན་ཚན་ག་འཕུལ་ཡིན།། དགྲ་གཉེན མི་དགའ་བའི་ཕྱོགས་དང་དགའ་བའི་ཕྱོགས་ཀྱི་མི་སྟེ། དགྲ་གཉེན་གཉིས་ཀ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མཚུངས་པས་སུ་ལའང་གནོད་པ་སྐྱེལ་མི་རུང་ཟེར་བ་ལྟ་བུ།། གཉེན་ཚན སྤུན་དང་ཉེ་འབྲེལ་གྱི་སྡེ་ཚན་ཏེ། གཉེན་ཚན་རྣམས་ཕྱོགས་སྒྲིག་ནས་གཞན་ལ་གནོས་འཚེ་བཟོ་བ་ནི་མ་རུང་པའི་བྱ་བ་ཞིག་གོ་ལྟ་བུ།། གཉེན ཉེ་འབྲེལ་ལམ་རོགས་བྱེད་མཁན་ཏེ། མ་ནོར་ལམ་སྟོན་གྱི་གཉེན་ནི་གཉེན་དམ་པ་ཡིན། གཉེན་ངོ་མ་ཡིན་ཟེར་བ་ལྟ་བུ།། ཅ་ལག་རྙིང་པ་ར་རྙིང་ལ། རྙིང་པ དུས་ཡུན་རིང་པོ་ལོན་པའི་ཅ་དངོས་སམ་དུས་ཚད་ཡོལ་བའི་ཅ་དངོས། ནང་ཁྲོལ་སྙིང་དང་སྙིང་རུས་དང་།། སྙིང་གཏམ་སྙིང་རྗེ་ས་སྙིང་ཡིན།། ༡སྙིང ཁྲག་རྒྱུན་འཁོར་རྒྱུགས་བྱེད་མཁན་གྱི་དབང་པོ་གཙོ་བོ་སྟེ་དོན་ལྔའི་ཡ་གྱལ་ཞིག་སྟེ། ༢སྙིང སེམས་ཏེ། སྙིང་ལ་བཞག་ཡོད། འགྲོ་སྙིང་ནི་འདོད་ཅེས་པ་ལྟ་བུ།། ༣སྙིང བློ་ཁོག་སྟེ། གཞུང་ངན་ལ་ངོ་རྒོལ་བྱེད་པ་སྙིང་མ་ཆུང་ཟེར་བ་ལྟ་བུ།། སྙིང་རུས བརྩོན་འགྲུས་ཏེ། དཀའ་སྤྱད་སྙིང་རུས་བྱོས། ཡོན་ཏན་ལ་སྙིང་རུས་བྱོས་ཟེར་བ་ལྟ་བུ།། སྙིང་རྗེ སྡུལ་བསྔལ་གྱིས་མནར་བའི་སེམས་ཅན་དེ་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སེམས་ཁྱད་པ་བ་ཞིག་སྟེ། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་སེལ་བ་བྱེད་པ་ནི་སྙིང་རྗེ་ཆེན་པོའི་སྟོབས་སོ་ཞེས་པ་ལྟ་བུ།། དུས་ཀྱི་སྙིགས་མ་གད་སྙིགས་སོགས།། ས་སྙིགས་ཡིན་པ་ཤེས་པར་བྱ།། ༡སྙིགས་མ ཐ་མ་སྟེ། ཚེའི་སྙིགས་མ། ཉོན་མོངས་པའི་སྙིགས་མ། སེམས་ཅན་གྱི་སྙིགས་མ། དུས་སྙིགས་མ། ལྟ་བ་སྙིགས་མ་སྟེ། སྙིགས་མ་ལྔ་ལྟ་བུ་འོ། གད་སྙིགས གས་བརྒྱབ་པའི་ཐལ་རྡུལ་ཏེ། གད་སྙིགས་སྤུངས་པ་རྣམས་བོར་བ་ཟེར་བ་ལྟ་བུ།། སྙིགས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)མ་རུང་བ་རྣམས་ལོགས་སུ་དགར་བའི་དོན་ཏེ། འབྲུ་ཡི་ནང་གི་ས་རྡོ་རྣམས་སྙིགས་ཤིག་ལྟ་བུ། ”བསྙིགས”ནི་འདས་པ་སྟེ། འབྲུ་ཡི་ནང་གི་ས་རྡོ་བསྙིགས་ནས་གཙང་མ་བྱེད། ”བསྙིག”ནི་མ་འོངས་པ་སྟེ། བསྙིགས་བྱའི་ས་རྡོ་ཟེར་བ་ལྟ་བུ། ”སྙིག”ནི་ད་ལྟ་བ་སྟེ། འབྲུ་ཡི་ནང་གི་ས་རྡོ་རྣམས་སྙིག་མཁན་ཟེར་བ་ལྟ་བུ།། ༼ཏ༽ པོ་ཏ་ལ་ནི་ཏ་རྐྱང་དང་།། ༡པོ་ཏ་ལ ལེགས་སྦྱར་གྱི་སྐད་པོ་ཊ་ལ་ཡི་ཟུར་ཆག་པ་ཡིན་ལ། བོད་སྐད་དུ་རི་བོ་གྲུབ་འཛིན་ཟེར་ཏེ། པོ་ཏ་ལ་ཡི་གནས་མཆོག་ནས་ཞེས་པ་ལྟ་བུ།། ༢པོ་ཏ་ལ སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོག་མར་བཞེབས་པའི་ལྷ་སའི་རྩེ་ཕོ་བྲང་དམར་པོ་སྟེ། ཕོ་བྲང་པོ་ཏ་ལའི་མཐོ་ཚད་ལ་སྤྱི་ཁྲེ་༡༡༧་༡༩དང་ཤར་ནུབ་དབར་གྱི་རིང་ཚད་ལ་སྤྱི་ཁྲེ་༣༦༠་ལྷག་ཙམ་ཡོད།། འཇིག་རྟེན་ལྟ་བ་ལ་ལྟ་ཡིན།། ༡ལྟ་བ འདོད་ཚུལ་ཏེ། ཁོང་གཉིས་ལྟ་བ་མཐུན་གྱིན་མིན་འདུག་ལྟ་བུ།། ༢ལྟ་བ མིག་གིས་རིག་པ་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། མིག་དཔེ་དེབ་ལ་ལྟ་བ་ཟེར་བ་ལྟ་བུ།། ༣ལྟ་བ ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་གྱི་ལྟ་བ་སྟེ། སྟོང་ཉིད་ཀྱི་ལྟ་བ། ཡང་དག་པའི་ལྟ་བ། ལོག་ལྟ། ལྟ་ངན་ཟེར་བ་ལྟ་བུ།། ལྟ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)མིག་གིས་རིག་པར་བྱེད་པའི་དོན་ཏེ། དཔེ་ཆ་ལྟ་བཞིན་འདུག་ལྟ་བུ། ”བལྟས”ནི་འདས་པ་སྟེ། དཔེ་ཆ་བལྟས་ནས་སློབ་སྦྱོང་བྱེད། ”བལྟ”ནི་མ་འོངས་པ་སྟེ། བལྟ་བྱའི་དཔེ་ཆ་ལྟ་བུ། ”ལྟོས”ནི་སྐུལ་ཚིག་སྟེ། དཔེ་ཆ་ལྟོས་ཤིག་ཟེར་བ་ལྟ་བུ།། ཅང་ཤེས་རྟ་ནི་ར་རྟ་ཡིན།། ཅང་ཤེས་རྟ ཅི་ཡང་ཤེས་པའི་རྟ་སྟེ། རྟ་ཅང་ཤེས་ཀྱང་ཟེར་ལ། ཅང་ཤེས་རྟ་ཡིས་འཕུར་བ་ཤེས་ལ་མི་སྐད་ཀྱང་སྨྲ་ཟེར་བ་ལྟ་བུ།། ༡རྟ སྒོ་ཕྱུགས་རྟ་སྟེ། གྱི་་ལིང་རྟ། རྟ་རྒྱུག་འགྲན་སྡུར་ཟེར་བ་ལྟ་བུ།། ༢རྟ སྐད་ཀྱི་གདངས་དབྱངས་སྟེ། དབྱངས་རྟ་སྙན་མོ་ཟེར་བ་ལྟ་བུ།། ཤིང་གཅོད་སྟ་རེ་ས་སྟ་འོ།། སྟ་རེ ཤིང་གཅོད་བྱེད་ཀྱི་ལག་ཆ་ཞིག་སྟེ། ཤིག་གསོད་པར་སྟ་རེ་དང་། འབུ་གསོད་པར་ཐོ་བ་འཕྱར་མི་དགོས་ཟེར་བ་ལྟ་བུ།། ཁྱི་སོགས་བཏགས་པར་བ་བཏགས་དང་།། བཏགས (བྱེད་འབྲེལ་ལས་ཚིག་འདས་པ) ༡ འཆིང་པ་སྟེ། ཁྱི་སྒོ་འགྲམ་ན་བཏགས་ལྟ་བུ། ”གདགས”ནི་མ་འོངས་པ་སྟེ། གདགས་བྱའི་ཁྱི་ལྟ་བུ། ”འདོགས”ནི་ད་ལྟ་བ་སྟེ། ཁྱི་འདོགས་མཁན། འདོགས་ཁྱི་ཞེས་པ་ལྟ་བུ ”ཐོགས”ནི་སྐུལ་ཚིག་སྟེ། ཁྱི་ཐོགས་ཤིག་ཅེས་པ་ལྟ་བུ། ༢ དོན་ལ་མིང་སྦྱར་བའི་དོན་ཏེ། མིང་དུ་བཏགས། མིང་གི་གདགས་གཞི། མིང་དུ་འདོགས་མཁན། མིང་ཐོགས་ཤིག་ཅེས་པ་ལྟ་བུ།། རྒྱལ་རྟགས་རྟགས་མཚན་ར་རྟགས་ཡིན།། རྒྱལ་རྟགས སོ་སོའི་རྒྱལ་ཁབ་མཚན་བྱེད་ཀྱི་མཚན་རྟགས་སྟེ། རྒྱལ་རྟགས་གངས་སེང་ཁ་སྤྲོད་ཟེར་བ་ལྟ་བུ།། རྟགས་མཚན རྟགས་དང་མཚན་མ་སྟེ། ད་ལྟ་སྐྱིད་པོ་ཡོད་པའི་རྟགས་དང་། འབྱུང་འགྱུར་སྐྱིད་པོ་ཡོང་བའི་མཚན་མ་ཟེར་བ་ལྟ་བུ།། ༡རྟགས མཚོན་བྱེད་དམ་ཁྱད་པར་འབྱེད་བྱེད་དེ། ལུག་གི་རྣ་རྟགས། མཛོ་ཡི་རྭ་རྟགས། ས་རྟགས་ཟེར་བ་ལྟ་བུ།། ༢རྟགས རྒྱུ་མཚན་ཏེ། ཚེ་ནི་རྟག་པར་བསྒྲུབ་པ་ལ་སྐད་གཅིག་མ་རྟགས་སུ་བཀོད་པ་ལྟ་བུ།། ལྟག་ཁུང་ལྟག་སྒོ་ལ་ལྟག་དང་།། ལྟག་ཁུང མཇིང་པའི་རྒྱབ་ཀྱི་ཀོང་ཀོང་སྟེ། སྤག་ཁ་ལ་ཟ་བར་ལམ་ལྟག་ཁུང་ནས་སྐོར་དོན་མེད་ཟེར་བ་ལྟ་བུ།། ལྟག་སྒོ ཁང་པའི་རྒྱབ་ཏུ་ཡོད་པའི་སྒོ་སྟེ། སྒོ་ཆེན་བཀག་ཀྱང་རྐུན་མ་ལྟག་སྒོ་ནས་བྲོས་ཟེར་བ་ལྟ་བུ།། ༡ལྟག རྒྱབ་ལོག་གི་མིང་སྟེ། ལྟག་སྟོ། ལྟག་སྒོ། ལྟག་ཁུང་ལྟ་བུ།། ༢ལྟག སྟེང་གམ་གོང་གི་མིང་སྟེ། ལྟག་འོག ལྟག་མ་ཟེར་བ་ལྟ་བུ།། གཅན་གཟན་སྟག་དང་ཤིང་སྟག་མ།། ས་སྟག་ཡིན་པས་མ་ནོར་ཅིག།། སྟག གཅན་གཟན་ཞིག་སྟེ། ཆེ་ཞིང་གཏུམ་པ་སྤུ་མདོག་དམར་སེར་ལ་རི་མོ་ནག་པོ་ཡོད་པ་ཞིག་སྟེ། གཅན་གཟན་སྟག་གིས་ངར་སྒྲ་སྒྲོག སྡར་མ་ཝ་ཡི་སྙིང་རྩ་འགས་ཟེར་བ་ལྟ་བུ།། ཤིང་སྟག་མ །།།།།།།།།།།།།།།།།།།།།།།།།།། ནན་ཏན་ཡོན་ཏན་འཕུལ་མེད་དང་།། ནན་ཏན དོ་དོ་ཏན་ཏན་ནམ། ཏན་ཏན་ཏིག་ཏིག་སྟེ། གལ་པོ་ཆེ་ལ་ནན་ཏན། བཟང་པོའི་ཆོས་ལ་བརྒྱ་ཚར་ཟེར་བ་ལྟ་བུ།། ཡོན་ཏན ཁྱད་ཆོས་སམ་ནུས་པ་སྟེ། བྱིས་པ་ལོ་བརྒྱད་ལོན་པ་ནས་ཡོན་ཏན་སྦྱོང་བའི་རིག་རྩལ་རྒྱས་པའི་སྐབས་ཡིན་ཟེར་བ་ལྟ་བུ།། ལས་ཀ་གཏན་འཁེལ་དུས་གཏན་དུ།། ག་གཏན་ཡིན་པ་ཤེས་པར་བྱ།། གཏན་འཁེལ ཐག་ཆོད་པའི་དོན་ཏེ། བྱེད་ཕྱོགས་གཏན་འཁེལ་བ། དུས་ཚོད་གཏན་འཁེལ་བ་ཟེར་བ་ལྟ་བུ།། ༡གཏན དུས་ཡུན་རིང་པོ་སྟེ། གཏན་སྡོད། གཏན་གཡོག་ཟེར་བ་ལྟ་བུ།། ༢གཏན ཕུགས་སམ་རྩ་བ་སྟེ། གཏན་གྱི་འདུན་མ། གཏན་གྱི་བསམ་བློ། གཏན་ནས་མེད་ཟེར་བ་ལྟ་བུ།། ༣གཏན སྒོ་དན་པོ་རྒྱག་པའི་སོན་ཏེ། སྒོ་གཏན་རྒྱག སྒོ་གཏན་བྱེད་ཀྱི་གཏན་པ་ཟེར་བ་ལྟ་བུ།། སྲ་ཞིང་བརྟན་པ་ར་བརྟན་ཡིན།། ༡བརྟན འགྱུར་ལྡོག་མེད་པ་སྟེ། མི་དམངས་ཀྱི་སྲིད་དབང་སྲ་ཞིང་བརྟན་པ་ཆགས་པ་ནི་སྲིད་དབང་སྒེར་སྤྱོད་ཕྱོགས་ཁག་གི་ཕམ་ཁ་ཆེན་པོ་ཞིག་ཡིན་ཟེར་བ་ལྟ་བུ།། ༢བརྟན (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ) ཡིད་ཆེས་དང་བློ་བཀལ་བའི་དོན་ཏེ། ཡིད་བརྟན་དུ་རུང་བ། ཡིད་བརྟན་དུ་མི་རུང་བ། ཡིད་བརྟན་བྱ་མི་རུང། སྲིད་པའི་ཕུན་ཚོགས་ལ་ཡིད་བརྟན་བྱ་མི་རུང་ཟེར་བ་ལྟ་བུ། ”རྟོན”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། ཐར་པ་ལ་ཡིད་རྟོན་བྱེད། ཡིད་རྟོན་བྱེད་མཁན། དགེ་རྒན་ལ་ཡིད་རྟོན་ཅིག་ཟེར་བ་ལྟ་བུ།། སངས་རྒྱས་བསྟན་པ་མིག་ལ་བསྟན།། ས་བསྟན་ཡིན་པ་ཤེས་པར་བྱ།། སངས་རྒྱས་བསྟན་པ ནང་ཆོས་ཀྱི་རིང་ལུགས་ཏེ། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་སོགས་ཉེས་སྐྱོན་ཐམས་ཅད་ལ་ཇི་ལྟ་གཉེན་པོ་བསྟན་ཚུལ་དང་། ཤེས་བྱའི་གནས་ལུགས་རྣམས་ཇི་ལྟ་བ་བཞིན་རྟོགས་པའི་ཤེས་རབ་ཀྱི་ཆ་དང་། གཞན་ཕན་གྱི་བསམ་པ་སྟེ་བརྩེ་བ་སྙིང་རྗེ་ཆེན་པོ་སོགས་ཐབས་ཀྱི་ཆ་ཡོངས་སུ་རྫོགས་པ་བསྟན་པའི་རིག་པའི་གཞུང་ལུགས་བླ་ན་མེེད་པ་ཞིག་སྟེ། སེམས་ཅན་ཐམས་ཅད་ཀྱི་མཛའ་བཤེས་ཆེན་པོ་ཤཱཀྱ་ཐུབ་པའི་ཐོག་མ་སྲོལ་འབྱེད་པའོ།། བསྟན (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ)གཞན་ལ་ཤེས་སུ་འཇུག་པའམ་མཐོང་དུ་འཇུག་པ་སྟེ། བསྟན་བྱའི་གནས་ལུགས་རྣམས་གསལ་བར་བསྟན་སོང་ཟེར་བ་ལྟ་བུ། ”སྟོན”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། གནས་ལུགས་བསྟན་པ་པོ། ཁོ་ལ་བསྟན་ཤིག་ཅེས་པ་ལྟ་བུ།། སྦྱིན་པ་བཏང་དང་རླངས་འཁོར་བཏང་།། བཏང་སྙོམས་ལ་སོགས་བ་བཏང་ངོ།། སྦྱིན་པ་བཏང རིན་མེད་ཀྱི་ཐོག་ནས་རིས་མེད་ལ་སྟེར་བ་སྟེ། སྤྲང་པོ་ལ་སྦྱིན་པ་བཏང་ཞེས་པ་ལྟ་བུ།། རླངས་འཁོར་བཏང རླངས་འཁོར་ལ་ཁ་ལོ་བྱེད་པའི་དོན་ཏེ། རླངས་འཁོར་བཏང་ནས་ལྷ་ས་ལ་འགྲོ་ལྟ་བུ།། བཏང་སྙོམས དགྲ་གཉེར་བདེ་སྡུག་སོགས་ལ་ཕྱོགས་ལྷུང་དང་ཆགས་སྡང་མེད་པར་གནས་པའི་སེམས་ཏེ། དགེ་བ་བཅུ་གཅིག་གི་ཡ་གྱལ། དཔེར་ན། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙམས་ལ་གནས་པ་གྱུར་ཅིག་ཟེར་བ་ལྟ་བུ།། བཏང (བྱེད་འབྲེལ་ལས་ཚིག་འདས་པ) ༡ བཀག་པའམ་བཅིངས་བ་ལས་རང་དགར་འགྲོ་རུ་འཇུག་པའི་དོན་ཏེ། རྩྭ་ཁ་ལ་བཏང་བའི་རྟ་ཕོ། རྟ་ནོར་ལུག་གསུམ་རྩྭ་ཁ་ལ་བཏང་ལྟ་བུ། ”གཏང”ནི་མ་འོངས་པ་སྟེ། གཏང་བྱའི་རྟ་ནོར་ལུག་གསུམ་ཞེས་པ་ལྟ་བུ། ”གཏོང”ནི་ད་ལྟ་བ་སྟེ། ནོར་ལུག་ཕྱི་ལ་གཏོང། རྟ་ནོར་རི་ལ་གཏོང་ཟེར་བ་ལྟ་བུ། ”ཐོངས”ནི་སྐུལ་ཚིག་སྟེ། ལུག་ཐོངས་ཤིག།རྟ་རི་ལ་ཐོངས་ཤིག་ཟེར་བ་ལྟ་བུ། ༢ བྱེད་པའི་དོན་ཏེ། བྱིས་པ་ལ་སློབ་གསོ་གཏོང་གིན་ཡོད། བྱ་བའི་དོན་ལ་བསམ་བློ་གཏོང་གིན་ཡོད། བསམ་བློ་བཏང། གོང་འཕེལ་དུ་བཏང། སློབ་གསོ་ཐོངས་ཤིག།བརྡ་ཐོངས་ཤིག ༣ བཀོལ་བའི་དོན་ཏེ། སྒོར་མོ་ཕར་གཏོང་ཚུར་ལེན། འགྲོ་སྒོ་གཏོང། འགྲོ་སྒོ་ཉུང་ཉུང་བཏང་ནས་བྱ་བ་ཆེན་པོ་བསྒྲུབས་ལྟ་བུ། ༤ དོར་བའམ་ཕུལ་བ་སྟེ། མི་རིགས་ཀྱི་དོན་དུ་རང་སྲོག་གཏོང་ཕོད་པ། རང་སྲོག་བཏང་ནས་གཞན་སྲོག་བསྐྱབས་ལྟ་བུ། ༥ བསྐུར་བ་སྟེ། འཕྲིན་ཡིག་གཏོང། གཏང་བྱའི་འཕྲིན་ཡིག འཕྲིན་ཡིག་ཐོངས་ཤིག་ཟེར་བ་ལྟ་བུ། གདན་སོགས་བཏིང་པ་བ་བཏིང་དང་།། བཏིང (བྱེད་འབྲེལ་ལས་ཚིག་འདས་པ)འགྲེམས་པའམ་བསྒྲིགས་པ་སྟེ། གདན་བཏིང་ནས་ཐོག་ལ་སྡོད་ལྟ་བུ། ”གདིང”ནི་མ་འོངས་པ་སྟེ། གདིང་བྱའི་གདན་ཟེར་བ་ལྟ་བུ། ”འདིང”ནི་ད་ལྟ་བ་སྟེ། རྡོ་གཅལ་འདིང་མཁན་ཞེས་པ་ལྟ་བུ། ”ཐིངས”ནི་སྐུལ་ཚིག་སྟེ། འཆར་གཞི་ཐིངས་ཤིག་ཟེར་བ་ལྟ་བུ།། རྒྱ་མཚོའི་གཏིང་ནི་ག་གཏིང་ངོ་།། ༡གཏིང ཞབས་ཏེ། རྒྱ་མཚོའི་གཏིང་གི་ནོར་བུ་ཟེར་བ་ལྟ་བུ།། ༢གཏིང རྩ་བ་སྟེ། ཞེན་པ་གཏིང་ནས་ལོགས་སོང་ཟེར་བ་ལྟ་བུ།། ༣གཏིང མཐིལ་ཏེ། ས་ཡི་གཏིང་ལྟ་བུ།། སྔ་རྟིང་རྐང་རྟིང་ར་རྟིང་ཡིན།། ༡སྔ་རྟིང སྔོན་རྗེས་ཏེ། བྱས་རྗེས་སྔ་རྟིང་ཐེངས་མང་བཞག་ཟེར་བ་ལྟ་བུ།། ༢སྔ་རྟིང རྐང་པའི་རྟིང་པ་སྔ་མ་སྟེ། སྔ་རྟིང་ས་ལ་བཙུགས་ནས་ཕྱི་རྟིང་བཏེག་སྟེ་འགྲོ་ཟེར་བ་ལྟ་བུ།། རྐང་རྟིང རྐང་པའི་ཞབས་སམ་མཐིལ་གྱི་ངོས་ཏེ། རྐང་རྟིང་ཚེར་མ་ཟུག་དུས་ལྷམ་གོག་དྲན་ཟེར་བ་ལྟ་བུ།། ༡རྟིང དངོས་གཟུགས་གྱེན་འགྲེང་གི་མར་སྣེའམ་རྨང་གཞིའི་མིང་སྟེ། ཀ་རྟིང། རྩིག་རྟིང། རྐང་པའི་ཕྱི་རྟིང། སྡོང་རྟིང་ཟེར་བ་ལྟ་བུ།། ༢རྟིང མཇུག་མའམ་རྗེས་མའི་མིང་སྟེ། ཚིག་རྟིང་དོན་གྱིས་གནོན། ཚིག་རྟིང་གནོན་བྱས་ཟེར་བ་ལྟ་བུ།། ཁྲིམས་ལ་གཏུགས་དང་མཐར་གཏུགས་པ།། ཐོད་པ་གཏུགས་སོགས་ག་གཏུགས་དང།། གཏུགས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག) ༡ ཕན་ཚུན་ཐུག་དུ་འཇུག་པ་སྟེ། བྱ་སྒོང་རྡོ་ལ་གཏུགས་ནས་ཆག ཐད་པ་ས་ལ་གཏུགས། ཁོང་དང་ཐེངས་གཅིག་གཏུགས་ཤིག་ཟེར་བ་ལྟ་བུ། ”གཏུག” ནི་མ་འོངས་པ་དང་ད་ལྟ་བ་སྟེ། སྣ་རྡོ་ལ་གཏུག་བ་མི་བྱ། བྱ་སྒོང་རྡོ་ལ་མ་གཏུག ངོ་གཏུག་དགོས་ཟེར་བ་ལྟ་བུ། ༢ སླེབ་པའི་དོན་ཏེ། མཐར་ལ་གཏུགས་སོང། མཐར་གཏུག་ན་ཟེར་བ་ལྟ་བུ།། ༣ འབྱུང་ཁུངས་འཚོལ་བའི་དོན་ཏེ། ཁུངས་གཏུགས་ས། ཁུངས་གཏུག་དགོས། རྒྱལ་ཕམ་འབྱེད་པའི་དོན་ཏེ། གྱོད་གཞི་ཁྲིམས་ལ་གཏུགས། ཁྲིམས་ལ་གཏུག་མཁན། དགྲ་ལ་གཏུགས། རྩེད་འགྲན་གཏུག ཁུ་ཚུར་གཏུག་མཁན་ཟེར་བ་ལྟ་བུ།། འོག་རླུང་རྟུག་དྲི་ར་རྟུག་ཡིན།། རྟུག་དྲི བཤང་ལམ་ནས་ཐོན་པའི་འོག་རླུང་གི་མིང་སྟེ། རྟུག་དྲི་ངན་པ་ང་མིན་ཁོ་མིན། སྤོས་དྲི་ཞིམ་པོ་ང་ཡིན་ཁོ་ཡིན་ཟེར་བ་ལྟ་བུ།། རྟུག དྲིན་ཆེན་ནམ་སྐྱག་པ་སྟེ། སྐྱག་པའི་དྲི་མ་བཤང་ལམ་ནས་ཐོན་པ་རྟུག་དྲི་ཟེར་བ་ལྟ་བུ།། ནགས་ཚལ་སྟུག་པོ་ས་སྟུག་ཡིན།། སྟུག་པོ འཐུག་པོ་སྟེ། ནགས་ཚལ་འཐུག་པོ་ལ་ནགས་ཚལ་སྟུག་པོ་ཟེར་བ་ལྟ་བུ།། ཇ་ཆང་བཏུངས་བ་བ་བཏུངས་སོ།། བཏུངས (བྱེད་འབྲེལ་ལས་ཚིག་འདས་པ)ཆུ་སོགས་འཐུང་བའི་དོན་ཏེ། གཙང་ཆུ་བཏུངས་བས་ལྟོ་བ་ལ་གནོད་པ་མེད་ལྟ་བུ། ”བཏུང”ནི་མ་འོངས་པ་སྟེ། བཏུང་བྱའི་ཆུ། འོ་མ་བཏུང་བ་བྱ་ཟེར་བ་ལྟ་བུ། ”འཐུང”ནི་ད་ལྟ་བ་སྟེ། འོ་མ་འཐུང་མཁན། མ་རབས་ཆང་འཐུང་མཁན་ཟེར་བ་ལྟ་བུ། ”འཐུངས”ནི་སྐུལ་ཚིག་སྟེ། སྨན་འཐུངས་ཤིག ཆང་མ་འཐུངས་ཤིག་ཅེས་པ་ལྟ་བུ།། སྐབས་བསྟུན་སྟབས་བསྟུན་ས་བསྟུན་ཡིན།། སྐབས་བསྟུན གོ་སྐབས་དང་བསྟུན་པ་སྟེ། ལྷ་ས་སླེབ་པར་སྐབས་བསྟུན་ཇོ་བོ་མཇལ་ཟེར་བ་ལྟ་བུ།། སྟབས་བསྟུན སྟབས་བདེ་བ་ལ་བསྟུན་པ་སྟེ། བློ་བཟང་ཁྲོམ་ལ་འགྲོ་བ་དང་སྟབས་བསྟུན་ནས་འཕྲིན་ཡིག་དེ་ཁོང་ལ་བསྐུར་ཟེར་བ་ལྟ་བུ།། བསྟུན (བྱེད་འབྲེེལ་ལས་ཚིག་འདས་པ་དང་མ་འོངས་པ)གཞན་ལ་ལྟོས་པའམ་གཞན་དང་མཐུན་ཐབས་བྱེད་པ་སྟེ། གནས་ཚུལ་དང་བསྟུན་ནས་བྱ་བ་བྱས། འཁོས་འབྱོར་དང་བསྟུན་ནས་གོས་གྱོན་དགོས་ཟེར་བ་ལྟ་བུ། ”སྟུན”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། སྤྱིའི་ཁེ་ཕན་ལ་སྟུན་ཏེ་བྱ་བ་བྱེད། སྤྱིའི་ལམ་ཕྱོགས་ལ་སྟུན་ཅིག་ཟེར་བ་ལྟ་བུ།། ཉེས་ཅན་གཏེ་པོ་གཟུགས་གཏེ་པོ།། ག་གཏེ་ཡིན་པ་ཤེས་དགོས་སོ།། ༡གཏེ་པོ ཉེས་ཅན་གཙོ་བོ་སྟེ། ཆབ་སྲིད་གཡོན་ཕྱོགས་པ་ཚོས་ནི་རིགས་ཀྱི་རྩ་དོན་གླེང་མཁན་ཚོ་ཉེས་ཅན་གཏེ་པོ་ཡི་ཁོངས་སུ་རྩི་བ་བྱེད་ཟེར་བ་ལྟ་བུ།། ༢གཏེ་པོ གཟུགས་ཐུང་ངུ་སྟེ། གཏེ་པོའི་ནང་གི་གཟུགས་བཟང་ཟེར་བ་ལྟ་བུ། ༣གཏེ་པོ འགོ་པ་དང་རྗེ་བོའི་བརྡ་རྙིང། ལུས་ཀྱི་ལྟེ་བ་ལ་ལྟེ་ཡིན།། ༡ལྟེ་བ ལུས་ཀྱི་ལྟེ་བ་སྟེ། མའི་མངའ་དུ་ཕྲུ་གུ་སྡོད་སྐབས་ཟས་བཅུད་རྒྱུ་ས་དང་མངའ་ནས་བཙས་སྐབས་ཕྲུ་གུའི་ལྟོ་བའི་དཀྱིལ་ན་རྒྱུ་མ་ལྟ་བུའི་སྦུ་གུ་ཞིག་ཡོད་པར་ལྟེ་ཐག་ཟེར་ཞིང་། དེ་ལྷུང་བའི་ཤུལ་ལ་ལྟེ་བ་ཟེར། ༢ལྟེ་བ དབུས་སམ་དཀྱུལ་གྱི་མིང་སྟེ། ས་ཡི་ལྟེ་བ། གྲོང་ཁྱེར་གྱི་ལྟེ་བ་ཟེར་བ་ལྟ་བུ།། ༣ལྟེ་བ གཙོ་ཆེ་སའམ་རྩ་བ་དང་ངོ་མ་སྟེ། བཟོ་ལས་ཀྱི་ལྟེ་བ། རིག་གནས་ཀྱི་ལྟེ་བ། རེ་དོན་ལྟེ་བ་ཟེར་བ་ལྟ་བུ།། གོང་དུ་བཏེགས་པ་བ་བཏེགས་དང་།། བཏེགས (བྱེད་འབྲེལ་ལས་ཚིག་འདས་པ)གྱེན་དུ་སློང་བ་དང་ཡར་བཀྱགས་པའི་དོན་ཏེ། གདུང་མ་ཕྲག་པས་བཏེགས་ནས་གནམ་ལ་བཀྱག ”གདེག” ནི་མ་འོངས་པ་སྟེ། གདེག་བྱའི་གདུང་མ། ”འདེགས”ནི་ད་ལྟ་བ་སྟེ། གདུང་མ་གནམ་ལ་འདེགས་ཀྱིན་འདུག ”ཐེག”ནི་སྐུལ་ཚིག་སྟེ། གདུང་མ་ཡར་ཐེག་ཅིག་ཟེར་བ་ལྟ་བུ།། ཀ་སྟེགས་རྐུབ་སྟེགས་ས་སྟེགས་ཡིན།། ཀ་སྟེགས ཀ་བ་བརྟན་པོ་ཡང་ཆེད་ཀ་རྟིང་ལ་བཞག་པའི་རྡོ་སོགས་ཏེ། ཤིང་གི་ཀ་བའི་རྟིང་ལ་ཀ་སྟེགས་བཞག་ཟེར་བ་ལྟ་བུ།།????????? རྐུབ་སྟེགས རྐུབ་བཀྱག་གམ་འཕོངས་སྟེགས་ཏེ། དཔེ་དེབ་སྒྲིག་གཤོམ་བྱེད་པའི་ཅོག་ཙེ་དེའི་འཁྲིགས་སུ་རྐུབ་སྟེགས་དམར་པོ་ཞིག་འདུག་ཟེར་བ་ལྟ་བུ།། ༡སྟེགས དཔངས་མཐོ་ཤིང་ཁེད་མཉམ་པའི་ས་ཐེམ་སྟེ། ས་སྟེགས། རྡོ་སྟེགས། གར་སྟེགས་ཟེར་བ་ལྟ་བུ།། ༢སྟེགས མཐོ་རུ་གཏོང་བའམ་བརྟན་པོ་བྱེད་སྤྱད་དེ། ཀ་སྟེགས། རྐུབ་སྟེགས། ཅོག་ཙེ་ལ་སྟེགས་བཞག་ཟེར་བ་ལྟ་བུ།། འཇིག་རྟེན་རྟེན་འབྲེལ་ར་རྟེན་དང་།། འཇིག་རྟེན སྣོད་འཇིག་པ་ཅན་ལ་བཅུད་འཁྲུལ་བ་ཅན་རྟེན་པ་སྟེ། སྣོད་འཇིག་པ་ཅན་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཉི་མ་དང་ཟླ་བ་ས་ཡི་གོ་ལ་སོགས་སྐར་ཚོགས་དང་བཅས་པའོ། བཅུད་འཁྲུལ་བ་ཅན་ནི་ནང་བཅུད་ཀྱི་སེམས་ཅན་མ་རིག་པའི་འཁྲུལ་བ་ཅན་དག་སྟེ། མི་དང་མི་མིན་འབུ་སྲིན་དང་བཅས་པ་དག་གོ། ༡རྟེན་འབྲེལ རྟེན་ཅིང་འབྲེལ་བ་འབྱུང་བ་སྟེ། རྒྱུ་དང་རྐྱེན་དུ་མ་ཚོགས་པ་ལ་རྟེན་ཅིང་དེ་དང་འབྲེལ་ནས་བྱུང་བའི་ན་རྟེན་འབྲེལ་ཞེས་བྱ་བ་དང་། ཕན་ཚུན་ལྟོས་འཇོག་གི་ཚུལ་གྱིས་མེད་ན་མི་འབྱུང་བའི་འབྲེལ་བ་སྟེ། ས་བོན་ལས་མྱུ་གུ་དང་སྐྱེ་བ་ལས་རྒ་ཤི་འབྱུང་བ་ནི་རྟེན་འབྲེལ་ལོ།། ༢རྟེན་འབྲེལ སྔ་ལྟས་སམ་རྟགས་མཚན་ཏེ། བཀྲ་ཤིས་པའི་རྟགས་དང་རྟེན་འབྲེལ་ཟེར་བ་ལྟ་བུ།། རྟེན (བྱེད་མེད་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)རག་ལས་ཀྱི་ཚུལ་གྱི་ལྟོས་པ་སྟེ། འཁར་རྒྱུག་ལ་རྟེན་མཁན། ལག་པས་འཁར་རྒྱུག་ལ་རྟེན་ཤིག་ཞེས་པ་ལྟ་བུ། ”བརྟེན”ནི་འདས་པ་དང་མ་འོངས་པ་སྟེ། རྒྱུ་ལ་རྟེན་ནས་འབྲས་བུ་འབྱུང་། འཁར་རྒྱུག་ལ་བརྟེན་ནས་འགྲོ་བ་བྱ་ཟེར་བ་ལྟ་བུ།། སྨན་པ་བསྟེན་སོགས་ས་བསྟེན་ཡིན།། བསྟེན (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ)ཉེ་བར་བསྙེན་པའམ་ཉེ་བར་གཏུགས་པའི་དོན་ཏེ། ཡོན་ཏན་ཅན་ལ་དགེ་རྒན་བསྟེན་ནས་སློབ་སྦྱོང་བྱས། སྨན་པ་ལ་བསྟེན་ནས་ནད་གསོ། བསྟེན་བྱའི་དགེ་རྒན་ཟེར་བ་ལྟ་བུ། ”སྟེན”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། དགེ་རྒན་སྟེན་མཁན། ནད་ན་བ་སྨན་པར་བསྟེན་ཤིང། ཡོན་ཏན་ཅན་ལ་དགེ་རྒན་སྟེན་ཤིང་ཟེར་བ་ལྟ་བུ།། ལྕགས་གཏེར་ལ་སོགས་ག་གཏེར་རོ།། གཏེར ས་ཡི་ཆགས་རིམ་ནང་དུ་བཀབ་ནས་ཡོད་པའི་རང་བྱུང་གི་དངོས་རྫས་རིན་ཐང་ཅན་ཏེ། ས་འོག་ན་ཡོད་པའི་གསེར་དངུལ་ཟངས་ལྕགས་སོགས་ནི་གཏེར་ཡིན།། ཁོངས་སུ་གཏོགས་པ་ག་གཏོགས་ཡིན།། ༡གཏོགས ཁོངས་སུ་འདུས་པ་སྟེ། ཁོངས་སུ་གཏོགས། ཆར་གཏོགས། སྡོར་གཏོགས། གྲས་སུ་གཏོགས་ཟེར་བ་ལྟ་བུ།། ༢གཏོགས དབང་བ་སྟེ། དཔོན་པོ་བརྗེ་བ་དང་སྤར་བ། ཕབ་པ། བསྐོས་པ་སོགས་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་གཏོགས་དགོས་ཟེར་བ་ལྟ་བུ།། ༣གཏོགས ཚད་བཟུང་བ་སྟེ། འདི་མ་གཏོགས་མེད། དེ་མ་གཏོགས་བཤད་མི་ཆོག་ཟེར་བ་ལྟ་བུ།། ༤གཏོགས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)སེ་གོལ་དང་ལྕེ་རྐན་སོགས་བརྡེབས་པ་ལས་སྒྲ་འབྱིན་པའོ་དོན་ཏེ། སེ་གོལ་གཏོགས་ནས་ཀབ་སྒྲ་གྲགས། སེ་གོལ་གཏོགས་ཤིག་ཟེར་བ་ལྟ་བུ། ”གཏོག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། གཏོག་བྱའི་སེ་གོལ། སེ་གོལ་གཏོག་མཁན། རྐན་སྒྲ་གཏོག་མཁན་ཟེར་བ་ལྟ་བུ།། རྟོག་ཞིབ་རྟོག་དཔྱོད་ར་རྟོག་ལ།། རྟོག་ཞིབ རྟོག་དཔྱོད་དང་ཞིབ་འཇུག་སྟེ། དངོས་ཡོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་ནན་ཏན་བྱོས་ཟེར་བ་ལྟ་བུ།། ༡རྟོག་དཔྱོད རྒྱུ་མཚན་ལ་བརྟེན་ནས་ཞིབ་དཔྱོད་བྱེད་པའི་བསམ་བློའི་བྱ་སྤྱོད་དེ། ལས་དོན་གང་ལ་འཇུག་པའི་ཐོག་མར་རྟིག་དཔྱོད་ནན་པོ་བྱེད་དགོས་ཟེར་བ་ལྟ་བུ།། ༢རྟོག་དཔྱོད རྟོག་པ་དང་དཔྱོད་པ་སྟེ། རྟོག་པ་ནི་ཤེས་རབ་ཀྱི་ཆ་ལ་བཏགས་པ། ངག་གིས་བརྗོད་པ་ཀུན་ནས་སློང་བ། རང་ཡུལ་ལ་རྩིང་པའི་རྣམ་པས་འཇུག་པའི་སེམས་བྱུང་ཞིག དཔྱོད་པ་ནི་ཤེས་རབ་གི་ཆ་ལ་བཏགས་པ། རྗོད་བྱེད་ཀྱི་ངག་ཀུན་ནས་སློང་བ། རང་ཡུལ་ལ་ཞིབ་མོར་དཔྱོད་པའི་རྣམ་པས་འཇུག་པའི་སེམས་བྱུང་ཞིག།།། རྟོག (བྱེད་འབྲེལ་ལས་ཚིག་ད་ལྟ་བ)རགས་པར་དཔྱོད་པ་སྟེ། རང་སྐྱོན་ལ་རྟོག་པ་ཟེར་བ་ལྟ་བུ། ”བརྟགས”ནི་འདས་པ་སྟེ། གནས་ཚུལ་ལ་ལེགས་པར་བརྟགས་ཞེས་པ་ལྟ་བུ། ”བརྟག”ནི་མ་འོངས་པ་སྟེ། བརྟག་བྱའི་གནས་ཚུལ་ཟེར་བ་ལྟ་བུ། ”རྟོགས”ནི་སྐུལ་ཚིག་སྟེ། ཁྱེད་ཅག་གིས་རྟོགས་པ་བྱོས་ཤིག་ཟེར་བ་ལྟ་བུ།། གོ་རྟོགས་ཤེས་རྟོགས་ཡང་འཇུག་ཡོད།། གོ་རྟོགས གོ་དོན་རྟོགས་པ་སྟེ་དོན་ཧ་གོ་བའི་ཤེས་ཚད་དམ་ཉམས་མྱོང། དཔེར་ན། བསམ་བློའི་གོ་རྟོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། བཟང་ངན་དབྱེ་འབྱེད་ཐུབ་པའི་གོ་རྟོགས་ལྡན་ཟེར་བ་ལྟ་བུ།། ཤེས་རྟོགས ཧ་གོ་བ་དོན་རྟོགས་པ་སྟེ། གཞན་ལ་སྡུག་བསྔལ་ཡོད་པ་ཤེས་རྟོགས་བྱུང་ཚད་ངེས་པར་དུ་བསམ་ཤེས་བྱེད་དགོས་ཟེར་བ་ལྟ་བུ།། ༡རྟོགས དོན་ཤེས་པ་སྟེ་ཧ་གོ་བ། དཔེར་ན། སློབ་སྦྱོང་བྱས་ནས་གཞུང་དོན་རྟོགས་ཞེས་པ་ལྟ་བུ།། ༢རྟོགས བརྟག་གི་སྐུལ་ཚིག།། བང་མི་གཏོང་སོགས་ག་གཏོང་དང་།། གཏོང (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ མངགས་པའི་དོན་ཏེ། བང་མི་གཏོང། ཕོ་ཉ་གཏོང་མཁན་ཟེར་བ་ལྟ་བུ། ”བཏང”ནི་འདས་པ་སྟེ། བང་མི་བཏང་ནས་འབྱོར་ཞེས་པ་ལྟ་བུ། ”གཏང”ནི་མ་འོངས་པ་སྟེ། གཏང་བྱའི་བང་མི་ཟེར་བ་ལྟ་བུ། ”ཐོངས”ནི་སྐུལ་ཚིག་སྟེ། བང་མི་ཐོངས་ཤིག་ཟེར་བ་ལྟ་བུ། ༢ བསྐུར་བའི་དོན་ཏེ། ཡི་གེ་བཏང། གཏང་བྱའི་ཡི་གེ། འཕྲིན་ཡིག་གཏོང་མཁན། འཕྲིན་ཡིག་ཐོངས་ཤིག་ཟེར་བ་ལྟ་བུ། ༣ གློད་པའི་དོན་ཏེ། ར་ལུག་རྩྭ་ཁ་གཏོང་། གཏང་བྱའི་ར་ལུག ལག་པ་བཏང་། ལག་པ་ཐོངས་ཤིག་ཟེར་བ་ལྟ་བུ། ༤ ཁ་ལོ་བསྒྱུར་བའི་དོན་ཏེ། གནམ་གྲུ་གཏོང་མཁན། རླངས་འཁོར་བཏང་ནས་སོང་། གཏང་བྱའི་འཕྲིན་རྟ། འཕྲིན་རྟ་ཐོངས་ཤིག་ཟེར་བ་ལྟ་བུ། ༥ བྱེད་པ་སྟེ། སློབ་གསོ་གཏོང་མཁན། གཏང་བྱའི་སློབ་གསོ། སློབ་གསོ་ཐོངས་ཤིག་ཟེར་བ་ལྟ་བུ། ༦ དོར་བའི་དོན་ཏེ། རང་སྲོག་བཏང་། རང་སྲོག་གཏོང་མཁན། རང་སྲོག་ཐོངས་ཤིག་ཟེར་བ་ལྟ་བུ།། གྲོངས་ཀྱི་སྟོང་སོགས་ས་སྟོང་ཡིན།། ༡སྟོང བརྒྱ་ཕྲག་བཅུ་སྟེ། ཨང་གྲངས་༡༠༠༠ཡི་མིང་། དཔེར་ན། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ་ཟེར་བ་ལྟ་བུ།། ༢སྟོང མི་བསད་པའི་སྲོག་ཚབ་སྟེ། མི་བསད་ན་མྱི་སྟོང་འཇལ་དགོས་ཟེར་བ་ལྟ་བུ།། ༣སྟོང སྣོད་ཀྱི་ནང་དུ་བཅུད་གང་ཡང་མེད་པ་སྟེ། ཁང་པ་སྟོང་པ། ས་སྟོང་ལུང་སྟོང་ཟེར་བ་ལྟ་བུ།། ༤སྟོང དབན་པའི་དོན་ཏེ། ལུང་པ་ཆུས་སྟོང་། གང་ཟག་གི་བདག་གིས་སྟོང་ཟེར་བ་ལྟ་བུ།། ༥སྟོང (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཟད་པ་འགྱུར་བ་སྟེ། སྒོ་ཕྱུགས་སྟོང་ལ་ཉེ། སྒོ་ཕྱུགས་འགོས་ནད་ཀྱིས་སྟོང་ཟེར་བ་ལྟ་བུ། ”སྟོངས”ནི་འདས་པ་སྟེ། སྒོ་ཕྱུགས་འགོས་ནད་ཀྱིས་སྟོངས་ཟེར་བ་ལྟ་བུ།། སྟོད་སྨད་སྟོད་ཐུང་ས་སྟོད་དང་།། སྟོད་སྨད གོང་འོག་གམ་ཡས་མས་ཏེ། ལུས་ཀྱི་སྟོད་སྨད། དཔེ་ཆ་ཡི་སྟོད་སྨད། ཡུལ་གྲུ་ཀྱི་སྟོད་སྨད་ཟེར་བ་ལྟ་བུ།། སྟོད་ཐུང སྟོད་གོས་ཐུང་ཐུང་སྟེ། སྟོད་ཐུང་འདི་ཡི་ཕུ་དུང་ཧ་ཅང་རིང་། སྟོད་ཐུང་འདི་ནི་སློབ་གྲྭའི་སྒྲིག་ཆས་རེད། སྟོད་ཐུང་འདི་ནི་ཉེན་རྟོག་སྒྲིག་ཆས་རེད་ཟེར་བ་ལྟ་བུ།། ༡སྟོད གོང་ངམ་ཡས་ཏེ། སྨད་ཀྱི་ལྡོག་ཟླ། དཔེར་ན། ཁོག་སྟོད། ལོ་སྟོད། སྟོད་ཕྱོགས། སྟོད་ཆ་ཟེར་བ་ལྟ་བུ།། ༢སྟོད (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ སྒ་ཆས་སོགས་གྲབས་གཤོམ་བྱེད་པ་སྟེ། སྟ་ལ་སྒ་སྟན་སྟོད་ཀྱིན་འདུག སྒ་སྟན་སྟོད་ཅིག་ཟེར་བ་ལྟ་བུ། ”བསྟད”ནི་མ་འོངས་པ་དང་འདས་པ་སྟེ། རྟ་ལ་སྒ་སྟན་བསྟད་ནས་ཞོན། རྟ་ལ་བསྟད་བྱའི་སྒ་སྟན་ཟེར་བ་ལྟ་བུ། ༢ གཏོད་པ་སྟེ། གདོང་སྣ་བསྟད་པ། བློ་སྣ་སྟོད་མཁན། བྱ་རྒོད་ཀྱིས་དགུང་བསྟད་ནས་འཕུར་ཟེར་བ་ལྟ་བུ།། བསྟོད་བསྔགས་གཟེགས་བསྟོད་སྨོན་འཇུག་བ།། བསྟོད་བསྔགས ཡོན་ཏན་བརྗོད་པའི་སྒོ་ནས་བསྔགས་པ་ཕུལ་བའི་བྱ་སྤྱོད་ཀྱི་མིང་སྟེ། ལྷག་བསམ་ཅན་གྱི་མི་སྣ་ཚད་ལྡན་ཞིག་རེད་ཅེས་བསྟོད་བསྔགས་བྱས་ཟེར་བ་ལྟ་བུ།། ༡གཟེངས་བསྟོད གཟེངས་ནི་གཟི་བྱིན་དང་གཟི་བྱིན་ལ་བསྟོད་པ་ཕུལ་བ་ལ་གཟེངས་བསྟོད་ཟེར་བ་སྟེ། རླབས་ཆེན་གྱི་གཟི་བྱིན་ལ་གཟེངས་བསྟོད་ཐོབ་ཟེར་བ་ལྟ་བུ།། ༢གཟེངས་བསྟོད གཟེངས་ནི་དཔམ་མཐོ་བ་གོ་ཞིང་། གཟེངས་སུ་བསྟོད་པའི་བྱ་སྤྱོད་ལ་གཟེངས་བསྟོད་ཟེར་སྟེ། གོ་གནས་ཅི་ཡང་མེད་པའི་མི་སེར་དཀྱུས་མ་ཞིག་ལ་གཅོ་འཛིན་ལས་ལྷག་པ་ལྟ་བུའི་གཟེངས་བསྟོད་ཐོབ་ཟེར་བ་ལྟ་བུ།། བསྟོད ཡོན་ཏན་ནམ་བཟང་ཆ་ནས་བཤད་པ་སྟེ། ངན་པས་རང་བསྟོད། ཁྭ་ཏས་སྒྲོ་བསྟོད་ཟེར་བ་ལྟ་བུ།། གསར་གཏོད་རྒྱབ་གཏོད་ག་གཏོད་དང་།། གསར་གཏོད སྔ་མེད་ཀྱི་ཐབས་ཚུལ་གསར་དུ་འཛུགས་པའི་བྱ་སྤྱོད་ཀྱི་མིང་སྟེ། བོད་ཀྱི་ཡིག་སྲོལ་གསར་གཏོད་མཛད་པོ་ནི་སློབ་དཔོན་ཆེན་མོ་ཐོན་མི་སམ་བྷོཊ་ཡིན་ཟེར་བ་ལྟ་བུ།། ༡རྒྱབ་གཏོད ངོ་ལོག་པ་སྟེ། རང་གི་མི་རིགས་ལ་རྒྱབ་གཏོད་ཅིང་གཞན་གྱི་རྒྱུག་ཁྱི་བྱེད་པ་ཟེར་བ་ལྟ་བུ།། ༢རྒྱབ་གཏོད ཁ་ཕར་སློག་ནས་རྒྱབ་བསྟན་པ་སྟེ། བྲག་རི་ནག་པོ་དེ་ལ་རྒྱབ་གཏོད་ཅིང་གཙང་ཆུ་དྭངས་མོ་དེ་ལ་ཁ་གཏོད་དེ་སོང་ཟེར་བ་ལྟ་བུ།། ༡གཏོད (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ ཡིད་ཆེས་བྱེད་པ་སྟེ། ཤེས་ཡོན་ལ་བློ་གཏོད་བྱེད། དགེ་རྒན་ལ་བློ་གཏོད་ཅིག་ཟེར་བ་ལྟ་བུ། ”གཏད”ནི་འདས་པགསྟེ། མི་དམངས་ལ་བློ་གཏད་བྱས། མི་དམངས་ལ་བློ་གཏད་བྱ་ཟེར་བ་ལྟ་བུ། ༢ ཁ་བསྟན་པའི་དོན་ཏེ། ཁ་ཉི་མ་ལ་གཏོད། ཁ་ཉི་མ་ལ་གཏད་ནས་སོང་ཟེར་བ་ལྟ་བུ། ༣ ཁ་དྲངས་བའི་དོན་ཏེ། རྣ་བ་སློབ་ཁྲིད་ལ་གཏོད། མེ་མདའ་དུལ་འགྲོ་ལ་མ་གཏོད་ཟེར་བ་ལྟ་བུ།། ༢གཏོད (བྱེད་འབྲེལ་ལས་ཚིག་མ་འོངས་པ་ད་ལྟ་བ་སྐུལ་ཚིག)གསར་དུ་འཛུགས་པ་སྟེ། ཡི་གེའི་སྲོལ་གཏོད་མཁན། སྲོལ་གཏོད་བྱའི་ལུགས་སྲོལ། སྲོལ་གསར་ཞིག་གཏོད་ཅིག་ཟེར་བ་ལྟ་བུ། “བཏོད”་ནི་འདས་པ་སྟེ། སྲོལ་བཏོད་བྱས་ཟེར་བ་ལྟ་བུ།། (དག་ཡིག་གསར་བསྒྲིགས་ལས་འདི་ལ ་་བཏོད་་ ་་གདོད་་ ་་འདོད་་ ་་ཐོད་་) ཉིན་མཚན་ལྟོས་མེད་ལ་ལྟོས་ཡིན།། ༡ལྟོས་མེད རང་རྐྱ་འཕེར་བ་སྟེ། གཞན་ཅི་ལའང་མི་ལྟོས་པ། དཔེར་ན། ལྟོས་མེད་དུ་གྲུབ་པའི་དངོས་པོ་མེད། ལྟོས་མེད་དུ་གྲུབ་པའི་རྒྱུ་རྐྱེན་མེད་ཟེར་བ་ལྟ་བུ།། ༢ལྟོས་མེད རྒྱུན་མི་འཆད་པ་སྟེ། ཉིན་མཚན་ལྟོས་མེད་དུ་སློབ་སྦྱོང་ལ་འབད་ཟེར་བ་ལྟ་བུ།། ༣ལྟོས་མེད རྩི་འཇོག་མེད་པ་སྟེ། ཁོས་དངོས་ཡོད་གནས་ལུགས་ལ་ལྟོས་མེད་བྱེད་ཀྱིན་འདུག་ཟེར་བ་ལྟ་བུ།། ༡ལྟོས (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཕན་ཚུན་གཅིག་ལ་གཅིག་རག་ལས་པ་སྟེ། ལྟོས་ས་ཕུང་པོ་ལ་ལྟོས་ཏེ་གང་ཟག་ཟེར་བ་ལྟ་བུ། “བལྟོས”ནི་འདས་པ་སྟེ། ཞེ་སྡང་ལ་བལྟོས་ནས་འཁྲུག་རྩོད་བྱུང་ཟེར་བ་ལྟ་བུ།། ༡ལྟོས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ མིག་གིས་ལྟ་བ་སྟེ། དཔེ་ཆར་ལྟོས་ཤིག རྒྱབ་མདུན་ཚང་མར་ལྟོས་ཤིག་ལྟ་བུ། ”བལྟ”ནི་མ་འོངས་པ་སྟེ། བལྟ་བྱའི་གློག་བརྙན། གློག་བརྙན་ལ་བལྟ་རྒྱུ་ཡིན་ལྟ་བུ། ”བལྟས”ནི་འདས་པ་སྟེ། སུམ་རྟགས་དག་གསུམ་གྱི་གཞུང་ལ་བལྟས་ནས་ཡི་གེ་ཇེ་དག་ཏུ་སོང་། ”ལྟ”ནི་ད་ལྟ་བ་སྟེ། དཔེ་ཆར་ལྟ་བའི་སྐབས། དཔེ་ཆར་ལྟ་བཞིན་འདུག་ཟེར་བ་ལྟ་བུ། ༢ བརྟག་དཔྱད་བཏང་བ་སྟེ། སྨན་པས་ནད་པའི་རྩ་ལ་བལྟས། ནད་པའི་གནས་ཚུལ་ལ་བལྟས་ནས་སྨན་སྟེར་ཟེར་བ་ལྟ་བུ། ༣ འཚམ་འདྲི་བྱེད་པ་སྟེ། ང་ཕ་ཡུལ་དུ་ཕ་མ་ལ་ལྟ་རུ་སོང་ལྟ་བུ། ༤ ཆགས་ཞེན་དང་བརྩེ་དུངས་སྐྱེ་བའི་དོན་ཏེ། མི་ངོ་ཆེན་གྱི་ངོ་ལ་མ་ལྟ། མི་ཕྱུག་པོའི་རྒྱུ་ལ་མ་བལྟས་པར་ཁྲིམས་དྲང་པོ་བཅད་ལྟ་བུ། ༥ བསམ་བློ་བཏང་བའི་དོན་ཏེ། ངས་བལྟས་ན་རྩྭ་སའི་རྩོད་གླེང་འདི་འདུམ་སླ་ལྟ་བུ། མིག་ལ་སྟོན་དང་སློབ་སྟོན་དང་།། དུས་ཀྱི་སྟོན་ཁ་སྟོན་ཐོག་དང་།། སྟོན་མོ་ལ་སོགས་ས་སྟོན་ཡིན།། མིག་ལ་སྟོན མིག་ལ་མཐོང་དུ་འཇུག་པ་སྟེ། གསེར་རྡོག་རྡོག་ཞིག་མིག་ལ་སྟོན་ཟེར་བ་ལྟ་བུ།། སློབ་སྟོན བསླབ་བྱ་བརྒྱབ་ནས་མཛུན་སྟོན་བྱེད་པ་སྟེ། སློབ་སྟོན་ཟབ་མོ་འདི་ལྟ་བུ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཟེར་བ་ལྟ་བུ།། སྟོོན་ཁ ལོ་གཅིག་གི་དུས་ཚིག་བཞིའི་ནང་གི་གསུམ་པ་སྟེ། བོད་དུ་སྟོན་ཁར་ལོ་ཐོག་རྣམས་འབྲས་བུ་སྨིན་ཟེར་བ་ལྟ་བུ།། སྟོན་ཐོག ལོ་ཏོག་སྟེ། ལོ་རེ་སྟོན་ཐོག་གཉིས་རེ་བསྡུ་ལེན་བྱེད་པ་ནི་ཕུལ་བྱུང་གི་བྱ་བ་ཞིག་ཡིན་ཟེར་བ་ལྟ་བུ།། སྟོན་མོ དགའ་སྤྲོའི་གསོལ་ཚིགས་དང་དེ་འབྲེལ་གྱི་ལྟད་མོ་སྟེ། དུས་ཆེན་གྱི་སྟོན་མོ། གསོལ་སྟོན་བཤམས་པ། སྟོན་མོ་འདྲེན་པ་ཟེར་བ་ལྟ་བུ།། སྟོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ བཤད་པའི་དོན་ཏེ། བསླབ་བྱ་སྟོན་པ་པོོ། བསླབ་བྱ་སྟོན་ཅིག་ཟེར་བ་ལྟ་བུ། ”བསྟན”ནི་འདས་པ་དང་མ་འོངས་པ་སྟེ། བསྟན་བྱའི་བསླབ་བྱ། བསླབ་བྱ་བསྟན་སོང་ཟེར་བ་ལྟ་བུ། ༢ མཐོང་དུ་འཇུག་པའི་དོན་ཏེ། མིག་ལ་སྟོན་མཁན། བསྟན་བྱའི་ལྟད་མོ། ལྟད་མོ་སྟོན་ཅིག་ཟེར་བ་ལྟ་བུ།། བློ་སྟོབས་སྟོབས་འབྱོར་ས་སྟོབས་ཡིན།། བློ་སྟོབས སེམས་ཀྱི་ནུས་པའམ་སྙིང་སྟོབས་ཏེ། བློ་སྟོབས་ཆེན་པོའི་སྒོ་ནས་མི་རིགས་ཀྱི་རྩ་དོན་སྒྲུབ་ཟེར་བ་ལྟ་བུ།། སྟོབས་འབྱོར སྟོབས་ཤུགས་དང་དཔལ་འབྱོར་ཏེ། སྟོབས་འབྱོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་འདི་ནི་བོད་མི་རང་གི་ཐོན་སྐྱེད་ནུས་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ཟེར་བ་ལྟ་བུ།། ༡སྟོབས ཤེད་ཤུགས་སམ་ནུས་པ་སྟེ། ལུས་སྟོབས་ཧ་ཅང་ཆེ། རིག་སྟོབས་ཅན། བློ་སྟོབས་ཅན། སྐྱེེ་སྟོབས་ཀྱི་ཤེས་རབ། སྦྱོང་སྟོབས་ཀྱི་ཡོན་ཏན་ཟེར་བ་ལྟ་བུ།།

༢སྟོབས   (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)འབུལ་བའམ་སྟེར་པ་སྟེ། ཟས་གོས་འདི་ཙམ་ཞིག་སྟོབས་ཤིག་ཟེར་བ་ལྟ་བུ། ”བསྟབས”ནི་འདས་པ་སྟེ། དགེ་འདུན་བསྙེན་བཀུར་བསྟབས་ལྟ་བུ། ”བསྟབ”ནི་མ་འོངས་པ་སྟེ། ཟས་གོས་ཀྱི་སྦྱིན་པ་བསྟབ་པ་བྱ་ཟེར་བ་ལྟ་བུ། ”སྟོབ”ནི་ད་ལྟ་བ་སྟེ། གསོལ་ཚིགས་དང་ཕེབས་རྫོངས་སྟོབ་ཟེར་བ་ལྟ་བུ།།

༢སྟོབས ཁུ་བའམ་ཐིག་ལེཡི་མངོན་བརྗོད།། གཏོར་བརླགས་གཏོར་བཤིག་ག་གཏོར་རོ།། གཏོར་བརླགས ཆུད་ཟོས་སམ་འཕྲོ་བརླག་སྟེ། མེད་པ་བཟོ་བའི་དོན། དཔེར་ན། སེམས་ཅནཐམས་ཅད་ཀྱི་བདེ་སྐྱིད་ནི་སངས་རྒྱས་ཀྱི་བསྟན་པར་ལ་རག་ལས་པར་རྟེན་སངས་རྒྱས་ཀྱི་བསྟན་པར་གཏོར་བརླགས་གཏོང་མཁན་དེ་སེམས་ཅན་ཐམས་ཅད་ཀྱི་དགྲ་བོ་ཡིན་ཟེར་བ་ལྟ་བུ།། གཏོར་བཤིག འཐོར་དུ་འཇུག་པའམ་འཇིག་ཏུ་འཇུག་པའི་བྱ་སྤྱོད་ཀྱི་མིང་སྟེ། ༡༩༦༦་༨་༡༡ཉིན་གྱི་རྒྱ་ནག་རྒྱལ་ཡོངས་ཚོགས་ཆེན་དེས་ལོ་ངོ་སྟོང་ཕྲག་གི་རིང་མཁས་པ་ས་ཡ་མང་པོས་ཞུབ་འཇུག་དང་འཕེལ་རྒྱས་སུ་གཏོང་བའི་རིག་གནས་ཀྱི་ལྟེ་གནས་ཏེ་བོད་རྒྱུད་ནང་བསྟན་གཡི་སློབ་གཉེར་ཁང་སྟོང་ཕྲག་དྲུག་ལས་བརྒལ་བ་གཏོར་བཤིག་བྱིས་ཟེར་བ་ལྟ་བུ།། ༡གཏོར ཞིག་རལ་དུ་གཏོང་བ་སྟེ། སྒྲིགས་གཞི་གཏོར་བ། ཕུ་མི་བདེ་བྱ་ཚང་རླུང་གིས་གཏོར། མདོ་མི་བདེ་ཉ་སྲམ་ཆུ་ཡིས་ཁྱེར་ཟེར་བ་ལྟ་བུ།། ༢གཏོར སོ་སོར་ཐོར་བུ་གཏོང་བ་སྟེ། གད་ཆུ་གཏོར། འབྲུ་རྡིག་ས་ལ་མ་གཏོར་ཟེར་བ་ལྟ་བུ།། ༣གཏོར གཏོར་མ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། གཏོར་དར། གཏོར་གདན། གཏོར་གདུགས། གཏོར་རྒྱན་ཟེར་བ་ལྟ་བུ།། ༼ཐ༽ ཐ་ཤལ་ཐ་མ་ཐ་སྙད་དང་།། ཐར་ཐོར་ལ་སོགས་ཐ་རྐྱང་ཡིན།། ཐ་ཤལ དམན་པ། ཞན་པ། ངན་པ་སྟེ། སྤྱོད་པའི་རིགས་སྡུག་པོ། དཔེར་ན། དཔོན་ངན་ཐ་ཤལ་དེ་ནི་རྒྱུག་ཁྱི་ཞིག་ཡིན་པ་ལས་མི་རིགས་ཀྱི་ཕན་བདེ་སྒྲུབ་མཁན་ཞིག་མིན།། ༡ཐ་མ སྔོན་རྗེས་བར་གསུམ་གྱི་རྗེས་མ་དང་། སྔ་ཕྱི་བར་གསུམ་གྱི་ཕྱི་མ་སྟེ། དམ་པའི་ཆོས་ནི་ཐོག་མ་དགེ་བ། བར་དུ་དགེ་བ། ཐ་མ་དགེ་བ་ཟེར་བ་ལྟ་བུ།། ༢ཐ་མ དམན་པའམ་ཞན་པ་དང་ཆུང་བ་སྟེ། རབ་འབྲིང་ཐ་མ་གསུམ་ཟེར་བ་ལྟ་བུ།། ༡ཐ་སྙད མིང་ངམ། ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ཏེ། ཐ་སྙད་ལྔ་ལྡན་གྱི་མི་ནི། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་སོགས་མིན་པ་བཅས་་་་་་་་་་་ལྔ་འོ་ཞེས་དང་། ཐ་སྙད་བཏགས་པའི་བཏགས་དོན་བཙལ་ནས་མ་རྙེད་ཟེར་བ་ལྟ་བུ།། ༢ཐ་སྙད ཚིག་གམ་སྐད་ཆའི་མིང་སྟེ། འཇིག་རྟེན་ཐ་སྙད་ལ་གྲགས་པ་ཞེས་པ་ལྟ་བུ།། ཐར་ཐོར སྟུག་པོ་མེད་པ་སྟེ། ཉུང་ངུ་ཐོ་རེ་བའི་རྣམ་པ། ཁ་སྐད་དུ་ཐ་རེ་ཐོ་རེ་ཟེར། དཔེར་ན་མགོ་ན་སྐྲ་ཐར་ཐོར་ལས་སྐྱེ་མེད་ཟེར་བ་ལྟ་བུ།། མཐའ་མཚམས་མཐའ་འཁྱོལ་མ་ཡི་འཕུལ།། མཐའ་མཚམས ས་མཚམས་སྟེ། བོད་རྒྱ་དབར་གྱི་མཐའ་མཚམས་ས་ཐིག་ནི་མཆོད་རྟེན་དཀར་པོ་ནས་རྒྱུད་ཡོད་ཟེར་བ་ལྟ་བུ།། མཐའ་འཁྱོལ བྱ་བ་རྫོགས་པར་གྲུབ་པའམ་བྱ་བ་མཐའ་འཇུག་བར་དུ་སོན་པ་སྟེ། སློབ་སྦྱོང་མཐའ་འཁྱོལ་བར་བྱེད་དགོས་ཟེར་བ་ལྟ་བུ།། ༡མཐའ མཇུག་རྫོགས་ནའི་མཚམས་སྟེ། ཕར་མཐའ། ཚེ་མཐའ། དུས་མཐའ། ལོ་མཐའ་ཟེར་བ་ལྟ་བུ།། ༢མཐའ དཀྱིལ་གྱི་ལྡོག་ཟླ་སྟེ། མཐའ་མཚམས། མཐའ་ངོས། མཐའ་ཐིག།མཐའ་སྣེ་ཟེར་བ་ལྟ་བུ།། ༣མཐའ མཐའ་མ་ཞེས་པའི་བསྡུས་ཚིག་སྟེ། མཐའ་འཇུག་གི་དོན། དཔེར་ན། མི་བྱེད་དགུ་བྱེད་མང་དྲགས་ན་མཐའ་ངན་འབྲས་བརྗོད་ཀྱིས་མི་ལོང་བ་ཞིག་འཁོར་ངེས་ཡིན་ཟེར་བ་ལྟ་བུ།། ཐག་པ་ཐག་ཉེ་འཕུལ་མེད་དང་།། ༡ཐག་པ སྡོམ་བྱེད་ཀྱི་ཞགས་པ་སྟེ། འདོགས་ཁྱི་ཐག་པས་བཏགས། གྲུ་གཟིགས་ཐག་པས་འཐེན་ཟེར་བ་ལྟ་བུ།། ༢ཐག་པ སྐམ་པོ་གྱུར་བ་སྟེ། ཤ་ཁུ་ཐག་པ། ཆུ་ཐག་པས་ཉ་སྐམ་ཐོག་བུད་ཟེར་བ་ལྟ་བུ།། ༣ཐག་པ གཡོ་ཟོལ་མེད་པའི་དོན་ཏེ།སྙིང་ཐག་པ་ནས་རང་གི་མི་རིགས་ལ་དགའ་ཞེན་བྱེད་ཟེར་བ་ལྟ་བུ། ༡ཐག སྡོམ་བྱེད་ཀྱི་ཞགས་པ་ལ་འཇུག་པའི་ཐག་པ་ཡི་མིང་མཐའ་བསྡུས་པ་སྟེ། ལྕགས་ཐག།རྩིད་ཐག།རས་ཐག་ཟེར་བ་ལྟ་བུ།། ༢ཐག (བྱེད་མེད་ལས་ཚིག་འདས་པ)སྐོམ་པོར་གྱུར་བའི་དོན་ཏེ། རྫིང་བུའི་ནང་གི་ཆུ་ཐག་ཚར་འདུག་ཅེས་པ་ལྟ་བུ། ”འཐག”ནི་མ་འོངས་པ་དང་ད་ལྟ་བ་སྟེ། རྫིང་བུའི་ནང་གི་ཆུ་འཐག་འགྱུར་ན། ཆུ་འཐག་བཞིན་པའི་རྫིང་བུ་ཟེར་བ་ལྟ་བུ།། སྣམ་བུ་འཐག་དང་རྩམ་པ་འཐག། འཁལ་འཐག་ལ་སོགས་འ་འཕུལ་ཡིན།། འཐག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ བལ་དང་གསོ་མ་ཤིང་བལ་སྲིན་བལ་སོགས་ཀྱི་ཐགས་སྐུད་རྒྱུ་བྱས་ནས་རས་དང་དར་གོས་སྣམ་བུ་སོགས་ཐགས་སུ་བསྐྲུན་པའི་དོན་ཏེ། ཐགས་འཐག་མཁན། སྣམ་བུ་འཐག་མཁན་ཞེས་པ་ལྟ་བུ། ”བཏགས”ནི་འདས་པ་སྟེ། སྣམ་བུ་བཏགས་ནས་ལྭ་བ་བཟོ་ལྟ་བུ། ”བཏག”ནི་མ་འོངས་པ་སྟེ། བཏག་བྱའི་སྣམ་བུ། རས་བཏག་དགོས་ཟེར་བ་ལྟ་བུ། ”ཐོགས”ནི་སྐུལ་ཚིག་སྟེ། སྣམ་བུ་ཐོགས་ཤིག་ཟེར་བ་ལྟ་བུ། ༢ འབྲི་རིགས་སོགས་ཕྱེ་མ་བྱས་པའི་དོན་ཏེ། བཏག་བྱའི་གྲོ། གྲོ་བཏགས། ཕྱེ་མར་ཞིབ་ཏུ་འཐག་པ། རྩམ་པ་།ཞིབ་མོ་ཞིག་ཐིགས་ཤིག་ཟེར་བ་ལྟ་བུ།། འཁལ་འཐག རྒྱུ་སྤུན་འཁལ་ཞིང་རས་སྣམ་སོགས་འཐག་པའི་བྱ་སྤྱོད་ཀྱི་མིང་སྟེ། སྐུད་པ་སྒྲིམ་པ་དང་རས་ཆ་བཟོ་བའི་འཁལ་འཐག་གི་ལག་རྩལ་བྱང་ཆུབ་པ་སྦྱོང་ཟེར་བ་ལྟ་བུ།། ཐབས་ཤེས་ཐབས་རྡུགས་ཡང་འཇུག་ཡོད།། ༡ཐབས་ཤེས ལས་དོན་བྱེད་སྟངས་གི་ཐབས་ཇུས་དང་རྣམ་དཔྱོད་ཀྱི་ཤེས་རབ་སྟེ། ཐབས་ཤེས་ཇི་ཡོད་བཏོན་ནས་འཛུགས་སྐྲུན་བྱས་ཟེར་བ་ལྟ་བུ། ༢ཐབས་ཤེས ཐབས་ནི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ། ཐབས་ཤེས་ཁྱད་པ་ཅན་གཉིས་ཀྱིས་ཟིན་པའི་གཞི་ཤེས་ཟེར་བ་ལྟ་བུ།། ༣ཐབས་ཤེས ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ། ཐབས་ཤེས་ཟུང་འབྲེལ་མ་ལ་ཕྱག་འཚལ་ལོ་ཟེར་བ་ལྟ་བུ།། ༤ཐབས་ཤེས ཐབས་སྣང་བའི་ཆ་དང་ཤེས་རབ་སྟོང་པའི་ཆ་སྟེ། སྣང་སྟོང་ཟུང་འཇུག་ལ་ཐབས་ཤེས་ཟུང་འཇུག་ཟེར་བ་ལྟ་བུ།། ཐབས་རྡུགས ཐབས་ཇུས་ཟད་པ་སྟེ། མཁས་པ་ཇི་ལྟ་ཐབས་རྡུགས་ཀྱང་། བླུན་པོ་འཇུག་པའི་ལམ་མི་འགྲོ་ཟེར་བ་ལྟ་བུ།། ཐབ་ཚང་ཐབ་ཀ་ཡང་འཇུག་མེད།། ཐབ་ཚང ཟ་མ་བཟོ་སའི་ཁང་པ་སྟེ། ཐབ་ཚང་ནང་གི་ཇ་མ། ཐབ་ཚང་ནང་གི་ཐབ་ཆས། ཐབ་ཚང་ནང་གི་མ་བྱན་ཟེར་བ་ལྟ་བུ།། ཐབ་ཀ མེ་གཏོང་སའི་ཐབ་སྟེ། ལྕགས་སྦྱང་ཐབ་ཀ། སྦྱིན་སྲེག་བྱེད་སའི་ཐབ་ཀ ཟ་སྐོལ་སའི་ཐབ་ཀ་ཟེར་བ་ལྟ་བུ།། ཐབ ཐབ་ཀ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། ལྕགས་ཐབ། མགར་ཐབ། མེ་ཐབ། གཡོས་ཐབ་ཟེར་བ་ལྟ་བུ།། དགྲ་ལ་འཐབ་པ་འ་འཕུལ་ཡོད་།། འཐབ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཕན་ཚུན་འཛིང་བ་བྱེད་པ་སྟེ། དམག་འཐབ་བྱ་མི་རུང་། དམག་འཐབ་བྱེད་མཁན་ཟེར་བ་ལྟ་བུ། ”འཐབས”ནི་འདས་པ་སྟེ། དམག་འཐབ་ནས་མུ་གེ་ཤར་ཟེར་བ་ལྟ་བུ། ”འཐོབས”ནི་སྐུལ་ཚིག་སྟེ། ཉིན་ཧོང་ལ་ཤུགས་དྲག་པོའི་འཐོབས་ཤིག་ཅེས་མོའོ་ཡིས་བཤད་ཟེར་བ་ལྟ་བུ།། ཆུ་ཡི་ཐིགས་པར་ཡང་འཇུག་ཡོད།། ཐིགས་པ ཅུང་ཟད་ཅུང་ཟད་ཟགས་པའི་ཆུ་སོགས་རླན་གཤེར་རིགས་ཀྱི་རྡོག་པོ་ཆུང་ཆུང་གི་མིང་སྟེ། ཕྱི་ཆར་པའི་ཆར་ཐག་ཆོད་ཀྱང་། ནང་ཐིགས་པའི་ཐིགས་ཐག་མི་ཆོད། ཆུ་ཡི་ཐིགས་པ་ཟགས། ཁྲག་གི་ཐིགས་པ་ཟེར་བ་ལྟ་བུ། ཚིག་བསྡུས་ན་ཐིགས་ཤེས་འབྲི་ཆོག་སྟེ། ཆུ་ཐིགས། ཁྲག་ཐིགས་ཟེར་བ་ལྟ་བུ།། ཐིག་ཚད་ཐིག་ཤིང་ཡང་འཇུག་མེད།། ཐིག་ཚད ཐིག་གི་ཐོག་ཏུ་ལེན་པའི་ཆ་ཚད་དེ། ཐིག་ཚད་ལེན་པ། ཐིག་ཚད་འཇལ་བ་ཟེར་བ་ལྟ་བུ།། ཐིག་ཤིང ཐིག་ཚད་འཇལ་བྱེད་ཀྱི་ཡོ་བྱད་ཅིག་གི་མིང་སྟེ། ཐིག་ཤིང་བླང་ནས་ཐིག་ཚད་གཞལ་ཟེར་བ་ལྟ་བུ།། ༡ཐིག ཚད་འཛིན་ས་དང་འཛིན་བྱེད་ཀྱི་ཐིག་རིས་ཏེ། ཚད་ཐིག དཀར་ཐིག ཚངས་ཐིག གཞུང་ཐིག ཐིག་དུམ། གཏད་ཟུར་ཐིག བགོ་ཐིག་ཟེར་བ་ལྟ་བུ།། ༢ཐིག ཚད་འཛིན་ཐུབ་པའི་དོན་ཏེ། ལུང་བསྟན་ཐིག་པ། འགྲོ་ཚད་ཐིག་པ། རང་ཚད་རང་གིས་ཐིག ཟ་ཚད་ཐིག་ཟེར་བ་ལྟ་བུ།། ཐག་པ་འཐེན་པ་འ་འཐེན་ནོ།། ༡འཐེན ཐག་པ་སོགས་ཤུགས་ཀྱིས་འཐེན་པ་སྟེ། གློག་སྐུད་འཐེན། ཐག་གདང་འཐེན་ཟེར་བ་ལྟ་བུ།། ༢འཐེན དབུགས་དང་དུ་བ་སོགས་ཁ་ནང་དུ་རྔུབ་པ་སྟེ། དུ་བ་འཐེན་མཁན་གྱི་མི་ངན་ཟེར་བ་ལྟ་བུ།། ༣འཐེན ཕྲི་བའམ་བླངས་བའི་དོན་ཏེ། སྒོར་མོ་ལྔ་ཡི་ནང་ནས་གསུམ་འཐེན་ན་གཉིས་ལྷག་ཟེར་བ་ལྟ་བུ།། ༤འཐེན གོ་གནས་ཕབ་པ་སྟེ། དཔོན་ངན་དེའི་གོ་གནས་མར་འཐེན་ཟེར་བ་ལྟ་བུ།། ༥འཐེན དབྱངས་སུ་འགྱེད་པའི་དོན་ཏེ། སྙན་ངག་དབྱངས་སུ་འཐེན་ཟེར་བ་ལྟ་བུ།། ༦འཐེན ཕྱིར་སྡུད་པ་སྟེ། དམག་དཔུང་ཕྱིར་འཐེན་ཞེས་པ་ལྟ་བུ།། མུན་པ་འཐིབ་པ་འ་འཐིབ་ཡིན།། འཐིབ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྤྲིན་དང་དུ་བ་སོགས་འཁྲིགས་པ་སྟེ། མུན་པ་འཐིབ། སྨུགས་པ་འཐིབ་རྒྱུ་རེད། ཁང་པར་དུ་བ་འཐིབ་ཀྱིན་འདུག་ཅེས་པ་ལྟ་བུ། ”འཐིབས”ནི་འདས་པ་སྟེ། སྨུགས་པ་འཐིབས་ནས་རི་ལུང་སྒྲིབ་ཟེར་བ་ལྟ་བུ།། ཕན་ཚུན་ཐུག་འཕྲད་ཡང་འཇུག་མེད།། ཐུག་འཕྲད ཕན་ཚུན་ཐུག་པ་དང་འཕྲད་པ་སྟེ། མ་བུ་ཐུག་འཕྲད་བྱུང་བ་དང་དགའ་ནས་མིག་ཆུ་ཤོར། ཨ་མདོ་ལྷ་མོ་དོན་འགྲུབ་ནི་འཛམ་གླིང་གི་མི་སྣ་གྲགས་ཅན་རྣམས་ཐུག་འཕྲད་བྱེད་སྐབས་མེད་དུ་མི་རུ་བའི་མི་སྣ་གྲགས་ཅན་ཞིག་ཏུ་གྱུར་ཡོད་ཟེར་བ་ལྟ་བུ།། ཐུག ༡ རེག་པ་སྟེ། ལག་པ་ཐུག རྐང་པ་མ་ཐུག་ཅེས་པ་ལྟ་བུ། ༢ དགོན་སྡེ་ཁག་གི་ཁང་ཐོག་གི་རྒྱན་ཞིག།། ༣ འབྲས་བུ་མ་བཏོན་པའི་ར་ལུག་སྟེ། ར་ཐུག ལུག་ཐུག་ཟེར་བ་ལྟ་བུ། ༤ ཐུག་པ་སྟེ་ཟས་རིགས་ཤིག དཔེར་ན། རྩམ་ཐུག འབྲས་ཐུག ཐུག་པ་འཐུང་། འཐེན་ཐུག་སྐོལ་ཟེར་བ་ལྟ་བུ།། ཐུགས་དགོངས་ཐུགས་བསུན་ཡང་འཇུག་ཡོད།། ཐུགས་དགོངས བསམ་པ་དང་འདུན་པའི་ཞེ་ས་སྟེ། རླབས་ཆེན་གྱི་ཐུགས་དགོངས་ཟབ་མོ་ཟེར་བ་ལྟ་བུ།། ཐུགས་བསུན སེམས་སྐྱོ་བའམ་སེམས་མི་བདེ་བའི་ཞེ་ས་སྟེ། ཐུགས་བསུན་པ་མ་གནང་ཟེར་བ་ལྟ་བུ།། ཐུགས སེམས་ཀྱི་ཞེ་ས་སྟེ། ཐུགས་ཁྲལ། ཐུགས་འགྱེད་པ། ཐུགས་དོགས། ཐུགས་རྒྱུད་ཟེར་བ་ལྟ་བུ།། གོས་སོགས་མཐུག་པོ་སྔོན་འཇུག་མ།། མཐུག་པོ དངོས་པོ་ལེབ་ལེབ་ཀྱི་ངོས་གཉིས་ཀྱི་བར་ཚད་ཆེ་བ་སྟེ། སྲབ་མོ་ཡི་ལྡོག་ཟླ། དཔེར་ན། གོས་མཐུག་པོ་གྱོན། ཤོག་བུ་མཐུག་པོ་ཟེར་བ་ལྟ་བུ། ཚིག་བསྡུས་ན་མཐུག་ཅེས་འབྲི་ཆོག་སྟེ། སྲབ་མཐུག་མི་འདྲ་ཟེར་བ་ལྟ་བུ།། ལས་ཀ་འཐུས་ཚང་འཐུས་ཤོར་དང་།། ཚབ་ཀྱི་འཐུས་མིར་འ་འཐུས་ཡིན།། འཐུས་ཚང འཐུས་སྒོ་ཚང་བ་སྟེ། ལས་ཀ་གྲ་འགྲིག་པོ་ཡོང་བར་མཐུན་རྐྱེན་འཐུས་ཚང་ཡོད་ཟེར་བ་ལྟ་བུ།། འཐུས་ཤོར ལས་ཀ་བྱུས་ཉེས་ཤོར་བ་སྟེ། ལས་ཀར་འཐུས་ཤོར་ཆེན་བོ་ཤོར་སོང་། ལས་ཀ་འཐུས་ཤོར་མེད་པ་བྱེད་ཟེར་བ་ལྟ་བུ།། འཐུས་མི ཚབ་བྱེད་མཁན་གྱི་མི་སྟེ། དབུ་ཁྲིད་ཀྱི་འཐུས་མི་འོས་བསྡུ་བྱེད་དགོས་ཟེར་བ་ལྟ་བུ།། ༡འཐུས འགྲིག་པའམ་ཆོག་པ་དང་རུང་བ་སྟེ། ལྟོ་གོས་དེ་ཙམ་གྱིས་འཐུས། སྨན་འདི་བཏུང་བས་འཐུས་ཟེར་བ་ལྟ་བུ།། ༢འཐུས (བྱེད་མེད་ལས་ཚིག་འདས་པ་དང་སྐུལ་ཚིག)བསྡུ་ཆ་རྒྱག་པའི་དོན་ཏེ། དངུལ་འཐུས་ནས་ལྟོ་ཆས་ཉོས། བསྡུ་ཆ་འཐུས་ཤིག་ཟེར་བ་ལྟ་བུ། ”འཐུ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། འཐུ་བྱའི་བསྡུ་ཆ། བསྡུ་ཆ་འཐུ་མཁན་ཟེར་བ་ལྟ་བུ།། ཆད་ནས་མཐུད་པ་མ་མཐུད་དང་།། མཐུད བར་མཚམས་སྦྲེལ་བའམ་སྦྱོར་བ་སྟེ། ཐག་པ་མཐུད་པའི་མཚམས། སྐད་ཆ་འཕྲོ་མཐུད་ནས་བཤད། ཐག་པ་ཆད་པ་མཐུད། གཅིག་རྗེས་གཉིས་མཐུད། བྱ་བ་གཅིག་འཕྲོར་གཅིག་མཐུད་ཟེར་བ་ལྟ་བུ།། བཟའ་བྱའི་ཐུད་ལ་སྔོན་འཇུག་མེད།། ༡ཐུད མར་དང་ཕྱུར་མཉམ་དུ་བརྫིས་པའི་ཟས་ཤིག་སྟེ། ཐུད་ཞིམ་པ་མར་གྱི་བཀའ་དྲིན་ཡིན་ཟེར་བ་ལྟ་བུ།། ༢ཐུད (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)གུས་པའི་དོན་ཏེ། གུས་པས་ཐུད་ཅིག་ཟེར་བ་ལྟ་བུ། ”བཏུད”ནི་འདས་པ་སྟེ། འཇམ་དཔལ་དབྱངས་ལ་གུས་བཏུད་ནས་ཟེར་བ་ལྟ་བུ། ”གདུད”ནི་མ་འོངས་པ་སྟེ། གདུད་བྱའི་ཡུལ་ནི་དཀིན་མཆོག་གསུམ་མོ་ཟེར་བ་ལྟ་བུ། ”འདུད”ནི་ད་ལྟ་བ་སྟེ། གུས་འདུད་ཞུ་མཁན་ཟེར་བ་ལྟ་བུ།། ཐོ་རེངས་ཐོ་བ་ཐ་རྐྱང་དང་།། ཐོ་རེངས དུས་ཚོད་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། ནམ་ལང་ཁའི་དུས་ཀྱི་མིང་། དཔེར་ན། ནམ་ཐོ་རེངས་སྐར་ཆེན་ཤར་བའི་དུས་སོ།། ཐོ་བ རྡུང་བྱེད་ཀྱི་ཡོ་བྱད་ཅིག་སྟེ། རྡོ་བཟོ་བའི་ལག་གི་ཐོ་བ་ཟེར་བ་ལྟ་བུ།། ཐོ ཞིང་ཁ་སོགས་སུ་ས་མཚམས་་ཕྱེ་བར་བརྩེངས་པའི་རྡོ་ཕུང་སོགས་སྟེ། ས་མཚམས་སུ་ཐོ་བརྩེངས། ཞིང་ཁ་རུ་ཐོ་བརྩེངས་ཟེར་བ་ལྟ་བུ།། ལག་པའི་མཐོ་དང་ཚད་མཐོ་པོ།། མ་མཐོ་ཡིན་པ་ངེས་དགོས་སོ།། ༡མཐོ ལག་པའི་མཐེ་བོང་གི་རྩེ་ནས་གུང་མོའི་བར་གྱི་རིང་ཚད་དེ། སྐུད་པ་མཐོ་གང་། རིང་ཚད་མཐོ་གསུམ་ཟེར་བ་ལྟ་བུ།། ༢མཐོ ཚད་གཞི་རིམ་པ་གཞན་ལས་མཐོ་བ་སྟེ། རིན་གང་མཐོ། སྣང་བ་མཐོ། བློ་ཁ་མཐོ། གནམ་གྲུ་འཕུར་སྐབས་ཧ་ཅང་མཐོ་ཟེར་བ་ལྟ་བུ།། ཁང་པའི་ཐོག་དང་དུས་ཐོག་མ།། ཡང་འཇུག་སྔོན་འཇུག་གང་ཡང་མེད།། ༡ཐོག སྟེང་ངམ་འགོ་སྟེ། ཁང་པའི་ཐོག མགོ་ཐོག གོས་ཐོག་གི་མེ་དེ་ཤ་ཐོག་ལེན་མི་ཐུབ། ལས་གཞི་འདི་ཡི་ཐོག་མ་གང་ནས་འགོ་རྩམ་དགོས་སམ་ཟེར་བ་ལྟ་བུ།། ༢ཐོག སྤྲིན་ནག་རླུང་གི་ནང་དུ་འཐབ་པ་ན་ཚ་གྲང་འཕྲད་ཅིང་ངར་དུ་སོང་བ་ན་མེ་ལྕེ་ཡི་ཟེགས་མ་འབབ་པ་དེའི་མིང་སྟེ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་<<རྒྱལ་པོ་བཀའ་ཐང>>ལས་”མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས།། དེ་ཉིད་འཐབ་པའི་མཁའ་ལ་འབྲུལ་སྒྲ་སྒྲོགས།། འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག། དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས།། དཔེ་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིན།།”ཞེས་གསུངས་པ་ལྟ་བུའོ།། ལག་ཏུ་ཐོགས་པ་ཡང་འཇུག་ཡོད།། ༡ཐོགས ཐུག་རེག་གིས་བཀག་ནས་མི་ཐར་བ་སྟེ། བྱ་འཕུར་ཤེས་ན་གཤོག་སྣེ་བྲག་ལ་མི་ཐོགས། མི་འགྲོ་ཤེས་ན་རྐང་སྣེ་རྡོ་ལ་མི་ཐོགས་ཟེར་བ་ལྟ་བུ།། ༢ཐོགས ཕྱིར་འགྱང་བའམ་འགོར་བ་སྟེ། ཡུན་རིང་མ་ཐོགས་པ་ནང་ལ་ལོག་ཟེར་བ་ལྟ་བུ།། ༣ཐོགས ལག་ཏུ་འཛིན་པ་སྟེ། ལག་ཏུ་མཚན་ཆ་ཐོགས་པའི་མི་ངན། དར་ཆ་ལག་ཏུ་ཐོགས་པ་ཟེར་བ་ལྟ་བུ།། ཞིང་ཆས་ཐོང་གཤོལ་ཐ་རྐྱང་དང་།། ཐོང་གཤོལ ཞིང་རྨོ་བྱེད་ཀྱི་ཡོ་ཆས་ཞིག་སྟེ། ཐོང་གཤོལ་མཛོ་སྦྲེལ་གྱིས་འཐེན་ནས་ས་རྒོད་སློག་ཟེར་བ་ལྟ་བུ།། མིག་གིས་མཐོང་བ་མ་འཕུལ་ཡོད།། ༡མཐོང སེམས་ཀྱིས་རིག་པ་སྟེ། མིག་གིས་མཐོང་། རྣ་བས་ཐོས། གནོད་པ་ཡོད་པ་བློ་ཡིས་མཐོང་ཟེར་བ་ལྟ་བུ།། ༢མཐོང རྩིས་པོ་ཆེ་སྟེ། ཅ་དངོས་མཐོང་ཆེན་པོ། མི་ལ་མཐོང་ཆུང་མ་བྱེད་ཟེར་བ་ལྟ་བུ།། ཕྱོགས་ཐོན་ཐོན་སྐྱེད་འཕུལ་མེད་དང་།། ཕྱོགས་ཐོན ཕྱོགས་སུ་ཐོན་པ་སྟེ། ཐག་རིང་འགྲོ་བ། དཔེར་ན། ཕྱོགས་ཐོན་གྱི་ཆ་གཞི་ཕྱིར་འཐེན་བྱེད་ལྟ་བུ།། ཐོན་སྐྱེད མི་རྣམས་ཀྱིས་ལག་རྩལ་ལ་བརྟེན་ནས་འཚོ་བའི་རྒྱུ་ཆ་སྣ་ཚོགས་གསར་བསྐྲུན་བྱེད་པ་སྟེ། ཞིང་ལས་ཐོན་སྐྱེད་དང་བཟོ་ལས་ཐོན་སྐྱེད་གོང་མཐོ་རུ་གཏོང་བ་འབད་དགོས་ཟེར་བ་ལྟ་བུ།། ༡ཐོན (བྱེད་མེད་ལས་ཚིག་འདས་པ) ༡ ནང་ནས་ཕྱི་ལ་བུད་པ་སྟེ། ནང་ནས་སྒོ་ལ་ཐོན། ཕྱི་ལ་ཐོན་ལྟ་བུ། ”འཐོན་”ནི་མ་འོངས་པ་དང་ད་ལྟ་བ་སྟེ། སྒོ་ལ་འཐོན་ཁ། ཕྱི་ལ་འཐོན་ཁ་ཟེར་བ་ལྟ་བུ། ༢ སླེབས་པའི་དོན་ཏེ། ཡུལ་ལ་ཐོན། ལོ་གསར་འཐོན་ཁ་ཞེས་པ་ལྟ་བུ། ༣ གྲུབ་འབྲས་བྱུང་བའི་དོན་ཏེ། གཏེར་ཁ་བརྐོས་ནས་གཏེར་རྡོ་ཐོན། ༤ འབྱུང་བའི་དོན་ཏེ། དེ་རིང་དོན་དག་ཆེན་པོ་ཞིག་ཐོན་སོང་། ལུང་པ་དེ་ནས་ཡུལ་ཟོག་ཕོན་ཆེན་འཐོན་རྒྱུ་ཡོད་ཟེར་བ་ལྟ་བུ།། ༢ཐོན (བྱེད་འབྲེལ་ལས་ཚིག་སྐུལ་ཚིག) ༡ཡི་གེ་བཀླགས་པའི་དོན་ཏེ། ཚགས་པར་ཐོན་ཅིག་ལྟ་བུ། ”བཏོན”ནི་འདས་པ་སྟེ། དཔེ་ཆ་བཏོན། ཚགས་པར་བཏོན་ཟེར་བ་ལྟ་བུ། ”གདོན”ནི་མ་འོངས་པ་སྟེ། གདོན་བྱའི་དཔེ་ཆ་གདོན་དགོས་ལྟ་བུ། ”འདོན”ན་ད་ལྟ་བ་སྟེ། ཡི་གེ་འདོན་མཁན། ཚགས་པར་འདོན་གྱིན་འདུག་ཟེར་བ་ལྟ་བུ།། རི་བོ་མཐོན་པོར་མ་ཡིས་འཕུལ།། མཐོན་པོ དཔངས་མཐོ་བ་སྟེ། རི་བོ་མཐོན་པོ། ལོ་ན་མཐོན་པོ། གོ་ས་མཐོན་པོ་ལྟ་བུ།། རྣ་བ་ཐོས་པ་རྗེས་འཇུག་ས།། ཐོས རྣ་བས་སྒྲ་གོ་བ་སྟེ། གློ་བུར་དུ་འབྲུག་སྒྲ་ཆེན་པོ་ཞིག་ཐོས་པས་ཞེད་སྣང་དབང་མེད་དུ་སྐྱེས་ལྟ་བུ།། མགོ་བོའི་ཐོད་པར་རྗེས་འཇུག་ད།། ཐོད་པ མགོ་བོའི་ཐོད་དུ་གནས་པའི་རུས་བ་བདེ་སྐྱོང་ངམ་ཐོད་སྐྱོགས་ཟེར་བའི་ཀླད་ཁྱིམ་དེའི་མིང་སྟེ། མི་ཐུག་ཐོད་པ་རྡོ་དང་ཐུག རྡོ་ལེབ་ལེབ་དང་མི་ཐུག་ལོག་ལོག་དང་ཐུག་ཟེར་བ་ལྟ་བུ།། ༡ཐོད ཐོག་གམ་སྟེང་གི་མིང་སྟེ། ཐོད་ཀོར། ཐོད་མཆོངས། ཐོད་པང་ཟེར་བ་ལྟ་བུ།། ༢ཐོད ཐོད་པ་དང་འདྲ་སྟེ། ཐོད་རྒྱན། ཐོད་ཆིངས། ཐོད་ཕོར་ཟེར་བ་ལྟ་བུ།། ༼ད༽ སྡུག་བསྔལ་སྡུག་རུས་ས་སྡུག་གོ། ༡སྡུག་བསྔལ ལུས་སེམས་མི་བདེ་བའི་ཚོར་བ་སྟེ། སྔོན་ཆད་རང་དབང་གི་བདེ་སྐྱིད། ད་ཆ་གཞན་དབང་གི་སྡུག་བསྔལ། བདག་དབང་བཙན་འཕྲོག་གི་སྡུག་བསྔལ་སྣ་ཚོགས་མྱོང་ཟེར་བ་ལྟ་བུ།། ༢སྡུག་བསྔལ ལུས་སེམས་ལ་གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་བ་སྟེ། བདེན་བཞིའི་རྣམ་པ་བཅུ་དྲུག་ནང་གསེས་ཤིག། སྡུག་རུས བཟོད་བསྲན་ནམ་ཨུ་ཚུགས་སྟེ། སྡུག་རུས་ཆེན་པོ་བྱས་ནས་སློབ་སྦྱོང་ལ་འབད་ཟེར་བ་ལྟ་བུ།། ༡སྡུག ༡(བྱེད་མེད་ལས་ཚིག)སྐྱོ་བ་སྐྱེ་བའི་དོན་ཏེ། དཀའ་བ་བྱུང་ཡང་སེམས་མ་སྡུག དགྲ་དགའ་གཉེན་སྡུག་གི་ལས་མ་བྱེད་ལྟ་བུ། ༢ སྡུག་བསྔལ་ཞེས་པའི་ཚིག་བསྡུས་པ། ༣ སྡུག་པོ་ཞེས་པའི་ཚིག་བསྡུས་པ།། ༢སྡུག སྡུ་གུ་ཞེས་པའི་ཚིག་བསྡུས་པ་སྟེ། ཡིད་དུ་འོངས་བ་དང་མཛེས་པའི་དོན་ཏེ། མཛེས་ཤིང་ལྟ་ན་སྡུག་པ། མེ་ཏོག་སྡུ་གུར་བཀྲ་བའི་སྐྱེད་ཚལ་ཞེས་པ་ལྟ་བུ།། ཁང་པའི་གདུང་མ་ག་གདུང་དང་།། གདུང་མ ཀ་བའི་མགོ་དང་རྩིག་པའི་ཐོག་འཕྲེད་ལ་བཞག་ནས་ཁང་པའི་ཀླེད་བརྟེན་སའི་ཤིང་སྡོང་སོགས་ཀྱི་མིང་སྟེ། ཚིག་བསྡུས་ན་གདུང་ཞེས་འབྲི་ཆོག་སྟེ། གདུང་ལྕམ། གདུང་སྐས། གདུང་ཟམ་ཟེར་བ་ལྟ་བུ།། ༡གདུང གདུང་མ། ༢གདུང རིགས་རུས་ཏེ། གདུང་རྒྱུད། གདུང་རབས། གདུང་རིགས་ཟེར་བ་ལྟ་བུ།། ༣གདུང རོ་ཡི་ཞེ་ས་སྟེ། སྐུ་གདུང་། གདུང་ཐལ། གདུང་རྟེན་ཞེས་པ་ལྟ་བུ།། ༤གདུང ༡(བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྡུག་བསྔལ་བསྐྱེད་པའམ་མྱ་ངན་གྱིས་མནར་བ་སྟེ། སྔོན་ཆད་ནད་ཀྱིས་གདུང་བར་བྱེད། ད་ལྟ་ནད་ཀྱི་གདུང་བ་སེལ་ལྟ་བུ། ”གདུངས”ནི་འདས་པ་དང་:སྐུལ་ཚིག: ་སྟེ། སྔོན་ཆད་དབུལ་འཕོངས་ཀྱིས་གདུངས། མཚོན་ཆ་མདུང་ནི་མ་མདུང་ལགས།། མདུང རྩེ་རྣོན་པོ་ཅན་གྱི་མཚོན་ཆ་ཡུ་བ་ཅན་ཞིག་སྟེ། ལྕགས་མདུང་། འཕང་མདུང་། མདུང་རིང་། མདུང་བསྣུན་པ། གྲི་ཐུང་རྐེད་པ་ལ་བཏགས། མདུང་ཐུང་ལག་པ་ལ་འཆང་ཟེར་བ་ལྟ་བུ།། རྡུང་རྡེག་ཉེས་རྡུང་ར་རྡུང་ཡིན།། རྡུང་རྡེག རྐང་རྡུང་ལག་རྡུང་བྱེད་པའི་མིང་སྟེ། ཕན་ཚུན་རྡུང་རྡེག་གཏོང་བ་ཟེར་བ་ལྟ་བུ།། ཉེས་རྡུང ཉེས་ཅན་པ་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཀྱི་མིང་སྟེ། རྐུན་མ་ལ་ཉེས་རྡུང་ཚད་མེད་གཏོང་ཟེར་བ་ལྟ་བུ། རྡུང ༡(བྱེད་འབྲེལ་ལས་ཚིག་ད་ལྟ་བ)དབྱུག་པ་སོགས་ཀྱིས་གཞུས་པ་སྟེ། རྒྱག་པའམ་སྣུན་པའི་དོན་། དཔེར་ན། རྔ་རྡུང་མཁན། དགེ་རྒན་གྱིས་རྡུང་གིན་འདུག་ལྟ་བུ། ”བརྡུངས”ནི་འདས་པ་སྟེ། སྨན་བརྡུངས་ནས་ཞིབ་མི་བཟོ་ཟེར་བ་ལྟ་བུ། ”བརྡུང”ནི་མ་འོངས་པ་སྟེ། དགེ་རྒན་གྱིས་བརྡུང་ཨེ་ཡོང་ཟེར་བ་ལྟ་བུ། ”རྡུངས”ནི་སྐུལ་ཚིག་སྟེ། རྔ་རྡུངས་ཤིག་ཟེར་བ་ལྟ་བུ། ༢ འཁྲབ་པ་སྟེ། གླུ་དབྱངས་གཏོང་བཞིན་པར་བྲོ་རྡུང་ཟེར་བ་ལྟ་བུ།། དུད་འགྲོ་དུད་ཚོང་རྗེས་འཇུག་ད།། དུད་འགྲོ མགོ་བོ་དུད་དེ་འགྲོ་བའི་སེམས་ཅན་སྤྱིིའི་མིང་སྟེ། འགྲོ་བ་རིགས་དྲུག་གི་ཡ་གྱལ་ཞིག དཔེར་ན། རིགས་མཐུན་དུད་འགྲོ་ཁྱུ་གཅིག་འདུ། སྤྱོད་མཐུན་མི་རྣམས་ལྷན་ཅིག་འདུ་ཟེར་བ་ལྟ་བུ།། དུད་ཚང མི་ཚང་ངམ་ཁྱིམ་ཚང་གི་མིང་སྟེ། འཚོ་བ་འཛོམ་པོའི་དུད་ཚང་། དུད་ཚང་ངན་ཧྲུལ་ཟེར་བ་ལྟ་བུ།། ༡དུད ཐུར་དུ་གུག་པའི་དོན་ཏེ། སིལ་ཏོག་གི་སྡོང་པོ་འབྲས་བུའི་ཁུར་གྱིས་དུད་ཟེར་བ་ལྟ་བུ།། ༢དུད དུ་བའི་མིང་སྟེ། སྤོས་དུད། ཁང་པ་ལ་དུད་དྲེད་ཆགས་ཟེར་བ་ལྟ་བུ།། དུས་ཚད་ནམ་དུས་རྗེས་འཇུག་ས།། དུས་ཚད དུས་ཀྱི་རྒྱུན་རིང་ཐུང་གི་འབོར་ཚད་དེ། སློབ་སྦྱོང་གི་དུས་ཚད། དྲོས་ཇ་འཐུང་བའི་དུས་ཚད་ཟེར་བ་ལྟ་བུ།། ནམ་དུས དུས་བཞི་སྤྱིའི་མིང་སྟེ། ནམ་དུས་དྲོ་གྲང་ལ་དཔགས་པའི་གྱོན་པ་གྱོན་ལྟ་བུ།། དུས བྱ་དངོས་ཐམས་ཅད་ཀྱི་འགྱུར་ལྡོག་གི་ཡུན་ཚད་ཀྱི་མིང་སྟེ། འབངས་ཀྱི་གྱེན་ལྡོག་བྱས་པའི་དུས། རིག་གནས་གསར་བརྗེ་བྱེད་པའི་དུས། རིག་གནས་རྩ་གཏོར་གཏོང་བའི་དུས། བུམ་པ་སྐྱེ་བའི་དུས། ཀ་བ་འགག་པའི་དུས་ཟེར་བ་ལྟ་བུ།། གྲལ་གྱི་མདུན་ནི་མ་འཕུལ་དང་།། ༡མདུན རྒྱབ་ངོས་ཀྱི་ལྡོག་ཕྱོགས་སྟེ། གྲལ་ཆེན་པོའི་ནང་གི་མདུན་གྲལ་ལ་གནས་པ་ཟེར་བ་ལྟ་བུ།། ༢མདུན ཉེ་འགྲམ་མམ་དྲུང་སྟེ། དགེ་རྒན་གྱི་མདུན་ལ་སོང་། རྒྱལ་པོའི་མདུན་ན་ཆོས་ཀྱི་ཆོ་ག་བྱེད་ཟེར་བ་ལྟ་བུ།། སེམས་ཀྱི་འདུན་པར་འ་འཕུལ་ཡོད།། ༡འདུན་པ འདོད་པའི་མིང་སྟེ། ཇ་འཐུང་བའི་འདུན་པ་མེད་ན་ནི་ཆང་མ་འཐུང་ཤིག་ཟེར་བ་ལྟ་བུ།། ༢འདུན་པ གང་འདོད་པའི་དངོས་པོ་ལ་དམིགས་ནས་དེ་དོན་དུ་གཉེར་བའི་ཤེས་པ་བརྩོན་འགྲུས་ཀྱི་རྟེན་བྱེད་པའི་བྱེད་ལས་ཅན་གྱི་སེམས་བྱུང་སྟེ། ཡུལ་ངེས་ལྔ་ཡི་ནང་གསེས་ཤིག ཡུལ་ངེས་ལྔ་ནི་འདུན་པ་དང་། མོས་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་རྣམས་སོ།། བདེ་ཐང་བདེ་སྐྱིད་བ་བདེ་དང་།། བདེ་ཐང གཟུགས་པོར་ནད་མེད་པ་སྟེ། གཟུགས་གཞི་བདེ་ཐང་གི་སྐབས་སུ་ལས་ཀ་བྱེད་པར་སྣང་དག་མེད་ཟེར་བ་ལྟ་བུ།། བདེ་སྐྱིད ལུས་བདེ་ཞིང་སེམས་སྐྱིད་པ་སྟེ། འཛམ་གླིང་གི་མཐའ་དབུས་ཡུལ་གྲུ་ཀུན་དུ་བདེ་སྐྱིད་དར་བ་ཟེར་བ་ལྟ་བུ།། ༡བདེ ནད་གཞི་སོགས་ཀྱི་གནོད་འཚེ་མེད་པའི་དོན་ཏེ། ལུས་བདེ། ཁམས་བདེ། ཡུལ་གྲུ་བདེ། བློ་བདེ། ལྷམ་རྐང་པ་ལ་བདེ་ཟེར་བ་ལྟ་བུ།། ༢བདེ མཁས་པའི་དོན་ཏེ། སྐད་ཆ་བཤད་ན་ཁ་བདེ། བཟོ་སྐྲུན་བྱེད་པར་ལག་བདེ་ཟེར་བ་ལྟ་བུ།། ཡུལ་སྡེ་སྡེ་ཚན་ས་སྡེ་འོ།། ཡུལ་སྡེ ཞིང་སྡེའམ་གྲོང་སྡེ་སྟེ། མི་དགེ་བཅུ་སྤོང་གི་ཚུལ་ཁྲུམས་སྲུང་ན་ཡུལ་སྡེ་འཆམ་པོ་ཡོང་ཞེས་པ་ལྟ་བུ།། ༡སྡེ་ཚན ཚོའམ་ཤོག་ཁག་སྟེ། བོད་དམག་གི་སྡེ་ཚན། རྒྱ་དམག་གི་སྡེ་ཚན། ཤེས་ཡོན་གྱི་སྡེ་ཚན་ཟེར་བ་ལྟ་བུ།། ༢སྡེ་ཚན ལེ་ཚན་ནམ་དུམ་བུ་སྟེ། གཞུང་གི་ནང་དོན་མི་འཁྲུག་པའི་ཆེད་དུ་གཞུང་སྡེ་ཚན་དུ་སྡེམ་པ་ཞེས་པ་ལྟ་བུ།། སྡེ རིགས་དང་། ཚོམས། མོང་པོའི་ཚོགས་བཅས་ལའོ།། རྗེས་འདེད་སྐུལ་འདེད་འ་འཕུལ་དང་།། རྗེས་འདེད རྗེས་ཟིན་པ་བྱེད་པའི་ཐབས་ཏེ། འཇབ་དམག་གིས་དགྲ་བོའི་རྗེས་འདེད་བྱེད་ལྟ་བུ།། སྐུལ་འདེད སྐུལ་མ་འདེབས་པ་སྟེ། ལག་ལེན་བསྟར་བར་སྐུལ་ཞིང་འདེད་པ། དཔེར་ན། དཔེ་ཆ་འདི་བཞིན་བརྩམ་དགོས་ཞེས་སྐུལ་འདེད་ཡང་ཡང་བྱས་ཟེར་བ་ལྟ་བུ།། ༡འདེད (བྱེད་འབྲེལ་ལས་ཚིག་ད་ལྟ་བ)འཛིན་པའི་ཆེད་དུ་རྗེས་བསྙེག་པ། རྩད་གཅོད་པ། མཐར་སྐྲོད་པ་སྟེ། སྤྱང་ཀི་འདེད་མཁན། ཇག་པ་འདེད་མཁན། རྒྱུ་རྐྱེན་གང་ཡིན་འདེད་དེ་ཁུངས་སྐྱེལ་ལྟ་བུ། “བདས”ནི་འདས་པ་སྟེ། སྤྱང་ཀི་བདས་ནས་མཐར་སྐྲོད་བཏང་། ”བདའ”ནི་མ་འོངས་པ་སྟེ། སྤྱང་ཀི་བདའ་བ་བྱ་ལྟ་བུ། ”དེད”ནི སྐུལ་ཚིག་སྟེ། སྤྱང་ཀི་དེད་ཅིག་ཟེར་བ་ལྟ་བུ།། མེ་མདའི་མདེལ་ནི་མ་མདེལ་ཡིན།། མདེལ མེ་མདའི་མདེའུ་སྟེ། མདེལ་རུལ། མདེེལ་ཤུབས། མདེལ་ཁུག་ཟེར་བ་ལྟ་བུ།། གྱང་གི་ལྡེབས་ནི་ལ་ལྡེབས་དང་།། ལྡེབས ལོགས་སམ་ངོས་ཏེ། གྱང་གི་ངོས་ལ་གྱང་གིལྡེབས་ཟེར་བ་དང་། ལྡེབས་བྲིས། ལྡེབས་རིས། ལྡེབས་ལོགས་འཇམ་པོ་ཟེར་བ་ལྟ་བུ།། སྡེབ་སྦྱོར་མཉམ་སྡེབ་ས་སྡེབ་དང་།། ༡སྡེབ་སྦྱོར དངོས་པོ་གཉིས་ཡན་ཆད་སྡེབ་གཅིག་ཏུ་སྦྱོར་བ་སྟེ། བོད་ཁྱིན་རྒྱ་གསུམ་སྡེབ་སྦྱོར་གྱི་སྐད་ར་མ་ལུག་ཟེར་བ་ལྟ་བུ།། ༢སྡེབ་སྦྱོར སྙན་ངག་ཚིག་བཅད་ཀྱི་ཡི་གེ་སྒྲ་ལྕི་ཡང་སྒྲིག་སྒྲིག་ཚུལ་ལམ་དེ་སྟོན་པའི་དཔེ་ཆའི་མིང་སྟེ། ཚིག་གི་སྡེབ་སྦྱོར། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཟེར་བ་ལྟ་བུ།། ༡མཉམ་སྡེབ མཉམ་དུ་སྦྱོར་བའམ་སྒྲིག་པ་སྟེ། ཆོས་རྒྱུད་བོན་དང་བཅས་པའི་བསྟན་བཅོས་རྣམས་ཀྱི་དོན་སྙིང་མཉམ་སྡེབ་ཀྱི་དཔེ་ཆ་ཟེར་བ་ལྟ་བུ།། ༢མཉམ་སྡེབ མཉམ་དུ་འགྲོགས་པ་སྟེ། ངན་པ་མཉམ་སྡེབ་ཅེས་པ་ལྟ་བུ།། སྡེབ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ དངོས་རྫས་མང་པོ་ལྷན་དུ་བསྲེས་པ་སྟེ། སྨན་སྡེབ་མཁན། སྨན་སྡེབ་ཀྱིན་ཡོད་ལྟ་བུ། ”བསྡེབ”ནི་མ་འོངས་པ་སྟེ། བསྡེབ་བྱའི་སྨན་ལྟུ་བུ། ”བསྡེབས”ནི་འདས་པ་སྟེ། ཚོན་བསྡེབས་ནས་མདངས་ཐོན། སྨན་བསྡེབས་ནས་ནད་བཅོས་ལྟ་བུ། ”སྡེབས”ནི་སྐུལ་ཚིག་སྟེ། སྨན་སྡེབས་ཤིག་ཟེར་བ་ལྟ་བུ། ༢ འགྲོགས་པ་སྟེ། གྲོགས་བཟང་པོ་དང་སྡེབ་བཞིན་ཡོད། དམངས་དང་བསྡེབས་ནས་སོང་ཟེར་བ་ལྟ་བུ།། ཤིང་གི་འདབ་མར་འ་འདབ་དང་།། ༡འདབ་མ རྩི་ཤིང་གི་ལོ་མ་སྟེ། ཤིང་གི་འདབ་མ། མེ་ཏོག་གི་འདབ་མ། བསྡུས་ན་འདབ་འབྲི་ཆོག་སྟེ། པད་འདབ། ལོ་འདབ་ཟེར་བ་ལྟ་བུ།། ༢འདབ་མ གཤོག་པ་སྟེ། བྱ་ཡི་མངོན་བརྗོད་དུ་འདབ་མ་ཅན་དང་འདབ་ཆགས་ཟེར་བ་དང་། ཁུ་བྱུག་ལ་འདབ་མའི་ཐེག་པ་ཟེར་བ་ལྟ་བུ།། རི་འི་འདབས་ལ་ཡང་འཇུག་ཡོད།། ༡འདབས ངོས་སམ་འཁྲིས། ཉེ་ལོགས་སོགས་ཀྱི་མིང་སྟེ། གྲོང་ཁྱེར་གྱི་ཉེ་འདབས། རི་ཡི་ཉེ་འདབས་ཟེར་བ་ལྟ་བུ།། ༢འདབས མཐའ་ཡི་མིང་སྟེ། གོས་འདབས་ཟེར་བ་ལྟ་བུ། གྲངས་ཀྱི་ལྡབ་ནི་ལ་ལྡབ་ཡིན།། ༡ལྡབ ཟློས་པའི་ལན་གྲངས་ཏེ། ལྔ་ཐེངས་གཉིས་ཟློས་པའི་ལྡབ་གྲངས་ནི་བཅུ་ཡིན་ཟེར་བ་ལྟ་བུ།། ༢ལྡབ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)བསྐྱར་ཟློས་བྱེད་པ་སྟེ། སྐད་ཆ་ལྡབ་མཁན་ལྟ་བུ། ”བལྡབ”ནི་མ་འོངས་པ་སྟེ། བལྡབ་བྱའི་སྐད་ཆ། ”བལྡབས”ནི་འདས་པ་སྟེ། བལྡབས་ནས་བཤད་ན་ཉན་མཁན་མེད་ཟེར་བ་ལྟ་བུ། ”ལྡོབས”ནི་སྐུལ་ཚིག། ཚེ་འདས་དུས་འདས་འ་འདས་དང་།། འདས (བྱེད་མེད་ལས་ཚིག་འདས་པ) ༡ དུས་ཡོལ་བ་སྟེ། ལོ་ཏོག་དུས་ལས་མ་འདས་བ་བཏབ་ལྟ་བུ། ”འདའ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ལོ་ཏོག་འདེབས་པ་དུས་ལས་འདའ་མི་རུང་། ༢ གྲངས་ཀ་འཕར་བ་དང་ཁོངས་མཚམས་ལས་བརྒལ་བ་སྟེ། རུ་ཁག་འདི་ལ་ལུག་འབུམ་ཕྲག་ལས་འདས། ཚད་ལས་མི་འདའ་བ། ཟས་ཚད་ལས་མ་འདས་པ། གྲངས་ལས་འདས་པ། ནད་ལ་ཚ་གྲང་གཉིས་དང་སྨན་ལ་བསིལ་དྲོད་གཉིས་ལས་མི་འདའ་བ་ཡིན། དེ་ལས་མ་འདས་པ་ཟེར་བ་ལྟ་བུ། ༣ ཤི་བ་སྟེ། ཚེ་ལས་འདའ་ཁར། ཚེ་ལས་འདས་པ་ཞེས་པ་ལྟ་བུ། ༤ དུས་ཡུན་སོགས་ཟད་པའི་དོན་ཏེ། དམངས་དོན་བསྒྲུབས་ནད་ཉིན་མཚན་གཉིས་ཀ་འདས་ཞེས་པ་ལྟ་བུ། ༥ ཁྱད་པར་དུ་འཕགས་པའི་དོན་ཏེ། རྩྭ་སྨན་གྱི་ནུས་པ་རྩི་སྨན་ལས་ཀྱང་འདས་ཞེས་པ་ལྟ་བུ།། ས་ལ་བསྡད་པར་ས་བསྡད་ཡིན།། བསྡད (བྱེད་མེད་ལས་ཚིག་འདས་པ) ༡ འགྲོ་མཚམས་དང་གཡོ་འགུལ་མཚམས་བཞག་པ་སྟེ། རྐུབ་སྟེགས་ལ་བསྡད་ནས་གློག་བརྙན་ལ་བལྟས་ལྟ་བུ། ”སྡོད”ནི་མ་འོངས་པ་དང་ད་ལྟ་བ་སྐུལ་ཚིག་སྟེ། གཏན་སྡོད། སྡོད་ཅིག་ཟེར་བ་ལྟ་བུ། ༢ གནས་པ་སྟེ། ཁང་པ་ན་འདིར་སུ་བསྡད་ཡོད། ཁང་པའི་དང་སྡོད་ཅིག གྲོང་ཁྱེར་འདིར་སྡོད་པའི་མི་ཞེས་པ་ལྟ་བུ།། ལུང་པའི་མདའ་དང་འཕེན་པའི་མདའ།། མ་ཡིས་འཕུལ་བ་ཤེས་པར་བྱ།། ༡མདའ འཕང་བྱའི་མཚན་ཆའི་བྱེ་བྲག་ཅིག་སྟེ། མེ་མདའ། མདའ་པ། སྨྱུག་མདའ། བཏང་ན་མདའ་དང་བཀུག་ན་གཞི་ཟེར་བ་ལྟ་བུ།། ༢མདའ ལུང་གྲོང་གི་མདོ་སྟེ། ལུང་པའི་ཕུ་མདའ། མདའ་པ། ལུང་པའི་མདའ་ན་ས་ཞིང་གཤིན་པོ་ཡོད་ཟེར་བ་ལྟ་བུ།། ༣མདའ ཤིང་དབྱུག་དྲང་པོའི་མིང་སྟེ། སྲང་མདའ། གཤོམ་མདའ་ཟེར་བ་ལྟ་བུ།། ནམ་མཁའ་ལྡིང་བར་ལ་ལྡིང་དང་།། ༡ལྡིང ནམ་མཁའ་འཕྱོ་བ་སྟེ། བྱ་ནམ་མཁའ་ལ་ལྡིང་། མཁའ་ལྡིང་དབང་པོ་ཟེར་བ་ལྟ་བུ།། ༢ལྡིང ཡུལ་འབྲོག་ཚོ་པ་སྟེ། ལྡིང་འདི་ཡི་ལྡིང་དཔོན་ཟེར་བ་ལྟ་བུ།། ༣ལྡིང མོན་ཡུལ་གྱི་གྲོང་དུད་ཚོ་ཁག་སྟེ། བོད་གཞུང་གིས་མོན་ཡུལ་དུ་བཙུགས་པའི་སྲིད་འཛིན་སྡེ་ཚན་ཞིག། ༤ལྡིང བོད་གཞུང་གིས་དམག་མི་ཉི་ཤུ་རྩ་ལྔ་རེ་ལྡིང་གཅིག་རེ་རུ་བརྩིས་ཤིང་ལྡིང་རེ་ལ་ལྡིང་དཔོན་རེ་བསྐོར་ཡོད་པའི་སྲིད་འཛིན་ཚུལ་ཞིག།། ས་ཆའི་སྡིངས་ནི་ས་སྡིངས་ཡིན།། སྡིངས དབུས་དང་དཀྱིལ་སིགས་ཀྱི་མིང་སྟེ། རི་བོའི་སྡིངས། ནེའུ་སྡིངས། སྤང་སྡིངས། སྡིངས་རྒྱ། སྡིངས་ཆ་ཐོག་ཏུ་ཞབས་བྲོ་འཁྲབ་ཅེས་པ་ལྟ་བུ།། མེ་ཏོག་ལྡུམ་རར་ལ་ལྡུམ་དང་།། ལྡུམ་ར མེ་ཏོག་སོགས་འདེབས་ཡུལ་གྱི་ར་བ་སྟེ། མེ་ཏོག་གི་ལྡུམ་ར་ཟེར་བ་ལྟ་བུ།། ལྡུམ རྩྭ་ཡི་རིགས་ཀྱི་སྤྱིའི་མིང་སྟེ། ལྡུམ་བུ་ཡི་བསྡུས་མིང་། དཔེར་ན། ཞིང་ནང་གི་ལྡུམ་བུ་འབལ། རྩྭ་ལྡུམ་ཟེར་བ་ལྟ་བུ།། བར་འདུམ་འདུམ་འགྲིག་འ་འདུམ་ཡིན།། བར་འདུམ ཁ་མཆུ་སོགས་བསྡུབས་ཏེ་འགྲིག་པར་བྱེད་མཁན་ཏེ། ནང་ཁུལ་གྱི་རྩོད་གཞི་ལ་དགེ་སྐྱོན་གསེད་བཀྲོལ་བྱས་ཏེ་བར་འདུམ་བྱེད་པ་ཟེར་བ་ལྟ་བུ།། འདུམ་འགྲིག རྩོད་པ་འདུམ་ཐབས་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། ཕན་ཚུན་རྩོད་རྙོག་གང་ཡོད་ཁ་རུལ་ནང་བཤང་གི་སྒོ་ནས་འདུམ་འགྲིག་བྱེད་དགོས་ཞེས་པ་ལྟ་བུ།། འདུམ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)འགྲིག་མཐུན་བྱུང་བ་སྟེ། ནང་འཁྲུག་འདུམ། ཁ་མཆུ་འདུམ། རྩྭ་སའི་རྩོད་གླེང་འདུམ་ལྟ་བུ། ”འདུམས”ནི་འདས་པ་སྟེ། རྩོད་གླེག་འདུམས་ནས་འགྲིག་མཐུན་བྱུང་ཟེར་བ་ལྟ་བུ།། རྒྱ་མ་དོ་དང་འབྲུ་དོ་པོ།། དོ་ཟླ་བྲལ་བ་ད་རྐྱང་ངོ་།། དོ ཟུང་ངམ་གཉིས་ཏེ། རྒྱ་མ་དོ། ཇ་ཀ་ཡོལ་དོ་ཞེས་པ་ལྟ་བུ།། དོ་པོ ཕྱུག་ཁལ་གྱི་ཕྱེད་ཚད་ལོངས་བའི་དངོས་རྫས་ཆུནཔོའི་མིང་སྟེ། འབྲས་དོ་པོ་གཅིག། ནས་དོ་པོ་གཅིག དོ་པོ་བརྒྱབ་ནའ་འབྲུ་མཛོད་ནང་འཇུག་པ་ཟེར་བ་ལྟ་བུ།། དོ་ཟླ འགྲན་ཟླའམ་ཁ་གཏད་དེ། སྙིང་སྟོབས་ལ་དོ་ཟླ་བྲལ་བ། མཁས་པ་དོ་ཟླ་བྲལ་བ། དོ་ཟླ་འོས་པ་ཟེར་བ་ལྟ་བུ།། དོ ཁ་སྐད་ལ་ལ་ཁ་གཏད་ལྕོགས་པ་སྟེ། ཁྱེད་ཀྱིས་ཁོ་ཨེ་དོ་ཟེར་བ་ལ བྲག་རྡོ་གཏེར་རྡོ་ར་རྡོ་དང་།། བྲག་རྡོ བྲག་ལས་བྱུང་བའི་རྡོ་སྟེ། བྲག་རྡོ་ཆེ་པོ་དེ་དུམ་བུ་གཏོང་། བྲག་རྡོ་རྩིག་པར་རྩིག་བདེ་ཟེར་བ་ལྟ་བུ།། གཏེར་རྡོ བཞུ་བཏུལ་བྱེད་རིན་ཡོད་པའི་རྡོ་སྟེ། གཏེར་དངོས་སྣ་ཚོགས་ལས་གྲུབ་པའི་དངོས་པོ་སྲ་མཁྲེགས་ཅན་ཏེ། ལུང་པ་འདི་ན་གཏེར་རྡོ་མང་། བོད་དུ་གཏེར་རྡོ་མང་ཡང་གཞན་གྱིས་ཁུར་ཟེར་བ་ལྟ་བུ།། རྡོ གཏེར་དངོས་སྣ་ཚོགས་ལས་གྲུབ་པའི་དངོས་པོ་སྲ་གཟུགས་ཅན་ཞིག་སྟེ། དེར་གསེར་རྡོ། དངུལ་རྡོ། ལྕགས་རྡོ། རྡོ་གཡའ་མ། འཛེང་རྡོ། རྫ་རྡོ་སོགས་སྣ་ཁ་ཧ་ཅང་མང་།། ལུང་པའི་མདོ་ནི་མ་མདོ་ཡིན།། ༡མདོ ཆུ་དང་ལམ་སོགས་ཀྱི་འདྲེས་སའི་མཚམས་སྟེ། ལུང་གསུམ་སུམ་མདོ། བཞི་མདོ། ཆུ་མདོ། ལམ་མདོ་ཞེས་པ་ལྟ་བུ།། ༢མདོ རྩ་དོན་ནམ་གནད་དོན་བསྡུས་པའི་དོན་ཏེ། སྐད་ཆ་མདོ་ཙམ་བཤད་ན། གནད་དོན་ཡང་སྙིང་མདོ་ཙམ་བརྗོད་པ་ཟེར་བ་ལྟ་བུ།། ༣གསུང་པ་པོ་མཆོག་གི་སྤྲུལ་སྐུས་གསུང་པའི་ཕར་ཕྱིན་ཐེག་པའི་བསྟན་བཅོས་ཏེ། མདོ་ཡུམ་རྒྱས་འབྲིང་བསྡུས་གསུམ་ཟེར་བ་ལྟ་བུ།། ཚོན་གྱི་མདོག་ནི་མ་འཕུལ་ཡིན།། ༡མདོག དངོས་པོའི་ཁ་མདོག་སྟེ། སྔོ་སེར་དཀར་དམར་ལྟ་བུ། དཔེར་ན་ཤ་མདོག་སེར། སྐྲ་མདོག་ནག་ཟེར་བ་ལྟ་བུ།། ༢མདོག ཡིན་ཁུལ་དང་ཡོད་ཁུལ་བྱེད་པའི་དོན་ཏེ། མི་འཇོན་འཇོན་མདོག མི་ཤེས་ཤེས་མདོག མ་ཡོད་ཡོད་མདོག མཡིན་ཡིན་མདོག་ཟེར་བ་ལྟ་བུ།། མིང་སོགས་འདོགས་པ་འ་འཕུལ་ཡིན།། འདོགས (བྱེད་འབྲེལ་ལས་ཚིག་ད་ལྟ་བ)༡ དོན་ལ་མིང་སོགས་སྦྱར་བའི་དོན་ཏེ། བྱིས་པ་ལ་མིང་འདོགས་མཁན། མིང་འདོགས་ཀྱིན་ཡོད་ཟེར་བ་ལྟ་བུ། ”བཏགས”ནི་འདས་པ་སྟེ། མིང་དུ་བཏགས་པའི་བཏགས་དོན། མིང་དུ་དེ་ལྟ་བཏགས་སོ་ཞེས་པ་ལྟ་བུ། ”གདགས”ནི་མ་འོངས་པ་སྟེ། གདགས་གཞི་གདགས་ཆོས་ལྟ་བུ། ”ཐོགས” ནི་སྐུལ་ཚིག་སྟེ། མིང་དེ་ལྟར་ཐོགས་ཤིག་ཟེར་བ་ལྟ་བུ། ༢ ཐག་པ་སོགས་ཀྱིས་སྦྲེལ་བའི་དོན་ཏེ། རྟ་གདང་ལ་འདོགས་ཀྱིན་ཡོད། གདང་ལ་རྟ་བཏགས། གདགས་བྱའི་རྒྱན་ཆ། རྟ་ཐོགས་ཤིག་ཟེར་བ་ལྟ་བུ།། ལྕགས་མདོང་ཇ་མདོང་མ་འཕུལ་ཡིན།། མདོང ཇ་དང་འོ་མ་སོགས་སྲུབ་སྣོད་མདོང་མོ་སྟེ། ལྕགས་ལས་བཟོས་པའི་ཇ་སྲུབ་མདོང་མོ་རག་ཤན་མ་ཟེར་བ་ལྟ་བུ།། ངོ་གདོང་གདོང་ལེན་ག་ཡིག་འཕུལ།། ངོ་གདོང བཞིན་རས་སམ་ངོ་སྟེ། ངོ་གདོང་ནག་ཀྱང་སེམས་པ་དཀར་ཟེར་བ་ལྟ་བུ།། གདོང་ལེན མདུན་དུ་འགྲོ་ནས་དཀའ་ཚེགས་སོགས་དང་དུ་ལེན་པ་སྟེ། བོད་མི་རིགས་དང་སངས་རྒྱས་བསྟན་པའི་ཞབས་འདེབས་སྒྲུབ་ཕྱིར་དཀའ་ཚེགས་ལ་གདོང་ལེན་བྱེད་ཟེར་བ་ལྟ་བུ།། ཤིང་གི་སྡོང་པོ་ས་སྡོང་ཡིན།། སྡོང་པོ ཡལ་ག་དང་ལོ་འདབ་གྱེས་སའི་རྩ་བ་སྟེ། པད་མའི་སྡོང་པོ། སིལ་ཏོག་སྡོང་པོ་ཟེར་བ་ལྟ་བུ།ཚིག་བསྡུས་ན་སྡོང་ཞེས་འབྲི་ཆོག་སྟེ། ཤིང་སྡོང་། ལྕང་སྡོང་ཟེར་བ་ལྟ་བུ།། སྡོང (བྱེད་མེད་ལས་ཚིག་ད་ལྟ་བ) ༡ འགྲོགས་པ་སྟེ། གྲོགས་དང་སྡོང་བ་བྱེད། གྲོགས་དང་སྡོང་མཁན་ལྟ་བུ། ”བསྡོང”ནི་མ་འོངས་པ་སྟེ། གྲོགས་དང་བསྡོང་དགོས། བསྡོང་བྱའི་གྲོགས་ཞེས་པ་ལྟ་བུ། ”བསྡོངས”ནི་འདས་པ་སྟེ། གྲོགས་པོ་དང་བསྡོངས་ཏེ་འགྲོལྟ་བུ། ”སྡོངས”ནི་སྐུལ་ཚིག་སྟེ། ལྷན་དུ་སྡོངས་ཤིག་ཟེར་བ་ལྟ་བུ། ༢ མཉམ་དུ་འབྲེལ་བ་སྟེ། ཤེད་མེད་གསུམ་བསྡོང་ན་ཤེད་ཅན་གཅིག་ཐུབ་ངེས། མི་མང་ཞལ་བསྡོངས་ནས་གཞུང་ངན་མགོ་རྟིང་སློག་ཟེར་བ་ལྟ་བུ། ༣ ལྷན་དུ་བྱུང་བ་སྟེ། ནད་གཞི་ཚ་གྲང་བསྡོངས་ལྟ་བུ།། འདོད་ཡོན་རེ་འདོད་འ་འཕུལ་དང་།། འདོད་ཡོན འདོད་པའི་ཡོན་ཏན་ཏེ། ཡིད་ཚིམ་པར་བྱེད་ཐུབ་པའི་ནུས་པ། དཔེར་ན། གཟུགས་མཛེས་པ་དང་། སྒྲ་སྙན་པ། དྲི་ཞིམ་པ། རོ་མཆོག་ཏུ་གྱུར་པ། རེག་བྱ་འཇམ་པ་སྟེ། ལྔ་ནི་འདོད་ཡོན་ལྔ་ཡིན།། ༡རེ་འདོད རེ་བ་དང་འདོད་པ་སྟེ། ངས་ཁྱེད་ཀྱི་རེ་འདོད་གཉིས་ཀ་བསྒྲུབ་ངེས་ཡིན་ཟེར་བ་ལྟ་བུ།། ༢རེ་འདོད རེ་བ་བྱེད་འདོད་པ་སྟེ། བུ་ཁྱོད་ལ་རེ་འདོད་གང་ཞིག་ཡོད་དམ། ལྷ་བཞག་ནས་འདྲེ་ལ་རེ་འདོད་ཟེར་བ་ལྟ་བུ། ༡འདོད ༡འཐད་པའམ་དགའ་བ་དང་ཡིད་ལ་ཤར་བའི་དོན་ཏེ། གང་ལ་གང་འདོད། ཅི་འདོད་གང་འདོད་མ་བྱེད། སློབ་སྦྱོང་བྱེད་འདོད་ནས་དཔེ་ཆ་ཉོས། འསོས་དོན་གྲུབ་ཟེར་བ་ལྟ་བུ། ༢ ཁས་ལེན་པའི་དོན་ཏེ། ཆོས་ལུགས་ལ་ལས་འཇིག་རྟེན་བྱེད་པོ་གྱི་ལྷ་ཞིག་ཡོད་པ་འདོད། ཆོས་མེད་སྨྲ་བས་འཇིག་རྟེན་བྱེད་པོ་ཞིག་གཏན་ནས་མེད་པར་འདོད། ནང་པ་སངས་རྒྱས་པས་འཇིག་རྟེན་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཞག་ལ་བརྟན་ནས་བྱུང་བ་འདོད་ཅེས་པ་ལྟ་བུ།། ༢འདོད (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ལམ་ལུགས་སོགས་གསར་དུ་བཙུགས་པའི་དོན་ཏེ། སྲོལ་འདོད་མཁན། སྲོལ་འདོད་ཀྱིན་ཡོད་ལྟ་བུ། ”བཏོད”ནི་འདས་པ་སྟེ། གསར་བཏོད། སྲོལ་བཏོད། ཡི་གེའི་སྲོལ་བཏོད་ཟེར་བ་ལྟ་བུ། ”གདོད”ནི་མ་འོངས་པ་སྟེ། གདོད་བྱའི་ལུགས་སྲོལ། སྲོལ་གདོད་དགོས་ལྟ་བུ། ”ཐོད”ནི་སྐུལ་ཚིག་སྟེ། སྲོལ་ཐོད་ཅིག་ཟེར་བ་ལྟ་བུ། ༢བསྐྲུན་པའམ་བཟོས་པའི་དོན་ཏེ། རྩྭ་ཐང་ལ་ལམ་བཏོད། རི་ལ་ཁུག་བཏོད། ཤིང་ལ་རི་མོ་བཏོད་ཟེར་བ་ལྟ་བུ།། སྡོད་གནས་སྡོད་ཁང་ས་སྡོད་ཡིན།། སྡོད་གནས འདུག་སའི་གནས་སམ་འདུག་ཡུལ་ཏེ། བོད་རྒྱ་གཉིས་ཀྱི་ས་མཚམས་སུ་ས་ཡོམ་རྒྱག་སྟེ་མི་དམངས་ས་ཡ་མང་པོ་ལ་སྡོད་གནས་མེད་པ་བཟོས་ཟེར་བ་ལྟ་བུ།། སྡོད་ཁང འདུག་སའི་ཁང་པ་སྟེ། ས་ཡོལ་བརྒྱབ་ཤུལ་དུ་སྡོད་ཁང་གསར་རྒྱག་ཆེད་ཕྱི་རྒྱལ་ཁག་ནས་རོགས་དངུལ་གཏོང་བ་རྣམས་ནང་སྲིད་ལས་ཁུངས་ནས་ག་སོང་ཆ་མེད་དུ་བྱས་ཟེར་བ་ལྟ་བུ།། སྡོད (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ་སྐུལ་ཚིག)གནས་པའམ་འདུག་པ་སྟེ། སྡོད་ས། སྡོད་མཁན། སྡོད་ཅིག་ཟེར་བ་ལྟ་བུ། ”བསྡོད”ནི་འདས་པ་སྟེ། སྔོན་ཆད་ལྷ་ས་ལ་རྒྱུན་རིང་བསྡོད་མྱོང་ཟེར་བ་ལྟ་བུ།། ཡི་གེ་འདོན་པ་འ་འདོན་དང་།། འདོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ དཔེ་ཆ་ཀློག་པའི་དོན་ཏེ། འཕྲིན་ཡིག་འདོན་གྱིན་འདུག ཡི་གེ་འདོན་ཟེར་བ་ལྟ་བུ། ”བཏོན”ནི་འདས་པ་སྟེ། དཔེ་ཆ་བཏོན། གསར་འགྱུར་བཏོན་ལྟ་བུ། ”གདོན”ནི་མ་འོངས་པ་སྟེ། གདོན་བྱའི་དཔེ་ཆ་ཟེར་བ་ལྟ་བུ། ”ཐོན”ནི་སྐུལ་ཚིག་སྟེ། ཚགས་པ་ཐོན་ཅིག་ཟེར་བ་ལྟ་བུ། ༢ ཕྱི་ལ་ཕྱུངས་བ་སྟེ། རྡོ་སོལ་གྱི་གཏེར་བཏོན། ས་འོག་ནས་རྡོ་སོལ་བཏོན། ནག་ཉེས་རྗེན་པར་བཏོན་ཟེར་བ་ལྟ་བུ། ༣ བཤད་པ་སྟེ། ཚིག་མགོ་བཏོན་པ་ཙམ་གྱིས་ཚིག་མཇུག་ཧ་གོ གྲོས་མགོ་བཏོན་ཟེར་བ་ལྟ་བུ།། གདོན་འདྲེའི་གདོན་ནི་ག་གདོན་ཡིན།། ༡གདོན མི་མིན་གྱི་གནོད་བྱེད་ཅིག་སྟེ། ཁོའི་སེམས་ལ་གདོན་ཞུགས་ཏེ་ཁོ་སྨྱོས་སོང་། སྟེང་གདོན་གཟའ་དང་རྒྱུ་སྐར། བར་གདོན་བཙན་དང་རྒྱལ་པོ། འོག་གདོན་ཀླུ་དང་ས་བདག་བཅས་དམངས་ཁྲོད་དུ་བཤད་སྲོལ་ཡོད།། ༢གདོན དཔེ་ཆ་ཀློག་པའི་དོན་དུ་གོ་བའོ་འདོན་གྱི་མ་འོངས་པ་སྟེ། གདོན་བྱའི་དཔེ་ཆ་ཟེར་བ་ལྟ་བི།། ༣གདོན ཐེ་ཚོམ་སྟེ། ཐེ་ཚོམ་མི་ཟ་བ་ལ་གདོན་མི་ཟ་ཟེར་བ་ལྟ་བུ།། འཇལ་ཚོད་འདོམ་ལ་ཡང་འཇུག་མེད།། ༡འདོམ རིང་ཐུང་འཇལ་བའི་ཚད་གཞི་རུ་ལག་པ་གཉིས་བརྒྱངས་བའི་བར་ཐག་གི་མིང་སྟེ། འདོམ་གང་ལ་ཁྲི་བཞི་ཡོད། དཔེར་ན། རིང་ཐུང་འདོམ་པས་ཚད། ཡང་ལྗིད་རྒྱ་མས་བཀྱག་ཟེར་བ་ལྟ་བུ།། ༢འདོམ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཕྱོགས་གཅིག་ཏུ་ཚོགས་པའམ། མཉམ་དུ་འཛོམས་པ་སྟེ། ངོ་ཤེས་པ་མང་པོ་དུས་གཅིག་ཏུ་འདོམ་ཐུག་བྱུང་བ། ཆུ་གཉིས་འདོམ་པའི་མཚམས། ལས་ཀ་བྱ་རྒྱུ་མང་པོ་ཞིག་འདོམ་ཡོང་ཟེར་བ་ལྟ་བུ། ”འདོམས”ནི་འདས་པ་སྟེ། ལས་ཀ་མང་པོ་ཞིག་འདོམས་ཡོད་སྟབས་བྲེལ་བ་ཆེན་པོ་འདུག་ཟེར་བ་ལྟ་བུ།། བཀོད་འདོམས་འདོམས་ལ་ཡང་འཇུག་ཡོད།། བཀོད་འདོམས འདི་བྱོས་འདི་མ་བྱེད་ཞེས་སློབ་སྟོན་བྱེད་པའི་ཐབས་ཇུས་ཏེ། དམག་སྤྱི་ཆེན་མོས་དམག་མི་ཚོར་ལ་ལོ་གཅིག་གི་བྱེད་ཕྱོགས་བཀོད་འདོམས་བྱེད་པ་ཟེར་བ་ལྟ་བུ།། ༡འདོམས (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག)ཕན་པའི་ཚིག་གི་བསླབ་བྱ་བཏང་བ་སྟེ། བསླབ་བྱ་འདོམས་མཁན། སློབ་སྦྱོང་བྱེད་པ་འདོམས་ཤིག་ཟེར་བ་ལྟ་བུ། ”གདམས”ནི་འདས་པ་སྟེ། དགེ་རྒན་གྱིས་སློབ་མ་ལ་སློབ་སྦྱོང་བྱེད་པར་གདམས་ལྟ་བུ། ”གདམ”ནིམ་འོངས་པ་སྟེ། གདམས་ངག་གདམ་པར་བྱ། དགེ་རྒན་གྱིས་ཞལ་གདམ་ཞེས་པ་ལྟ་བུ།། ༢འདོམས ཕོ་མོའི་མཚན་མའི་གནས་ཡུལ་ཏེ། འདོམས་ཀྱི་སྦ་བ། འདོམས་ཀྱི་ཕྱོགས། ༣འདོམས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)མང་པོའི་ནང་ནས་གང་རུང་ཞིག་སྒྲུག་པའི་དོན་ཏེ། འགྲོ་ལམ་རང་གིས་འདོམས་ཤིག་ལྟ་བུ། ”བདམས”ནི་འདས་པ་སྟེ། མང་པོའི་ཁྲོད་ནས་བདམས་ཏེ་ཉོས་ལྟ་བུ། ”འདམ”ནི་ད་ལྟ་བ་སྟེ། འགྲོ་ལམ་རང་གིས་འདམ། འབྲས་བུ་རང་གིས་མྱོང་ཟེར་བ་ལྟ་བུ། ”བདམ”ནི་མ་འོངས་པ་སྟེ། བདམ་བྱའི་འཐུས་མི་བདམ་པར་བྱ་ཟེར་བ་ལྟ་བུ།། གྲངས་ཀྱི་སྡོམ་ནི་ས་སྡོམ་ཡིན།། ༡སྡོམ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)མཉམ་དུ་བསྡུས་པ་སྟེ། གྲངས་ཀ་རྣམས་ལྷན་དུ་སྡོམ་གྱིན་ཡོད། ལྷན་དུ་སྡོམ་མཁན་ཞེས་པ་ལྟ་བུ། ”བསྡོམ”ནི་མ་འོངས་པ་སྟེ། གྲངས་ཀ་རྣམས་ལྷན་དུ་བསྡོམ་དགོས། བསྡོམ་བྱའི་གྲངས་ཀ་ཞེས་པ་ལྟ་བུ། ”བསྡོམས”ནིའདས་པ་སྟེ། རྒྱ་གར་སེར་བྱེས་གྲྭ་ཚང་གི་གྲྭ་པའི་ཁ་གྲངས་བསྡོམས་ན་བཞི་སྟོང་ལྷག་ཙམ་ཡོད་ཟེར་བ་ལྟ་བུ། ”སྡོམས”ནི་སྐུལ་ཚིག་སྟེ། སློབ་མའི་ཁ་གྲངས་སྡོམས་ཤིག་ཟེར་བ་ལྟ་བུ།། ༢སྡོམ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ དངོས་པོ་མང་པོ་ལྷན་དུ་བསྡུས་ནས་ཐག་པ་སོགས་ཀྱིིས་འཆིང་བ་སྟེ། བུད་ཤིང་ཐག་པའི་སྡོམ་པ་བྱེད། སྡོམ་གྱིན་འདུག་ལྟ་བུ། ”བསྡམས”ནི་འདས་པ་སྟེ། བུད་ཤིང་བསྡམས་ནས་ཤིང་རྟར་རྩིག་ལྟ་བུ། ”བསྡམ”ནི་མ་འོངས་པ་སྟེ། བུད་ཤིང་རྣམས་ཐག་པས་བསྡམ་དགོས་ལྟ་བུ། ”སྡོམས”ནི་སྐུལ་ཚིག་སྟེ། བུད་ཤིང་རྣམས་སྡོམས་ཤིག་ཟེར་བ་ལྟ་བུ། ༢ དམ་པོ་འཆིང་པའི་དོན་ཏེ། སྐེ་རགས་བསྡམས། ལག་པས་དམ་པོར་བསྡམས། སྡོམ་བྱེད་ཟེར་བ་ལྟ་བུ། ༣ སྒྲིག་ཁྲིམས་སོགས་དམ་པོ་བྱེད་པའམ་སྒྲིག་ཁྲིམས་ལས་མི་འདའ་བར་བྱེད་པའི་དོན་ཏེ། སྒེར་སེམས་བསྡམས། སྒྲིག་ལམ་བསྡམས་ནས་སྤྱོད་ངན་བཅོས། གསང་རྒྱ་བསྡམས། སྔོན་ཆད་ལ་འགྱོད་སེམས་དང་ཕྱིན་ཆད་ལ་སྡོམ་སེམས་ཟེར་བ་ལྟ་བུ།། ༼ན༽ གནའ་དུས་གནའ་ནི་ག་གནའ་དང་།། གནའ་དུས སྔོན་གྱི་དུས་ཏེ། གནའ་དུས་ཀྱི་དངོས་རྫས་རྙིང་པ་དང་ཡུལ་ལུང་གི་རྗེས་ཤུལ་ཟེར་བ་ལྟ་བུ།། གནའ ཡུན་རིང་ལོན་པའི་སྔོན་གྱི་མིང་སྟེ། གནའ་གཏམ། གནའ་བོ། གནའ་གཤིས། གནའ་མི། གནའ་རབས་ཟེར་བ་ལྟ་བུ།། མནའ་མའི་མནའ་ནི་མ་མནའ་ཡིན།། མནའ་མ བུ་ཡི་ཟླ་བོའམ་བག་མ་སྟེ། གནའ་མ་དང་ཨ་མ་མི་མཐུན་བྱི་ཉེས། མག་པ་དང་ཨ་མ་མི་མཐུན་བྱི་ཉེས་ཟེར་བ་ལྟ་བུ།། ཉན་བྱེད་རྣ་བ་ར་རྣ་དང་།། རྣ་བ སྒྲ་ཉན་བྱེད་ཀྱི་དབང་པོ་སྟེ། རྣ་བའི་ཐོས་པ་བརྒྱ་ལས་མིག་གི་མཐོང་བ་གཅིག་དགའ་ཟེར་བ་ལྟ་བུ།། སྣ་ཚོགས་སྣ་ཁུང་ས་སྣ་འོ།། སྣ་ཚོགས སྣ་ཁ་མི་འདྲ་བ་མང་པོ་ཚོགས་པ་སྟེ། ཚོས་གཞི་སྣ་ཚོགས་ཡོད་པའི་རས་ཁྲ། འདྲ་མི་སྣ་ཚོགས་ཟེར་བ་ལྟ་བུ།། སྣ་ཁུང སྣ་ཡི་ཁུང་བུ་སྟེ། སྣ་བུག་ཀྱང་ཟེར། དཔེར་ན། ཆམ་པ་ན་ནས་སྣ་ཁུང་འགག་ཟེར་བ་ལྟ་བུ།། ༡སྣ དྲི་མ་སྣོམ་བྱེད་ཀྱི་དབང་པོ་སྟེ། མེ་ཏོག་གི་དྲི་ཞིམ་སྣ་ཡིས་སྣོམ་ཟེར་བ་ལྟ་བུ།། ༢སྣ སྣེ་མོ་སྟེ། རི་སྣ། ལམ་སྣ། བྲག་སྣ་ཞེས་པ་ལྟ་བུ།། ༣སྣ རིགས་ཏེ། ཟས་སྣ། གོས་སྣ། ཚོན་སྣ། སྨན་སྣ་ཟེར་བ་ལྟ་བུ།། ཁ་དོག་ནག་པོར་ཡང་འཇུག་མེད།། ༡ནག་པོ ཁ་དོག་གི་བྱེ་བྲག་ཅིག་སྟེ། སོལ་བ་དང་ཕོ་རོག་གི་ཁ་མདོག་ལྟ་བུ། དཔེར་ན། རས་ནག་པོ་དང་རས་དཀར་པོ་ཟེར་བ་ལྟ་བུ། བསྡུས་ན་ནག་བཅས་འབྲི་ཆོག་སྟེ། སྤྲིན་ནག ནག་ཁྲ། ནག་ཐིག ནག་རྩི་ཟེར་བ་ལྟ་བུ།། ༢ནག་པོ ཧ་ཅང་ངམ་ཤིན་ཏུ་ཞེས་པའི་དོན་ཏེ། དཔེ་ནག་པོ་བསགས་སོང་། ཧ་ནག་པོ་ལས་སོང་། དགྲ་བོ་དགྲ་ནག ལྐུགས་པ་ལྐུགས་ནག་ཟེར་བ་ལྟ་བུ།། ༣ནག་པོ ཉེས་པ་དང་ངན་པའི་དོན་ཏེ། དཀར་པོ་ལ་གྱེན་འདེད་དང་ནག་པོ་ལ་ཐུར་འདེད། ལས་ནག་པོ་མ་སོག ནག་མེད་ཉེས་བཙུགས། ནག་མེད་ནག་འཁེལ། ནག་ཚང། ནག་ལས། ནག་ལྷད། མི་ནག་མེད་ལ་ནག་དང་། སྒོ་ང་ཟུར་མེད་ལ་ཟུར་ཟེར་བ་ལྟ་བུ།། ནགས་ཚལ་ནགས་ལ་ཡང་འཇུག་ཡོད།། ནགས་ཚལ རང་བྱུང་གིས་སྐྱེ་བའི་ཤིང་རིགས་མང་པོ་ཡོད་སའི་ཤིང་ནགས་ཏེ། ནགས་ཚལ་སྟུག་པོའི་ནང་་ན་གཅན་གཟན་དང་རི་དྭགས་མང་ཟེར་བ་ལྟ་བུ།། ནགས ལྗོན་ཤིང་མང་པོ་སྐྱེས་ཡོད་པའི་ཚལ་གྱི་མིང་སྟེ། ནགས་སྟུག་པོ། ནགས་འཐུབས་པོ། ནགས་ཀྱི་ཤིང་མི་དྲང་བ་མ་རེད། ཤིང་མཁན་གྱི་ཐིག་མི་དྲང་བ་རེད་ཟེར་བ་ལྟ་བུ།། གནག་ཕྱུགས་གནག་སེམས་ག་གནག་དང་།། གནག་ཕྱུགས འབྲི་གཡག་དང་མཛོ་མཛོ་མོ་བཅས་པའི་ཕྱུགས་རིགས་སྟེ། གནག་ཕྱུགས་ཀྱི་ཁྱུ་ཚོགས་ཆེན་པོ་ཞིག་རི་ལ་རྩྭ་ཟ་བཞིན་འདུག་ཟེར་བ་ལྟ་བུ།། གནག་སེམས གནོད་སེམས་འཆང་བའི་སེམས་ངན་པ་སྟེ། དགྲ་གཉེན་སུ་ཡིན་རུང་གནག་སེམས་འཛིན་མི་རུང་ཟེར་བ་ལྟ་བུ།། ༡གནག གནག་ཕྱུགས་དང་འདྲ་སྟེ། གནག་རྫི་བུ་མོས་འབྲོག་གླུ་ལེན། གནག་ཁྱུ། གནག་རྗེས། གནག་ནད་ཟེར་བ་ལྟ་བུ།། ༢གནག གནག་སེམས་དང་འདྲ་སྟེ། ཞེ་གནག་པོ་དུག་དང་འདྲ་བ། སེམས་པ་གནག་པོ། ཚིག་གནག་པོ། མི་ལ་གནག་པོ་བྱེད་མི་རུང་ཟེར་བ་ལྟ་བུ།། སྣག་ཚ་སྣག་བུམ་ས་སྣག་ཡིན།། ༡སྣག་ཚ ཡི་གེ་འབྲི་བྱེད་ཀྱི་ཚོན་རྩི་སྟེ། སྣག་སྨྱུག་དང་དུ་སྣག་ཚ་རྫོགས་ན་ཡི་གེ་འབྲི་མི་ཐུབ་ཟེར་བ་ལྟ་བུ།། ༢སྣག་ཚ སྣག་གི་ཚ་བི་ཞེས་པའི་བསྡུས་མིང་སྟེ། མ་ཕྱོགས་ཀྱི་གཉེན་ཚན། བུ་འདི་ནི་ངའི་སྣག་ཚ་ཡིན་ཟེར་བ་ལྟ་བུ།། ༡སྣག ཡི་གེ་འབྲི་བྱེད་ཀྱི་སྣག་ཚ་སྟེ། སྣག་སྔོན་པོ། སྣག་དམར་པོ་ཟེར་བ་ལྟ་བུ།། ༢སྣག མ་དང་སྲིང་མོའི་རྒྱུད་ལས་བྱུང་བའི་གཉེན་བཤེས་ཀྱི་མིང་སྟེ། མའི་རྒྱུད་ཀྱི་གཉེན་བཤེས་ལ་སྣག་གི་གཉེན་མཚམས་ཟེར་བ་ལྟ་བུ།། ༣སྣག རུས་པ་དང་ཛར་ཛར་མེད་པའི་ཤ་སྟེ། ཁ་སྐད་དུ་ཤ་སྣག་ཟེར།། བཀའ་མོལ་གནང་སོགས་ཡང་འཇུག་མེད།། གནང (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ་འདས་པ) ༡ བྱ་བ་དང་ལས་ཀ་སོགས་བྱས་པའི་ཞེ་ས་སྟེ། སློབ་འཁྲིད་གནང་། བཀའ་མོལ་གནང་། དཔེ་འཁྲིད་གནང་ཟེར་བ་ལྟ་བུ། ”གནོངས”ནི་སྐུལ་ཚིག་སྟེ། དཔེ་འཁྲིད་གནང་ཤིག་ཟེར་བ་ལྟ་བུ། ༢ བྱེན་པའི་ཞེ་ས་སྟེ། བྱས་རྗེས་བཞག་པར་བྱ་དགའ་གནང་། དགའ་རྟགས་གནང་། བྱ་དགའ་གནང་བཞིན་པ་ཟེར་བ་ལྟ་བུ།། གནངས་ཉིན་གནངས་དགོང་ཡང་འཇུག་ཡོད།། གནངས་ཉིན སང་ཉིན་གྱི་ཕྱི་ཉིན་ཏེ། གནངས་ཉིན་རེས་གཟའ་མིག་དམར་རེད། སང་ཉིན་དང་གནངས་ཉིན་གང་རུང་ལ་འགྲོ་འིན་ཡིན་ཟེར་བ་ལྟ་བུ།། གནངས་དགོང གནངས་ཉིན་གྱི་དགོང་མོ། གནངས་དགོང་ལྟད་མོ་གསར་པ་ཞིག་བསྟན་གྱི་རེད་ཟེར་བ་ལྟ་བུ།། ཞིང་གི་རྣང་མ་ར་རྣང་དང་།། རྣང་མ ཞིང་ཆུ་ཁོད་སྙོམས་འགྲེམས་བའི་ཆེད་དུ་འཐེན་བའི་ས་འབུར་ཏེ། ཡུལ་སྐད་ལ་ལར་རྣང་མ་ལ་ཞིང་ཚིགས་ཟེར།། རྣང ཞིང་གི་བརྡ་རྙིང་ཡིན།། སེམས་ཀྱི་སྣང་བ་ས་སྣང་ཡིན།། སྣང་བ བསམ་ངོའི་འཆར་སྒོ་སྟེ། ཤེས་ཡོན་མེད་ཀྱང་སྣང་བ་མཐོ། རང་གིས་རང་ཉིད་རང་རྐྱ་ཐུབ་པའི་རྫས་སུ་སྣང་བའི་སྣང་བ་ཟེར་བ་ལྟ་བུ།། སྣང་བ འོད་ཀྱི་མིང་སྟེ། སྣང་བ་དང་མུན་པ། ཉི་མའི་སྣང་བ། ལམ་སྒྲོན་ལས་སྣང་བ་ཆེན་པོ་གསལ་ཟེར་བ་ལྟ་བུ།། ༡སྣང སེམས་དང་དབང་པོའི་ཡུལ་དུ་གྱུར་བའི་དོན་ཏེ། མིག་ལ་མངོན་སུམ་དུ་སྣང། གང་སྣང་བདེན་པར་མ་འཛིན་རི་དྭགས་ཤིང་ནགས་ནང་དུ་བྲོས་ནས་མི་སྣང་བར་གྱུར་ཟེར་བ་ལྟ་བུ།། ༢སྣང ཡིད་ལ་ཤར་བའི་རྣམ་པ་དང་མྱོང་ཚོར་ཏེ། སྐྱིད་སྣང། དགའ་སྣང། སྐྲག་སྣང། དོགས་སྣང། འཇིགས་སྣང་ཟེར་བ་ལྟ་བུ།། ༣སྣང ཡོད་པའམ་གནས་པའི་དོན་ཏེ། ལས་དོན་འདི་ལ་ཐབས་ཤེས་སྣང་ངམ་མི་སྣང། ཚ་ཟེར་ཞེས་པ་ཉི་མའི་མིང་དུ་སྣང། ཟེར་སྒྲོས་འདི་ལྟ་བུ་ཕལ་སྐད་དུའང་སྣང་ཟེར་བ་ལྟ་བུ།། གནད་འགག་གནད་དོན་རྗེས་འཇུག་ད།། གནད་འགག གནོད་དོན་གྱི་འགག་སྒོ་སྟེ་གལ་ཆེ་སའམ་གཞི་རྩ། ལས་དོན་གང་ཡིན་ཡང་གནད་འགག་ཆེ་ས་ནས་བསམ་བློ་གཏོང་དགོས་པ་དང་། གནད་འགག་ཆུང་ས་ནས་ལག་ལེན་བསྟར་དགོས་ཟེར་བ་ལྟ་བུ།། གནད་དོན གནད་འགག་ལ་ཐུག་པའི་དོན་དག་སྟེ། གནད་དོནའདི་ཡི་བྱུང་རིམ་གཙོ་བོ་ནི། སྲིད་གཞུང་གིས་མི་རིགས་རང་སྐྱོང་གི་གནད་དོན་ཐག་གཅོད་ཡག་པོ་ཞིག་མ་བྱས་པའི་ཉེས་འབྲས་རེད་ཟེར་བ་ལྟ་བུ།། ༡གནད ལུས་ཀྱི་སྲོག་རྩ་སྟེ། གནད་གཅོད་པ། གནད་འཆད་པ་ཟེར་བ་ལྟ་བུ།། ༢གནད གལ་ཆེ་སའམ་རྩ་བ་ཐུག་ས་སྟེ། གནད་དུ་ཕོག་པ། གནད་བསྡུས་དོན་སྙིང་། གནད་ལ་བཀར་བ་ཟེར་བ་ལྟ་བུ།། གནས་སྐབས་གནས་ཚུལ་རྗེས་འཇུག་ས།། ༡གནས་སྐབས དུས་ཡུན་ཐུང་ངུ་། འཕྲལ་ལམ་རེ་ཞིག དུས་གཏན་ནམ་ཕུགས་མ་ཡིན་པ་སྟེ། མཐར་ཐུག་གི་བདེ་སྐྱིད་ལ་དམིགས་ནས་སློབ་སྦྱོང་བྱེད་པ་ལས་གནས་སྐབས་ཀྱི་བདེ་བ་ཙམ་ལ་ཆགས་ནས་སྡོད་མི་རུང་ཟེར་བ་ལྟ་བུ།། ༢གནས་སྐབས དུས་ཡུན་ངེས་ཅན་ཞིག་གི་མིང་སྟེ། རྣམ་ཤེེས་དྲུག་མི་གསལ་བ་གཉིད་ཐུག་པོ་ཁུག་པའི་གནས་སྐབས། དེ་ལས་ཡིད་འདི་བྱེད་དང་བཅས་པ་རྨི་ལམ་གྱི་གནས་སྐབས། ཚོགས་དྲུག་ཡུལ་ལ་འཇུག་པ་ཐ་མལ་གྱི་གནས་སྐབས་ཏེ། སད་པའི་གནས་སྐབས་ཟེར་བ་ལྟ་བུ།། གནས་ཚུལ གནས་ལུགས་ཏེ། ཡོང་སྟངས་དང་ཆགས་སྟངས། དཔེར་ན། དངོས་ཡོད་གནས་ཚུལ། གནས་ཚུལ་ངོ་མ། གནས་ཚུལ་གང་འདྲ་འདུག སྣང་ཚུལ་དང་གནས་ཚུལ་མི་འདྲ་ཟེར་བ་ལྟ་བུ།། ༡གནས ཡོད་པའམ། སྡོད་པ། འཚོ་བ་སྟེ། ཡུལ་འདི་ན་ཆུ་གནས་སམ། ཆུ་འདིའི་ནང་ཉ་མོ་གནས་ཐུབ་བམ། ཆུ་ལ་གནས་པའི་ཉ་སྲམ། རི་ལ་གནས་པའི་རི་དྭགས་ཟེར་བ་ལྟ་བུ།། ༢གནས གོ་ས་སྟེ། དཔོན་གནས། མཆོད་གནས། ༣གནས སྡོད་ས་སྟེ། གནས་ཁང་། གནས་མཆོག སྤྲེའུའི་གནས་ཞེས་པ་ལྟ་བུ།། འོག་ཏུ་མནན་པ་མ་མནན་དང་།། མནན (བྱེད་འབྲེལ་ལས་ཚིག་འདས་པ) ༡ ཐོག་ངོས་ནས་ལྗིད་ཇེ་ཆེར་བཏང་བ་སྟེ། ལག་པས་མར་མནན་ལྟ་བུ། ”གནན”ནི་མ་འོངས་པ་སྟེ། འོག་ཏུ་གནན་པར་བྱ་ལྟ་བུ། ”གནོན”ནི་ད་ལྟ་བ་སྟེ། ཐོག་ནས་གནོན་གྱིན་འདུག་ལྟ་བུ། ”ནོན”ནི་སྐུལ་ཚིག་སྟེ། ཐོག་ནས་ནོན་ཅིག རྡོས་ནོན་ཅིག་ཟེར་བ་ལྟ་བུ། ༢ཕམ་པར་བྱེད་པ་སྟེ། དགྲ་བོ་ཟིལ་གྱིས་མནན། དགྲ་བོས་གནོན་མི་ཐུབ་ཟེར་བ་ལྟ་བུ། ༣ ཞན་དུ་བཏང་བའམ་མེད་པར་བཏང་བ་སྟེ། སྨན་གྱིས་ནད་མགོ་མནན། ཟས་ཀྱིས་ལྟོགས་མགོ་ནོན། དགྲ་ལ་ཞེ་སྡང་གནོན་ཐབས་ཡོད། ཁོང་ཁྲོ་མར་མནན་ཟེར་བ་ལྟ་བུ།། གྲངས་ཀ་བསྣན་པ་ས་བསྣན་ཡིན།། བསྣན (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ) ༡ དངོས་རྫས་ཀྱི་གྲངས་ཀ་ཇེ་མང་དུ་བཏང་བ་སྟེ། བསྣན་བྱའི་གྲངས་ཀ བསྣན་པའི་ཁ་གྲངས་ཞེས་པ་ལྟ་བུ། ”སྣོན”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། ཆུ་ཁྲོ་ནང་དུ་ཆུ་སྣོན་མཁན། ཟངས་ངར་ཆུ་སྣོན་མཁན། དཀར་ཡོལ་དུ་ཇ་སྣོན་ཅིག་ཟེར་བ་ལྟ་བུ། ༢ གྲངས་རིགས་གཉིས་ཡན་བསྲེས་པ་སྟེ། བཞི་ལ་བཞི་བསྣན་ན་བརྒྱད་ཡིན། སྣོན་རྩིས། སྣོན་རྟགས་ཟེར་བ་ལྟ་བུ།། ནམ་མཁའ་ནམ་ཞིག་ཡང་འཇུག་མེད།། ནམ་མཁའ ཐོགས་རེག་མེད་པའི་བར་སྣང་སྟོང་པ་སྟེ། ཆར་སྤྲིན་ནག་པོས་ནམ་མཁའ་ཡོངས་སུ་དཀྲིགས། བྱ་རིགས་འགའ་ཞིག་ནམ་མཁའ་ལྡིང་སྐིར་རྒྱག་ཟེར་བ་ལྟ་བུ།། ནམ་ཞིག དུས་ངེས་མེད་སྟོན་བྱེད་དེ། དུས་སྐབས་ཤིག་གམ་ཉིན་ཞིག་གི་དོན། དཔེར་ན། ནམ་ཞིག་ང་རང་ལྷ་སར་འགྲོ་ངེས་ཡིན། ཁོ་ཚོའི་རྫུན་རྐུབ་ནམ་ཞིག་བུད་ངེས་ཡིན་ཟེར་བ་ལྟ་བུ། ༡ནམ གང་གི་དུས་སུ་ཞེས་པའི་དོན་ཏེ། སློབ་གྲྭ་ནམ་འགྲོ རྒྱུ་མེད་པའི་འབྲས་བུ་ནམ་ཡང་ཐོས་མ་མྱོང་ལ་ནམ་ཡང་ཐོས་མི་སྲིད་ཟེར་བ་ལྟ་བུ།། ༢ནམ མཚན་དུས་ཀྱི་མིང་སྟེ། ནམ་སྟོད། ནམ་སྨད། ནམ་གུང་ཟེར་བ་ལྟ་བུ།། ༣ནམ ནིང་མཐའ་ན་ཡི་རྗེས་སུ་སྦྱོར་བའི་ཐེ་ཚོམ་སྟོན་བྱེད་ཀྱི་སྒྲའི་རྐྱེན་ཞིག་སྟེ། བོད་མི་རིགས་ལ་ཕན་ནམ་མི་ཕན། ཁ་སྙན་མོ་འདི་དག་ང་ཚོའི་དགྲ་བོ་ཡིན་ནམ་གྲོགས་པོ་ཡིན་ཟེར་བ་ལྟ་བུ།། བསོད་ནམས་ནམས་ལ་ཡང་འཇུག་ཡོད།། བསོད་ནམས རྣམ་དཀར་དགེ་བའི་ལས་སྟེ། ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ་སོགས་ནི་བསོད་ནམས་ཀྱི་འབྲས་བུ་ཡིན་ཟེར་བ་ལྟ་བུ།། རྣམ་གྲངས་རྣམ་འགྱུར་ཡང་འཇུག་མེད།། རྣམ་གྲངས མི་འདྲ་བའི་དབྱེ་བའི་རྣམ་པ་སྟེ། མིང་མི་འདྲ་བ་མང་པོ་ཡོད་པ་ལ་མིང་གི་རྣམ་གྲངས་ཟེར་བ་དང་། དོན་མི་འདྲ་བ་མང་པོ་ཡོད་པ་ལ་དོན་གྱི་རྣམ་གྲངས་ཟེར་བ་ལྟ་བུ།། རྣམ་འགྱུར རྣམ་པ་སྟོན་སྟངས་ཏེ། སེམས་ཅན་སྡུག་ངལ་བ་མཐོང་ནས་ཡིད་སྐྱོ་བའི་རྣམ་འགྱུར་ཐོན་ཟེར་བ་ལྟ་བུ།། ༡རྣམ རིགས་སམ་དབྱེ་བ་སྟེ། རྣམ་པ་སྣ་ཚོགས། ཤེས་བྱའི་རྣམ་པ་ཟེར་བ་ལྟ་བུ།། ༢རྣམ ཚུལ་དང་སྟངས་ཀ་སྟེ། སྐད་ཆ་ཤོད་པའི་རྣམ་པ། དགའ་བའི་རྣམ་པ། འཐབ་རྩོད་ཀྱི་རྣམ་པ་ཟེར་བ་ལྟ་བུ།། ༣རྣམ དབྱིབས་དང་ཁ་དོག་སྟེ། གྲུ་བཞི་ཡི་རྣམ་པ། དཀར་པོའི་རྣམ་པ་ཟེར་བ་ལྟ་བུ།། ༤རྣམ མིང་གི་མཐར་སྦྱར་ན་གཉིས་ཡན་གྱི་ཚོགས་སྡེ་ལ་འབོད་པའི་ཞེ་ས་སྟེ། ཁྱེད་རྣམ་པ། སྐུ་ཚབ་རྣམ་པ། སྐུ་མགྲོན་རྣམ་པ་ཟེར་བ་ལྟ་བུ།། མང་པོའི་རྣམས་ལ་ཡང་འཇུག་ཡོད།། རྣམས མིང་གི་མཐར་སྦྱར་ན་གཉིས་ཡན་གྱི་ཚོགས་དོན་ལ་འབོད་པའི་ཚིག་སྟེ། ཚོགས་འདུ་ལ་ཡོང་མཁན་རྣམས། སློབ་མ་རྣམས། བུ་ཕྲུག་རྣམས་ཟེར་བ་ལྟ་བུ།། གནམ་གྲུ་གནམ་གཤིས་ག་གནམ་དང་།། གནམ་གྲུ ནམ་མཁའ་ལ་འཕུར་སྐྱོད་བྱེད་པའི་ཡོ་བྱད་ཅིག་སྟེ། གནམ་གྲུ་འབབ་སའི་ཐང་ལ་གནམ་ཐང་ཟེར་བ་དང་། གནམ་གྲུ་གཏོང་མཁན་ལ་གནམ་གྲུ་ཁ་ལོ་བ་ཟེར་བ་ལྟ་བུ།། གནམ་གཤིས ཆར་བབས་མིན་དང་རླུང་འཚུབ་མིན་ཉི་མ་ཤར་མིན་སོགས་གནམ་གྱི་གཤིས་ཀ་སྟེ། གནམ་གཤིས་སྔོན་བསྒྲགས་བྱུང་ན་སད་སེར་འགོག་ཐུབ་ཟེར་བ་ལྟ་བུ།། གྱོན་ཆས་སྣམ་བུར་ས་སྣམ་ཡིན།། ༡སྣམ་བུ བལ་སྐུད་ཀྱིས་བཏགས་པའི་གོས་རྒྱུ་མཐུག་པོ་སྟེ། དེའི་ནང་གསེས་ཡག་ཉེས་ཀྱི་རིམ་པ་ནི། ལེགས་ཤོས་སྤུ་ཆན་ཞུད་འོག དེའི་འོག་སྤུ་ཕྲུག དེའི་འོག་བྱིང་མ། ཐ་མར་ལྭ་བ་ཡིན།། ༢སྣམ་བུ སྟེགས་བུའམ་ཁང་པའི་ལན་ཀན་ལྟ་བུ་སྟེ། རྟ་བབས་ཀྱི་སྣམ་བུ། རྩིག་པའི་ངོས་སྣམ་ཟེར་བ་ལྟ་བུ།། ནད་ཀྱིས་མནར་བར་མ་མནར་དང་།། མནར སྡུག་ལས་བཏང་བའམ་བརྙས་བཅོས་བྱེད་པ་སྟེ། ལུས་གཟུགས་ནད་ཀྱིས་མནར་ཏེ་འཆི་ལ་ཉེ། འཁྱགས་ལྟོགས་ཀྱིས་མནར་བ། ལས་ཀས་མནར་བས་ལུས་ཟུངས་ཟད་ཟེར་བ་ལྟ་བུ།། མཇུག་མ་བསྣར་བ་ས་བསྣར་རོ།། བསྣར (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་འདས་པ)ཐུར་དུ་དཔྱངས་བའམ་རིང་དུ་གཏོང་བ་སྟེ། ཁྱི་ཡིས་མཇུག་མ་བསྣར་ནས་བྲོས། བསྣར་བྱའི་ཐག་པ་ཟེར་བ་ལྟ་བུ། ”སྣོར”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། ཐག་པ་ཐུར་དུ་སྣོར་མཁན། རིང་དུ་སྣོར་ཅིག་ཟེར་བ་ལྟ་བུ།། མནོ་བསམ་མནོ་ནི་མ་མནོ་དང་།། མནོ་བསམ བསམ་བློ་སྟེ། ལས་ཀ་གང་བྱེད་ཀྱང་མནོ་བསམ་ཡག་པོ་ཐོངས་ཟེར་བ་ལྟ་བུ།། ༡མནོ (བྱེད་འབྲེལ་ལས་ཚིག་མ་འོངས་པ)ལེན་པའམ་ཞུ་བ་སྟེ། བསླབ་བྱ་ཚུལ་བཞིན་དུ་མནོ་བ་བྱ་ལྟ་བུ། ”མནོས”ནི་འདས་པ་སྟེ། ལས་འགན་མནོས་པ་ལྟ་བུ། ”ནོད”ནི་ད་ལྟ་བ་སྟེ། གདམས་ངག་ནོད་པ་བྱེད་ལྟ་བུ། ”ནིས”ནི་སྐུལ་ཚིག་སྟེ། གདམས་ངག་ནོས་ཤིག་ཟེར་བ་ལྟ་བུ།། ༢མནོ སེམས་པའམ་བསམ་བློ་གཏོང་བ།། གྲི་ཡི་རྣོ་ནི་ར་རྣོ་ཡིན།། ༡རྣོ གྲི་ལ་སོགས་པའི་སོ་ཡིས་འབིགས་གཅོད་གཞོག་གསུམ་བྱེད་པའི་ནུས་པ་ཆེ་བའི་དོན་ཏེ། རྣོ་ངར་ཡོད་པ། གྲི་འདི་ཧ་ཅང་རྣོ། ཟོར་བ་རྣོ་ན་འབྲེག་སླ་ཟེར་བ་ལྟ་བུ།། ༢རྣོ མྱུར་བའམ་གསལ་བའི་དོན་ཏེ། མིག་རྣོ། རིག་པ་རྣོ། བློ་རྣོ་ལྟ་བུ། རྣོ་བ་ནི་རྣོན་པོ་དང་འདྲ།། གནོད་སྐྱོན་གནོད་འཚེ་ག་འཕུལ་དང་།། གནོད་སྐྱོན འགལ་རྐྱེན་ནམ་འཚེ་བ་སྟེ། བོད་མི་དམངས་ལ་གནོད་སྐྱོན་གཏོང་མཁན། རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་མཁན། ཆུ་ཡི་ཐོན་ཁུངས་ལ་གནོད་སྐྱོན་གཏོང་མཁན་ཟེར་བ་ལྟ་བུ།། གནོད་འཚེ དོ་ཕོག་གམ་གནོད་པ་སྟེ། བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་སྐྱོན་བྱེད་མཁན་དེ་སེམས་ཅན་ཐམས་ཅད་ལ་གནོད་འཚེ་བྱེད་མཁན་ཡིན། བོད་ཀྱི་ཁོར་ཡུག་ལ་གནོད་འཚེ་བྱེད་མཁན་དེ་སེམས་ཅན་ཐམས་ཅད་ལ་གནོད་འཚེ་བྱེད་མཁན་ཡིན་ཟེར་བ་ལྟ་བུ།། གནོད མི་བདེ་བའམ་འགལ་རྐྱེན་བྱེད་པ། གྱོང་གུད་གཏོང་སོགས་ལ་འཇུག་སྟེ། ནད་ཡམས་ལུས་ལ་གནོད། ཚིག་རྩུབ་སེམས་ལ་གནོད། བོད་མི་གནས་སྡོད་བྱེད་ས་རྒྱ་མི་འབོར་ཆེ་སླེབ་པ་འདི་བོད་མི་ལ་མཚན་ན་མངོན་པ་མི་གསལ་བའི་གནོད་སྐྱེལ་ཧ་ཅང་ཆེ་ཟེེར་བ་ལྟ་བུ།། ལྟོ་སྣོད་ཆང་སྣོད་ས་མགོ་ཡོད།། ལྟོ་སྣོད ལྟོ་ཟས་བླུག་སའི་སྣོད་སྤྱད་དེ། ལྟོ་སྣོད་ཆུ་ལ་ཁྲུས་ཤིག་ཟེར་བ་ལྟ་བུ།། ཆང་སྣོད ཆང་བླུག་སའི་སྣོད་དེ། ཆང་བུམ་དང་ཆང་བེན་གཉིས་ཀ་ཆང་སྣོད་ཡིན།། ༡སྣོད ཆུ་དང་འོ་མ། ཆང་སོགས་བླུག་སའི་ཡོ་བྱད་སྤྱིའི་མིང་སྟེ། སྒྱེ་སྣོད། རྫ་སྣོད། ཆུ་སྣོད། འོ་མ་སྣོད་ཀྱི་ཁ་མཉམ་དུ་གང་བ་ཟེར་བ་ལྟ་བུ།། ༢སྣོད སྨན་གཞུང་དུ་ཕོ་བ་དང་ལོང་ག རྒྱུ་མ། མཁྲིས་པ། སྒང་པ། བསམ་སེ་འུ་དྲུག་ལ་སྣོད་དྲུག་ཟེར།། གཉའ་གནོན་གནོན་ཤུགས་ག་གནོན་དང་།། གཉའ་གནོན བཙན་གནོན་ཏེ། བཙན་ཤེད་གཉའ་གནོན་འོག་ཏུ་སྡོད་མི་འདོད་ཟེར་བ་ལྟ་བུ།། གནོན་ཤུགས གནོན་བྱེད་ཀྱི་སྟོབས་ཤུགས་ཏེ། གཉའ་གནོན་གྱི་གནོན་ཤུགས་བཟོད་དཀའ་བར་མི་དམངས་དཔུང་བསྡེབས་ཀྱིས་ངོ་རྒོལ་བྱས་ཟེར་བ་ལྟ་བུ།། གནོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ཐོག་ངོས་སུ་ལྗིད་ཇེ་ཆེར་བཏང་བ་སྟེ། ཐོག་ནས་གནོན་གྱིན་འདུག་ལྟ་བུ། ”མནན”ནི་འདས་པ་སྟེ། ལག་པས་མར་མནན་ལྟ་བུ། ”གནན”ནི་མ་འོངས་པ་སྟེ། འོག་ཏུ་གནན་བར་བྱ་ལྟ་བུ། “ནོན”ནི་སྐུལ་ཚིག་སྟེ། རྡོས་ནོན་ཅིག་ཟེར་བ་ལྟ་བུ། ༢ ཕམ་པར་བྱེད་པ་སྟེ། དགྲ་བོ་ཟིལ་གྱིས་མནན། དགྲ་བོས་གནོན་མི་ཐུབ་ལྟ་བུ། ༣ ཞན་པར་བཏང་བའམ་མེད་པར་བཏང་བ་སྟེ། སྨན་གྱིས་ནད་མགོ་མནན། ཟས་ཀྱིས་ལྟོགས་མགོ་ནོན་ཟེར་བ་ལྟ་བུ།། ཁ་སྣོན་ཤུགས་སྣོན་ས་སྣོན་ཡིན།། ཁ་སྣོན གཞི་རྩ་ཡི་ཁ་ལ་དངོས་རྫས་ཀྱི་གྲངས་ཇེ་མང་དུ་གཏོང་བའི་དོན་ཏེ། ཚད་མ་ལོངས་པ་དེ་ལ་ཁ་སྣོན་རྒྱག་པ་ཟེར་བ་ལྟ་བུ།། ཤུགས་སྣོན ནུས་ཤུགས་ཀྱི་ཁ་སྣོན་ཏེ། བོད་མི་དམངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བོད་མི་རིགས་ཀྱི་མཐུན་སྒྲིག་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་གི་ཞི་བདེ་ལ་ཤུགས་སྣོན་རྒྱག་ཟེར་བ་ལྟ་བུ།། སྣོན (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ དངོས་རྫས་ཀྱི་གྲངས་ཀ་ཇེ་མང་དུ་བཏང་བ་སྟེ། ཆུ་ཁྲོ་ནང་དུ་ཆུ་སྣོན་མཁན། ཟངས་ངར་ཆུ་སྣོན་མཁན། དཀར་ཡོལ་དུ་ཇ་སྣོན་ཅིག་ཟེར་བ་ལྟ་བུ། “བསྣན”ནི་མ་འོངས་པ་དང་འདས་པ་སྟེ། བསྣན་བྱའི་གྲངས་ཀ བསྣན་པའི་ཁ་གྲངས་ཞེས་པ་ལྟ་བུ། ། ༢ གྲངས་རིགས་གཉིས་ཡན་བསྲེས་པ་སྟེ། བཞི་ལ་བཞི་བསྣན་ན་བརྒྱད་ཡིན། སྣོན་རྩིས། སྣོན་རྟགས་ཟེར་བ་ལྟ་བུ།། ནམ་མཁའ་ནམ་ཞིག་ཡང་འཇུག་མེད།། ༼པ༽ རེས་གཟའ་པ་སངས་པ་རྐྱང་དང་།། ༡པ་སངས རེས་གཟའ་ཞིག་སྟེ། སྐར་རྩིས་ཀྱི་གཟའ་བདུན་གྱི་ནང་གི་དྲུག་པ་དང་། གཟའ་འཁོར་བརྩི་སྲོལ་གྱི་ནང་གི་ལྔ་བ་ཡིན།། ༢པ་སངས ཞི་མའི་རྒྱུད་རིམ་ནང་གི་རྒྱུ་སྐར་དགུའི་གཉིས་པའི་མིང་།། རི་ཤིང་སྤ་མ་སྐྲའི་སྤ་ལོ།། པལ་སྱི་མགོ་ཅན་ཡོད།། སྤ་མ ཤུག་པ་དང་འདྲ་བའི་ཤིང་བོངས་ཐུང་ཚེར་མ་ཅན་ལོ་འདབ་སྔོ་བ་ཞིག་སྟེ། བསང་རྫས་དང་མ་གསོས་སུ་མཁོ་བའི་ཤིང་ཞིག།། སྤ་ལོ སྐྲ་ལྷས་མའམ་ལན་བུ། བརྡ་རྙིང་དུ་སྤོབས་པའམ་ཧམ་པ་ལའང་ཟེར།། དཔའ་བོ་དཔའ་མོ་ད་འཕུལ་ལོ།། ༡དཔའ་བོ བློ་ཁོག་ཅན་ནམ་སྙིང་སྟོབས་ཅན་ཏེ། ཕོ་རྒོད་པོའི་ནང་གི་དཔའ་བོ་དེ། ཡིན་མིན་འགག་ལ་གཏུགས་ན་གསལ་ཟེར་བ་ལྟ་བུ།། ༢དཔའ་བོ འཕགས་ཡུལ་གྱི་སློབ་དཔོན་ཞིག་གི་མཚན་ཏེ། སློབ་དཔོན་དཔའ་བོ་ནི་ཆུང་དུས་ནས་བྲམ་ཟེའི་ཆོས་རིག་བྱེད་བཞི་དང་། རིག་བྱེད་ཡན་ལག་བཞི། ཉེ་བའི་རིག་བྱེད་ཡན་ལག་བཞི། ལས་དྲུག་སོགས་ལ་མཁས་པ་སྦྱངས། ཁྱད་པར་དུ་ཡབ་ལས་གསོ་བ་རིག་བ་བསླབ་པས་ཚེགས་མེད་དུ་མཁྱེན། ཕྱི་པའི་བསྟན་པ་ལ་ཞུགས། མཚན་ལ་མུ་སྟེགས་རྟ་དབྱངས་ཟེར། མུ་སྟེགས་རྟག་པ་སྨྲ་བའི་ལུགས་ལ་མཁས་པར་གྱུར་ནས་ནང་པའི་པཎྡི་ཏ་རྣམས་དང་བརྩད་པས་རྟ་དབྱངས་རྒྱལ་ཏེ་ནང་པའི་བསྟན་བ་བསྣུབས་ནས་ཕྱི་པའི་ལུགས་སུ་བསྒྱུར། ཕྱིས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་འཕགས་པ་ལྷས་བརྩད་པས་རྟ་དབྱངས་ཚར་བཅད་དེ་ནང་པའི་རིང་ལུགས་སུ་བསྒྱུར། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱི་སློབ་མ་མཛད། ཕྱི་ནང་གཉིས་ཀྱི་གྲུབ་མཐའ་ཤིན་ཏུ་མཁས་པར་གྱུར། མཚན་དུ་སློབ་དཔོན་དཔའ་བོ་ཞེས་གྲགས།། ༡དཔའ་མོ དཔའ་བློ་ཁོག་དང་ལྡན་པའི་བུད་མེད། ༢དཔའ་མོ འཇིག་རྟེན་ལས་འདས་པའི་བུད་མེད། སྟག་ལྤགས་གཟིག་ལྤགས་ལ་ལྤགས་དང་།། ལྤགས སྲོགས་ཆགས་ཀྱི་པགས་པ་སྟེ་ལུས་ཀྱི་ཕྱི་ངོས། དཔེར་ན། སྟག་ལྤགས། གཟིག་ལྤགས་ཞེས་པ་ལྟ་བུ། པགས་པ་དང་དོན་གཅིག་ཀྱང་། དག་ཡིག་ལུགས་ལྟར་ན་སྔོན་དུ་གཞི་དང་འབྲེལ་ཞིང་། བར་དུ་དྲུག་སྒྲ་མེད་ན་ལ་མགོ་ཅན་གྱི་ལྤགས་པ་འདི་བཞིན་སྦྱོར་རྒྱུ།། བཟའ་བྱའི་སྤགས་ནི་ས་སྤགས་ཡིན།། ༡སྤགས རྩམ་པ་བརྫིས་པའི་བཟའ་བྱ་ཡི་ཟན་རིགས་ཏེ། སྤགས་ཁ་ལ་ཟ་བར་ལམ་ལྟག་ཁུང་ནས་སྐོར་དོན་མེད་ཟེར་བ་ལྟ་བུ།། སྤགས (བྱེད་འབྲེལ་ལས་ཚིག་འདས་པ) ༡ སྲེ་པའམ་འདྲེས་སུ་འཇུག་པ་སྟེ། ཁ་ཟས་སྣ་ཚོགས་སྤགས་ནས་ཟོས་ལྟ་བུ། ”སྤག”ནི་མ་འོངས་པ་སྟེ། སྤག་བྱའི་ཁ་ཟས་སྣ་ཚོགས་ལྟ་བུ། ”སྤོག”ནི་ད་ལྟ་བ་སྟེ། འབྲས་དང་ཚོད་མ་སྤོག་དེ་ཟ་བ་ལྟ་བུ། ”སྤོགས”ནི་སྐུལ་ཚིག་སྟེ། འབྲས་དང་ཚོད་མ་སྤོགས་ཤིག་ཟེར་བ་ལྟ་བུ། ༢ དམའ་ས་ནས་མཐོ་སར་འཕར་བར་བྱེེད་པ་སྟེ། གོ་གནས་སྤགས་ནས་ཇེ་མཐོ་རུ་ཕྱིན། སྤག་བྱའི་གོ་གནས། གོ་གནས་སྤོག་མཁན། ཡར་སྤོགས་ཤིག་ཟེར་བ་ལྟ་བུ།། པང་གདན་པང་ལེབ་པ་རྐྱང་དང་།། པང་གདན བུད་མེད་ཀྱི་པང་ལ་འཆིང་བའི་པང་ཁེབས་ཏེ། ཨ་མ་ལགས་ཀྱི་པང་གདན་དེས་ལྟེ་བ་ནས་པུས་མོའི་བར་ཁེབས་འདུག་ཟེར་བ་ལྟ་བུ།། པང་ལེབ ཤིང་ལེབ་དང་ལྕགས་ལེབ་སོགས་དངོས་པོ་ལེབ་ལེབ་པོ་སྤྱི་ཡི་མིང་སྟེ། སོག་ལེ་ཡིས་ཤིང་སྡོང་པང་ལེབ་ཏུ་དྲ་ཟེར་བ་ལྟ་བུ།། སྤང་རི་སྤང་གཤོངས་ས་སྤང་ཡིན།། སྤང་རི སྤང་རྩྭ་སྐྱེ་བའི་རི་སྟེ། ར་དགའ་བ་རྫ་རི་དང་། ལུག་དགའ་བ་སྤང་རི་ཟེར་བ་ལྟ་བུ།། ༡སྤང་གཤོངས སྤང་ལྗོངས་ཏེ་རྩྭ་སྔོན་གྱིས་ཁྱབ་པའི་ས་ཆ། ། ༢སྤང་གཤོངས སྤང་ལྗོངས་དམའ་ས་སྟེ། སྤང་གཤོངས་ཡོངས་སུ་ནོར་ལུག་གིས་ཁེབས་པ་ཟེར་བ་ལྟ་བུ།། ༡སྤང ༡རྩྭ་སྔོན་ཐུང་ངུ་ཁྱབ་པར་སྐྱེས་པའི་ས་ཆ་སྟེ། དབྱར་ཁའི་སྤང་ལ་མི་སྐྱེ་དགུ་སྐྱེ། འཇིག་རྟེན་མི་ལ་མི་ཡོང་དགུ་ཡོང་ཟེར་བ་ལྟ་བུ། ༢ ཚོན་ལྗང་ཁུ་སྟེ་སྤང་མ་ཡང་ཟེར། ༣ ཟངས་ཀྱི་གཡའ་ལྗང་ཁུ་ལ་ཡང་ཟེར།། ༢སྤང (བྱེད་འབྲེལ་ལས་ཚིག་མ་འོངས་པ) ༡ ཡལ་བར་དོར་བའི་དོན་ཏེ། སྤང་བྱའི་སྤྱོད་ངན། སྤྱོད་ངན་སྤང་བར་བྱ་ལྟ་བུ། ”སྤོང”ནི་ད་ལྟ་བ་སྟེ། འདོད་ཆགས་སྤོང་བ་བྱེད། བྱ་ངན་སྤྱོད་ངན་སྤོང་བཞིན་འདུག་ལྟ་བུ། ”སྤངས”ནི་འདས་པ་སྟེ། བདག་འཛིན་སྤངས་ནས་ཐར་པ་ཐོབ། ལེ་ལོ་སྤངས་ནས་སློབ་སྦྱོང་ལ་བརྩོན་ཞེས་པ་ལྟ་བུ། ”སྤོངས”ནི་སྐུལ་ཚིག་སྟེ། བྱ་ངན་སྤྱོད་ངན་སྤོངས་ཤིག ཐ་མག་སྤོངས་ཤིག་ཟེར་བ་ལྟ་བུ། ༢ ཁ་བྲལ་བའམ་འབྲེལ་མཚམས་བཅད་པའི་དོན་ཏེ། གྲོགས་ངན་སྤང་བར་བྱ། ཆང་སྤང་བར་བྱ་ལྟ་བུ།། སྤངས་བླང་སྤངས་ལ་ཡང་འཇུག་ཡོད།། སྤངས་བླང སྤང་བྱ་དོར་བ་དང་། བླང་བྱ་ལེན་པ་ཞེས་པའི་བསྡུས་མིང་སྟེ། ཁྱེད་ཀྱིས་བླང་དོར་ཡི་གནད་ལ་སྤངས་བླང་ཚུལ་བཞིན་བྱེད་རོགས་ཟེར་བ་ལྟ་བུ།། སྤངས དོར་བའམ་བསལ་བའི་དོན་ཏེ། སྤོང་བའི་འདས་པ། གོང་གི་སྤོང་ལ་གཟིགས།། དཔང་པོའི་དཔང་ནི་ད་དཔང་དང་།། དཔང་པོ ཕྱོགས་གཉིས་བར་བདན་རྫུན་ཤན་འབྱེད་བྱེད་ཀྱི་མི་སྟེ། དཔང་རྟགས་ཁུངས་བཙན་ཡོད་པ་མ་ཟད། དཔང་པོ་ངོ་མའང་ཁྲིམས་རྭ་ན་སླེབས་འདུག་ཞེས་པ་ལྟ་བུ།། དཔང དོགས་པ་གཅོད་བྱེད་ཀྱི་རྟགས་དང་རྟེན་གཞི་སྟེ། ལོ་རྒྱུས་ཀྱི་བདེན་དཔང་ནི་བོད་མི་རིགས་ཀྱི་རྒྱལ་ཁ་དང་། ཀླ་ཀློའི་དཔུང་ཚོགས་ཀྱི་རྫུན་རྐུབ་ལྡོལ་བྱེད་ཡིན་ལྟ་བུ།། མཐོ་དམའི་དཔངས་ལ་ཡང་འཇུག་ཡོད།། དཔངས དངོས་པོའི་མཐོ་ཚད་དེ། རི་བོ་དཔངས་སུ་མཐོ། ཉལ་ཁྲི་འདིའི་དཔངས་ཅུང་དམའ་ཟེར་བ་ལྟ་བུ།། འབྲུ་སོགས་སྤུངས་པ་ས་སྤུངས་དང་།། སྤུངས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)དངོས་རྫས་མང་པོ་ཆབས་ཅིག་ཏུ་བསྡུས་ནས་བསགས་པའི་དོན་ཏེ། འབྲུ་ཁང་དུ་འབྲུ་རིགས་རི་ལྟ་སྤུངས་ནས་བཞག ས་སྤུངས་ཤིག་ལྟ་བུ། ”སྤུང”ནི་ད་ལྟ་བ་དང་མ་འོངས་པ་སྟེ། བུད་ཤིང་རྣམས་ཕྱོགས་གཅིག་ཏུ་སྤུང་བ་བྱ། འབྲུ་རིགས་རི་ལྟ་སྤུང་ཟེར་བ་ལྟ་བུ།། ཕྲག་པའི་དཔུང་དང་དམག་དཔུང་ནི།། ད་དཔུང་ཡིན་པ་བློ་རུ་ངེས།། དཔུང་པ མི་ཡི་ལག་པའི་གྲུ་མོ་ནས་སོག་པའི་བར་གྱི་ལྷུ་ཚིགས་དང་དུད་འགྲོའི་སུག་བཞིའི་ཡན་ལག་སྟོད་མའི་ལྷུ་ཚིགསབར་མའི་མིང་། ཚིག་བསྡུས་ན་དཔུང་ཞེས་འབྲིཆོག་སྟེ། དཔུང་པའི་རུས་པ་ལ་དཔུང་རུས་དང་། དཔུང་པའི་ལྷུ་ཚིགས་ལ་དཔུང་ཚིགས་ཟེར་བ་ལྟ་བུ།། དམག་དཔུང དམག་མི་མང་པོའི་ཚོགས། དམག་དཔུང་རིགས་གསུམ་མཁའ་དམག མཚོ་དམག རྐང་དམག་བཅས་སོ།། ༡དཔུང དཔུང་པ། ༢དཔུང རྒྱབ་རྟེན་ནམ་རྒྱབ་སྣོན་ཏེ། མགོན་སྐྱབས་དཔུང་གཉེར། མི་དམངས་དཔུང་བསྒྲིགས། དམག་དཔུང་ཟེར་བ་ལྟ་བུ།། རྐང་པའི་པུས་མོ་པ་རྐྱང་དང་།། པུས་མོ རྐང་པའི་རྗེ་ངར་དང་བརླ་རུས་འབྲེལ་བའི་ལྷུ་ཚིགས་མཚམས་ཀྱི་མདུན་ཆ་སྟེ། པུས་མོའི་ལྷ་ང་ལ་པུས་ལྷང་ངམ་འཕང་ལོ་ཟེར།། དངོས་པོའི་སྤུས་ཀ་ས་སྤུས་ཡིན།། སྤུས་ཀ དངོས་པོའི་རྒྱུ་དག་སྟེ། བསྡུས་ན་སྤུས་ཞེས་འབྲི་ཆོག དཔེར་ན། རས་སྤུས་ལེགས། ཅ་ལག་སྤུས་དག་ལ་གོང་ཆུང་བ་ཞིག་ཨེ་ཡོད་ཟེར་བ་ལྟ་བུ། ༡སྤུས སྤུས་ཀ་དང་འདྲ།། ༢སྤུས སྤུ་ཡིས་ཞེས་པའི་བྱེད་སྒྲ་བསྡུས་པ་སྟེ། ལུས་ལ་སྤུ་ཡིས་ཁྱབ་པ་ལ་ལུས་ལ་སྤུས་ཁྱབ་ཟེར་བ་ལྟ་བུ།། རེས་གཟའ་སྤོན་པ་ས་སྤོན་ཡིན།། སྤེན་པ རེས་གཟའ་སྤེན་པ་སྟེ། མིང་མཐའ་བསྡུས་ན་སྤེན་ཞེས་འབྲི་ཆོག་སྟེ། ཉི་ཟླ་དམར་ལྷག་ཕུར་སངས་སྤེན། རེས་ལ་འཁོར་བའི་གཟའ་བདུན་ཡིན་ཟེར་བ་ལྟ་བུ།། ༡སྤེན སྤེན་པ་ཡི་མིང་མཐའ་བསྡུས་པ།། ༢སྤེན སྤེན་མ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། སྤེན་མ་ནི་ཤིང་ཕྲན་མེ་ཏོག་དཀར་པོ་དང་སེར་པོ་ཅན། སྡོང་བུ་ལལཤུན་པ་སྲབ་མོ་རིམ་པ་མང་པོ་ཡོད་པ་ཞིག རིགས་སྤེན་དཀར་དང་སྤེན་ནག་གཉིས་ཡོད། ཁང་པའི་མདའ་ཡབ་དང་ཕྱག་མའི་རྒྱུར་འགྲོ་བའི་རྩི་ཤིང་ཞིག་ཡིན།། དར་སྤེལ་ལེགས་སྤེལ་ས་སྤེལ་ཡིན།། དར་སྤེལ དར་རྒྱས་སམ་གང་འཕེལ་བྱེད་པ་སྟེ། ཐོན་སྐྱེད་ལག་རྩལ་དང་ཤེས་ཡོན་སློོབ་གསོ་དར་སྤེལ་གཏོང་བ་ཟེར་བ་ལྟ་བུ།། ལེགས་སྤེལ དགེ་མཚན་རྒྱ་ཆེར་སྤེལ་བ་སྟེ། ལེགས་སྤེལ་ཉེས་འགོག་གི་མདུན་ལམ་འཚོལ་བ་ཞེས་པ་ལྟ་བུ།། ༡སྤེལ ཇེ་མང་དང་ཁྱབ་ཇེ་ཆེར་བཏང་བ་སྟེ། ནང་ཆོས་ཀྱི་ཕུལ་བྱུང་བསླབ་བྱ་རྣམས་སྤྱི་ཚོགས་ལ་སྤེལ་བ་ཟེར་བ་ལྟ་བུ།། ༢སྤེལ སྤེལ་མ་ཞེས་པའི་བསྡུས་ཚིག་སྟེ། རིགས་དང་རྣམ་པ་སོགས་མི་འདྲ་བ་མཉམ་དུ་བསྡེབས་པའི་བྱ་དངོས་ཀྱི་མིང་སྟེ། ཚིག་བཅད་ལྷུག་སྤེལ་མ་ཟེར་བ་ལྟ་བུ།། ཡི་གེ་དཔོད་པ་ད་དཔོད་དང་།། དཔོད མི་ཞིག་གིས་རིམ་བཞིན་བཤད་ནས་མི་གཞན་ཞིག་ལ་ཡི་གེ་འགོད་དུ་འཇུག་པ་སྟེ། ཁྱོད་རང་གིས་ཡི་གེ་འབྲི་རོགས། ངས་དཔོད་ཡོང་ཟེར་བ་ལྟ་བུ།། གནས་སོགས་སྤོས་པ་ས་སྤོས་ཡིན།། ༡སྤོས (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག) ༡ རྐང་པ་འདེགས་འཇོག་བྱས་ནས་སྐྱོད་པའི་དོན་ཏེ། གོམ་པ་སྤོས་ནས་སོང་། གོམ་པ་སྤོས་ཤིག་ཟེར་བ་ལྟ་བུ། ”སྤོ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། གོམ་པ་སྤོ་བ་བྱ། གོམ་པ་སྤོ་བ་བྱེད་ལྟ་བུ། ༢ སྡོད་གནས་རྗེ་བའི་དོན་ཏེ། སྡོད་གནས་ཡུལ་གཞན་དུ་སྤོས་ཟིན། གནས་སྤོ་མཁན་ཟེར་བ་ལྟ་བུ།། ༢སྤོས གླ་རྩི་སོགས་རྫས་དྲི་ཞིམ་ཅན་རྫས་སྦྱོར་ལས་གྲུབ་པའི་དྲི་བཟང་སྟེ། བདུག་སྤོས། བྱུག་སྤོས། སྤོས་ཆབ་ཟེར་བ་ལྟ་བུ།། བཞུ་མར་སྤོར་དང་རིན་གོང་སྤོར།། གོ་གནས་སྤོར་བ་རྗེས་འཇུག་ར།། བཞུ་མར་སྤོར བཞུ་མར་འབར་བ་བྱེད་བ་སྟེ། བཞུ་མ་སྤོར་ཏེ་སྡོད་ཤག་འོད་གསལ་བ་བྱེད་ལྟ་བུ།། རིན་གོང་སྤོར རིན་གོང་གི་གྲངས་རིམ་འཕར་བར་བྱེད་པ་སྟེ། ཚོང་ཟོག་གི་རིན་གོང་སྤོར་བ། དམག་མིའི་ཁ་གྲངས་སྤོར་བ་ལྟ་བུ།། སྤོར (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ འབར་བ་བྱེད་པ་སྟེ། བཞུ་མར་སྤོར་བ། བཞུ་མར་སྤོར་ཤིག་ལྟ་བུ། ”སྤར”ནི་མ་འོངས་པ་དང་འདས་པ་སྟེ། སྤར་བྱའི་མར་མེ། སྒྲོན་མེ་སྤར་ནས་འོད་འཆེར། བཞུ་མར་སྤར་ནས་འོད་འཕྲོ་ལྟ་བུ། ༢ གྲངས་རིམ་འཕར་བ་བྱེད་པ་སྟེ། རིན་གོང་སྤོར་ཤིག སྤར་བྱའི་རིན་གོང་ཟེར་བ་ལྟ་བུ། ༣ གནས་སམ་རིམ་པ་མཐོ་རུ་གཏོང་བ་སྟེ། ལས་བྱེད་པ་ཕུལ་བྱུང་གི་གོ་གནས་སྤོར། སྤར་བྱའི་གོ་གནས་ཟེར་བ་ལྟ་བུ།། སྤོ་བོ་སྤོ་ལོ་སྤོ་ཐོ་དང་།། རི་བོའི་སྤོ་ནི་ས་སྤོ་ལ།། རྗེས་འཇུག་མེད་པ་ཤེས་པར་བྱ།། སྤོ་བོ ཨ་ཕ་དང་ཨ་མའི་ཡབ་སྟེ། དྲིན་ཆེ་བ་ཨ་ཕ་ཨ་མ་རེད། ལས་རིང་བ་སྤོ་བོ་རྨོ་བོ་རེད་ཟེར་བ་ལྟ་བུ།། སྤོ་ལོ ལྒང་ལུ་རིལ་རིལ་གྱི་རྩེད་ཆས་ཤིག་སྟེ། ལག་རྩེད་སྤོ་ལོ་དང་རྐང་རྩེད་སྤོ་ལོ་སོགས་ཡོད་ཅིང། རྟ་ཐོག་སྤོ་ལོའི་འབྱུང་ཁུངས་ནི་བོད་རིགས་ས་ཁུལ་ཡིན་ཏེ། བོད་ཀྱི་ཆེས་སྔ་མོའི་ཚིག་མཛོད་དེ། <<ལོ་ཙྭའི་ཚིག་མཛོད>>ལས་་སྤོ་ལོ་་ཞེས་པའི་མིང་བརྡ་གསལ་པོ་བཀོད་ཡོད་སྐད་དང་། དབྱིན་ཡིག་ནང་གི་ཆེས་སྤྲོ་ཉམས་ཅན་གྱི་ཐ་སྙད་ཞིག་སྟེ་་polo་་ཞེས་པ་དེ་བོད་སྐད་ཀྱི་གཡར་ཚིག་ཡིན་ཏེ་<<Oxzord Diclionary Tnesaurus>>དང་<<དབྱིན་ཇིའི་ཚིག་མཛོད་ཆེན་མོ་>>སོགས་གི་ནང་མིང་བརྡ་དེ་ཉིད་བོད་སྐད་ལས་བྱུང་བ་ཡིན་པར་བཤད་ཡོད་དོ།། སྤོ་ཐོ སྤོ་ཏོ་ཡང་ཟེར་ཏེ། ཞིང་རྨོད་སྐབས་རྩྭ་ཡོད་པའི་ས་རྣམས་རང་འབུར་དུ་ཐོན་པའི་ས་རྡོག་རྡོག་ལའོ།། རི་བོའི་སྤོ རི་བོའི་རྩེ་མོ་སྟེ། སྤོ་ནི་རྩེ་མོ་ལའོ། དཔེར་ན། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་་སྤོར་་།། བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ།། བདག་གི་བློ་གྲོས་པདྨོ་ཁ་ཕྱེ་ནས།། སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག་ཟེར་བ་ལྟ་བུ།། སྤོབས་ཉམས་སྤོབས་གཏམ་ཡང་འཇུག་ས།། སྤོབས་ཉམས སེམས་ཤུགས་ཡོད་པའི་རྣམ་འགྱུར་ཏེ། དཀའ་ངལ་ལ་ཞུམ་པ་མེད་པའི་སྤོབས་ཉམས་རང་འདོན་གྱི་སྒོ་ནས་ཧུར་བརྩོན་འབད་བཞིན་པ་ཟེར་བ་ལྟ་བུ།། སྤོབས་གཏམ ཁེངས་ཉམས་ཀྱི་རྫིག་གཏམ་སྟེ། མི་ཐུབ་ཐུབ་མདོག་གི་སྤོབས་གཏམ་མ་ཤོད་ཟེར་བ་ལྟ་བུ།། ༡སྤོབས ཕོད་པ་དང་། ནུས་པ་སྟེ་མི་འཇིགས་པ། དཔེར་ན། དགྲ་དང་འཐབ་འཛིང་བྱེད་པར་སྤོབས་པ། སྤོབས་པ་ཆེར་བསྐྱེད། སྤོབས་པ་ཤོར་བ། གཏམ་ཐོག་མེད་དུ་ཤོད་པའི་སྤོབས་པ་ཟེར་བ་ལྟ་བུ།། ༢སྤོབས ཤེས་རབ་སྟེ། ལེགས་ཉེས་དབྱེ་བ་འབྱེད་པའི་སྤོབས་པ་རྣོ་བ་ཞེས་པ་ལྟ་བུ།། ༣སྤོབས ང་རྒྱལ་ཏེ། ཉམ་ཆུང་གི་མདུན་ན་སྤོབས་པ་ཆེན་པོས་རྫིག་ཉམས་བྱེད་པ་ཟེར་བ་ལྟ་བུ།། ༤སྤོབས སྙིང་སྟོབས་ཏེ། སྤོབས་པ་ཆེན་པོ་དང་ལྡན་པའི་མི་རིགས་ཟེར་བ་ལྟ་བུ།། སྤོད་ལམ་སྤྱོད་འགྲོས་ན་རོ་ཡོད།། སྤྱོད་ལམ འགྲོ་ལུགས་འདུག་སྟངས་ཀྱི་བྱ་སྤྱོད་དེ། སྤྱོད་ལམ་མིག་ལ་མཛེས་པ་དེ་མི་ལ་དགོས་པའི་གལ་ཆེ་བའི་ཁྱད་ཆོས་ཤིག་ཡིན་ལྟ་བུ།། སྤྱོད་འགྲོས སྤྱོད་ཚུལ་ལམ་བྱེད་སྟངས་ཏེ། ཁ་འབྲས་མཚར་ལ་སྤྱོད་འགྲོས་ཡིད་དུ་འོང་ཟེར་བ་ལྟ་བུ།། ༡སྤྱོད (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་སྐུལ་ཚིག) ༡ ཟས་གོས་སོགས་བཟས་པ་དང་གྱོན་པ། ཡོ་བྱད་སོགས་བཀོལ་བའི་དོན་ཏེ། བཟའ་བཏུང་ལ་སྤྱོད་མཁན། ཟས་ལ་སྤྱོད་ཅིག་ལྟ་བུ། ”སྤྱད”ནི་མ་འོངས་པ་དང་འདས་པ་སྟེ། ཕྱུགས་ཟོག་བེད་སྤྱད། སྤྱད་བྱའི་ཟས་ཞེས་པ་ལྟ་བུ། ༢ བྱས་པའི་དོན་ཏེ། ཉེས་པ་སྤྱད་ནས་ཁྲིམས་ལ་སྦྱར་ལྟ་བུ།། ༢སྤྱོད སྤྱོད་པ་ཡི་མིང་མཐའ་བསྡུས་པ་སྟེ། ཞི་བའི་སྤྱོད་པ་ལ་ཞི་སྤྱོད། ཡ་རབས་ཀྱི་སྤྱོད་པ་ལ་བཟང་སྤྱོད། དྲག་པོའི་སྤྱོད་པ་ལ་དྲག་སྤྱོད་ཟེར་བ་ལྟ་བུ།། སྤྱད་དངོས་སྤྱད་གདང་ན་རོ་མེད།། སྤྱད་དངོས ཡོ་བྱད་སྤྱི་ཡི་མིང་སྟེ། སྤྱད་དངོས་ཀྱི་ཚོང་ཟོག་འབོར་ཆེ་བཤམས་ནས་ཀུན་ལ་བསྟན་པ་ཟེར་བ་ལྟ་བུ།། སྤྱད་གདང ཅ་ལག་འགེལ་སའི་གདང་སྟེ། ཀ་བ་གཉིས་ཀྱི་བར་ལ་སྤྱད་གདང་རྒྱོང་ཟེར་བ་ལྟ་བུ།། ༡སྤྱད གོང་གི་སྤྱོད་ལ་ལྟོས།། ༢སྤྱད ལས་ཚིག་ད་ལྟ་བའི་མཐར་སྦྱར་ན་ལས་དེ་བྱེད་པར་མཁོ་བའི་ཡོ་བྱད་ཀྱི་མིང་སྟེ། རྩྭ་འབྲེག་སྤྱད་ཀྱི་ཟོར་བ། ཕྱུགས་འདོགས་སྤྱད་ཀྱི་ཐག་པ། ཡི་གེ་འབྲི་སྤྱད་ཀྱི་སྨྱུག་གུ་ཞེས་པ་ལྟ་བུ།། ༼ཕ༽ ཕག་པ་ས་ཕག་ཕག་རྐྱང་དང་།། ཕག་པ དུད་འགྲོ་ཕག་སྟེ། རྨིག་པ་ཁ་ཕྱེ་ནས་ཡོད་པའི་མཆེ་ལྡན་ཞིག།ལོ་ལྟར་ཕག་རེ་བསད་ནས་ཟ་བཞིན་འདུག་པས་ཤ་ཟན་འདྲེ་སྲིན་དངོས་སུ་སྣོང་ལྟ་བུ།། ༡ས་ཕག འདམ་བག་ལས་བཟོས་ཤིང་མེར་བསྲེགས་པའི་ས་ཡི་ཕ་གུ་སྟེ། དབྱིབས་སུ་གྲུ་བཞི་ན་མོ་དང་གྲུ་བཞི་ཁ་གང་མ་སྣ་ཚོགས་ཡོད། དཔེར་ན། ས་ཕག་བརྩིགས་ནས་རྩིག་པ་བསླངས་ཟེར་བ་ལྟ་བུ།། ༢ས་ཕག འབྱུང་ཁམས་ལྔ་པོ་རེ་རེར་ཕོ་མོ་གཉིས་སུ་ཕྱེ་བའི་ཡ་གྱ་ཞིག་སྟེ། ས་མོ་ཕག་གི་ལོ་ཁམས་ལའོ།། ༡ཕག ཕག་པ་དང་འདྲ་སྟེ། རི་ཕག ཡུལ་ཕག ཕག་གི་སྣ་ཟེར་བ་ལྟ་བུ།། ༢ཕག ལྐོག་གམ་རྒྱབ་སྟེ། མི་ཞིག་གིས་སྒོ་ཕག་ནས་ཕག་བལྟས་རྒྱག་གི་འདུག གྱང་གི་ཕག་ཏུ་མི་ཞིག་ཡུབས་ནས་བསྡོད་འདུག་ཟེར་བ་ལྟ་བུ།། ཁྱད་དུ་འཕགས་པར་འ་འཕགས་ཡིན།། ༡འཕགས ཕུལ་དུ་བྱུང་བ་སྟེ། ཆོས་ཁྱད་དུ་འཕགས་པ་ནི་ཤཱཀྱ་ཐུབ་པས་གསུངས་པའི་བླང་དོར་གྱི་ལམ་སྟོན་འདི་ཁོ་ནའོ་ཟེར་བ་ལྟ་བུ།། ༢འཕགས སོ་སོར་སྐྱེ་བོ་དང་འཕགས་པ་གཉིས་སུ་ཕྱེ་བའི་འཕགས་པ་སྟེ། བདག་མེད་པའི་དོན་མངོན་སུམ་དུ་མཐོང་བའི་གང་ཟག་གོ། ༣འཕགས གཞན་ལས་ལྷག་པ་སྟེ། མི་དེ་དང་རིང་དུ་འདྲིས་རྗེས་ཁོང་ལ་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ཡོད་པ་མཐོོང་འོངས་ཟེར་བ་ལྟ་བུ།། ཕངས་སེམས་ཕངས་ལ་འཕུལ་མེད་དང་།། ཕངས་སེམས སེར་སྣ་ཅན་གྱི་སེམས་ཏེ། དུས་ཚད་ཕངས་སེམས་མེད་པར་འཕྲོ་བརླག་གཏོང་མི་རུང་ལྟ་བུ།། ཕངས ཡིད་ཕམ་ཚུལ་ཤིག་སྟེ། གཅེས་ཤིང་ཡིད་དུ་འོང་བའི་ཅ་དངོས་ཕར་ཤོར་བའམ་ཚུར་མ་ཐོབ་པའི་སྐབས་སུ་ཡིད་ཕངས་ཟེར་བ་ལྟ་བུ།། མདའ་སོགས་འཕངས་པར་འ་འཕུལ་ཡོད།། འཕངས (བྱེད་འབྲེལ་ལས་ཚིག་འདས་པ)ལྡེམ་ཤུགས་སོགས་ལ་བརྟེན་ནས་མདའ་སོགས་རྒྱག་པའམ་རྡེག་པ་སྟེ། མདའ་འཕངས་ནས་འབེན་ལ་ཕོག་ལྟ་བུ། ”འཕང”ནི་མ་འོངས་པ་སྟེ། འཕང་བྱའི་མདའ་ཞེས་པ་ལྟ་བུ། ”འཕེན”ནི་ད་ལྟ་བ་སྟེ། མདའ་འཕེན་མཁན། མདའ་འཕེན་པའི་སྐབས་ཞེས་པ་ལྟ་བུ། ”ཕོངས”ནི་སྐུལ་ཚིག་སྟེ། མདའ་ཕོངས་ཤིག མེ་མདའ་ཕོངས་ཤིག་ཟེར་བ་ལྟ་བུ།། ཕར་ཕྱོགས་ཕར་རྒོལ་སྔོན་འཇུག་མེད།། ཕར་ཕྱོགས ཕ་རོལ་ཕྱོགས་ཏེ། ལམ་ཆེན་དེའི་ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀར་ཁང་པ་ཐོག་རྩེག་ཅན་ཤ་སྟག་ཡིན་ཟེར་བ་ལྟ་བུ།། ཕར་རྒོལ ཕ་རོལ་པོ་ལ་འཐབ་རྒོལ་བྱེད་པ་སྟེ། མི་རིགས་རྩ་མེད་གཏོང་མཁན་གྱི་དགྲ་བོ་ལ་ཕར་རྒོལ་གྱིས་དགྲ་བོ་ཐལ་བའི་རྡུལ་དུ་བརླགས་ལྟ་བུ།། ཕར ཕ་རོལ་གྱི་བསྡུས་ཚིག་སྟེ། ཕར་འགྲོ་ཚུར་འོང་། ཕར་སྟེར་ཚུར་ལེན། ཕར་ལོག་ཚར་ལོག། གྲངས་འབོར་འཕར་བར་སྔོན་འཇུག་ཡོད།། ༡འཕར མང་དུ་འཕེལ་བ་དང་། མཐོ་རུ་འཕེལ་བ་སྟེ། གཙང་ཆུ་འཕར། གྲངས་འབོར་འཕར། གོ་གནས་འཕར་ཟེར་བ་ལྟ་བུ།། ༢འཕར འཕག་པ་དང་ལྡེག་པ་སྟེ། གོང་དུ་འཕར་བཞིན་དུ་འགྲོ་བ། རྩ་འཕར་བ། སྙིང་འཕར་བ་ཟེར་བ་ལྟ་བུ།། བྲག་ཕུག་ཕུག་རོན་ཡང་འཇུག་མེད།། བྲག་ཕུག བྲག་ལ་ཡོད་པའི་བུ་ག་སྟེ། བྲག་ཕུག་ལ་སྡོད་ནས་དཀའ་ཐུབ་སྤྱོད་མཁན་ཞེས་པ་ལྟ་བུ།། ཕུག་རོན ཁམས་སུ་མུག་གུ་ཞེས་པ་དང་། དབུས་སུ་འང་གུ་ཞེས་པའི་བྱ་རིགས་ཤིག་སྟེ། ཟས་སུ་རྡོ་ཕྱེ་ཟ་བའི་བྱ་རིགས་ཤིག་ཡིན། དཔེར་ན། ཕུག་རེན་ནི་ཞི་བདེ་ཡི་མཚན་རྟགས་ཡིན་ལྟ་བུ།། ༡ཕུག ༡ཕུག་པ་ཞེས་པའི་མིང་མཐའ་བསྡུས་པ། ༢ཕུག་མ་ཞེས་པའི་མིང་མཐའ་བསྡུས་པ། ༣བུ་ག་ཡི་མིང་སྟེ། བྲག་གི་བུ་ག་ལ་བྲག་ཕུག་ཟེར་བ་ལྟ་བུ།། ༢ཕུག (བྱེད་འབྲེལ་ལས་ཚིག་འདས་པ)དངོས་རྫས་ལ་བུ་ག་བརྟོལ་བའི་དོན་ཏེ། ཤིང་བཟོས་གཉའ་ཤིང་ལ་བུ་ག་ཕུག་ནས་ཐག་པ་བརྒྱུས་ལྟ་བུ། ”དབུག”ནི་མ་འོངས་པ་སྟེ། དབུག་བྱའི་ཤིང་། ཤིང་ལ་བུ་ག་དབུག་པར་བྱ་ལྟ་བུ། ”འབིགས”ནི་ད་ལྟ་བ་སྟེ། རྡོ་ལ་བུ་ག་འབིགས་མཁན། རྡོ་ལ་བུ་ག་འབིགས་ཀྱིན་འདུག་ལྟ་བུ། ”ཕུགས”ན་སྐུལ་ཚིག་སྟེ། བུ་ག་ཕུགས་ཤིག་ཟེར་བ་ལྟ་བུ།། ཕུགས་བསམ་ཕུགས་རེར་ཡང་འཇུག་ཡོད།། ཕུགས་བསམ ཕུགས་རྒྱང་རིང་པོའི་བསམ་བློ་སྟེ། ཕུགས་བསམ་ཞིབ་ཚགས་དང་ལྡན་པའི་ཐོག་ནས་ཆོས་དང་རིག་གཞུང་ལ་སྦྱང་དགོས་ཟེར་བ་ལྟ་བུ།། ཕུགས་རེ མ་འོངས་པའི་རེ་བའམ་མཐའ་འཇུག་གི་རེ་བ་སྟེ། འགྲོ་བ་ལ་བདེ་སྐྱིད་ཡོང་བའི་ཕུགས་རེ་འཆང་བ་ཟེར་བ་ལྟ་བུ།། ༡ཕུགས ཕྱི་ཁ་ནས་ནང་དུ་བར་ཐག་རིང་སའི་གནས་ཀྱི་མིང་སྟེ། བྲག་ཁུང་གི་ཕུགས། ཁང་པའི་ཕུགས་ལྟ་བུ།། ༢ཕུགས དུས་ཡུན་རིང་པོ་སྟེ། ཕུགས་ཡུན་གྱི་འཆར་གཞི། ཕུགས་དམིགས་ཀྱི་དངོས་ཟོག་ཟེར་བ་ལྟ་བུ།། ༣ཕུགས མ་འོངས་པའམ་མཐའ་འཇུག་སྟེ། ཕུགས་སུ་བདེ་སྐྱིད་འབྱུང་། ཕུགས་ཀྱི་དམིགས་ཡུལ་ཞེས་པ་ལྟ་བུ།། ༤ཕུགས ཁུངས་ཀྱི་མིང་སྟེ། རྫིན་ཚིག་གི་ཕུགས་བརྟོལ། ཕུགས་གཏུགས་ས་ཟེར་བ་ལྟ་བུ།། ཕུར་བུ་ལྕགས་ཕུར་སྔོན་འཇུག་མེད།། ༡ཕུར་བུ རེས་གཟའ་ཕུར་བུ་སྟེ། གཟའ་འདི་ནི་ཉི་མའི་རྒྱུད་རིམ་གྱི་རྒྱུ་སྐར་དགུ་ཡི་ནང་གི་ལྔ་པ་ཡིན།། ༢ཕུར་བུ དབྱིབས་ཕུར་བ་དང་མཚུངས་ཤིང་ཡུ་བའི་འཆང་བཟུང་མན་ཆད་ཟུར་གསུམ་ཡིན་ལ་རྩེ་མོ་རྣོ་བའི་གནའ་བོའི་མཚན་ཆ་ཞིག་སྟེ། ཚིག་བསྡུས་ན་ཕུར་ཞེས་འབྲི་ཆོག།། ལྕགས་ཕུར ལྕགས་ཀྱི་ཕུར་བའམ་ལྕགས་ཀྱི་ཕུར་བུ་སྟེ། ཕྱོགས་བཞི་མཚམས་བརྒྱད་ལ་ལྕགས་ཕུར་གདབ་ནས་རས་གུར་དབུབ་ཟེར་བ་ལྟ་བུ།། ༡ཕུར ཕུར་བུའམ་ཕུར་བ་དང་འདྲ།། ༢ཕུར (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)མཉེད་པ་སྟེ། གནས་གཅིག་ལ་ཡང་ཡང་རེག་པའམ་གཙུབ་རྡར་བྱས་པའི་དོན་ཏེ། ལག་པས་མིག་ཕུར་མི་ཉན། ལག་པས་མགོ་ཕུར། མགོ་ཕུར་ཅིག་ཟེར་བ་ལྟ་བུ། ”འཕུར”ནི་མ་འོངས་པ་དང་སྟེ། ལག་པས་མགོ་འཕུར་གྱིན་འདུག པགས་པ་འཕུར་མཁན་ཞེས་པ་ལྟ་བུ།། ནམ་མཁའ་འཕུར་བ་སྔོན་འཇུག་མེད།། ༡འཕུར ནམ་མཁའ་ལ་འགྲོ་བའམ་བར་སྣང་ལ་ལྡིང་བ་སྟེ། བྱ་དང་སྲིན་བུའི་རིགས་རྣམ་གཤོག་པ་ལ་བརྟེན་ནས་བར་སྣང་དུ་འགྲོ་འོང་བྱེད་པའི་དོན། དཔེར་ན། བྱ་འཕུར་ས་དགུང་སྔོན་གནམཡིན། ཚང་བཅའ་ས་བྲག་དམར་དཀྱིལ་རེད་ཟེར་བ་ལྟ་བུ།། ༢འཕུར ཕུར་གྱི་མ་འོངས་པ་དང་ད་ལྟ་བ།། ཕྱག་ཏུ་ཕུལ་བར་སྔོན་འཇུག་མེད།། ༡ཕུལ (བྱེད་འབྲེལ་ལས་ཚིག་འདས་པ་དང་སྐུལ་ཚིག)བྱིན་པ་དང་སྟེར་པ། གཏོང་བ་བཅས་ཀྱི་ཞེ་ས་སྟེ། མི་དམངས་ཀྱི་བདེ་སྡུག་ངོ་མ་སྲིད་གཞུང་ལ་སྙན་ཞུ་ཕུལ། མི་དམངས་ཀྱི་དོན་དུ་སྙན་ཞུ་ཕུལ་ཅིག་ཅེས་པ་ལྟ་བུ། ”དབུལ”ནི་མ་འོངས་པ་སྟེ། མི་རིགས་ཀྱི་དོན་དུ་སྲོག་ཀྱང་དབུལ་བ་བྱ་ལྟ་བུ། ”འབུལ”ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་འབུལ་མཁན་ཟེར་བ་ལྟ་བུ།། ༢ཕུལ སྔར་བོད་ལུགས་བྲེ་གང་གི་དྲུག་ཆ་གཅིག་སྟེ། བྲེ་གང་ལ་ཕུལ་དྲུག་ཡོད།། ༣ཕུལ མཆོག་གམ་རབ་ཀྱི་དོན་ཏེ། ཕུལ་དུ་ཕྱིན་པ། ཕུལ་བྱུང་། ཙན་དན་དཀར་པོ་ནི་ཙན་དན་ཀུན་གྱི་ཕུལ་ཡིན་ལྟ་བུ།། སྔོན་འཇུག་འཕུལ་ཡིག་འ་འཕུལ་ཡོད།། ༡འཕུལ མིང་གཞི་ཡི་གེ་ཡི་སྔོན་དུ་འཇུག་པའི་ཡི་གེ་སྟེ། དཔེར་ན་བ་སྔོན་འཇུག་ཡོད་པ་ལ་བས་འཕུལ་ཟེར་བ་དང་། འ་སྔོན་འཇུག་ཡོད་པ་ལ་འས་འཕུལ་ཟེར་བ་ལྟ་བུ།། ༢འཕུལ (བྱེད་འབྲེལ་ལས་ཚིག)འབུད་པ་དང་སྐྱུར་བ་སྟེ། མི་ངན་ཕྱི་ལ་འཕུལ། གོམ་མང་མདུན་དུ་འཕུལ། གྲོག་ཁ་ལ་སླེབས་པ་ལྕེ་ཡིས་འཕུལ་ཟེར་བ་ལྟ་བུ།། གོང་འཕེལ་འཕེལ་རྒྱས་འ་འཕེལ་ལོ།། གོང་འཕེལ གོང་ནས་གོང་དུ་འཕེལ་བ་སྟེ། ཇེ་མཐོ་དང་ཇེ་རྒྱས་སུ་སོང་བའམ་འགྲོ་བའོ། དཔེར་ན། བོད་མི་རིགས་ཀྱི་སྐད་ཡིག་གོང་འཕེལ་དུ་གཏོང་དགོས་ཟེར་བ་ལྟ་བུ།། འཕེལ་རྒྱས གོང་དུ་འཕེལ་བའམ་ཡར་རྒྱས་སུ་སྐྱེད་པ་སྟེ། ལག་རྩལ་གྱི་སྟོབས་ཤུགས་དང་མི་རིགས་ཀྱི་སྐད་ཡིག་གཉིས་ཟུང་འབྲེལ་གྱི་ཐོག་ནས་འཕེལ་རྒྱས་སུ་གཏོང་བ་ཟེར་བ་ལྟ་བུ།། འཕེལ ཇེ་མང་དང་ཇེ་ཆེ། ཇེ་རྒྱས་སུ་སྐྱེད་པ་ལའོ།། བང་མི་ཕོ་ཉ་བ་རྐྱང་དང་།། ཕོ་ཉ བང་ཆེན་ཏེ། ལས་ཀ་བྱེད་པར་མངགས་གཏོང་བྱེད་པའི་མི་སོགས་ཀྱི་མིང་། དཔེར་ན། འཕྲིན་ཡིག་སྐྱེལ་བར་ཕོ་ཉ་བཏང་། ཕོ་ཉ་མངགས་ཏེ་གོ་བསྡུས་བྱས་ནས་གྲོས་མཐུན་བྱུང་ལྟ་བུ།། ༡ཕོ སྲོག་ཆགས་ཀྱི་མཚན་མ་ལ་ལྟོས་ཏེ། ཕོ་མོ་གཉིས་སུ་དབྱེ་པའི་ཕོ་སྟེ། བུ་ཕོ་དང་བུ་མོ། ཕོ་རྟགས། ཕོ་མཚན། མེ་ཏོག་ཕོ། ཕོ་ཤིང་མོ་ཤིང་། ཟེ་འབྲུ་ཕོ་ཟེར་བ་ལྟ་བུ།། ལས་ཀའི་འཕོ་འགྱུར་འ་འཕོ་ཡིན།། འཕོ་འགྱུར སྔ་ཆ་ནས་ཕྱི་ཆ་བར་ངོ་བོ་འཕོ་ཤིང་འགྱུར་བ་སྟེ། ཆབ་སྲིད་འཕོ་འགྱུར་འོག་རླབས་ཆེན་གྱི་མི་རིགས་ཅིག་སྟོང་ལ་ཉེ་ཟེར་བ་ལྟ་བུ།། འཕོ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)གནས་དང་ངོ་བོ་གཅིག་ནས་གཞན་ཞིག་ཏུ་འགྱུར་བའམ་སོང་བ་སྟེ། འཆི་འཕོ་འགྱུར་ཚེ་སླར་ཡང་མི་རུ་སྐྱེ་བ་སྨོན། ལུག་ཁྱུ་སྐར་ཚོགས་ས་ལ་འཕོ་འདྲ་དེ་དམག་མིས་ཟོས་སོ། ངང་ཚོགས་དཔྱིད་དུས་བྲག་ནས་མཚོ་ལ་འཕོ་ལྟ་བུ། ”འཕོས”ནི་འདས་པ་སྟེ། སྐར་ཚོགས་ས་ལ་འཕོས་འདྲའི་དམག་ཚོགས་ཞིག་བོད་དུ་བསླེབས་ལྟ་བུ།། ཕོག་ཐུག་ཕོག་ལ་ཡང་འཇུག་མེད།། ཕོག་ཐུག གཞན་ཁོང་ཁྲོ་བསླངས་བའི་བྱ་བའི་མིང་སྟེ། ཁྱེད་རང་ལ་རང་གར་ཁ་ཤོར་ནས་དོན་མེད་ཕོག་ཐུག་ཐལ་སོང་བར་དགོངས་པ་གཏན་ནས་མ་འཚོམ་ཟེར་བ་ལྟ་བུ། ཕོག འཁེལ་པའམ་ཐེབས་པ་སྟེ། མདའ་འཕངས་ནས་འབེན་ལ་ཕོག ཉི་འོད་ས་ལ་ཕོག ཟས་དུག་ཕོག ནད་ཕོག གཏམ་དེ་ཁོང་གི་ཐུགས་ལ་ཕོག་ཟེེར་བ་ལྟ་བུ།། གླ་ཕོགས་ཕོགས་ལ་ཡང་འཇུག་ཡོད།། གླ་ཕོགས ལས་ཀ་བྱས་པའི་གླ་ཆ་སྟེ། ཟླ་ཕོགས། དངུལ་ཕོགས། འབྲུ་ཕོགས་ཟེར་བ་ལྟ་བུ།། ཕོགས འཚོ་བའི་དོད་དེ། གླ་ཕོགས་དང་འདྲ།། རླུང་འཕྲིན་འཕྲིན་ཡིག་འཕྲིན་ལས་སོགས།། འ་འཕུལ་ཡོད་མེད་གདམ་ང་ཡིན།། རླུང་འཕྲིན སྐུད་མེད་ཀྱི་རྒྱང་སྲིང་ལན་ཚན་ཁག་ལའོ། འདི་ལ་རླུང་ཕྲིན་འབྲིི་ན་འང་ཆོག།། འཕྲིན་ཡིག གཞན་ལ་ཕར་བསྐུར་བའམ་གཞན་གྱིས་ཚུར་བསྐུར་བའི་ཡི་གེ་སྟེ། འདི་ལ་ཕྲིན་ཡིག་འབྲི་བའང་ཡོད།། འཕྲིན་ལས མཛད་སྤྱོད་ཀྱི་མིང་སྟེ། ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཟེར་བ་ལྟ་བུ། འདི་ལ་ཕྲིན་ལས་འབྲི་ནའང་ཆོག།། འཕྲིན ཕར་ཚུར་བསྐུར་བའི་གཏམ་མམ་ཡི་གེ་སྟེ། ངག་འཕྲིན་སྐྱེལ་བ། ཡིག་འཕྲིན་བསྐུར་བ་ཟེར་བ་ལྟ་བུ། འདི་ལ་ཕྲིན་འབྲི་ནའང་ཆོག།། ༼བ༽ དབུ་སྐྲ་དབུ་བརྙེས་ད་ཡིས་འཕུལ།། དབུ་སྐྲ སྐྲ་ཡི་ཞེ་ས་སྟེ། སྐུ་ན་མཐོ་བས་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཆགས་པ་ཞེས་པ་ལྟ་བུ།། དབུ་བརྙེས ལས་དོན་ཆེན་པོ་ཞིག་འགོ་ཚུགས་པ་སྟེ། ཟླ་བ༨པའི་ཚེས་ ནི་རྒྱ་གར་གྱི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་རེད་ལྟ་བུ།། ༡དབུ མགོ་ཡི་ཞེ་ས་སྟེ། དབུ་སྐྲ་དྲི་ཞིམ་པ། དགེ་རྒན་གྱིས་དབུ་དྲངས་ནས་རྩ་དོན་གྱི་གླུ་དབྱངས་བླངས་ཟེར་བ་ལྟ་བུ།། ༢དབུ མིང་འགའ་ཞིག་གི་སྔོན་དུ་སྦྱོར་བའི་ཞེ་སའི་བརྡ་ཞིག་སྟེ། དབུ་ཞྭ། དབུ་གདུགས། དབུ་སྐོར། དབུ་སྐྲ། དབུ་རྒྱན། དབུ་བརྙེས་ཟེར་བ་ལྟ་བུ།། ཨུ་ཚུགས་ཨུ་ནི་ཨ་རྐྱང་ཡིན།། ཨུ་ཚུགས ནན་ཏན་ནམ་སྡུག་རུས་བྱེད་བའི་བྱ་སྤྱོད་ཀྱི་མིང་སྟེ། ཨུ་ཚུགས་ཚ་པོ། ལྐུགས་པས་ཨུ་ཚུགས། ཨུ་ཚུགས་མཐར་སྐྱེལ་ཟེར་བ་ལྟ་བུ།། ཨུ བོད་ཡིག་གི་ཞབས་ཀྱུ་མཚོན་པའི་དབྱངས།། གཡང་གཟར་གཡང་ལུག་ག་གཡང་དང་།། གཡང་གཟར བྲག་གཟར་དང་ངོས་གཟར་ཏེ། གཡང་གཟར་གྱི་གྲོག་རོང་ཟེར་བ་ལྟ་བུ།། གཡང་ལུག གཡང་རྟེན་གྱི་ལུག་སྟེ། གཡང་ལུག་འདི་རྣམས་ནམ་ཡང་མི་གསོད་ཅིང་། རྟག་ཏུ་རྩྭ་ཁར་དེད་དེ་སྐྱོང་བ་བྱེད་དོ་ཟེར་བ་ལྟ་བུ།། ༡གཡང རྒྱུ་ནོར་ལོངས་སྤྱོད་སོགས་ཀྱི་གཅེས་མིང་སྟེ། ལུག་ལ་གཡང་ལུག་དང་རྟ་ལ་གཡང་རྟ་ཟེར་བ་ལྟ་བུ།། ༢གཡང ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱི་རྟེན་ཏེ། ངེད་ཚང་ལ་ལོངས་སྤྱོད་འབེལ་པོ་འདི་འདྲ་ཡོད་པ་ནི་ནོར་ལུག་མང་པོ་ཞིག་གཡང་རྟེན་དུ་ཡོད་པས་ཡིན། ལྷ་ཁང་འདི་ལ་མི་ཚོགས་ཆེན་པོ་ཉིན་ལྟར་འཁོར་བ་ནི་ཤཱཀྱ་ཐུབ་པའི་སྐུ་བརྙན་རྩ་ཆེན་ཞིག་གཡང་རྟེན་དུ་ཡོད་པ་ཉིད་ཀྱིས་ཡིན་ཟེར་བ་ལྟ་བུ།། ཡི་གེའི་དབྱངས་དང་གླུ་དབྱངས་ནི།། ད་དབྱངས་ཡིན་པ་ཤེས་པར་བྱ།། ཡི་གེའི་དབྱངས དབྱངས་ཡིག་སྟེ། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་སྟེ། ཁ་ནས་སྐད་འབྱིན་སྐབས་ལྕེ་རྐན་ལ་ཐོགས་གཏུག་མེད་པར་འབྱུང་བའི་སྒྲ་མཚོན་བྱེད་ཀྱི་ཡི་གེ། དཔེར་ན། བོད་ཡིག་གི་ཨ་ཨི་ཨུ་ཨེ་ཨོ་ལྔ་ལྟ་བུ།། གླུ་དབྱངས དབྱངས་རྟ་ངེས་ཅན་ཞིག་ལ་བརྟེན་ནས་སྙན་ཚིག་གཏོང་བའི་ང་རོ་ཡི་མིང་། གླུ་དབྱངས་དང་རོལ་དབྱངས་མི་འདྲ་སྟེ། རོལ་དབྱངས་ནི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་དཀྲོལ་བའི་རོལ་ཆ་ཡི་སྒྲ་ལ་གོ་བས་སོ།། ༡དབྱངས དབྱངས་ཡིག་དང་འདྲ།། ༢དབྱངས སྒྲ་གདངས་ཀྱི་མཐོ་དམའ་དང་ཕྲ་སྦོམ་རིང་ཐུང་སིགས་བསྡེབས་པའི་ང་རོ་ལའོ།། དུས་ཀྱི་དབྱར་ནི་ད་དབྱར་དང་།། དབྱར དུས་བཞི་ཡི་ནང་གི་དབྱར་ཀ་སྟེ། དུས་བཞི་ནི་དབྱར་དགུན་སྟོན་དཔྱིད་དེ་བཞིའོ། ལོ་གཅིག་གི་ནང་དུ་དང་པོ་དཔྱིད་ཀ་ཤར་བ་དང་། དེ་ནས་དབྱར་ཀ དེ་ནས་སྟོན་ཁ། དེ་ནས་དགུན་ཁ་ཤར་བ་ཡིན།། དངོས་པོ་གཡར་བ་ག་གཡར་ཡིན།། གཡར (བྱེད་འབྲེལ་ལས་ཚིག་འདས་མའོངས་ད་ལྟ་གསུམ)ཕན་ཚུན་ཅ་དངོས་རྣམས་གནས་སྐབས་སུ་བེད་སྤྱད་བྱེད་རེས་བྱེད་པ་སྟེ། དངུལ་གཡར་ནས་སློབ་དེབ་ཉོས། རང་མེད་གཞན་ནས་གཡར་ཐབས་བྱ། བུ་ལོན་གཡར་མཁན་ཟེར་བ་ལྟ་བུ། “གཡོར”ནི་སྐུལ་ཚིག་སྟེ། དཔེ་ཆ་དེ་ང་ལ་གཡོར་ཅིག་ཟེར་བ་ལྟ་བུ།། གཟུགས་ཀྱི་དབྱིབས་ནི་ད་དབྱིབས་སོ།། དབྱིབས གཟུགས་ཀྱི་བཟོ་ལྟ་སྟེ། རིང་ཐུང་དང་། མཐོ་དམའ། ཕྲ་སྦོམ་སོགས་གཟུགས་ཀྱི་ཚུགས་ཀ་སྤྱི་ཡི་མིང་། གཟུགས་ལ་དབྱེ་ན་བརྒྱད་ཡོད་དེ། རིང་བ་དང་ཐུང་བ། མཐོ་བ་དང་དམའ་བ། ལྷམ་པ་དང་ཟླུམ་པོ། ཕྱ་ལེ་བ་དང་ཕྱ་བ་མ་ཡིན་པའི་གཟུགས་དང་བཅས་བརྒྱད་དོ།། བག་གཡེང་ལྷོད་གཡེང་ག་གཡེང་ངོ་།། བག་གཡེང བག་མེད་དང་རྣམ་གཡེང་གི་བསྡུས་ཚིག་སྟེ། སློབ་སྦྱོང་བྱེད་དུས་བག་གཡེང་བྱེད་མི་རུང་ལྟ་བུ།། ལྷོད་གཡེང སེམས་བག་མེད་ལྷོད་ཡངས་སུ་གནས་པ་སྟེ། མི་ཚེ་འདིར་སློབ་སྦྱོང་བྱེད་པ་ལས་ལྷོད་གཡེང་བྱེད་དུ་ཁོམ་པ་མེད་ཟེར་བ་ལྟ་བུ།། ༡གཡེང (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ འཕྲོ་བའམ་རྒོད་པ་སྟེ། སེམས་རྩེ་གཅིག་ཏུ་མི་བྱེད་པ། དཔེར་ན། སེམས་གཞན་ལ་གཡེང་། མིག་ལྟད་མོ་ལ་གཡེང་། སེམས་གཡེང་མི་རུང་། བག་མེད་དུ་གཡེང་བ་ཟེར་བ་ལྟ་བུ། “གཡེངས”ནི་འདུས་པ་དང་སྐུལ་ཚིག་སྟེ། སེམས་མ་གཡེངས་བ་སློབ་ཁྲིད་ལ་མཉན། ༢ གོས་སོགས་བཀྲམ་པའི་དོན་ཏེ། པགས་པ་ཉི་མར་གཡེངས། སྐྲ་རྣམས་རྒྱང་ལ་གཡེངས་ལྟ་བུ།། ༢གཡེང (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཆུའི་གཏིང་དུ་མི་ནུབ་པར་ཆུ་ངོས་སུ་གནས་པའི་དོན་ཏེ། ཤིང་ཆུ་ཁར་གཡེང་ཞེས་པ་ལྟ་བུ། འདས་པ་ལ་གཡེངས་འབྲི།། མངའ་འབངས་སྤྱི་འབངས་འ་འབངས་དང་།། མངའ་འབངས མི་སེར་རམ་ཆབ་འབངས་ཏེ། ཆབ་སྲིད་ཀྱི་གཞུང་ཞིག་གི་མངའ་འོག་ན་ཡོན་པའི་འབངས་མི་སེར་རོ། དཔེར་ན། ཆོལ་ཁ་གསུམ་དུ་གནས་པའི་བོད་ཀྱི་མངའ་འབངས་ཟེར་བ་ལྟ་བུ།། སྤྱི་འབངས །།།།།།།།།།།།།།། འབངས མངའ་འོག་གི་མི་སེར་ཏེ། བོད་ཀྱི་ཆབ་འབངས་ཟེར་བ་ལྟ་བུ།། ཆང་གི་སྦང་མར་ས་སྦང་ངོ་།། སྦང་མ ཆང་བཙགས་ཟིན་པའི་རོ་མའམ་སྙིགས་མ་སྟེ། སྦང་མ་བཙགས་ཀྱང་ཆང་མི་ཡོང་ཟེར་བ་ལྟ་བུ།། སྦང (བྱེད་འབྲེལ་ལས་ཚིག་མ་འོངས་པ)དངོས་རྫས་ཆུས་བརླན་པར་བྱས་པའི་དོན་ཏེ། ཀོ་གྱོང་ཆུ་ལ་སྦང་དགོས་ལྟ་བུ། ”སྦོང”ནི་ད་ལྟ་བ་སྟེ། ཀོ་གྱོང་སྦོང་གིན་འདུག་ལྟ་བུ། ”སྦངས”ནི་འདས་པ་སྟེ། ཀོ་བ་སྦངས་ནས་བངས། ལྭ་བ་ཆུ་ལ་སྦངས་ནས་བཀྲུས་ལྟ་བུ། ”སྦོངས”ནི་སྐུལ་ཚིག་སྟེ། ཀོ་གྱོང་ཆུ་ལ་སྦོངས་ཤིག་ཟེར་བ་ལྟ་བུ།། ཐོན་འབབ་ཡོང་འབབ་འ་འབབ་དང་།། ཐོན་འབབ ཐོན་སྐྱེད་ཀྱི་ཡོང་འབབ་སྟེ། མི་དམངས་ཀྱི་ཐོན་འབབ་མཐོ་རུ་གཏོང་བ་ཟེར་བ་ལྟ་བུ།། ཡོང་འབབ ཚུར་ཡོང་སྒོའི་ཐོབ་ཆ་སྟེ། བོད་རིགས་མི་དམངས་ཀྱི་འཚོ་བའི་ཡོང་འབབ་ནི་འཛམ་གླིང་ནང་གི་བརྒྱ་ཆ་དམའ་ཕྱོགས་གྲས་སུ་ལུས་ཡོད་ཟེར་བ་ལྟ་བུ།། ༡འབབ (བྱེད་མེད་ལས་ཚིག་ད་ལྟ་བ) ༡ མཐོ་ས་ནས་དམའ་སར་ལྷུང་བའམ་ཕྱིན་པའི་དོན་ཏེ། ཆར་འབབ་ཀྱིན་འདུག མར་འབབ་མཁན། མདེའུ་སེར་བ་འབབ་འབབ་ཅེས་པ་ལྟ་བུ། ”བབས”ནི་འདས་པ་སྟེ། ཆར་བབས། རི་མགོ་ནས་རི་རྩར་བབས། བྱ་ཐང་ལ་བབས་ལྟ་བུ། ”དབབ”ནི་མ་འོངས་པ་སྟེ། སྐས་སྟེང་ནས་མར་དབབ་དགོས་ལྟ་བུ། ”བོབས”ནི་སྐུལ་ཚིག་སྟེ། སྐས་སྟེང་ནས་མར་བོབས་ཤིག་ལྟ་བུ། ༢ ཆུ་བཞུར་བའི་དོན་ཏེ། རྨ་ཆུ་ཤར་ཕྱོགས་རྒྱ་མཚོར་བབས། འབྲི་ཆུ་འབབ་ཡུལ་གྱི་ས་ཆ་ཞེས་པ་ལྟ་བུ།། ༢འབབ འཐོབ་པའམ་འོས་པའི་དོན་ཏེ། ཉེས་ཅན་ལ་ཆད་ཁྲིམས་འབབ། དྲིན་ཅན་ལ་དྲིན་ལོག་མི་འབབ་ལྟ་བུ།། རི་ཡི་རྦབ་རྡོ་ར་རྦབ་ཡིན།། རྦབ་རྡོ རི་རྩེ་ནས་ཐུར་དུ་འདྲིལ་བའི་རྡོ་སྟེ། རི་གཟར་གྱི་རྦབ་རྡོ་ལྟར་བཟློག་ཏུ་མེད་པའི་སྡུག་བསྔལ་འབྱུང་ཟེར་བ་ལྟ་བུ།། རྦབ རི་ཡི་ཐུར་གཟར་པོ་སྟེ། དཔེར་ན། རྦབ་ཆུ། རྦབ་རྡོ་ཟེར་བ་ལྟ་བུ།། གཏན་ལ་འབེབ་པ་རྗེས་འཇུག་བ།། འབེབ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ བཀའ་ལུང་བསྒྲགས་པ་སྟེ། བཀའ་འབེབ་མཁན་ཞེས་པ་ལྟ་བུ། འདི་ལ་འབེབས་འབྲི་སྲོལ་ཡང་ཡོད། ”ཕབ”ནི་འདས་པ་སྟེ། སྲིད་གཞུང་གིས་བཀའ་ཕབ་ལྟ་བུ། ”དབབ”ནི་མ་འོངས་པ་སྟེ། དབབ་བྱའི་བཀའ་ལུང་ཞེས་པ་ལྟ་བུ། ”ཕོབས”ནི་སྐུལ་ཚིག་སྟེ། བཀའ་ཕོབས་ཤིག་ལྟ་བུ། ༢ གཏན་ཁེལ་བྱས་པ་དང་ཐག་བཅད་པའི་དོན་ཏེ། གཏན་ལ་དབབ་པར་བྱ། གཏན་ལ་འབེབ་མཁན། གཏན་ལ་ཕོབས་ཤིག་ལྟ་བུ། ༣ ཇེ་ཉུང་དང་ཇེ་དམའ་རུ་བཏང་བའི་དོན་ཏེ། སྨན་རིན་མར་ཕབ། གོ་ས་ཕབ་ལྟ་བུ། ༤ རྣལ་མོ་བྱེད་དུ་བཅུག་པའི་དོན་ཏེ། ངས་བྱིས་པའི་སེམས་བག་ལ་ཕབ་པ་ཡིན། ཁྱོད་ཀྱིས་སློབ་མའི་སེམས་རྣལ་དུ་ཕོབས་ཤིག་ལྟ་བུ། ༥ གནས་སུ་བཅུག་པ་སྟེ། མཐའ་མཚམས་སུ་དམག་ཕབ། དམག་ཕོབས་ཤིག་ལྟ་བུ། ༧ ཆམ་དང་སྦྱར་ན་སྟོབས་ཤུགས་དང་ཁེངས་དྲེགས་ཉམས་པར་བྱས་པའི་དོན་ཏེ། ང་རྒྱལ་ཆམ་ལ་ཕབ། ཆམ་ལ་དབབ་བྱའི་ཞེ་སྡང་། ཁོང་ཁྲོ་ཆམ་ལ་འབེབ་མཁན། ཉོན་མོངས་ཆམ་ལ་ཕོབས་ཤིག་ལྟ་བུ།། དངོས་པོ་འབེལ་པོ་རྗེས་འཇུག་ལ།། འབེལ མང་བའི་དོན་ཏེ། ཁ་ཟས་འབེལ་པོ། འབྲུ་རིགས་འབེལ་པོ་ཞེས་པ་ལྟ་བུ།། འབད་བརྩོན་འབད་འབུང་འ་འབད་དང་།། འབད་བརྩོན བརྩོན་འགྲུས་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། སློབ་སྦྱོང་ལ་འབད་བརྩོན་ལྷུར་ལེན་བྱེད། ཞིང་ལས་དང་བཟོ་ལས་ཐོན་སྐྱེད་ལ་འབད་བརྩོན་ལྷུར་ལེན་བྱེད་ལྟ་བུ།། འབད་འབུང འབད་འབད་འབུང་འབུང་ཏེ། འབད་བརྩོན་ཧུར་སྐྱེད། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་འབད་འབུང་བྱེད་ལྟ་བུ།། འབད (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ་ད་ལྟ་བ)དམིགས་ཡུལ་ཞིག་གི་ཆེད་དུ་བརྩོན་པའམ་རྩོལ་བ་ཤུགས་ཆེན་བྱེད་པ་སྟེ། ཐུན་མོང་གི་དོན་དུ་འབད། སློབ་སྦྱོང་གི་ཆེད་དུ་འབད་དགོས། ཞིང་ལས་ལ་འབད་ཀྱིན་འདུག འབད་མེད་ལྷུན་འགྲུབ་ཅེས་པ་ལྟ་བུ། ”འབོད”ནི་སྐུལ་ཚིག་སྟེ། ཐུན་མོང་གི་ལས་དོན་ལ་འབོད་ཅིག་ལྟ་བུ།། འབུང (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)བརྩོན་པ་རྒྱུན་ཆགས་པ་བྱེད་པ་སྟེ། སློབ་སྦྱོང་ལ་འབུང་དགོས། འབུང་མཁན་ཞེས་པ་ལྟ་བུ། ”འབུངས”ནི་འདས་པ་དང་སྐུལ་ཚིག་སྟེ། སློབ་སྦྱོང་ལ་འབུངས་ནས་ཡོན་ཏན་ཐོབ། སློབ་སྦྱོང་ལ་འབུངས་ཤིག་ལྟ་བུ།། འབོད་སྐུལ་འབོད་སྒྲར་ན་རོ་ཡོད།། འབོད་སྐུལ རེ་སྐུལ་ཏེ། རེ་སྐུལ་བྱེད་པ་ལ་འབོད་སྐུལ་བྱེད་ཟེར་བ་ལྟ་བུ།། ༡འབོད་སྒྲ སྐད་གཏོང་བའི་སྒྲ་སྟེ། འབོད་སྒྲ་རྣ་བས་ཐོས་པ། སྡུག་ངལ་བའི་འབོད་སྒྲ་ལྟ་བུ།། ༢འབོད་སྒྲ རྣམ་དབྱེ་བརྒྱད་པ་སྟེ། ཀྱེ་དང་ཀ་ཡེ་ཞེས་འབོད་པའི་སྒྲ་སྟོན་བྱེད་ཀྱི་ཕྲད། ཀྱེ་དང་ཀ་ཡེ་འབོད་སྒྲ་སྟེ།། ཕལ་ཆེར་མིང་གི་ཐོག་མར་སྦྱར་ཟེར་བ་ལྟ་བུ།། ༡འབོད རྩོལ་བའམ་བརྩོན་པ་སྟེ། འབད་ཀྱི་སྐུལ་ཚིག།། ༢འབོད (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཚུར་འགུགས་པའི་བརྡ་བཏང་བའི་དོན་ཏེ། ཟླ་བོ་འབོད། འབོད་བྱའི་ཟླ་བོ། ང་འབོད་ཀྱིན་འདུག འབོད་མཁན་ཞེས་པ་ལྟ་བུ། ”བོས”ནི་འདས་པ་དང་སྐུལ་ཚིག་སྟེ། སྐད་བརྒྱབ་ནས་བྱིས་པ་བོས། ཁོང་གི་མིང་ནས་བོས་ཤིག བྱིས་པ་བོས་ཤིག་ཟེར་བ་ལྟ་བུ།། གྲོདཁོག་སྦོས་དང་མགོ་སྦོས་པ།། ས་སྦོས་ཡིན་ལ་ན་རོ་ཡོད།། ༡སྦོས (བྱེད་མེད་ལས་ཚིག་འདས་པ)མི་ཕྱུགས་སོགས་ཀྱི་ཕོ་བ་དང་རྒྱུ་མའི་ནང་གི་དབུགས་འཕེལ་ནས་ཇེ་ཆེར་སོང་བའི་དོན་ཏེ། ཕོ་བ་སྦོས་ནས་ན་ལྟ་བུ། ”སྦོ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ཕོ་བ་སྦོ་འཁྲོག་བྱེད་ལྟ་བུ།། དངོས་པོ་སྦས་པ་ན་རོ་མེད།། ༢སྦོས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)གཞན་གྱིས་མི་མཐོང་བ་བྱེད་པའམ་མི་མངོན་པ་བྱེད་པ་སྟེ། དངོས་པོ་འདི་ས་འོག་ཏུ་སྦོས་ཤིག་ལྟ་བུ། ”སྦས”ནི་འདས་པ་སྟེ། ས་འོག་ཏུ་སྦས་པ་ཞེས་པ་ལྟ་བུ། ”སྦ”ནི་མ་འོངས་པ་སྟེ། སྦ་བྱའི་དངོས་པོ་ཟེར་བ་ལྟ་བུ། ”སྦེད”ནི་ད་ལྟ་བ་སྟེ། ས་འོག་ཏུ་སྦེད་མཁན་ཟེར་བ་ལྟ་བུ།། ༣སྦོས མགོ་རྨོངས་པའམ་མགོ་འཐོམས་པ་སྟེ། གནད་དོན་འདིས་ངའི་མགོ་སྦོས་སོང་ཟེར་བ་ལྟ་བུ།། དངོས་སྦས་ས་སྦས་ན་རོ་མེད།། སྦས (བྱེད་འབྲེལ་ལས་ཚིག་འདས་པ)གཞན་གྱིས་མི་མཐོང་བ་བྱེད་པའམ་མི་མངོན་པ་བྱེད་པ་སྟེ། ས་འོག་ཏུ་སྦས་པ་ཞེས་པ་ལྟ་བུ། ”སྦ”ནི་མ་འོངས་པ་སྟེ། སྦ་བྱའི་དངོས་པོ་ཟེར་བ་ལྟ་བུ། ”སྦེད”ནི་ད་ལྟ་བ་སྟེ། ས་འོག་ཏུ་སྦེད་མཁན་ལྟ་བུ། ”སྦོས”ནི་སྐུལ་ཚིག་སྟེ། དངོས་པོ་འདི་ས་འོག་ཏུ་སྦོས་ཤིག་ཟེར་བ་ལྟ་བུ།། བློ་ཐག་རྦད་བཅད་ར་རྦད་ཡིན།། ༡རྦད ཐམས་ཅད་དང་རིལ་པོ་སྟེ། བློ་ཐག་རྦད་བཅད་ཀྱིས་མི་ངན་དང་སྤྱོད་ངན་ཇུས་ངན་བཅས་ལ་ངོ་རྒོལ་བྱེད། དགྲ་བོ་ལས་རྦད་དེ་རྣམ་པར་རྒྱལ་ཟེར་བ་ལྟ་བུ།། ༢རྦད འུད་དང་ཤོབ་སྟེ། ཁ་རྦད་ཆེ་བའི་གཏམ་ལ་ཡིད་བརྟན་མེད་ཟེར་བ་ལྟ་བུ།། ༣རྦད (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ)དྲག་ལས་བྱེད་པར་སྐུལ་བ་བྱས་པའི་དོན་ཏེ། དགྲ་ལ་དམག་རྦད། ཁྱི་རྦད་ནས་སྤྱང་ཀི་དེད་ལྟ་བུ། ”རྦོད”ནི་ད་ལྟ་བ་དང་སྐུལ་ཚིག་སྟེ། དམག་རྦོད་མཁན། ཁྱི་རྦོད་ཅིག་ཟེར་བ་ལྟ་བུ།། གྲངས་ཀྱི་འབོར་ནི་འ་འབོར་རོ།། ༡འབོར ཆེ་ཆུང་ངམ་མང་ཉུང་གི་ཚད་དམ་གྲངས་སྟེ། ལས་མིའི་གྲངས་འབོར་སྤར་བ་བྱས། གཏོང་ཡོང་གི་དངུལ་འབོར་སྡོམས་ཤིག་ཟེར་བ་ལྟ་བུ།། ༢འབོར (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) སྐྱུར་བ་དང་འདོར་བ། གཡུག་པ་སྟེ། འབོར་བྱའི་སྨན་རྙིང་། གད་སྙིགས་འབོར་མཁན་ལྟ་བུ། “བོར”ནི་འདས་པ་དང་སྐུལ་ཚིག་སྟེ། རྫབ་དོང་ནང་དུ་སྨན་སྙིགས་བོར། ཕན་མི་ཐོག་པའི་ཅ་ལག་ཚང་མ་ཕྱི་ལ་བོར་ཅིག་ཟེར་བ་ལྟ་བུ།། འབོལ་གདན་འབོལ་རྩོམ་རྗེས་འཇུག་ལ།། འབོལ་གདན འཇམ་པ་དང་མཉེན་པའི་སྟན་མཐུག་པོ་སྟེ། ཉལ་ཁྲིའི་ནང་གི་འབོལ་གདན་ཟེར་བ་ལྟ་བུ།། འབོལ་རྩོམ ཚིག་དམ་པོའམ་མཁྲེགས་པོ་མིན་པའི་རྩོམ་སྟེ། ཚིག་སྦྱོར་དམ་པོས་མ་བཅིངས་པར་འབོལ་རྩོམ་གྱི་སྒོ་ནས་བསྒྲིགས་ན་ཚང་མས་གོ་བདེ་ཟེར་བ་ལྟ་བུ།། ༡འབོལ སྙི་ཞིང་མཐུག་པ་སྟེ། རྩྭ་གདན་འབོལ་པོ། བག་ལེབ་འབོོལ་འབོལ་ཟེར་བ་ལྟ་བུ།། ༢འབོལ མང་པོའམ་མོད་པོ་སྟེ། འབོལ་ཉོ་དཀོན་ཚོང་། འབེལ་ཉོ་དཀོན་ཚོང་འབྲི་བའང་ཡོད། འབོལ་འབོལ་ལྷུག་ལྷུག འབེལ་འབེལ་ལྷུག་ལྷུག་འབྲི་བའང་ཡོད།། ༣འབོལ (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)འཐོག་པ་དང་། གསེད་པ། བཤིག་པ་སྟེ། བལ་འབོལ་ཤིག སྐྲ་འབོལ་ཤིག་ཟེར་བ་ལྟ་བུ། ”འབལ”ནི་འདས་མ་འོངས་ད་ལྟ་གསུམ་མོ། དཔེར་ན། བྱ་སྤུ་འབལ། བལ་འཛིངས་པ་རྣམས་འབལ་བ་བྱས། འབལ་བྱའི་ཤིང་ཏོག སྐྲ་འབལ་གྱིན་འདུག་ལྟ་བུ།། ཆུ་ཡི་རྦ་རླབས་ར་རྦ་དང་།། རྦ་རླབས ཆུ་གཡོས་པའི་རླབས་ཏེ། རླུང་གིས་རྒྱ་མཚོ་ལ་རྦ་རླབས་བསླངས། དབྱར་དུས་གཙང་པོའི་ནང་རྦ་རླབས་དྲག་པོ་འཕྱུར་ཟེར་བ་ལྟ་བུ།། ཤིང་རིགས་སྦ་ནི་ས་སྦ་ལ།། ༡སྦ ཤིང་རིགས་གཞུང་ཤིང་ཕྲ་ལ་རིང་བ་ཞིག་སྟེ། མཉེན་ཞིང་སྲ་པ་ཞིག་ཡིན་ལ། དེས་འདུག་སྟེགས་དང་སྒམ་སོགས་ཡོད་བྱད་སླས་ཆོག་ལ་འཁར་བའང་བྱེད་ཆོག།། ༢སྦ (བྱེད་འབྲེལ་ལས་ཚིག་མ་འོངས་པ)གཞན་གྱིས་མི་མཐོང་བ་བྱེད་པའམ་མི་མངོན་པ་བྱེད་པ་སྟེ། སྦ་བྱའི་དངོས་པོ་ཟེར་བ་ལྟ་བུ། ”སྦས”ནི་འདས་པ་སྟེ། ས་འོག་ཏུ་སྦས་པ་ཞེས་པ་ལྟ་བུ།”སྦེད”ནི་ད་ལྟ་བ་སྟེ། ས་འོག་ཏུ་སྦེད་མཁན་ཟེར་བ་ལྟ་བུ། “སྦོས”ནི་སྐུལ་ཚིག་སྟེ། དངོས་པོ་འདི་ས་འོག་ཏུ་སྦོས་ཤིག་ལྟ་བུ།། སྐེ་ཡི་ལྦ་བ་ལ་ལྦ་ཡིན།། ལྦ་བ ཟས་བཅུད་མ་འདང་བའི་དབང་གིས་མི་ཡི་སྐེ་ལ་བྱུང་བའི་ཤ་འབུར་ཏེ་ནད་རིགས་ཤིག་གི་མིང་། ལྦ་བ་ཅན་གྱི་ཡུལ་ལུང་འགར་།། ལྦ་མེད་ཡན་ལག་ཉམས་པ་མཐོང་ཟེར་བ་ལྟ་བུ།། ཆུ་ཡི་ལྦུ་བར་བ་ལ་ལྦུ་དང་།། ལྦུ་བ ཆུ་ཡི་དབུ་བ་སྟེ། ཁ་བཤད་ཆུ་ཡི་ལྦུ་བ།། ལག་ལེན་གསེར་གྱི་ཐིག་པ་ཟེར་བ་ལྟ་བུ།། འབུ་སྲིན་འབུ་ནི་འ་འབུ་ཡིན།། འབུ་སྲིན སྲིན་བུ་སྤྱི་ཡི་མིང་སྟེ། མིག་གིས་མི་མཐོང་བའི་འབུ་སྲིན་ཟེར་བ་དང་། གནམ་གཤིས་གྲང་མོ་ཆགས་དུས་འབུ་སྲིན་རྣམས་ས་འོག་ཏུ་ཡུབ་ཟེར་བ་ལྟ་བུ།། འབུ མིག་གིས་མཐོང་ཐུབ་པའི་སྲོག་ཆུང་ཆུང་དང་སྤྱིའི་མིང་སྟེ། དབྱར་རྩྭ་དགུན་འབུ་ཟེར་བ་དང་། གྱོན་ཆས་འབུ་ཡིས་ཟས་པས་འཕྲོ་བརླག་ཏུ་ཕྱིན་ཟེར་བ་ལྟ་བུ།། ས་འབུར་འབུར་རྡུང་རྗེས་འཇུག་ར།། འབུར ངོས་མཉམ་པའི་གཞི་ལས་ཕྱི་རོལ་དུ་ཐོན་པ་སྟེ། ས་འབུར་འབུར་དང་རྡོ་འབུར་འབུར། ཤིང་ལ་འབུར་རིས་རྒྱག མི་རིགས་ཀྱི་གནད་དོན་བཤད་མཁན་རྣམས་འབུར་རྡུང་གཏོང་ཟེར་བ་ལྟ་བུ།། ཕྱི་ལ་འབུད་དང་གླིང་བུ་འབུད།། ལྕི་ཤིང་འབུད་ལ་རྗེས་འཇུག་ད།། ༡འབུད [[Wb/bo/ (བྱེད་འབྲེལ་ལས་ཚོག་མ་འོངས་པ་དང་ད་ལྟ་བ)མཐར་སྐྲོད་པ་དང་། འབྱིན་པའམ། འདོན་པ། དུག་སྦྲང་ཕྱི་ལ་འབུད། བསྟན་དགྲ་ཕྱི་ལ་འབུད་མཁན་ལྟ་བུ། ”བུད”ནི་འདས་པ་དང་སྐུལ་ཚིག་སྟེ། ཚོགས་པ་ནས་བུད་པ། ཕྱི་ལ་བུད་ཅིག་ཟེར་བ་ལྟ་བུ།།| (བྱེད་འབྲེལ་ལས་ཚོག་མ་འོངས་པ་དང་ད་ལྟ་བ)མཐར་སྐྲོད་པ་དང་། འབྱིན་པའམ། འདོན་པ། དུག་སྦྲང་ཕྱི་ལ་འབུད། བསྟན་དགྲ་ཕྱི་ལ་འབུད་མཁན་ལྟ་བུ། ”བུད”ནི་འདས་པ་དང་སྐུལ་ཚིག་སྟེ། ཚོགས་པ་ནས་བུད་པ། ཕྱི་ལ་བུད་ཅིག་ཟེར་བ་ལྟ་བུ།།]] ༢འབུད (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ༡ གཏོང་བ་སྟེ། འཛོམ་བརྡ་གཏོང་བར་དུང་འབུད་དགོས། རྒྱ་གླིང་འབུད་པ། དུང་འབུད་མཁན་ལྟ་བུ། ”བུས”ནི་འདས་པ་དང་སྐུལ་ཚིག་སྟེ། དུང་བུས་ནས་འཛོམ་བརྡ་གཏོང། གླིང་བུ་བུས་ཤིག་ཟེར་བ་ལྟ་བུ། ༢ མེ་གཏོང་བ་སྟེ། ལྕི་ཤིང་འབུད་པ། འབུད་ཤིང། [བུད་ཤིང]!མེ་བུས་ནས་ཇ་བསྐོལ། མེ་བུས་ཤིག་ཟེར་བ་ལྟ་བུ།། འབུལ་སྐྱེས་འབུལ་བ་རྗེས་འཇུག་ལ།། འབུལ་སྐྱེས སྟེར་བྱའི་དངོས་པོ་སྟེ། ཕན་ཚུན་འབུལ་སྐྱེས་སྐུར་རེས་གནང་བ། ཟད་མི་ཤེས་པའི་འབུལ་སྐྱེས་ཟེར་བ་ལྟ་བུ།། འབུལ་བ དབུལ་བྱའི་དངོས་རིགས་ཏེ། འབུལ་བ་ཕུལ་ལྟ་བུ། མིང་གི་རྣམ་གྲངས་ལ་སྐྱེས་དང་། གུས་རྫས། མདུན་འཇོག ཕྱག་རྟེན། ཞུ་རྟེན་བཅས་སོ།། འབུལ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)སྟེར་བ་དང་། སྦྱིན་པ། སྐུར་བ་བཅས་ཀྱི་ཞེ་ས་སྟེ། སྙན་ཞུ་འབུལ་མཁན། གཞོན་ནུའི་ལང་ཚོ་མེས་རྒྱལ་ལ་འབུལ་བ་ཟེར་བ་ལྟ་བུ། ”ཕུལ”ནི་འདས་པ་དང་སྐུལ་ཚིག་སྟེ། གོང་རིམ་ལ་སྙན་ཞུ་ཕུལ། མི་དམངས་ཀྱི་དོན་དུ་སྙན་ཞུ་ཕུལ་ཅིག་ལྟ་བུ། ”དབུལ”ནི་མ་འོངས་པ་སྟེ། གོང་རིམ་ལ་དབུལ་བྱའི་སྙན་ཞུ་ཟེར་བ་ལྟ་བུ།། མེ་གཏོང་སྦུད་པར་ས་སྦུད་ཡིན།། སྦུད་པ ཁམས་ཕྱོགས་ཀྱི་མི་རྣམས་ཀྱིས་ཁོལ་མོ་ཟེར་བའི་ར་ལྤགས་ལས་བཟོས་པའི་མེ་སྤར་སྐབས་རླུང་རྡེབ་བྱེད་ཅིག་སྟེ། མེ་འབུད་པར་སྦུད་པ་རྡེབ་ཟེར་བ་ལྟ་བུ།། སྣོད་ཁ་སྦུབ་པར་རྗེས་འཇུག་བ།། སྦུབ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྣོད་སོགས་ཁ་ས་ངོས་སུ་བསྟན་པའི་དོན་ཏེ། སྣོད་ཁ་སྦུབ་པར་བྱ། སྦུབ་པར་བྱེད་ལྟ་བུ། ”སྦུབ”ནི་འདས་པ་དང་སྐུལ་ཚིག་སྟེ། དཀར་ཡོལ་ཁ་སྦུབས་ནས་བཞག ཁ་སྦུབསཤིག་ལྟ་བུ།། ཆར་ཟིམ་སྦྲང་ཆར་འབུ་སྦྲང་མ།། ས་སྦྲང་ཡིན་པ་བློ་རུ་ངེས།། སྦྲང་ཆར ཆར་པ་ཆུང་ཆུང་གི་མིང་སྟེ། རྩི་ཤིང་ལོ་ཏོག་སོགས་གསོ་བྱེད་སྦྲང་རྩི་ལྟ་བུའི་གྲུ་ཆར་ཡིན་པས་ན་སྦྲང་ཆར་རོ།། སྦྲང་མ སྦྲང་རྩི་གསོག་མཁན་གྱི་འབུ་བུང་བ་ལའོ་། དྲི་ཞིམ་མེ་ཏོགའདི་ལ་གཡུ་ཡི་སྦྲང་མ་འཁོར།། སྦྲང སྦྲང་མ་ཞེས་པའི་ཚིག་བསྡུས་པ་སྟེ། སྦྲང་མའི་ཚང་ལ་སྦྲང་ཚང་དང་། སྦྲང་མས་བསགས་པའི་རྩི་ལ་སྦྲང་རྩི་ཟེར་བ་ལྟ་བུ།། ༼མ༽ ལྟ་བྱེད་མིག་ལ་རྗེས་འཇུག་ག།། ༡མིག ལྟ་བྱེད་དམ་གཟུགས་མཐོང་བྱེད་ཀྱི་དབང་པོ་སྟེ། མིག་ལམ་དུ་འཆར་བ་ནི་སྡུག་བསྔལ་གྱི་མནར་བའི་སེམས་ཅན་ཡ་ང་བ་ཞིག། སྨྲེ་སྔགས་འདོན་བཞིན་མིག་ཆུ་དབང་མེད་འཆོར།། མིང་གྲགས་མིང་པོ་རྗེས་འཇུག་ང་།། མིང་གྲགས སྐད་གྲགས་ཏེ། བོད་སྨན་གྱི་མིང་གྲགས་ནི་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱས་བཞིན་ཡོད།། མིང་པོ ཕ་མ་གཅིག་པའི་སྤུན་བུ་རྒན་གྲས་ཏེ། ཕུར་བུ་ནི་ངའི་མིང་པོ་དང་མཁའ་གཡང་ནི་ངའི་སྲིང་མོ་རེད། ང་དང་སྒྲོལ་མ་མིང་སྲིང་ཡིན་ཟེར་བ་ལྟ་བུ།། ༡མིང མི་དང་དངོས་པོ་ལ་བཏགས་པའི་བརྡ་དང་ཐ་སྙད་དེ། སྔན་མཚོ་སྔོན་པོ་ལ་རྒྱ་མིང་མེད་ཀྱང་ད་ཆ་རྒྱ་མིང་་འཆི་ཧེ་་ཟེར་བ་ཞིིག་འདོགས་འདུག མིང་འདི་ཅི་འདྲ་སྡུག་གོ། ༢མིང མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའིམིང་སྟེ། ཡི་གེ་དུ་མ་འདུས་པ་ལས་མིང་ངོ། དཔེར་ན། ཉི་མ་དང་ཟླ་བ་ལྟ་བུ་འདོད་རྒྱལ་གྱི་མིང་དང། པད་མའི་གཉེན་དང་བསིལ་ཟེར་ཅན་ལྟ་བུ་རྗེས་གྲུབ་ཀྱི་མིང་ངོ།། མགྲིན་པའི་མིད་པ་རྗེས་འཇུག་ད།། ༡མིད་པ ཟས་འགྲོ་སའི་མིད་ཐག་སྟེ། མིད་པ་འགག མིད་པ་ཚ་བ། སྔར་མྱོང་གི་སྡུག་བསྔལ་དྲན་ནས་མིད་པ་འཆུས་པ་ཟེར་བ་ལྟ་བུ།། ༢མིད་པ ཟས་ཟོས་ཏེ་མིད་པ་བརྒྱུད་ནས་ཕོ་བར་འགྲོ་རུ་བཅུག་པའི་བྱ་སྤྱོད་ཀྱི་མིང་སྟེ། ཟ་མ་བལྡད་ནས་མིད་པ།། མིད (བྱེད་འབྲེལ་ལས་ཚིག) ཟས་ཟོས་ཏེ་མིད་པ་བརྒྱུད་ནས་ཕོ་བར་འགྲོ་རུ་བཅུག་པ་སྟེ། ཟ་མ་བལྡད་དེ་མིད། ཟས་ཇི་མིད་བཏང་ཟེར་བ་ལྟ་བུ། ཡུལ་སྐད་དུ་མྱིད་ཟེར།། མེས་རྒྱལ་མེས་པོར་རྗེས་འཇུག་ས།། མེས་རྒྱལ རང་མི་རིགས་ཀྱི་མེས་པོ་རྣམས་པས་བཙུགས་པའི་རྒྱལ་ཁབ་སྟེ། ངའི་མེས་རྒྱལ་དགྲ་ལག་ཏུ་ཤོར་ཤིིང་ངའི་ཁྱིམ་ཞིང་ན་ཕྱི་མི་ཡིས་ཁེབས་ཟེར་བ་ལྟ་བུ།། ༡མེས་པོ ཕ་ཡི་ཕ་སྟེ། མེས་པོ་དམ་པ་དང་དབོན་པོའི་བར་ཀྱི་ལོ་རྒྱུས་ཟེར་བ་ལྟ་བུ།། ༢མེས་པོ ཕ་མེས་ཡང་མེས་ཏེ། མེས་པོ་གཉའ་ཁྲི་བཙན་པོ་ཟེར་བ་ལྟ་བུ།། ཡོད་མེད་མེད་ལ་འགྲེལ་བུ་ཡོད།། མེད ཡོད་པ་མ་ཡིན་པ་སྟེ། ཆོས་ལ་རྨོངས་དད་མེད་ཅིང་།མི་དད་པའང་མེད་ལྟ་བུ། མིང་གི་ཐ་མར་འཇུག་པའི་དགག་སྒྲ་ཞིག་སྟེ། གོ་སྐབས་མེད། སྐྱོན་ཆ་མེད། སྒྲ་རྟག་པ་མེད་ལྟ་བུ།། མོད་པོ་མོད་ལ་ན་རོ་ཡོད།། ༡མོད འབེལ་པོ་སྟེ། ཟས་གོས་མཐུན་རྐྱེན་མོད་པོ། ཉོ་ཆ་མོད་པོ། མོད་ཉོ་དཀོན་འཚོང་ཟེར་བ་ལྟ་བུ།། ༢མོད མི་མཐུན་པའི་དོན་ལ་འཇུག་པའི་ཕྲད་ཅིག་སྟེ། ཡིན་མོད། ཡོད་མོད། གོ་སྐབས་བྱུང་མོད་ཀྱི། ཁྱེད་ཀྱིས་བཤད་པར་ཕལ་ཆེ་བདེན་མོད་ཀྱི་ད་དུང་བརྟག་དཔྱད་ཅིག་བྱེད་དགོས་ལྟ་བུ།། ༣མོད འཕྲལ་དང་། དེ་མ་ཐག་པའི་དུས་ཏེ། སྐུ་མཐོང་བའི་མོད་ལ་ཉི་མས་མེ་ཁྱེར་བཞིན་མཛད་པར་གྱུར། ཚོགས་འདུ་གྲོལ་བའི་མོད་ལ་ལས་གྲྭ་ཚུགས་ཡུལ་དུ་ཕྱིན་ལྟ་བུ།། དམག་དཔུང་དམག་སྤྱི་ད་དམག་དང་།། དམག་དཔུང དམག་མི་མང་པོའི་ཚོགས་ཏེ། དམག་དཔུང་ནི་འཇིག་རྟེན་ཁམས་སུ་འཁྲུག་ཟིང་སློང་མཁན་གཙོ་བོ་ཞིག་ཡིན་ལྟ་བུ།། དམག་སྤྱི དམག་དཔུང་གི་ཁྱབ་འགན་འཛིན་ནམ་འགོ་ཁྲིད་གཙོ་བོའི་མིང་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་སྤྱི་ཆེན་མོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ལྟ་བུ།། ༡དམག གཡུལ་སར་འཐབ་འཛིང་བྱེད་མཁན།། ༢དམག དྲག་པོའི་འཐབ་འཛིང་གི་བྱ་བ་སྟེ། བོད་རྒྱ་བར་དུ་དམག་རྒྱག་མི་རུང་ལྟ་བུ།། མུན་པའི་སྨག་རུམ་ས་སྨག་ཡིན།། སྨག་རིམ མུན་པ་འཐུག་པོ་སྟེ། མཚན་མོ་སྨག་རུམ་འཐིབས། སྐྱ་མདའ་ཤར་ནས་སྨག་རུམ་ཡལ་ལྟ་བུ།། ༡སྨག མུན་པའི་ཁ་མདོག་གི་མིང་སྟེ། མཚན་མོ་སྨག་ནག་ཅེས་པ་ལྟ་བུ།། ༢སྨག རྩི་ཤིང་དབྱིབས་ལ་ཕུག་དང་འདྲ་བ་ཞིག་སྟེ། བཟའ་ཆོག་ལ་ལུས་གསོ་བྱེད་ཀྱི་སྨན་ཞིག་ཀྱང་ཡིན།། དམངས་གཙོ་དམངས་ནི་ད་དམངས་དང་།། དམངས་གཙོ མི་དམངས་ལ་ཆབ་སྲིད་ཀྱི་ཐོོག་རང་དབང་གི་སྒོ་ནས་སྐད་ཆ་ཤོག་དབང་ཆ་ཚང་ཡོད་པ་དང་།མི་རིགས་ཁག་སོ་སོའི་གནོད་དོན་ཐོག་གི་བདག་དབང་ཆ་ཚང་མི་རིགས་ཁག་སོ་སོར་ཡོད་པ་ཞིག་ལ་ཟེར། གཉའ་གནོན་ཤུན་གཞོག་དང་མི་རིགས་འཐབ་རྩོད་ཡོངས་སུ་འཇུག་མ་རྫོགས་པར་དམངས་གཙོ་མཚན་ཉིད་ཚང་བ་ཞིག་གཏན་ནས་ཡོང་མི་སྲིད།། རྨང་གཞིའི་རྨང་ནི་ར་རྨང་ཡིན།། རྨང་གཞི རྩ་བའམ་འོག་གཞི་སྟེ། ཡར་རྒྱས་སུ་འགྲོ་བའི་རྨང་གཞི། ས་ཕག་བཏིང་པའི་རྨང་གཞི་ལྟ་བུ།། རྨང རྩ་བའི་འགྲམ་གཞི་སྟེ། རིག་གནས་ཀྱི་རྨང་ཚུགས་ཟིན་པ། སྲོལ་ངན་རྨང་ནས་བསྒྱེལ་ལྟ་བུ།། མཆོག་དམན་དམན་ཤར་ད་དམན་དང་།། མཆོག་དམན མཆོག་ནི་རབ་བམ་ཁྱད་དུ་འཕགས་པ་དང་། དམན་ནི་མཆོག་གི་ལྡོག་ཟླ་སྟེ། ཐ་ཤལ་ལམ་ཞན་པ་ལའོ། དཔེར་ན། སྤུས་ཚད་མཆོག་དམན་བར་གསུམ་ལྟ་བུ།། དམན་ཤར བུད་མེད་དར་མ་སྟེ། སྨན་ཤར་ཡང་ཟེར། དཔེར་ན། སྟག་ཤལ་གཞོན་པ་དང་དམན་ཤར་བུ་མོ་ཟེར་བ་ལྟ་བུ།། ༡དམན ཐ་ཤལ་ལམ་ཞན་པ་སྟེ། གཤིས་ཀ་དམན་པ་ཟེར་བ་ལྟ་བུ།། ༢དམན ཕོངས་པ་དང་། མེད་པ་འགྱུར་བ་སྟེ། མཐུན་རྐྱེན་གྱིས་དམན་པ། འཚོ་བའི་རྒྱུ་དངོས་ཀྱིས་དམན་པ་་ཟེར་བ་ལྟ་བུ།། སྨན་པ་སྨན་བཅོས་ས་སྨན་ཡིན།། ༡སྨན་པ ཕན་པ་སྟེ། འཛུགས་སྐྲུན་ལ་སྨན་པ། རྒྱལ་ཇུས་དམངས་འཚོ་ལ་སྨན་པ་ཟེར་བ་ལྟ་བུ།། ༢སྨན་པ ལྷ་རྗེའམ་གསོ་རིག་པ་སྟེ། སྨན་པ་དོར་བའི་ནད་པ་དེར། སྨན་བཟང་རྙེད་པ་ག་ལ་སྲིད་ལྟ་བུ།། སྨན་བཅོས ནད་གཞི་རང་རང་གི་གཉེན་པོའི་སྨན་བཏང་ནས་ནད་འཇོམས་པར་བྱེད་པའི་ཐབས་ཏེ། ནད་པ་ལ་སྨན་བཅོས་བྱེད་ལྟ་བུ།། སྨན ལུས་ལ་ཕན་ཞིང་ནད་འཇོམས་པ་བྱེད་པའི་རྫས་ཏེ། ནད་ཀྱི་གཉེན་པོའོ། ནང་གསེས་སུ་དབྱེ་ན་རིན་པོ་ཆེའི་སྨན་དང་། སའི་སྨན། རྡོ་ཡི་སྨན། ཤིང་གི་སྨན། རྩིའི་སྨན། ཐང་གི་སྨན། སྔོ་སྨན། སྲོག་ཆགས་ཀྱི་སྨན་བཅས་བརྒྱད་མཆིས་སོ།། སྨོན་འདུན་ཡིད་སྨོན་ན་རོ་ཡོད།། སྨོན་འདུན སྨོན་པའི་རེ་བ་དང་འདུན་པ་སྟེ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་། བདེ་བ་དང་ལྡན་པའི་སྨོན་འདུན་ཞུ་ལྟ་བུ།། ངོ་མཚར་རྨད་བྱུང་ར་རྨད་དང་།། རྨད་བྱུང རྨད་དུ་བྱུང་བ་ཞེས་པའི་ཚིག་བསྡུས་པ་སྟེ། ཁྱད་པར་དུ་འཕགས་ཤིང་ཡིད་དུ་འོངས་བ་ལའོ། དཔེར་ན། རྨད་བྱུང་སྤྱོད་པ་ཀུན་གྱི་མིག་དཔེར་འོས་ཞེས་པ་ལྟ་བུ།། རྨད ཧ་ཅང་བཟང་བའམ་ངོ་མཚར་བའི་དོན་ཏེ། ལོ་ཡག་བསྟུད་མར་བྱུང་བ་ཨེ་མ་རྨད་ཅེས་པ་ལྟ་བུ།། སྟོད་སྨད་སྨད་ཁེབས་ས་སྨད་ཡིན།། སྟོད་སྨད ཡན་ཆ་མན་ཆ་གཉིས་སུ་ཕྱེ་བའི་ཆ་སྟོད་ཆ་སྨད་དེ། ལུས་སྟོད་ལུས་སྨད། སྟོད་ཆ་སྨད་ཆ། རི་སྟོད་རི་སྨད། ལོ་སྟོད་ལོ་སྨད། ཟླ་སྟོད་ཟླ་སྨད། སྟོད་སྨད་བར་གསུམ་ཟེར་བ་ལྟ་བུ།། སྨད་ཁེབས ཟླ་མཚན་འགོག་བྱེད་ཀྱི་རས་ཏེ། བུད་མེད་ལ་མཁོ་བའི་ཡོ་བྱད་ཅིག་ཡིན།། རིམ་པ་དམའ་དང་དམའ་འབེབ་དང་།། རིན་གོང་དམའ་བ་ད་འཕུལ་ཡོད།། རིམ་པ་དམའ མཐོ་རིམ་བར་རིམ་དམའ་རིམ་གསུམ་དུ་ཕྱེ་བའི་དམའ་རིམ་ལའོ།། དམའ་འབེབ མི་མང་པོའི་དཀྱིལ་དུ་གཞན་ལ་ཁྱད་གསོད་བྱེེད་པའམ་ཉམ་དམའ་བར་གཏོང་བ་སྟེ། མི་ལ་བརྙས་བཅོས་ཀྱི་དམའ་འབེབ་བྱེད་མི་རུང་ལྟ་བུ།། དམའ མཐོ་བའི་ལྡོག་ཟླ་སྟེ། སྐད་གདངས་དམའ་པོ། དམའ་བ་ལ་སྡང་སེམས་དང་མཐོ་བ་ལ་ཁྲག་དོག་མ་བྱེད་ལྟ་བུ།། དམར་གསོད་དམར་ཟས་དམར་ཆིལ་ལེ།། ད་དམར་རྗེས་འཇུག་ར་ཡིག་ཡིན།། དམར་གསོད དམར་རྗེན་དུ་སྲོག་གཅོད་པ་སྟེ། ཀླ་ཀློ་བཙན་འཛུལ་མཁན་གྱིས་ཉེས་མེད་བོད་མི་རྣམས་དམར་གསོད་འཛེམ་བག་མེད་པར་གཏོང་ལྟ་བུ།། དམར་ཟས ཤ་རིགས་ཀྱི་ཟས་སྤྱིའི་མིང་སྟེ། དམར་ཟས་སྤང་ནས་དཀར་ཟས་ལ་རོལ་ལྟ་བུ།། དམར་ཆིལ་ལེ དམར་པོའི་རྣམ་པ་མཚོན་སྟངས་ཤིག་སྟེ། ཞི་རྒོལ་བའི་ཐོག་ཏུ་མེ་མདའ་རྒྱག་སྟེ་རྗེས་ཤུལ་དུ་ཁྲག་དམར་ཆིལ་ལེ་འཁྱིལ་ལྟ་བུ།། རྨ་སྐོགས་རྨ་སྨན་རྨ་བྱ་དང་།། རྨ་ཆུ་རྨ་སྒོ་ར་རྨ་ཡིན།། རྨ་སྐོགས རྨ་ཡི་ཤུན་ལྤགས་ཏེ། པུས་མོའི་རྨ་ལ་རྨ་སྐོགས་ཐུག་པོ་ཆགས་འདུག་ལྟ་བུ།། རྨ་སྨན རྨ་གསོ་བྱེད་ཀྱི་སྨན་རིགས་ཏེ། རྨ་ལ་རྨ་སྨན་བྱུག་ནས་རྨ་དྲག་ལྟ་བུ།། རྨ་བྱ རྒྱ་གར་ལ་ཧ་ཅང་མང་བའི་བྱ་རིགས་ཤིག་སྟེ། ཕོ་བྱའི་མགྲིན་པ་ལ་ལྗང་མདོག་ལྡན་ཞིང་འོད་འཁྱུགས་པ་དང་། མགོ་ལ་གཙུག་ཕུད་ལྡན་ལ། འཇུག་སྒྲོ་རིང་ཞིང་སྒྲོ་གུར་ཕུབ་པའི་ཚད་སྒྲོ་སྣེ་རེ་རེ་ལ་ལྗང་མདོག་གི་སོགས་ཀྱི་ཐིག་ལེ་རེ་ཡོད་པ་ཤིན་ཏུ་མཛེས་ཤིང་སྡུག་པ་ཡིན། མོ་བྱ་ནི་ཕོ་བྱ་ལ་ཆུང་ལ་སྤུ་མདོག་ནག་སྐྱ་དང་མཇུག་སྒྲོ་རིང་པོ་མེད། རྨ་བྱས་རྒྱུན་པར་ཁ་ཟས་སུ་དུག་ཟ་བར་བཤད། རྒྱུན་དུ་གཏམ་དཔེ་ལ། རྨ་བྱ་ལ་ངོམ་རྒྱུ་སྒྲོ་མདོགས་དང་། སྤྲེའུ་ལ་ངོམ་རྒྱུ་རྐུབ་ཞེས་ཟེར་སྲོལ་ཡོད།། རྨ་ཆུ ཡུལ་ཤུལ་ཁུལ་གྱི་ཨ་ཆེན་གངས་ལའི་རི་རྒྱུད་ཀྱི་གཡག་རྭ་སྟག་རྩེ་ནས་འབྱུང་ཞིང་། དེ་ནས་དར་ལག་དང་། དེ་ནས་མཚེའུ་རུ་མ། དེ་ནས་སོག་ཚང་། དེ་ནས་རྨ་ཆུ་རྫོང་། དེ་ནས་ཤིང་བཟའ་དགོན། དེ་ནས་རྭ་རྒྱ་དགོན། དེ་ནས་ཚ་ལ་དགོན་སོགས་རིམ་པའི་རྒྱུད་ནས་རྒྱ་ནག་ཕྱོགས་སུ་འགྲོ་ཞིང་རྒྱ་ཡི་ས་ཆ་ཧྲན་ཞི་དང་སྲན་ཞི། ཧོ་ནན། ཧྭན་ཏུང་བརྒྱུད་ནས་རྒྱ་མཚོར་འབབ་བཞིན་ཡོད།། རྨ་སྒོ ལུས་ཀྱི་བུ་ག་སྟེ། མི་ཡི་ལུས་ཀྱི་སྣ་ཁུང་གཉིས། རྣ་ཁུང་གཉིས། མིག་གཉིས། ཁ། གཅིན་ལམ། བཤང་ལམ་བཅས་དགུ་ལ་ཟེར་ཞིང་། དེ་དག་ལས་རྒྱུན་དུ་མི་གཙང་བ་ཐོན་རྒྱུ་ཡོད་པས་མིང་ལ་རྨ་སྒོ་ཟེར་རོ།། རྨ མི་ཕྱུགས་སོགས་ཀྱི་ལུས་ཀྱི་པགས་པ་རལ་ནས་ཁྲག་དང་ཆུ་སེར་འཛགས་པའི་ནད་ཞིག་སྟེ། རྨན་གཞུང་དུ་ནད་ཀྱི་དབང་གིས་བྱུང་བའི་རྨ་ལ་ལྷན་སྐྱེས་ཀྱི་རྨ་དང་མཚོན་ཆ་སོགས་ཀྱིས་རྨས་པའི་རྨ་ལ་མཚོན་རྨ་ཟེར།། ཁ་སྤུའི་སྨ་ར་ས་སྨ་ལ།། སྨ་ར ཁ་སྤུ་སྟེ། སྨ་ར་བྱུལ་བྱུལ་བྱས་ནས་གཏམ་སྨྲ་ལྟ་བུ།། སྐད་ཆ་སྨྲ་བ་ར་བཏགས་ཡོད།། སྨྲ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)བཤད་པའམ་བརྗོད་པའི་དོན་ཏེ། སྨྲ་བྱའི་གཏམ། སྨྲ་ཤེས་དོན་གོ་བ། ངག་སྨྲ་མཁན་ཞེས་པ་ལྟ་བུ། ”སྨྲས”ནི་འདས་པ་སྟེ། འདི་སྐད་ཅེས་སྨྲས་སོ་ལྟ་བུ། ”སྨྲོས”ནི་སྐུལ་ཚིག་སྟེ། དེ་སྐད་ཅེས་སྨྲོས་ཤིག་ལྟ་བུ།། རྨི་ལམ་རྨིས་པ་རྗེས་འཇུག་ས།། རྨི་ལམ གཉིད་ཁུག་སྐབས་མནའ་ལམ་དུ་ཤར་བའི་འཁྲུལ་སྣང་སྟེ། བློ་ངོ་ལ་འཆར་བ་ཙམ་ལས་བདེན་པ་མེད་པ་རྨི་ལམ་དང་འདྲ་བ་ཞེས་པ་ལྟ་བུ།། རྨི (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)གཉིད་ལོད་པའི་སྐབས་སུ་ལུས་ཕྱི་ནང་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་བྱུང་བའི་འཁྲུལ་བའི་སྣང་བ་སྣ་ཚོགས་ཤར་བ་སྟེ། གཉིད་ལོག་ནས་རྨི་ལམ་རྨི་བཞིན་པ། རྨི་བྱའི་རྨི་ལམ་ལྟ་བུ། ”རྨིས”ནི་འདས་པ་སྟེ། གཉིད་ལོག་ནས་རྨི་ལམ་རྨིས་ལྟ་བུ།། རྟ་ཡི་རྨིག་པ་རྗེས་འཇུག་ག། རྨིག་པ རྟ་ནོར་ལུག་སོགས་ཀྱི་ཡན་ལག་གི་སྣེ་མོར་ཤུན་སྐོགས་རྭ་ལྟ་ཆགས་པ་དེ་ཡི་མིང་སྟེ། རྟ་ཡི་རྨིག་པ། བ་ལང་གི་རྨིག་པ་ཞེས་པ་ལྟ་བུ། ཚིག་བསྡུས་ན་རྨིག་ཞེས་འབྲི་ཆོག་སྟེ། རྨིག་པའི་རྗེས་ཤུན་ལ་རྨིག་རྗེས་ཟེར་བ་ལྟ་བུ།། དམིགས་ཡུལ་དམིགས་བསལ་ད་དམིགས་ཡིན།། ༡དམིགས་ཡུལ བློ་ཡིས་ཆེད་དུ་དམིགས་པ་གཏད་སའམ་བློ་ཁ་ཕྱོགས་སའི་ཡུལ་ཏེ། སྙིང་རྗེ་ཡི་དམིགས་ཡུལ་ནི་སྡུག་ངལ་བའི་སེམས་ཅན་ཡིན་པ་ལྟ་བུ།། ༢དམིགས་ཡུལ ཐོབ་འདོད་ཀྱི་འབྲས་བུ་སྟེ། སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཡོན་ཏན་ཐོབ་ཕྱིར་དུ་ཡིན་ཟེར་བ་ལྟ་བུ།། དམིགས་བསལ དམིགས་སུ་བཀར་ནས་ལོགས་སུ་བསལ་བ་སྟེ། སྤྱི་སྟངས་དང་མི་འདྲ་བའི་ལྟ་སྟངས་དང་གནས་ཚད་ལྡན་པ་ལའོ། རྒན་བྱིས་ནད་པ་སོགས་ལ་དམིགས་བསལ་གྱི་གཟིགས་སྐྱོང་གནང་བ། མི་རིགས་ས་ཁོངས་རང་སྐྱོངས་ལ་དམིགས་བསལ་གྱི་བདག་དབང་དགོས། དམིགས་བསལ་གྱི་ཤེས་ཡོན་ཟེར་བ་ལྟ་བུ།། ལོ་ཏོག་སྨིན་དང་སྨིན་མ་དང་།། སྨིན་ལེགས་ལ་སོགས་ས་སྨིན་ཡིན།། སྨིན ལོ་ཏོག་སོགས་ཚད་དུ་སོན་པའམ་ལེགས་པར་གྲུབ་པ་སྟེ། ལོ་ཡག་འབྲས་བུ་སྨིན་པ་ཞེས་པ་ལྟ་བུ།། སྨིན་མ མིག་གི་གོང་ན་ཡོད་པའི་སྤུ་ན་རོ་འདྲ་བ་དེ་ལ་ཟེར་ཏེ། སྨིན་མ་གཉིས་ཀྱི་སྨིན་ཚུགས་རིང་བ། སྨིན་མ་འཇམ་པ། སྨིན་མ་སྣུམ་པ། སྨིན་མའི་སྤུ་མཉམ་པ་ཟེར་བ་ལྟ་བུ།། སྨིན་ལེགས སྐྱེ་གཟུགས་མཛེས་པ་སྟེ། གཞོན་ནུ་སྨིན་ལེགས་མ་ཞེས་པ་ལྟ་བུ།། ཁྱི་ཡིས་རྨུག་པར་ར་རྨུག་དང་།། རྨུག (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྲོག་ཆགས་ཆུང་ངུས་སོ་བཏབ་པའི་དོན་ཏེ། ཁྱིས་རྨུག་ཉེན་ཆེ། ཁྱིས་རྨུག་གིན་འདུག་ལྟ་བུ། ”རྨུགས”ནི་འདས་པ་དང་སྐུལ་ཚིག་སྟེ། ལུག་ལ་ཁྱིས་རྨུག་ནས་རྨ་ཆེ་པོ་བཟོས་འདུག་ལྟ་བུ།། ཚོས་གཞི་སྨུག་དང་སྨུག་དྲི་དང་།། སྨུག་ཐང་སྨུག་པ་ས་སྨུག་ཡིན།། སྨུག ཚོས་གཞི་སྨུག་པོ་སྟེ། མཆིན་པའི་མདོག་དང་འདྲ་བ་དམར་ལ་ནག་ཞད་ཆེ་བའི་ཁ་མདོག་ཞིག་སྟེ། དམར་སྨུག ནམ་སྨུག སྨུག་པོ། རྒྱ་སྨུག་ཟེར་བ་ལྟ་བུ།། སྨུག་དྲི ཤ་རྙིང་པའི་དྲི་བ་ཞིག་སྟེ། ཤ་ལ་སྨུག་དྲི་བྲོ་བ་ཟེར་བ་ལྟ་བུ།། སྨུག་ཐང སྣུམ་བཙོས་ཁ་ཟས་ཀྱི་བྱེ་བྲག་ཅིག་སྟེ། སྨུག་ཐང་བཟོས་ནས་དུས་ཆེན་ལ་སྒུག་པ་ཟེར་བ་ལྟ་བུ།། སྨུག་པ ན་བུན་ཏེ། ས་ངོས་ལ་ཉེ་བའི་མཁའ་ལམ་དུ་འཁྲིགས་པའི་ཆུ་རླངས་དང་དུ་སྤྲིན་གྱི་མིང་། དཔེར་ན། རི་ཀླུང་ཚང་མར་སྨུག་པ་འཐིབས་པ། ཞོགས་པར་སྨུག་པ་ཐོན་པ་ཞེས་པ་ལྟ་བུ། ཚིག་བསྡུས་ན་སྨུག་ཞེས་འབྲི་ཆོག་སྟེ། དུ་སྨུག ས་སྨུག་ཟེར་བ་ལྟ་བུ།། ས་ཞིང་རྨོ་བར་ར་རྨོ་ཡིན།། རྨོ (བྱེད་འབྲེལ་ལས་ཚིག་མ་འོངས་པ)ཐོང་གཤོལ་གྱིས་ས་ཞིང་སློག་པ་སྟེ། རྨོ་བྱའི་ཞིང་། ཞིང་རྨོ་དགོས་ལྟ་བུ། ”རྨོད”ནི་ད་ལྟ་བ་སྟེ། ཞིང་རྨོད་མཁན། ཞིང་རྨོད་ཀྱིན་འདུག་ལྟ་བུ། ”རྨོས”ན་འདས་པ་དང་སྐུལ་ཚིག་སྟེ། ཞིང་རྨོས་ནས་ལོ་ཏོག་བཏབ། ཞིང་རྨོས་ཤིག་ལྟ་བུ།། རྨོངས་པ་མགོ་རྨོངས་ར་རྨོངས་སོ།། རྨོངས་པ མི་ཤེས་པའམ་བླུན་པོ་སྟེ། རྨོངས་པ་མ་རིག་པའི་དབང་གིས་བླང་དོར་གྱི་གནད་མི་ཤེས་པ་ཟེར་བ་ལྟ་བུ།། མགོ་རྨོངས རིག་པ་འཐོམས་པའམ་མགོ་འཐོམས་པ་སྟེ། གཞུང་རྒྱ་ཆེ་བའི་དབང་གིས་མགོ་རྨོངས་སུ་འཇུག་ཟེར་བ་ལྟ་བུ།། རྨོངས མ་ཤིས་པའི་དོན་ཏེ། ཆོས་ལ་རྨོངས་དད་བྱེད་མི་ཉོན་ཤིང་། ཤེས་ནས་དད་པ་ཐོབ་པ་ཞིག་བྱེད་དགོས་ལྟ་བུ།། ༼ཙ༽

  གཙང་སྦྲ་དབུས་གཙང་སྔོན་འཇུག་ག།།

གཙང་སྦྲ གཙང་མ་བྱེད་པའི་ལས་ཀ་དང་བྱ་སྤྱོད་ཀྱི་མིང་སྟེ། སློབ་ཁང་གཙང་སྦྲ་བྱོས་ལྟ་བུ།། དབུས་གཙང བོད་ཡུལ་དབུས་དང་གཙང་གཉིས་ཀྱི་བསྡུས་མིང་སྟེ། བོད་ཆོལ་ཁ་གསུམ་གྱི་ཡལ་གྱལ་དབུས་གཙང་ཆོས་ཀྱི་ཆོལ་ཁ། བོད་ཆོལ་ཁ་གསུམ་ནི་མདོ་སྟོད་མི་ཡི་ཆོལ་ཁ་དང་མདོ་སྨད་རྟ་ཡི་ཆོལ་ཁ་དབུས་གཙང་ཆོས་ཀྱི་ཆོལ་ཁ་བཅས་སོ།། ༡ གཙང གཙང་མ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། དྲི་མས་མ་གོས་པ་དང་། སྤྱོད་ངན་གྱིས་མ་གོས་པ་སྟེ། གོས་འདི་ཧ་ཅང་གཙང། རྐུ་མི་བྱེད་པར་ལག་མ་གཙང་ཞེས་པ་ལྟ་བུ།། ༢ གཙང བོད་ཡུལ་དབུས་གཙང་གི་ཟླས་ཕྱེ་བའི་ནུབ་ཕྱོགས་ཉང་ལྗོངས་ཀྱི་ཡུལ་ཏེ། གཙང་ཕྱོགས་ཀྱི་ཡུལ་མི་ལ་གཙང་པ་ཟེར།།

  བཀའ་བཙན་ཁུངས་བཙན་བཙན་ཤེད་དང་།།
  བཙན་འཛུལ་སོགས་ལ་བ་འཕུལ་ཡོད།།

༡ བཀའ་བཙན བཙན་ཤེད་ཀྱི་སྐད་ཆ་སྟེ། མི་བཀའ་བཙན་པོ་ཟེར་བ་ལྟ་བུ།། ༢ བཀའ་བཙན བཀའ་ལུང་བཙན་པོ་སྟེ། གང་བཤད་དོན་ལ་གནས་པ། དཔེར་ན། སངས་རྒྱས་ཀྱི་བཀའ་བཙན་པོ་འདི་ལྟ་གནང་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་ངལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ།། ཟེར་བ་ལྟ་བུ།། ཁུངས་བཙན འབྱུང་ཁུངས་སམ་རྒྱབ་རྟེན་ཡང་དག་པ་ཡོད་པའི་དོན་ཏེ། གནས་ཚུལ་ཁུངས་བཙན་པོ། ལོ་རྒྱས་ཁུངས་བཙན་པོ་ཟེར་བ་ལྟ་བུ།། བཙན་ཤེད བཙན་ཤུགས་ཀྱི་དབང་ཤེད་དེ། བཙན་ཤེད་ཀྱིས་གཞན་ལ་དབང་ཡོད་བྱེད་པ་ནི་ཆག་སྒོ་སློང་བའི་གཞི་མ་ཡིན་ཟེར་བ་ལྟ་བུ།། བཙན་འཛུལ གཞན་གྱི་ས་ཆ་ལ་དབང་ཤེད་ཀྱིས་འཛུལ་བ་སྟེ། མི་རིགས་གཞན་གྱི་ས་ཆ་ལ་བཙན་འཛུལ་བྱས་ཏེ་ཆབ་སྲིད་བཙན་བཟུང་བྱེད་པས་ནི་མི་རིགས་གཉིས་ཀྱི་བར་ན་འགལ་ཟླ་དང་འཁྲུག་འཛིང་སློང་ཁོ་ཐག་ཡིན་ཟེར་བ་ལྟ་བུ།། ༡ བཙན ལྷ་འདྲེ་སྨྲ་བའི་ངག་རྒྱུན་ལས་ཐོན་པའི་འདྲེ་ཡི་ནང་གསེས་ཤིག་སྟེ། རི་བཙན། ཆུ་བཙན། ཟེར་བ་ལྟ་བུ།། ༢ བཙན བཙན་པོ་སྟེ། མཐུ་སྟོབས་དང་ནུས་ཤུགས་དྲག་པོ་ཡོད་པའི་དོན། དཔེར་ན། རྒྱལ་ཁབ་བཙན་པོ། མི་རིགས་བཙན་པོ་ཟེར་བ་ལྟ་བུ།།

  ཕྲན་ཙམ་ལེགས་ཙམ་ཙ་རྐྱང་དང་།།

ཕྲན་ཙམ ཕྲན་བུ་ཙམ་སྟེ། ཉུང་ཟད་དམ་ཅུང་ཟད་ཙམ། དཔེར་ན། སྤྱི་རྫས་ཕྲན་ཙམ་ཡང་འཕྲོ་བརླག་གཏང་ན་མི་འགྲོག་སྟེ། དེ་ནི་སྤྱི་མི་ཡོངས་ཀྱི་ཡིན་པས་སོ་ཟེར་བ་ལྟ་བུ།། ལེགས་ཙམ ཅུང་ཟད་ཙམ་ཡག་པོ་སྟེ། ད་ལོ་ལོ་ཐོག་ལེགས་ཙམ་རེད་ཟེར་བ་ལྟ་བུ།། ༡ ཙམ ངེས་བཟུང་ངམ་ཚད་བཟུང་བའི་ཚིག་སྟེ། འབྲུ་རྡོག་གཅིག་ཙམ་ཡང་ཆུད་ཟོས་སུ་བྱེད་མི་རུང་ཟེར་བ་ལྟ་བུ།། ༢ ཙམ རྒྱུ་རྐྱེན་གཞན་འགོག་པའི་ཚིག་སྟེ། ལུ་གུ་སྐྱེས་ཙམ་ནས་ནུ་མ་ནུ་ཤེས། ཉི་མ་ཤར་ཙམ་གྱིས་མུན་པ་སེལ་ཟེར་བ་ལྟ་བུ།།

  བཟའ་བྱའི་རྩམ་པ་ར་རྩམ་ཡིན།།

རྩམ་པ འབྲུ་རིགས་བརྔོས་ནས་བཏགས་པའི་ཕྱེའི་སྤྱི་མིང་སྟེ། རྩམ་པ་ནི་བོད་ཀྱི་གཙོ་ཟས་ཤིག་ཡིན་ཅིང་། རྩམ་པའི་རིགས་ལ་ནས་རྩམ་དང་། སྲན་རྩམ། གྲོ་རྩམ། འབྲས་རྩམ། དེ་བཞིན་དེ་དག་གཉིས་སྦྱོར་འདྲེས་མ། སོགས་ཧ་ཅང་མང། ནད་ན་བ་ཡིན་ཚད་ནད་གཞི་སོ་སོར་གཞིག་སྟེ་མི་འདྲ་བ་ཟ་ཆོག་ལ། རྩམ་པ་ནི་གྲོ་ཞིབ་དང་འབྲས་ལྟ་བུའི་ཟས་རྗེན་པ་མ་ཡིན་སྟབས་མེ་བཏང་ནས་བཙོ་མི་དགོས་པར་ཇ་དང་ཆང་ངམ་ཐ་ན་ཆུ་འཁོལ་གྱི་སྤགས་ཁུ་ཕྲན་ཙམ་བྱུང་ན་ལག་སོར་གྱིས་གཡོས་ཏེ་འཕྲལ་འཕྲལ་དུ་ཟ་ཆོག་པར་བརྟེན། ལས་དོན་བྲེལ་བ་ཆེ་བ་དང་། ཕྱོགས་སུ་ཐོན་པ་བཅས་ལ་ཧ་ཅང་སྟབས་བདེ་པོ་ཡོད། མ་ཚད་མར་དང་ཕྱུར་བ་བྱེ་མ་ཀ་ར་གསུམ་དང་ལྷན་དུ་བརྫེ་སྟེ་ཟས་ན་འཛམ་གླིང་ན་སྐད་གྲགས་ལྡན་པའི་(chocolate)ཞེས་པ་དེ་དང་བྲོ་བ་ཧ་ཅང་འདྲ་བོ་ཡོད།།

  རྩ་བ་རྩ་རྒྱུས་ར་རྩ་དང་།།

༡ རྩ་བ རྩྭ་དང་ཤིང་སོགས་ཀྱི་རྐང་པའམ་ས་འོག་ཏུ་རྒྱུས་ནས་ཡོད་པའི་སྡོང་བུ་སྟེ། སྡོང་པོ་ཁོག་ནང་ནས་རུལ་ན། རྩ་བ་རང་བཞིན་གྱིས་གོག་ཡོང་། ཟེར་བ་ལྟ་བུ།། ༢ རྩ་བ རྟེན་གཞི་འམ་རྨང་གཞི། རིག་གནས་ཀྱི་རྩ་བ་བརྟན་པོ་ཚུགས་ཟིན་པ་ཟེར་བ་ལྟ་བུ།། ༣ རྩ་བ གཞི་མའམ་འབྱུང་སའི་རྒྱུ་རྐྱེན་གཅོ་བོ་སྟེ། སྡུག་བསྔལ་གྱི་རྩ་བ་ནི་མི་དགེ་བ་དང་། བདེ་སྐྱིད་ཀྱི་རྩ་བ་ནི་དགེ་བ་ཡིན་ཟེར་བ་ལྟ་བུ།། ༤ རྩ་བ དངོས་པོ་དབྱིབས་ནར་མོ་ཅན་གྱི་རྩེ་མོ་ཡི་ལྡོག་ཟླ་སྟེ། དཔུང་པའི་རྩ་བ་དང་བརླ་ཡི་རྩ་བ། ཚིག་བསྡུས་ན་རྩ་ཞེས་འབྲི་ཆོག་སྟེ། དཔུང་རྩ་དང་བརླ་རྩ་ཟེར་བ་ལྟ་བུ།། ༥ རྩ་བ རིན་ཐང་གི་དོན་ལ་འཇུག་པ་སྟེ། དངོས་པོ་རྩ་བ་ཆེན་པོ། སྨན་རྩ་ཆེན་ཟེར་བ་ལྟ་བུ།། ༦ རྩ་བ གཞུང་ཁུངས་མའི་མིང་སྟེ། སུམ་ཅུ་པའི་རྩ་བ། ཕར་ཕྱིན་གྱི་རྩ་བ། དབུ་མའི་རྩ་བ། རྣམ་འགྲེལ་རྩ་བ་ཟེར་བ་ལྟ་བུ།། རྩ་རྒྱུས རྩ་དང་རྒྱུས་པ་སྟེ། རྩ་ནི་ལུས་ཀྱི་ཕྱོགས་ཐམས་ཅད་དུ་ཟུངས་ཁྲག་རྒྱུ་སའི་ཡུལ་བུ་དང་། རྒྱུས་པ་ནི་སྣེ་མོོ་རུས་པ་དང་འབྲེལ་བའི་ལུས་འགུལ་སྐྱེད་བྱེད་བྱེད་ཀྱི་ཤ་རིགས་ཤིག་སྟེ། རྐང་པའི་རྒྱུས་པ་ཟེར་བ་ལྟ་བུ།། ༡ རྩ གོང་གི་རྩ་རྒྱུས་ཞེས་པར་གཟིགས།། ༢ རྩ ཉེ་འགྲམ་སྟེ། ཁང་པའི་རྩ་ལ་ཤིང་བཙུགས།། ༣ རྩ གྲངས་ཀ་ཉེར་གཅིག་ནས་ཉེར་དགུའི་བར་སོ་སོའི་མཚམས་སྦྱོར་གྱི་ཚིག་གྲོགས་ཞིག་སྟེ། དཔེར་ན། ཉུ་ཤུ་རྩ་གཅིག རྩ་གཉིས། རྩ་གསུམ། རྩ་བཞི། རྩ་ལྔ། རྩ་དྲུག རྩ་བདུན། རྩ་བརྒྱད། རྩ་དགུ་ཟེར་བ་ལྟ་བུ།།

  ལུས་རྩལ་ལག་རྩལ་རྗེས་འཇུག་ལ།།

ལུས་རྩལ ལུས་ཀྱི་ནུས་པའམ་སྟོབས་ཏེ། མཐོན་པོ་མཆོངས་པའི་རྩལ། ཤིང་རྩེར་འཛེགས་པའི་རྩལ། མགྱོགས་པོ་རྒྱུག་པའི་རྒྱུག་རྩལ་ཟེར་བ་ལྟ་བུ།། ལག་རྩལ ལག་པའི་ནུས་སྟོབས་ཏེ། ཟ་མ་བཟོ་བའི་ལག་རྩལ། རི་མོ་འབྲི་བའི་ལག་རྩལ་ཟེར་བ་ལྟ་བུ།། རྩལ ནུས་པའམ་སྟོབས། ལུས་རྩལ་འགྲན་པ། ངག་རྩལ་སྦྱོང་བ། རིག་རྩལ་དར་བ། གཤོག་རྩལ་རྒྱས་པ། མི་རིགས་གྱི་རྩ་དོན་རྩལ་དུ་བཏོན་ནས་བཤད་པ་ཟེར་བ་ལྟ་བུ།།

  བཟའ་བྱའི་རྩྭ་ལ་ཝ་ཟུར་ཡོད།།

རྩྭ སྔོ་ཚལ་ལས་གཞན་པའི་སྐྱེ་ལྡན་སྔོ་རིགས་སྤྱི་ཡི་མིང་སྟེ། རྩྭ་བཟང་ལ་རི་དྭགས་འཁོར་འཁོར། ཆུ་བཟང་ལ་ཁྲུང་ཁྲུང་འཁོར་འཁོར་ཟེར་བ་ལྟ་བུ།།

  གླ་རྩི་སྦྲང་རྩི་འཕུལ་མེད་དང་།།

གླ་རྩི རི་དྭགས་གླ་བ་ཕོ་ཡི་ལྟེ་བ་ནས་བྱུང་བའི་རྫས་ནག་པོ་དྲི་བཟང་དང་སྨན་གྱི་རྒྱུ་ཞིག་སྟེ། རོ་ཁ། ཞུ་རྫེས་བསིལ། ནུས་པས་དུག་ནད་དང་། མཆིན་ནད། མཁའ་མའི་ནད། སྲིན་ནད། གཉན་རིགས་བཅས་ལ་ཕན།། སྦྲང་རྩི བུང་བས་བསགས་པའི་རྩི་མངར་མོ་ཞིག་སྟེ། གསུང་སྤུ་གྲི་ལ་སོ་སྦྲང་རྩི་ཟེར་བ་ལྟ་བུ།། ༡ རྩི ཁ་དོག་དང་རོ་བཅུད་སོགས་ལ་ཕན་བྱེད་ཀྱི་རྫས་རིགས་ཤིག་སྟེ། ཚོན་རྩིི། བཀྲག་རྩི། ཞག་རྩི། ཆང་རྩི། བདུད་རྩི། སྦྲང་རྩི་ཟེར་བ་ལྟ་བུ།། ༢ རྩི (བྱེད་འབྲེལ་ལས་ཚིག་ད་ལྟ་བ)གྲངས་ཀ་རྒྱག་པའི་དོན་ཏེ། འགྲོ་སོང་རྩི་མཁན་ཟེར་བ་ལྟ་བུ། ”བརྩིས”ནི་འདས་པ་སྟེ། འགྲོ་སོང་བརྩིས་ཟེར་བ་ལྟ་བུ། ”བརྩི”ནི་མ་འོངས་པ་སྟེ། བརྩི་བྱའི་འགྲོ་སོང་ཟེར་བ་ལྟ་བུ། ”རྩོས” ནི་སྐུལ་ཚིག་སྟེ། གྲངས་ཀ་རྩིས་ཤིག་ཟེར་བ་ལྟ་བུ།། ༣ རྩི ཆ་འཇོག་བྱེད་པ་སྟེ། དགེ་རྒན་དུ་རྩི་བ། གྲོགས་སུ་རྩི་བ་ཟེར་བ་ལྟ་བུ། དུས་གསུམ་སྐུལ་ཚིག་དང་བཅས་པ་གོང་དང་འདྲ།། བརྩི་བཀུར་བརྩི་འཇོག་བ་འཕུལ་ཡོད།། བརྩི་བཀུར མཐོང་ཆེན་བྱས་ནས་གོང་དུ་བཀུར་བ་སྟེ། ཕ་མ་ལ་བརྩི་བཀུར་ཞུ་བ། དགེ་རྒན་ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་ཟེར་བ་ལྟ་བུ།། བརྩི་འཇོག མཐོང་ཆེན་བརྩི་ཞིང་ཆ་འཇོག་བྱེད་པ་སྟེ། མི་ཤེས་ཡོན་ཅན་ལ་རྩི་འཇོག་བྱེད་དགོས་ཟེར་བ་ལྟ་བུ།། བརྩི གོང་གི”༢ རྩི”ཞེས་པར་གཟིགས།།

  རྩིག་པ་རྩིག་ཞལ་རྗེས་འཇུག་ག།།

རྩིག་པ ཁང་པའི་གྱང་ངམ་ར་བའི་མིང་སྟེ། རྡོ་ཡི་རྩིག་པ། ཕྱི་ར་ལ་རྩིག་པ་བརྒྱབ་ལྟ་བུ། མིང་བསྡུས་ན་རྩིག་ཞེས་འབྲི་ཆོག་སྟེ། རྡོ་རྩིག རྩིག་ངོས། རྩིག་ཞལ་ཟེར་བ་ལྟ་བུ།། རྩིག་ཞལ རྩིག་པའི་ངོས་གྱི་ཞལ་བ་སྟེ། རྩིག་ཞལ་བརྒྱབ་ནས་འཇམ་པོ་བཟོ་ཟེར་བ་ལྟ་བུ།། ༡ རྩིག (བྱེད་འབྲེལ་ལས་ཚིག་ད་ལྟ་བ) རྡོ་སོགས་གཅིག་ཐོག་གཅིག་བཞག་ནས་ཇེ་མཐོ་རུ་གཏོང་བའི་དོན་ཏེ། རྡོ་རྩིག་མཁན་ཟེར་བ་ལྟ་བུ། “བརྩིགས”ནི་འདས་པ་སྟེ། རྡོ་གྲུ་བཞི་བརྩིགས་ནས་ཆུ་རགས་རྒྱག་ཟེར་བ་ལྟ་བུ། ”བརྩིག”ནི་མ་འོངས་པ་སྟེ། བརྩིག་བྱའི་རྡོ་ཟེར་བ་ལྟ་བུ། ”རྩིགས”ནི་སྐུལ་ཚིག་སྟེ། རྩིག་པ་རྩིགས་ཤིག་ཟེར་བ་ལྟ་བུ།། ༢ རྩིག རྩིག་པ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། རྡོ་རྩིག ཕག་རྩིག རྩིག་ཞལ་ཟེར་བ་ལྟ་བུ།།

  གཡག་གི་རྩིད་པ་རྗེས་འཇུག་ད།།

རྩིག་པ གཡག་དང་ར་སོགས་ཀྱི་སྤུ་རྩུབ་པོའི་མིང་སྟེ། རྩིད་ནས་བཟོས་པའི་སྐུད་པ་ལ་རྩིད་སྐུད་ཟེར་བ་ལྟ་བུ།།

  གྲངས་ཀྱི་རྩིས་ལ་རྗེས་འཇུག་ས།།

༡ རྩིས སྒྱུར། བགོ སྣོན། ཕྲི་བཞི་ཡི་སྒོ་ནས་གྲངས་ཀ་རྩི་ཐབས་ཀྱི་མིང་སྟེ། རྩིས་རིག་མཁན་ཅན་གྱི་སྔོན་ཐོན་མི་སྣ་ཟེར་བ་ལྟ་བུ།། ༢ རྩིས གྲངས་ཀ་རྒྱག་པའི་དོན་ཏེ། བྱེད་འབྲེལ་ལས་ཚིག་སྐུལ་ཚིག་གོང་གི”༢ རྩི”ལ་གཟིགས།།

  གཙུག་ཏོར་གཙུག་ལག་ག་གཙུག་དང་།།

གཙུག་ཏོར སྤྱི་གཙུག་གམ་མིའི་མགོ་བོའི་ཀླད་གྱི་དཀྱིལ་ན་འབུར་དུ་ཐོན་པའི་ཆ་ཤས་ཏེ། སངས་རྒྱས་ཀྱི་གཙུག་ཏོར་བལྟར་མི་མངོན་པ་ཟེར་བ་ལྟ་བུ།། གཙུག་ལག སྡེ་སྣོད་གསུམ་གྱི་གསུང་རབ་དང་། རིག་གནས་གཞན་གྱི་དཔེ་དེབ་སྟེ། གཙུག་ལག་སློབ་གཉེར་ཁང་ཟེར་བ་ལྟ་བུ།། གཙུག མི་ཡི་མགོ་བོའི་ཀླད་གྱི་དཀྱིལ་ངོས་ཏེ། གཙུག་ཏུ་བཀུར། གཙུག་རྒྱན། སྤྱི་གཙུག་འབུར་དུ་ཐོན་པ་ཟེར་བ་ལྟ་བུ།།

  ཤིང་སོགས་བཙུགས་པ་བ་བཙུགས་ཡིན།།
བཙུགས   (བྱེད་འབྲེལ་ལས་ཚིག་འདས་པ) ༡ ཤིང་སོགས་འདེབས་པ་དང་ཡར་སློང་བ་སྟེ། མྱུ་གུ་བཙུགས་ལྟ་བུ། “གཟུགས”ནི་མ་འོངས་པ་སྟེ། གཟུགས་བྱའི་ཤིང་ཟེར་བ་ལྟ་བུ། ”འཛུགས”ནི་ད་ལྟ་བ་སྟེ། ཤིང་འཛུགས་མཁན་ཟེར་བ་ལྟ་བུ། ”ཚུགས”ནི་སྐུལ་ཚིག་སྟེ། ཤིང་སྡོང་ཚུགས་ཤིག་ཟེར་བ་ལྟ་བུ། ༢ གནས་ངེས་ཅན་ལ་བརྟན་པོར་གཏད་པ་དང་བཞག་པའི་དོན་ཏེ། པུས་མོ་ས་ལ་བཙུགས། རྐང་པ་བཙུགས། མཛུབ་མོ་བཙུགས་པ། མཛུབ་མོ་གཟུགས་སུ་རུང་བ། སྐྱོན་བཙུགས་པ། སྐྱོན་འཛུགས་མཁན། ལས་ཁུངས་བཙུགས་པ་ཟེར་བ་ལྟ་བུ།།
  བཙུན་པ་བཙུན་མོ་བ་བཙུན་ནོ།།

༡ བཙུན་པ གྲྭ་པའི་ཞེ་ས་སྟེ། བསླབ་ཁྲིམས་ཚུལ་བཞིན་དུ་སྲུང་མཁན་གྱི་བཙུན་པ་ཟེར་བ་ལྟ་བུ།། ༢ བཙུན་པ སྒོ་གསུམ་གྱི་ཉེས་སྤྱོད་སྲུང་བའི་དོན་ཏེ། སྒོ་གསུམ་གྱི་ཉེས་སྤྱོད་ལ་བཙུན་པ་ཟེར་བ་ལྟ་བུ།། བཙུན་མོ རྒྱལ་པོའི་ཆེན་མ་དང་ཆུང་མ་སྟེ། བལ་བཟའ་ཁྲི་བཙུན་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་ཡིན་ཟེར་བ་ལྟ་བུ།། བཙུན འཆལ་བའི་ལྡོག་ཟླ་སྟེ། ངག་འཆལ་བ་མ་ཡིན་པ་ལ་ངག་བཙུན་པ་ཟེར་བ་དང། ལུས་ཀྱི་སྤྱོད་པ་འཆལ་བ་མ་ཡིན་པ་ལ་ལུས་བཙུན་པ་ཟེར་བ་ལྟ་བུ།།

  ཁ་སོགས་བཙུམ་པར་རྗེས་འཇུག་མ།།

བཙུམ (བྱེད་འབྲེལ་ལས་ཚིག་མ་འོངས་པ)ཁ་དང་མིག་སོགས་འབྱེད་པའི་ལྡོག་ཟླ། ཁ་བཙུམ་པར་བྱ། བཙུམ་བྱའི་མིག་ཅེས་པ་ལྟ་བུ། "འཚུམ"ནི་ད་ལྟ་བ་སྟེ། ཁ་འཚུམ་མཁན། ཁ་འཚུམ་བཞིན་འཛུམ་སྟོན་ལྟ་བུ། "བཙུམས"ནི་འདས་པ་སྟེ། མིག་བཙུམས་ནས་བྱེའུ་འཛིན་པ་ཞེས་པ་ལྟ་བུ། "ཚུམས"ནི་སྐུལ་ཚིག་སྟེ། མིག་ཚུམས་ཤིག་ལྟ་བུ།།

  ཚིག་རྩུབ་གདུག་རྩུབ་ར་རྩུབ་ཡིན།།

ཚིག་རྩུབ གཞན་གྱི་སེམས་ལ་ཕོག་ཐུག་ཆེ་བའི་ཚིག་སྟེ། མི་དགེ་བ་བཅུ་ཡི་ནང་ཚན་ཞིག ཚིག་རྩུབ་སྨྲས་ནས་གཞན་སེམས་སྐྲུག་ཟེར་བ་ལྟ་བུ།། གདུག་རྩུབ ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་མ་རུངས་པ་སྟེ། བསམ་པ་གདུག་རྩུབ་ཅན་གྱི་མི་ལ་གནོད་འཚེ་བྱེད་ཟེར་བ་ལྟ་བུ།། རྩུབ འཇམ་པའི་ལྡོག་ཟླ་སྟེ། རྩུབ་མོ་དང་རྩུབ་པོ། རྩུབ་པ་སོགས་ཀྱི་དོན། ཚིག་རྩུབ། གདུག་རྩུབ། རྩུབ་སྤྱོད། གདན་རྩུབ་མོ་ཟེར་བ་ལྟ་བུ།།

  ལུས་ཀྱི་རྩིབ་མ་གི་གུ་ཡིན།།

རྩུབ་མ མི་དང་ཕྱུགས་ཀྱི་བྲང་དང་སྒལ་ཚིགས་སྦྲེལ་བྱེད་ཀྱི་རུས་པ་སྟེ། ཡ་ཁོག་གློ་སྙིང་ཆགས་སྣོད་ཀྱི་རུས་སྒྲོམ། དཔེར་ན། ནད་ཀྱིས་མནར་ཏེ་ལུས་སྟོབས་ཤོར་ཞིང་རྩིབ་མའང་ཧྲང་ཧྲང་དུ་ཕྱིར་མངོན་འདུག་ཟེར་བ་ལྟ་བུ།།

  འཁོར་ལོའི་རྩིབས་མ་ཡང་འཇུག་ས།།

རྩིབས་མ འཁོར་ལོ་སོགས་སྒོར་དབྱིབས་ཀྱི་མུ་ཁྱུད་རྒྱོང་བྱེད་དེ། ལྕགས་རྐང་སོགས་ལས་བྱས་པའི་སྒྲོམ། འཁོར་ལོའི་རྩིབས་མ། ཉི་གདུགས་ཀྱི་རྩིབས་མ་ཟེར་བ་ལྟ་བུ།།

  རི་རྩེ་གྲི་རྩེ་རྩེད་མོ་རྩེ།།
  ར་རྩེ་ཡིན་ལ་སྔོན་འཇུག་མེད།།

༡ རྩེ རི་སོགས་ཀྱི་མགོ་འམ་སྣེ་མོ་སྟེ། གྲི་ཡི་རྩེ་མོ། རི་ཡི་རྩེ་མོ། ཁབ་ཀྱི་རྩེ་མོ་ཟེར་བ་ལྟ་བུ།། ༢ རྩེ མཐར་ཐུག་པའི་གནས་ཀྱི་མིང་སྟེ། ཡོན་ཏན་གྱི་རྩེ་ལ་ཕྱིན་པར་བྱེད། ཚན་རིག་གི་ཡང་རྩེར་སོན་ཟེར་བ་ལྟ་བུ།། ༣ རྩེ སེམས་ཀྱི་བསམ་ཚུལ་གྱི་མིང་སྟེ། བློ་རྩེ་གཅིག་པ། བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ་ཟེར་བ་ལྟ་བུ།། ༤ རྩེ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)རྩེད་མོ་དང་ཟློས་གར་སོགས་འཁྲབ་པ་སྟེ། རྩེ་བྱའི་རྩེད་མོ། རྩེད་མོ་རྩེ་མཁན་ཟེར་བ་ལྟ་བུ། “རྩེས”ནི་འདས་པ་སྐུལ་ཚིག་སྟེ། རྩེད་མོ་རྩེས། གར་རྩེས་ཤིག་ཟེར་བ་ལྟ་བུ།།

  བརྩེ་དུང་སོ་བརྩེ་བ་འཕུལ་ཡོད།།

༡ བརྩེ་དུང ཤ་ཚ་བའམ་སྙིང་ཉེ་བའི་སེམས་ཏེ། མ་བུ་ཡི་བརྩེ་དུང་ཟེར་བ་ལྟ་བུ།། ༢ བརྩེ་དུང སེམས་བརྩེ་ཤིང་ཡིད་སྐྱོ་དུང་ངེ་བ་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ། ཕོ་མོའི་བར་དུ་བརྩེ་དུང་གི་མྱ་ངན་ཟེར་བ་ལྟ་བུ།། སོོ་བརྩེ སོ་ལ་ཟུག་རེག་ཁྱད་པར་བ་ཞིག་བྱང་བ་སྟེ། ཤིང་འབྲས་མ་སྨིན་པ་ཟོས་ན་སོ་བརྩེ་ཟེར་བ་ལྟ་བུ།། ༡ བརྩེ གོང་གི་རྩེ་ཡི་མ་འོངས་པ་སྟེ། བརྩེ་བྱའི་རྩེད་མོ་ཟེར་བ་ལྟ་བུ།། ༢ བརྩེ ཟུག་རེག་ཁྱད་པར་བ་ཞིག་སྟེ། ལྕགད་དྲད་དྲད་བྱེད་པའི་སྒྲ་ཐོས་དུས་སོ་དང་ཨ་མཆོག་བརྩེ་ཟེ་བ་ལྟ་བུ།། ༣ བརྩེ རྗེས་སུ་ཆགས་པ་སྟེ། ཕ་མས་ཕྲུ་གུ་ལ་བརྩེ། ཕྲུ་གུས་ཕ་མ་ལ་བརྩེ་ཟེར་བ་ལྟ་བུ།། ༤ བརྩེ སྙིང་རྗེ་ཡི་མིང་སྟེ། བརྩེ་བ་ཆེན་པོས་རྗེས་སུ་བཟུང་བ་ཟེར་བ་ལྟ་བུ།།

  གཙོ་བོ་གཙོ་འཛིན་ག་གཙོ་དང་།།

གཙོ་བོ གལ་ཆེ་བའི་རིགས་ཏེ། རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག་ཟེར་བ་ལྟ་བུ།། གཙོ་འཛིན རྒྱལ་ཁབ་དང་མང་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཁག་གི་འགོ་ཁྲིད་དེ། རླབས་ཆེན་གྱི་གཙོ་འཛིན་བསྟན་འཛིན་རྒྱ་མཚོ་ཟེར་བ་ལྟ་བུ།།

  གསེར་སྦྱང་བཙོ་མར་བ་བཙོ་ཡིན།།

གསེར་སྦྱང་བཙོ་མ བཙོ་སྦྱང་བྱས་ནས་ལྷད་བཏོན་ཟིན་པའི་གསེར་ཏེ། ལུང་རིགས་དཔྱོད་པ་གསུམ་གྱིས་དག་ཐེར་ལེགས་པར་བྱས་པ་གསེར་སྦྱང་བཙོ་མ་ལྟ་བུའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པར་ཟེར་བ་ལྟ་བུ།། བཙོ (བྱེད་འབྲེལ་ལས་ཚིག་མ་འོངས་པ) ༡ ཤ་དང་ཚལ་སོགས་ཆུ་འཁོལ་མའི་ནང་བཙོ་བ་སྟེ། བཙོ་བྱའི་ཚལ་ཟེར་བ་ལྟ་བུ། “བཙོས”ནི་འདས་པ་སྟེ། ཤ་བཙོས་ནས་ཟ་ཟེར་བ་ལྟ་བུ། ”འཚོད”ནི་ད་ལྟ་བ་སྟེ། ཤ་འཚོད་བཞིན་ཡོད་ཟེར་བ་ལྟ་བུ། ”ཚོས”ནི་སྐུལ་ཚིག་སྟེ། ཤ་ཚོས་ཤིག་ཟེར་བ་ལྟ་བུ། ༢ གསེར་སོགས་སྲེག་སྦྱང་བྱེད་པ་སྟེ། གསེར་བཙོ་སྦྱང་བྱེད། ལྕགས་བཙོ་བར་བྱ་ཟེར་བ་ལྟ་བུ། ༣ ཚོས་རྒྱག་པའམ་ཁ་དོག་སྒྱུར་བ་སྟེ། སྣམ་བུ་ལ་ཚོས་བཙོ། སྣམ་བུ་ལ་ཚོས་ཚོས་ཟེར་བ་ལྟ་བུ།།

  ཚོང་ཟོག་བཙོང་བ་རྗེས་འཛུག་ང་།།

བཙོང (བྱེད་འབྲེལ་ལས་ཚིག་མ་འོངས་པ) ཚོང་རྫས་ཕར་སྤྲད་ནས་དངུལ་ཚུར་ལེན་པ་བྱེད་པ་སྟེ། བཙོང་བྱའི་ཤིང་ཟེར་བ་ལྟ་བུ། ”བཙོངས”ནི་འདས་པ་སྟེ། རྒྱལ་ཁབ་བཙོངས་ནས་མགོ་བཏགས་བྱས་ཟེར་བ་ལྟ་བུ། ”འཚོང”ནི་ད་ལྟ་བ་སྟེ། རྒྱལ་ཁབ་འཚོང་མཁན་ཟེར་བ་ལྟ་བུ། ”ཚོངས”ནི་སྐུལ་ཚིག་སྟེ། འབྲུ་ལྷག་ཡོད་ན་འབྲོག་པ་ལ་ཚོངས་ཤིག་ཟེར་བ་ལྟ་བུ།།

  བཙོན་པ་བཙོན་རྭ་བ་བཙོན་དང་།།

བཙོན་པ དོ་དམ་བཀག་ཉར་བྱེད་པའི་མི་སྟེ། ཆབ་སྲིད་བཙོན་པ་ལ་མནར་གཅོད་ཚད་མེད་པའི་སྡུག་སྦྱོང་བཏང་བ་འདིས་མི་རིགས་ཤིག་གི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཟེར་བ་ལྟ་བུ།། བཙོན་རྭ བཙོན་པ་སྡོད་སའི་ར་བ་སྟེ། བཟོད་དཀའ་བཙོན་རྭ་འདྲ་བའི་ཁོར་ཡུག་ཞིག་གི་ནང་དུ་མི་ཚེ་སྐྱེལ་ཟེར་བ་ལྟ་བུ།། བཙོན བཙོན་པ་དང་འདྲ་སྟེ། བཙོན་ལྟོ། བཙོན་ཆས། བཙོན་འགྲོལ། བཙོན་ཁང་ཟེར་བ་ལྟ་བུ།།

  ལྟོ་ཆས་བཙོག་པ་རྗེས་འཇུག་ག།།

བཙོག་པ མི་གཙོང་བ་སྟེ། ལྟོ་ཆས་སོགས་གཙོང་མ་མ་ཡིན་པ་ལ་བཙོག་པ་ཟེར། དཔེར་ན། གྱོན་པ་བཙོག་པ། ལྟོ་ཆས་བཙོག་པ། ལས་ཀ་བཙོག་པ། སྐད་ཆ་བཙོག་པ་ཟེར་བ་ལྟ་བུ།།

  བརྩོན་འགྲུས་སྦྱང་བརྩོན་ར་བརྩོན་དང་།།

བརྩོན་འགྲུས དགེ་བའི་ལས་སྒྲུབ་པ་ལ་སེམས་མངོན་པར་སྤྲོ་བའི་བས་འཇུག་པ་སྟེ། དགེ་བའི་སེམས་བྱུང་བཅུ་གཅིག་གི་ཡ་གྱལ་ཏེ། བརྩོན་འགྲུས་ཀྱི་བྱེད་ལས་ནི་ཡོན་ཏན་སྐྱེ་གནས་འཕེལ་གསུམ་བྱེད་པའི་ལས་ཅན་ནོ།། སྦྱང་བརྩོན སྦྱང་བྱའི་ཤེས་ཡོན་ལ་བརྩོན་པ་བྱེད་པ་སྟེ། ཤེས་ཡོན་ལ་སྦྱང་བརྩོོན་མཐར་ཕྱིན་པ་བྱེད་ཟེར་བ་ལྟ་བུ།།

  ཚགས་སུ་བཙགས་པ་བ་བཙགས་ཡིན།།

བཙགས (བྱེད་འབྲེལ་ལས་ཚིག་འདས་པ)དྭངས་སྙིགས་འབྱེད་པ་སྟེ། གྲོ་ཕྱེ་ཚགས་ལ་བཙགས། ཇ་རྙོགས་ཇ་ཚགས་ལ་བཙགས་ཟེར་བ་ལྟ་བུ། ”བཙག”ནི་མ་འོངས་པ་སྟེ། ཚགས་ལ་བཙག་བྱའི་གྲོ་ཕྱེ། གྲོ་ཕྱེ་ཚགས་ལ་བཙག་དགོས་ཟེར་བ་ལྟ་བུ། ”འཚག”ནི་ད་ལྟ་བ་སྟེ། ངས་ཇ་འཚག་གིན་ཡོད། ཇ་འཚག་མཁན་ཟེར་བ་ལྟ་བུ། ”ཚོགས”སྐུལ་ཚིག་སྟེ། ཕྱེ་ཚགས་ལ་ཚོགས་ཤིག་ཟེར་བ་ལྟ་བུ།། ༼ཚ༽

  ཉི་མ་ཚ་དང་སྤུན་ཚ་བོ།།
  ན་ཚ་ལ་སོགས་ཚ་རྐྱང་ངོ་།།

ཉི་མ་ཚ ཉི་མའི་དྲོད་ཆེ་བ་སྟེ། དབྱར་ཀ་ཉི་མ་ཚ་དུས་ཞིང་ལས་པ་རྣམས་དཀའ་ཟེར་བ་ལྟ་བུ།། ཚ་བོ མིང་སྲིང་སྤུན་གྱི་བུ་སྟེ། མིང་སྲིང་སྤུན་གྱི་བུ་མོ་ལ་ཚ་མོ་ཟེར། སྤུན་མཆེད་ནས་ཚ་བོ་དང་ཚ་མོ་འབྱུང་། ཚ་བོ་ཚ་མོ་ནས་ཡང་ཚ་འབྱུང། ཡང་ཚ་ནས་གསུམ་ཚ་འབྱང་།། ན་ཚ ནད་སོགས་ན་བ་དང་རྨ་སོགས་ཚ་བ་སྟེ། རྐྱེན་གཅིག་ལས་བྱུང་བའི་ན་ཚ། ཀོ་བ་གཅིག་ལས་དྲས་པའི་རྒྱུན་བུ་ཟེར་བ་ལྟ་བུ།།

  བཟའ་བྱའི་ཚ་ལ་ཝ་ཟུར་ཡོད།།

ཚྭ ཁ་ཟས་ནང་དུ་བཏབ་ནས་ཁ་ཟས་ལ་བྲོ་བ་ཡོད་པར་བྱེད་ཐུབ་པའི་རྫས་རིགས་ཤིག་སྟེ། རོ་དྲུག་གི་ནང་གསེས་ལན་ཚ་བའི་རྫས། ཚྭ་དང་བུལ་ཏོག་བླུག་སྣོད་ནོར་བ། ཇ་ཡི་ནང་དུ་ཚ་འདེབས་ཟེར་བ་ལྟ་བུ།།

  ལུས་ཀྱི་མཚང་ར་མ་འཕུལ་དང།།

མཚང་ར དཔྱི་མགོ་གཡས་གཡོན་ཕན་ཆད་ལུས་ཀྱི་རྒྱབ་གཞུང་སྨད་ཆའི་ཕྱོགས་ཏེ་རྐུབ་འཕོངས་ཞེས་ཀྱང་ཟེར། མཚང་རའི་རུས་པ་དང་དཔྱི་རུས་འབྲེལ་བའི་ཁོག་པའི་མིང་ལ་མཚང་སྒམ་ཟེར།། མཚང ཉེས་པའམ་སྐྱོན་གྱི་མིང་སྟེ། དགེ་རྒན་གྱི་མཆོག་ནི་མཚང་ལ་རྒོལ་བ་འོ། བསླབ་བྱ་ཡི་མཆོག་ནི་མཚང་ཐོག་ཏུ་བབ་པ་འོ་ཟེར་བ་ལྟ་བུ།།

  ཁྱིམ་ཚང་དུད་ཚང་འཕུལ་མེད་ཅུང་།།

ཁྱིམ་ཚང རང་གི་ཁྱིམ་མི་ཡི་སྡོད་ཚང་། ཁྱིམ་ཚང་གཏོར་བ། ཁྱིམ་ཚང་འཐོར་བ་ཟེར་བ་ལྟ་བུ།། དུད་ཚང མི་ཚང་ངམ་ཁྱིམ་ཚང། འཚོ་བ་འཛོམ་པོ་ཡི་དུད་ཚང་། དུད་ཚང་ངན་ཧྲུལ་ཟེར་བ་ལྟ་བུ།། ༡ ཚང སྡོད་སའི་ནང་ཁྱིམ་མམ་གནས། ངེད་ཚང་། ཁོ་ཚང། བྱ་ཚང། སྟག་ཚང། ཇག་ཚང་ཟེར་བ་ལྟ་བུ།། ༢ ཚང གྲངས་ཀ་མ་ཆད་པའམ་གྲངས་ཚད་ལོངས་པ་ཏེ། བྱེད་མེད་ལས་ཚིག་ཡིན་ཞིང་འདས་པ་ཡིན། ད་ལྟ་བ་དང་མ་འོངས་པ་ལ་འཚང་འབྲི། དཔེར་ན། ཁ་མདོག་སྣ་ལྔ་ཚང། ཁ་གྲངས་ཚང། དབང་པོ་ཚང། མཐུན་རྐྱེན་ཀུན་ཚང་ཟེར་བ་ལྟ་བུ།།

  གོས་ཀྱི་བར་འཚང་འ་འཕུལ་ཡིན།།

༡ བར་འཚང གོས་སོགས་ཀྱི་བར་སྲུབ་ཏུ་གཞུག་བྱ་སྲིན་བལ་སོགས་ཏེ། དགུན་ཆས་ནང་དུ་སྲིན་བལ་གྱི་བར་འཚང་བཅུག་པ་ཟེར་བ་ལྟ་བུ།། ༢ བར་འཚང བར་དུ་འཚང་ག་རྒྱག་པ་སྟེ། གཞན་གྱི་སྐད་ཆ་ཡི་ཁྲོད་དུ་བར་འཚང་རྒྱག་ནས་བཤད་པ་ཟེར་བ་ལྟ་བུ།། ༡ འཚང (བྱེད་འབྲེལ་ལས་ཚིག་ད་ལྟ་བ)བར་གསེབ་དུ་ཤུགས་ཀྱིས་ཚུད་པར་བྱེད་པ་སྟེ། མི་མང་པོའི་དཀྱིལ་དུ་འཚང་བ་ཟེར་བ་ལྟ་བུ། ”བཙངས”ནི་འདས་པ་སྟེ། བུ་ག་དེ་རྡོ་ཡིས་བཙངས་སོང་ཟེར་བ་ལྟ་བུ། ”བཙང”ནི་མ་འོངས་པ་སྟེ། བཙང་བྱའི་བུ་ག་ཟེར་བ་ལྟ་བུ། ”ཚོངས”ནི་སྐུལ་ཚིག་སྟེ། བུ་ག་རྡོ་ཡིས་ཚོངས་ཤིག་ཟེར་བ་ལྟ་བུ།། ༢ འཚང (བྱེད་མེད་ལས་ཚིག་ད་ལྟ་བ་དང་མ་འོངས་པ) ༡ མང་པོའི་གྲལ་དུ་འཛུལ་བ་སྟེ། གོ་སྐབས་བྱུང་འཕྲལ་དུ་དགྲ་བོ་འཚང་ཡོང་ཟེར་བ་ལྟ་བུ། ”འཚངས”ནི་འདས་པ་སྟེ། ནང་དུ་འཚངས་ནས་སོང་ཟེར་བ་ལྟ་བུ། ༢ དབུགས་སོགས་གྱེན་དུ་རྒྱོང་བ་སྟེ། ཆམ་པ་ཕོག་པས་སྣ་ཁུང་འཚང་བ། རི་བོ་མཐོན་པོ་འཛེག་སྐབས་དབུགས་འཚང་ཡོང་ཟེར་བ་ལྟ་བུ།།

  རྟགས་མཚན་མཚན་མོ་མ་མཚན་དང་།།

རྟགས་མཚན རྟགས་དང་མཚན་མ་སྟེ། བཀྲ་ཤིས་ལོ་ལེགས་ཡོང་བའི་རྟགས་མཚན། ཆར་བབས་པའི་རྟགས་མཚན། རིག་ལམ་ཁོང་དུ་ཆུད་པའི་རྟགས་མཚན་ཟེར་བ་ལྟ་བུ།། མཚན་མོ ཉི་མ་ནུབ་པ་ནས་གཟུང་ཐོ་རེངས་ཀྱི་བར་ཏེ། མཚན་མོའི་རྨི་ལམ་ནང་དུ་ཨ་མ་མཇལ་བ་རྨི་ཟེར་བ་ལྟ་བུ།། ༡ མཚན མིང་གི་ཞེ་ས་སྟེ། མིང་འདོགས་པ་ལ་མཚན་གསོལ་ཟེར་བ་ལྟ་བུ།། ༢ མཚན མཚན་མོ་དང་མཚན་མ་ཡི་བསྡུས་ཚིག་སྟེ། ཉིན་མཚན་གཉིས། རྟགས་མཚན་ཟེར་བ་ལྟ་བུ།།

  སྡེ་ཚན་ནང་ཚན་སྔོན་འཇུག་མེད།།

སྡེ་ཚན ཚོགས་པ་དང་། བམ་པོ། ལེ་ཚན། དུམ་བུ་སོགས་དེར་གཏོགས་ཀྱི་ཡ་གྱལ་སོ་སོའི་མིང་སྟེ། དངོས་རིགས་ཡག་ཉེས་གང་དང་གང་ཡིན་སྡེ་ཚན་སོ་སོར་འབྱེད་ཟེར་བ་ལྟ་བུ།། ནང་ཚན ནང་གསེས་སམ་དབྱེ་བ་སྟེ། ཁམས་ནི་བོད་ལྗོངས་ཀྱི་ནང་ཚན་ཞིག་ཡིན། སི་ཁྲན་ནི་རྒྱ་ནག་གི་ནང་ཚན་ཞིག་རེད་ཟེར་བ་ལྟ་བུ།། ༡ ཚན རླབས་སམ་ཚད་དེ། ཁ་ཚན་ཆེ་པོ། བཞའ་ཚན། ལྟོ་ཆས་ཟ་ཚན། ཨ་རག་འཐུང་ཚན་ཟེར་བ་ལྟ་བུ།། ༢ ཚན སྐོར་དང་ཚོ་ཁག།སྡེ་ཁག་དང་ཆ་ཤས་ཏེ། སྡེ་ཚན། ལས་ཚན། ཚིག་ཚན་པ་གཅིག ལེ་ཚན་ཟེར་བ་ལྟ་བུ།།

  ཚབས་ཆེ་གནོད་ཚབས་ཡང་འཇུག་ཡོད།།

ཚབས་ཆེ ཤུགས་དྲག་དང་སྟོབས་ཆེ། ནོར་འཁྲུལ་ཚབས་ཆེ། ནད་པ་ཚབས་ཆེ། གནོད་ཚབས་ཆེ་བ་ཟེར་བ་ལྟ་བུ།། གནོད་ཚབས གནོད་ཤུགས། བོད་ཀྱི་ཁོར་ཡུག་ཉམས་རྒུད་འགྲོ་བ་འདིས་འཛམ་གླིང་སྤྱི་ལ་གནོད་ཚབས་ཆེེ་ཟེར་བ་ལྟ་བུ།། ༡ ཚབས ཉེས་སྐྱོན་དང་ནུས་ཤུགས། ནད་ཚབས་ཆུང་བ། ཉེས་ཚབས་ཡང་བ། མི་ཚབས་ཅན། མགོ་ཡོམ་ཚབས་ཆེ་འཁོར་བ་ཟེར་བ་ལྟ་བུ།། ༢ ཚབས མོ་ནད་ཀྱི་རིགས་ཤིག་སྟེ། རླུང་ཚབས། མཁལ་ཚབས་ཞེས་པ་ལྟ་བུ།།

  སྐྱིན་ཚབ་ངོ་ཚབ་ཡང་འཇུག་མེད།།

སྐྱིན་ཚབ གཞན་ནས་གཡར་བའི་རྒྱུ་དངོས་རྣམས་ཀྱི་ཚབ་སྟེ། དངུལ་གྱི་སྐྱིན་ཚབ་ལ་དངོས་པོ་སྤྲོད་ཟེར་བ་ལྟ་བུ།། ངོ་ཚབ ཚབ་བྱེད་མཁན། ཚོགས་འདུ་ལ་ངོ་ཚབ་བཏང་མི་ཆོག་ཟེར་བ་ལྟ་བུ།། ༡ ཚབ དངོས་མིན་ཡང་དེའི་དོད་བྱེད་ཐུབ་པ་ཞིག་གི་མིང་། མི་ཚབ། ངོ་ཚབ། སོ་ཚབ། སྐུ་ཚབ་ཟེར་བ་ལྟ་བུ།། ༢ ཚབ (བྱེད་འབྲེལ་ལས་ཚིག་འདས་པ) གཞན་གྱི་རྒྱུ་དངོས་གྱོང་གུད་དུ་བཏང་བའི་སྐྱིན་པ་བྱིན་པའི་དོན་ཏེ། མི་དམངས་ཀྱི་རྒྱུ་དངོས་གྱོང་གུད་དུ་བཏང་བ་རྣམས་རིན་གོང་ལྟར་ཚབ་ལྟ་བུ། “འཚབ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། འཚབ་བྱའི་དངོས་པོ། སྐྱིན་པ་འཚབ་མཁན་ཞེས་པ་ལྟ་བུ། ”ཚོབས”ནི་སྐུལ་ཚིག་སྟེ། སྐྱིན་པ་ཚོབས་ཤིག་ཟེར་བ་ལྟ་བུ།།

  བྲེལ་འཚབ་འཚབ་ནི་འ་འཚབ་ཡིན།།

བྲེལ་འཚབ བྲེལ་བ་ཆེ་ཞིང་དངངས་འཚབ་ཀྱི་རྣམ་པ་སྟེ། བྱེད་སྟངས་བྲེལ་འཚབ་ཆེ་བ། ལས་ཀ་བྲེལ་འཚབ་མ་བྱེད་ཟེར་བ་ལྟ་བུ།། ༡ འཚབ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ) ལྷུན་ཆགས་པའི་ལྡོག་ཟླ་སྟེ། གཏམ་བཤད་ན་འཚབ་མི་ཉན། ཚོགས་ཐོག་ཏུ་གཏམ་བཤད་ན་འཚབ་མི་དགོས་ལྟ་བུ། ”འཚབས”ནི་འདས་པ་སྟེ། ཉེས་ཅན་པ་འཚབས་ནས་སྐད་འདར་ཟེར་བ་ལྟ་བུ།། ༢ འཚབ ཚབ་ཀྱི་མ་འོངས་པ་དང་ད་ལྟ་བ།།

  ངོ་མཚར་མཚར་སྡུག་མ་མཚར་དང་།།

ངོ་མཚར ཁྱད་མཚར་རམ་ཡ་མཚན་ཅན། ལྟད་མོ་ངོ་མཚར་ཅན། ཡུལ་ལྗོངས་ཀྱི་སྣང་བ་ངོ་མཚར་ཆེ་ཞིང་བརྗིད་ཆགས་དང་ལྡན་པ་ཟེར་བ་ལྟ་བུ།། མཚར་སྡུག ཧ་ཅང་མཛེས་པ་སྟེ། ངོ་མཚར་ཞིང་ལྟ་ན་སྡུག་པ། མི་ཡི་བུ་མོ་ལྷ་ཡི་མཚར་སྡུག་ཅན་ཟེར་བ་ལྟ་བུ།། མཚར ཡ་མཚན་ནམ་ངོ་མཚར་ཏེ། བྱ་ནམ་མཁའ་འཕུར་བ་ཅི་ཞིག་མཚར། མི་ནམ་མཁའ་འཕུར་བ་ཨེ་མ་མཚར་ཟེར་བ་ལྟ་བུ།།

  ལས་ཀ་ཚར་བ་སྔོན་འཇུག་མེད།།

ཚར འཇུག་རྫོགས་པའམ་ཟད་པ་སྟེ། ལོག་བརྒྱབ་ཚར། འོ་མ་བཤིགས་ཚར། རྒྱ་མཚོའི་ཆུ་ལ་ཚར་རྒྱུ་མེད། ལས་ཀ་བྱས་ཚར་ཟེར་བ་ལྟ་བུ།།

  ལས་ཀ་མཚམས་འཇོག་མཚམས་སྤྲིན་དང་།།
  བར་མཚམས་ལ་སོགས་མ་མཚམས་ཡིན།།

མཚམས་འཇོག བར་མཚམས་འཇོག་པ་སྟེ། ལས་ཀ་མཚམས་འཇོག་བྱེད་དེ་ངལ་གསོ་བ་ཟེར་བ་ལྟ་བུ།། མཚམས་སྤྲིན སྔ་དྲོ་དང་ཕྱི་དྲོའི་ཉི་ཟེར་ཕོགས་སའི་སྤྲིན་དམར་སེར་དེ་ལ་ཟེར་ཏེ། མཚམས་སྤྲིན་དམར་པོའི་འོད་མདངས་རྣམ་པར་བཀྲ་བ་ཟེར་བ་ལྟ་བུ།། བར་མཚམས དངོས་པོ་གཉིས་ཐུག་པའི་བར་གསེང་གི་མིང་སྟེ། ཆུ་ཞིག་གིས་བར་མཚམས་གཅོད་པ། རི་ཐང་གཉིས་ཀྱི་བར་མཚམས་ཟེར་བ་ལྟ་བུ།། མཚམས བར་མཚམས་དང་འདྲ།།

  རིང་ཐུང་འཚམས་པ་འ་འཚམས་དང་།།

༡ འཚམས (བྱེད་མེད་ལས་ཚིག་འདས་པ)འགྲིིག་པ་དང་འོས་པ། རན་པ་དང་མཐུན་པ་བཅས་ཀྱི་དོན་ཏེ། ཚིག་བཤད་པ་ཉན་མཁན་གྱི་བློ་དང་མ་འཚམས་ན་གོ་དཀའ། ཟས་ཕོ་བ་ལ་མ་འཚམས་ན་འཇུ་དཀའ་ཟེར་བ་ལྟ་བུ། ”འཚམ”ནི་མ་འོངས་པ་དང་ད་ལྟ་བ་སྟེ། ཉན་མཁན་གྱི་བློ་དང་འཚམ་པའི་སློབ་ཁྲིད། ལུས་ལ་འཚམ་པའི་ལྭ་བ་ཟེར་བ་ལྟ་བུ།། ༢ འཚམས བདེ་འཇགས་སུ་གནས་པའི་དོན་ཏེ། མི་ཕྱུགས་ཐམས་ཅད་འཚམས་ཤིང་བདེ། བདེ་མོ་འཚམས་པོ་ཡིན། ཁོའི་མ་རྒན་མ་འཚམས་པར་ངས་སེམས་གསོ་ཞུས་ལྟ་བུ།།

  ཚོས་གཞི་མཚལ་ཁར་སྔོན་འཇུག་མ།།

མཚལ་ཁ མཚལ་གྱི་མདོག་ཅན་ནམ་དམར་པོ་སྟེ། སྟོད་གོས་མཚལ་ཁ་ཞིག་གྱོན་འདུག་ཟེར་བ་ལྟ་བུ།། ༡ མཚལ རྒྱ་མཚལ་ཏེ་རྡོ་སྨན་གྱི་རིགས་ཤིག་སྟེ། རོ་བསྐ། ཞུ་རྗེས་བསིལ། ནུས་པས་རྨ་འབྲུབ། རུས་ཆག་སྦྱོར། རྩ་ནད་སེལ། གློ་བ་དང་། མཆན་པའི་ཚ་བ། མིག་ནད་བར་འགྲིབ་བཅས་ལ་ཕན།། ༢ མཚལ ཁྲག་གི་ཞེ་ས་སྟེ། ཤངས་མཚལ། སྐུ་མཚལ་ཟེར་བ་ལྟ་བུ།།

  ཕྱག་འཚལ་འཚལ་ལ་སྔོན་འཇུག་འ།།

༡ འཚལ བྱེད་པའི་དོན་ལ་འཇུག་པའི་ལས་ཚིག་ད་ལྟ་བ། འདས་པ་དང་མ་འོངས་པ་ལ་བཙལ་དང་། སྐུལ་ཚིག་ལ་འཚོལ་འབྲི། གུས་ཕྱག་འཚལ། གུས་ཕྱག་འཚོལ་ཅིག་ལྟ་བུ།། ༢ འཚལ རུང་བ་དང་ཆོག་པ་འདོད་པ་བཅས་ཀྱི་དོན་ལ་འཇུག་སྟེ། ནད་གཞི་མགྱོགས་པོ་དྲག་ཡོང་བར་འཚལ། ཁ་སྐམ་དུས་གཏུང་བྱ་ཡོད་པར་འཚལ་ཟེར་བ་ལྟ་བུ།། ༣ མཁྱེན་པའམ་ཤེས་པ་སྟེ། གར་སོང་ཆ་མ་འཚལ། ཅི་ཡིན་མ་འཚལ། དེ་དོན་དགོངས་དབྱིངས་སུ་འཇགས་པར་འཚལ་ཟེར་བ་ལྟ་བུ།། ༤ འཚལ བརྡ་རྙིང་དུ་ཞེན་པ་དང་། འཆད་པ། ཟ་བ་བཅས་ལ་འཇུག་སྟེ། ལྟོ་མྱུར་དུ་འཚལ་ཅིག་ཟེར་བ་ལྟ་བུ།།

  ནགས་ཚལ་སྐྱེད་ཚལ་སྔོན་འཇུག་མེད།།

ནགས་ཚལ རང་བྱུང་དུ་སྐྱེས་པའི་ཤིང་ནགས་ཏེ། ཤིང་ཆ་ཡི་ཐོན་རྫས་འདོན་པའི་ཆེད་དུ་ནགས་ཚལ་འཛུགས་གཉེར་གྱི་ཐོན་སྐྱེད་སྤེལ་བ་ཟེར་བ་ལྟ་བུ།། སྐྱེད་ཚལ མིས་བཟོས་པའི་ནགས་ཚལ་ལམ་གླིང་ག་སྟེ། སྐྱེད་མོས་ཚལ་དང་ཀུན་དགའ་ར་བ་ཡང་ཟེར།། ཚལ རྩི་ཤིང་སྣ་ཚོགས་བཙུགས་ཡོད་པའམ་སྐྱེ་ཡོད་པའི་ར་བའི་མིང་སྟེ། མེ་ཏོག་གི་ཚལ། ནགས་ཚལ། སྐྱེད་ཚལ། དགའ་ཚལ་ཟེར་བ་ལྟ་བུ།།

  ལྷུ་ཚིགས་ཚིགས་ལ་ཡང་འཇུག་ཡོད།།

ལྷུ་ཚིགས ཡན་ལག་གི་དུམ་བུའི་ཆའམ། ལྷུ་སོ་སོའི་བར་འབྲེལ་མཚམས་ཀྱི་ཚིགས་ཏེ། རྐང་པའི་ལྷུ་ཚིགས། མཛུབ་མོའི་ལྷུ་ཚིགས་ནང་ལ་བཀུག་ཟེར་བ་ལྟ་བུ།། ཚིགས བཅད་མཚམས་སམ་བར་མཚམས་ཏེ། སྨྱུག་མའི་ཚིགས། རུས་ཚིགས། དུས་ཚིགས། གཏན་ཚིགས་ཟེར་བ་ལྟ་བུ།།

  མིང་ཚིག་ཚིག་ལ་ཡང་འཇུག་མེད།།

མིང་ཚིག མིང་དང་ཚིག་གཉིས་ལའོ། མིང་ནི་དོན་གྱི་ངོ་བོ་སྟོན་པ་ལའོ། དཔེར་ན། བུམ་པ། ཀ་བ་ཞེས་པ་ལྟ་བུ། ཚིག་ནི་དོན་གྱི་ཁྱད་པར་སྟོན་པ་ཚིགས་སྟེ། གསེར་གྱི་བུམ་པ། རྡོ་ཡི་ཀ་བ་ཞེས་པ་ལྟ་བུའོ།། ༡ ཚིག དོན་གྱི་ངོ་བོ་དང་ཁྱད་པ་སྦྱར་ནས་སྟོན་པའི་སྒྲ་སྟེ། སྒྲ་མི་རྟག་ཞེས་བརྗོད་པའི་སྒྲ་ལྟ་བུ།། ༢ ཚིག ཚི་གུའི་བསྡུས་ཚིག ཁམ་ཚིག་བཅག་ནས་ནང་སྙིང་ཟ་ཟེར་བ་ལྟ་བུ།།

  མེ་ཡིས་འཚིག་པ་འ་འཚིག་སོ།།

༡ འཚིག (བྱེེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཤིང་སོགས་རང་བཞིན་གྱིས་མེ་ཡིས་བསྲེགས་པ་སྟེ། མེས་བུ་ཤིང་འཚིག འཚིག་བྱའི་ཤིང་། ཤོག་བུ་མེ་ཡིས་འཚིག་གིན་འདུག་ཟེར་བ་ལྟ་བུ།། "འཚིགས"ནི་འདས་པ་སྟེ། ཤོག་བུ་འཚིགས་སོང་ཟེར་བ་ལྟ་བུ།། ༢ འཚིག སེམས་བག་མི་འབེབ་པའི་དོན་ཏེ། སེམས་འཚིག་ནས་བཟོད་གླགས་མེད་པ་གྱུར། འཚིག་པ་ཟ་ནས་ཚིག་རྩུབ་སྨྲ་བར་བྱེད་ཟེར་བ་ལྟ་བུ།།

  གྲོང་པ་ཁྱིམ་མཚེས་མ་མཚེས་དང་།།

ཁྱིམ་མཚེས གྲོང་རོགས་ཏེ། གྲོང་པ་ཁྱིམ་མཚེས། ཁྱིམ་མཚེས་རྒྱལ་ཁབ། ཐག་རིང་གི་ཉེ་མཛའ་ལས་ཐག་ཉེ་འི་ཁྱིམ་མཚེས་དགའ་ཟེར་བ་ལྟ་བུ།། མཚེས གྲོགས་སམ་ཟླ་བོ་སྟེ། ཤག་མཚེས། ཁང་མཚེས། གྲལ་མཚེས་སློབ་གྲོགས་ཟེར་བ་ལྟ་བུ།།

  ཚེས་གྲངས་ཚེས་ལ་སྔོན་འཇུག་མེད།།

ཚེས་གྲངས ཚེས་པ་གཅིག་ནས་སོ་གཅིག་བར་གྱི་གྲངས་ཀ་སྟེ། མར་ངོའི་ཚེས་བཅུ་མི་ཚེས་གྲངས་ཉི་ཤུ་ལྔ་ཡིན་ཟེར་བ་ལྟ་བུ།། ཚེས ཟླ་བའི་འཕེལ་འགྲིབ་ཀྱི་སྒོ་ནས་འཇོག་པའི་ལོ་དང་ཟླ་བ། ཞག་བཅས་ཀྱི་ཡུན་ཚད་འཇལ་བའི་ཚེས་པ་སྟེ། ཚེས་ཞག ཚེས་ཟླ། ཚེས་ལོ། ཚེས་ལོངས་ཟེར་བ་ལྟ་བུ།།

  ཕྱགས་ཟོག་འཚོ་བ་འ་འཚོ་དང་།།

༡ འཚོ (བྱེད་འབྲེལ་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྒོ་ཕྱུགས་འཚོ་སྐྱོང་བྱེད་པའི་དོན་ཏེ། འཚོ་བྱའི་ལུག་ ཕྱུགས་འཚོ་བའི་ལས་ཀ འབྲོག་པས་ཕྱུགས་འཚོ་བཞིན་འདུག་ལྟ་བུ། "འཚོས"ནི་འདས་པ་དང་སྐུལ་ཚིག་སྟེ། ལུག་འཚོས་ནས་བལ་པགས་ཐོན་སྐྱེད་བྱེད། ཁྱེད་ཀྱིས་ལུག་འཚོས་ཤིག་ལྟ་བུ།། ༢ འཚོ (བྱེད་མེད་ལས་ཚིག)ཚེ་སྲོག་གནས་པའི་དོན་ཏེ། འཚོ་ཐབས། ཆུ་ནང་དུ་འཚོ་བའི་སྲོག་ཆགས། ཟས་སྲོག་འཚོ་ཙམ་ཟེར་བ་ལྟ་བུ།།

  རྒྱ་མཚོ་མཚོ་ནི་མ་མཚོ་འོ།།

མཚོ ཆུ་མང་པོ་ལྷན་གཅིག་ཏུ་འདུས་ནས་རྒྱ་ཁྱོན་ཆེན་པོར་འཁྱིལ་བའི་ཆུ་གཏེར་གྱི་མིང་སྟེ། མ་ཕམ་གཡུ་མཚོ། ལྷ་མོའི་བླ་མཚོ། མཚོ་སྔོན་པོ་ཞེས་པ་ལྟ་བུ།།

  མཚོན་ཆ་མཚོན་རྟགས་མ་མཚོན་དང་།།

མཚོན་ཆ དྲག་ལས་སམ་གཡུལ་ལས་བྱེད་པའི་ཡོ་བྱད་ཀྱི་སྤྱི་མིང་སྟེ། གྲི་དང་མདུང་མེ་མདའ་སོགས་ལྟ་བུ།། མཚོན་རྟགས དཔེར་བཀད་ནས་དོན་མཚོན་པར་བྱེད་པའི་རྟགས་ཏེ། དཔེར་ན། ས་ཁྲའི་ཐོག་གི་མདོག་ལྗང་གུ་ནི་ས་དམའ་ས་མཚོན་པའི་མཚོན་རྟགས་ཡིན།། མཚོན མཚོན་ཆ་དང་མཚོན་རྟགས་ཞེས་པའི་ཚིག་བསྡུ་སྟེ། མཚོན་ཆས་རྨས་པ་ལ་མཚོན་རྨ་དང་། མཚོན་རྟགས་དེ་དང་དེའི་དོན་ལ་མཚོན་དོན་ཟེར་བ་ལྟ་བུ།།

  ཚོན་རྩི་ཚོན་ཁྲར་སྔོན་འཇུག་མེད།།

༡ ཚོན་རྩི ཚོན་མདོག་སྒྱུར་བྱེད་ཀྱི་རྩི་སྟེ། རས་གཞི་དཀར་པོའི་སྟེང་དུ་ཚོན་རྩི་དམར་པོ་བཏང་བ་ཟེར་བ་ལྟ་བུ།། ༢ ཚོན་རྩི ཚོན་དང་བཀྲག་རྩི་གཉིས་ཀྱི་བསྡུས་མིང་སྟེ།། ཚོན་ཁྲ ཁ་དོག་སྣ་ཚོགས་ཡོད་པའི་ཚོན་མདོག། གློག་བརྙན་ཚོན་ཁྲ། རི་མོ་ཚོན་ཁྲ་ཟེར་བ་ལྟ་བུ།། ༡ ཚོན ཁ་དོག་སྒྱུར་བྱེད་ཀྱི་རྩིའམ་རྫས་ཀྱི་སྤྱི་མིང་སྟེ། ས་ཚོན། རྡོ་ཚོན། ཤིང་ཚོན་ཟེར་བ་ལྟ་བུ།། ༢ ཚོན སོ་སོའི་མཐེ་བོང་གི་ཚིགས་བར་ནས་སེན་མོའི་རྩེ་བར་གྱི་རིང་ཚོད་དེ། ཁྲེ་ཙེ་ གང་དང་ཚོན་དོ་ཟེར་བ་ལྟ་བུ།། ༣ ཚོན སྨན་པའི་མཛུབ་མོའི་མིང་སྟེ། ཚོན་གྱི་འོག་ནས་སྙིང་གི་ན་ཚ་ཟེར་བ་ལྟ་བུ།། ༤ ཚོན ཚིག་འདི་ཡི་མཐའ་ལ་པོ་སྦྱར་ན་ལུས་ལ་ཤ་རྒྱས་པ་དང་ཞག་ཚི་ཆེ་བར་གོ་སྟེ། ལུག་ཚོན་པོ། གཡག་ཚོན་པོ། ཕག་ཚོན་པོ་ཟེར་བ་ལྟ་བུ།།

  ཐེ་ཚོམ་ཚོམ་བུ་འཕུལ་མེད་དང་།།

ཐེ་ཚོམ བློ་རིགས་བདུན་གྱི་ནང་གསེས། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཤེས་པ་སྟེ། སྒྲ་རྟག་གམ་མི་རྟག་སྙམ་པའི་བློ་ལྟ་བུ། ཐེ་ཚོམ་མེད་པ་ཆུ་ལ་བརྒལ། ཐེ་ཚོམ་སྤུ་ཙམ་མེད་ཟེར་བ་ལྟ་བུ།། ཚོམ་བུ དངོས་པོ་མང་པོ་སྤུངས་པའི་ཕུང་པོ་སྟེ། ས་ཚོམ་བུ། རྡོ་ཚོམ་བུ། འབྲུ་ཡི་ཚོམ་བུ། མེ་ཏོག་གི་ཚོམ་བུ། ལོ་ཏོག་ཚོམ་བུ་ཟེར་བ་ལྟ་བུ།། ཚོམ ཐེ་ཚོམ་ཟ་བའམ་བློ་ཐག་རྦད་ཆད་མིན་པ་སྟེ། མ་ཚོམ་བར་གཡུལ་ངོ་ལ་བརྒྱུགས། ཅུང་ཟད་ཚོམ། བྱེད་སྟངས་དེ་ཡང་དག་ཡིན་པས་ཚོམ་མི་འཚལ་ཟེར་བ་ལྟ་བུ།།

  དགོངས་པ་འཚོམ་པ་འའཕུལ་ཡོད།།

དགོང་པ་འཚོམ་པ ཁོང་ཁྲོ་ཟ་བ་སྟེ། དུས་ཐོག་ཏུ་བཅར་མ་ཐུབ་པས་དགོངས་པ་འཚོམ་པ་ཟེར་བ་ལྟ་བུ།། ༼ཛ༽

  མཛའ་བརྩེ་མཛའ་མཐུན་མ་མཛའ་དང་།།

མཛའ་བརྩེ བློ་མཐུན་ཞིང་སྙིང་བརྩེ་བ་སྟེ། ངེད་གཉིས་བར་ཀྱི་མཛའ་བརྩེ་ལ་སུ་དང་གང་གིས་ཀྱང་ཁ་ཐོར་གཏོང་མི་ཐུབ། མཛའ་བརྩེ་དང་ལྡན་པའི་གྲོགས་པོ་རྣམ་པ་ཟེར་བ་ལྟ་བུ།། མཛའ་མཐུན བློ་སེམས་མཐུན་པོ་སྟེ། མཛའ་མཐུན་རྒྱལ་ཁབ། མཛའ་མཐུན་འཐུས་ཚོགས། མཛའ་མཐུན་རོགས་རེས་ཟེར་བ་ལྟ་བུ།། མཛའ མི་མཐུན་པ་མེད་པའམ་སྙིང་ཉེ་བའི་དོན་ཏེ། ཕན་ཚུན་ཤིན་ཏུ་མཛའ་ཤིང་སྙིང་ཉེ་བ་ལ་མཛའ་གྲོགས་ཟེར་བ་ལྟ་བུ།།

  རྫ་ཁོག་རྫ་གཡམ་ར་རྫ་ཡིིན།།

རྫ་ཁོག ས་ཡིས་བཟོས་ནས་མེ་ཐོག་ཏུ་ཚ་དྲོད་ཀྱིས་སྲ་འཐས་སུ་བཏང་ཟིན་པའི་སྣོད་སྤྱོད་སྣ་ཚོགས་ཀྱི་མིང་སྟེ། རྫ་ཁོག་ཆག་ན་སྤྱི་གྱོང་། ཕོར་པ་ཆག་ན་སྒེར་གྱོང་ཟེར་བ་ལྟ་བུ།། རྫ་གཡམ ས་འདམ་གྱིས་བཟོས་ནས་མེ་ཐོག་ཏུ་ཚ་དྲོད་ཀྱིས་སྲ་འཐས་སུ་བཏང་ཟིན་པའི་ཁང་ཐོག་འགེབས་བྱེད་ཀྱི་རྫ་མ་སྟེ། རྫ་གཡམ་གཡུ་རྩི་ཅན་གྱིས་འགེབས་པའི་ཁང་པ་ཟེར་བ་ལྟ་བུ།། ༡ རྫ རྫ་མ་ཞེས་པའི་མིང་མཐའ་བསྡུས་པ་སྟེ། རྫ་མ་བཟོ་མཁན་ལ་རྫ་མཁན་ཟེར་བ་ལྟ་བུ།། ༢ རྫ རྩི་ཤིང་སོགས་ཉུང་ངུ་ལས་མེད་ཅིང་ཕལ་ཆེ་བྲག་རྡོ་སོགས་ཀྱིས་གང་ནས་ཡོད་པ་ལ་རྫ་ཟེར་ཤིང་། དེ་ལྟ་བུའི་རི་ལ་རྫ་རི་ཟེར།།

  མཁས་མཛངས་མཛངས་མར་མ་འཕུལ་ཡོད།།

མཁས་མཛངས མཁས་ཤིང་བཟང་སྤྱོད་དང་ལྡན་པ་སྟེ། མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་ཞིག་འདུག་ཟེར་བ་ལྟ་བུ།། མཛངས་མ བུད་མེད་བློ་གྲོས་ཅན་ནམ་སྤྱོད་བཟང་ཅན་ཏེ། འཛམ་གླིང་ཁྱོན་ཀུན་ལ་གྲགས་པའི་མཛངས་མ་ཟེར་བ་ལྟ་བུ།། ༡ མཛངས དཔའ་བོ་སྟེ། སྙིང་སྟོབས་ཟླ་མེད་དཔའ་བོ་མཛངས་པ་ཅན་ཟེར་བ་ལྟ་བུ།། ༢ མཛངས མཁས་པ་སྟེ། ཤེས་རབ་ཕུལ་བྱུང་གི་སྐྱེ་བོ་མཛངས་པ་ཟེར་བ་ལྟ་བུ།། ༣ མཛངས ཡ་རབས་ཏེ། དྲང་བདེན་མཛངས་པའི་སྤྱོད་བཟང་ཟེར་བ་ལྟ་བུ།།

  ལག་པ་འཛངས་པར་འ་འཛངས་ཡིན།།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  མཛད་འཕྲིན་མཛད་རྗེས་མ་མཛད་དང་།།

མཛད་འཕྲིན མཛད་པ་དང་འཕྲིན་ལས་ཏེ། མཛད་པ་ཞེས་པ་བྱ་སྤྱོད་ཀྱི་ཞེ་ས་དང་། འཕྲིན་ལས་ཞེས་པ་བྱ་སྤྱོད་དེའི་ནུས་པའམ་མཛད་སྤྱོད་ཀྱི་འཕྲོ་འདུ་ལའོ།། མཛད་རྗེས བྱས་རྗེས་ཀྱི་ཞེ་ས་སྟེ། མི་རིགས་ཀྱི་དོན་དུ་བཞག་པའི་མཛད་རྗེས་བསམ་གྱིས་མི་ཁྱབ་ཟེར་བ་ལྟ་བུ།། མཛད (བྱེད་འབྲེལ་ལས་ཚིག་འདས་པ་དང་མ་འོངས་པ་ད་ལྟ་བ)བྱེད་པའི་ཞེ་ས་སྟེ། གཞན་ལ་ཕན་པའི་རོགས་རམ་བཛད་ཟེར་བ་ལྟ་བུ། "མཛོད"ནི་སྐུལ་ཚིག་སྟེ། རོགས་རམ་མཛོད་ཅིག་ཟེར་བ་ལྟ་བུ།།

  འཛད་སྤྲོད་འཛད་སྤྱོད་འ་འཛད་ཡིན།།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ འཛད་སྤྱོད བསྲི་ཚགས་མི་དམ་པའི་བེད་སྤྱོད་དེ། འཛད (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)ཚར་བའམ་རྫོགས་པའི་དོན་ཏེ། རྒྱ་མཚོའི་ཆུ་ལ་འཛད་མཐའ་མེད། འཛད་མཐའ་མེད་པའི་ལོངས་སྤྱོད་ཟེར་བ་ལྟ་བུ། "ཟད"ནི་འདས་པ་སྟེ། ལུས་ཁྲག་ཟད་སོང་ཟེར་བ་ལྟ་བུ།།

  འཐབ་འཛིང་འཛིང་ནི་འ་འཛིང་དང་།།

འཐབ་འཛིང ཕན་ཚུར་འཁྲུག་པ་རྒྱག་རེས་བྱེད་པ། བོད་རྒྱ་བར་ཀྱི་འཐབ་འཛིང་ཟེར་བ་ལྟ་བུ།། འཛིང (བྱེད་འབྲེལ་ལས་ཚིག་མ་འོངས་པ)ཕན་ཚུན་ཚིག་རྩུབ་བཤད་རེས་བྱས་པའམ་འཐབ་པའི་དོན། ཁ་འཛིང་། ལག་འཛིང་། འཛིང་རེས་མ་བྱེད་ཟེར་བ་ལྟ་བུ། "འཛིངས"ནི་འདས་པ་སྟེ། ཁོ་རང་གཉིས་འཛོངས་སོང་ཟེར་བ་ལྟ་བུ། "ཛིང"ནི་ད་ལྟ་བ་སྟེ། ཛིང་གིན་འདུག་ལྟ་བུ། "ཛིངས"ནི་སྐུལ་ཚིག་སྟེ། ཛིངས་ཤིང་ཟེར་བ་ལྟ་བུ།།

  ཆུ་ཡི་རྫིང་བུ་ར་རྫིང་ཡིན།།

རྫིང་བུ མཚེའུ་ལས་ཆུང་བའི་ཆུ་འཁྱིལ་གྱི་མིང་། པད་མའི་རྫིང་བུ། ཁྲུས་ཀྱི་རྫིང་བུ། ཆུ་རྐྱལ་རྫིང་བུ། ཉ་གསོ་སའི་རྫིང་བུ་ཟེར་བ་ལྟ་བུ། ཚིག་བསྡུས་ན་རྫིང་ཞེས་འབྲི་ཆོག་སྟེ། ཁྲུས་རྫིང། ཉ་རྫིང་ཟེར་བ་ལྟ་བུ།།

  ལག་ཏུ་འཛིན་དང་འཁོན་འཛིན་ནི།།
  འ་འཛིན་ཡིན་པ་ཤེས་པར་བྱ།།

ལག་ཏུ་འཛིན ལག་ཏུ་འཆང་བའམ་ལག་ཏུ་བཟུང་བ། རལ་གྲི་ལག་ཏུ་འཛིན་ཟེར་བ་ལྟ་བུ།། ༡ འཁོན་འཛིན འཁོན་དུ་འཛིན་པ་སྟེ། གཏིང་ནད་ཉར་བ། སྔ་རང་ལ་བྱས་པའི་གནོད་འཚེ་རྣམས་སེམས་གཏིང་དུ་འཇོག་པ། གཏིང་ནད་ཉར་ནས་འཁོན་འཛིན་བྱེད་པ་ནི་བྱ་བ་ཐབས་སྡུག་ཡིན་ཟེར་བ་ལྟ་བུ།། ༢ འཁོན་འཛིན ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག ཁོང་ཁྲོའི་ཆར་གཏོགས་པ་གནོད་པའི་བསམ་པ་རྒྱུན་མི་གཏོང་ཞིང་མིང་བཟོད་པར་བྱེད་པ་ཞིག།། འཛིན (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ ལག་པ་སོགས་ཀྱིས་དངོས་པོ་གཟུང་པའི་དོན། ལག་པས་སྨྱུ་གུ་འཛིན། ཞི་ལས་བྱི་བ་འཛིན་ཟེར་བ་ལྟ་བུ། "གཟུང"ནི་མ་འོངས་པ། ལག་ལ་གཟུང་བྱའི་སྨྱུ་གུ་ཟེར་བ་ལྟ་བུ། "བཟུང"ནི་འདས་པ། སྨྱུ་གུ་ལག་ལ་བཟུང་ནས་རི་མོ་འབྲི་ལྟ་བུ། "ཟུངས"ནི་སྐུལ་ཚིག ལག་ལ་ཟུངས་ཤིག་ཟེར་བ་ལྟ་བུ།། ༢ ཡིད་ལ་བསམ་པའི་དོན། སེམས་ལ་འཛིན། བདེན་པར་འཛིན། བཤད་ཚད་བདེན་པར་མ་འཛིན། བདེན་དོན་ཡིད་ལ་འཛིན་དགོས་ཟེར་བ་ལྟ་བུ།། ༣ རྒྱུན་མཐུད་པ་བྱེད་པའི་དོན། སྲོལ་རྒྱུན་བཟང་པོ་འཛིན་མཁན། ཤུལ་འཛིན། ལས་རྒྱུན་འཛིན་མཁན་ཞེས་པ་ལྟ་བུ། ༤ བདག་པོ་བྱེད་པའི་དོན། བདག་ཏུ་འཛིན་ལྟ་བུ།། ༥ བྱ་བ་དང་དངོས་པོའི་ཁྱད་པར་འབྱེད་ཤེས་པའི་དོན། སྨན་ངོས་འཛིན་ཐུབ། ནད་ངོས་བཟུང་ནས་སྨན་བཅོས་བྱ་དགོས་ཟེར་བ་ལྟ་བུ།།

  རྫུ་འཕྲུལ་ན་རྫུ་ར་རྫུ་དང་།།

རྫུ་འཕྲུལ སྤྲུལ་པ་སྣ་ཚོགས། ཁྱད་གཞི་སེམས་ཀྱི་འཕེེན་པའི་ལུས་ཆོས་ནི་རྫུ་བ་དང། ཁྱད་ཆོས་ལུས་ཀྱི་སྤྱོད་པ་སེམས་ཆོས་ནི་འཕྲུལ་བའོ། རྫུ་བ་ནི་སྒྱུར་བའམ་མ་ཡིན་པར་ཡིན་པ་ལྟར་བྱེད་པ་དང་། འཕྲུལ་བ་ནི་སྤྲུལ་པ་ལའོ།། ན་རྫུ ན་ཚ་མེད་ཀྱང་ན་འི་ཡོད་པ་ལྟར་བྱེད་པ། ན་རྫུ་བྱེད་མཁན་ཟེར་བ་ལྟ་བུ།། རྫུ (བྱེད་མེད་ལས་ཚིག་ད་ལྟ་བ)སྔར་གྱི་རྣམ་པ་བསྒྱུར་ནས་གཞན་འཕྲུལ་བར་བྱེད་པའི་དོན་ཏེ། ཉུལ་མ་ཚོང་པར་རྫུ་མཁན་ཞེས་པ་ལྟ་བུ། "བརྫུ"ན་མ་འོངས་པ་སྟེ། ཇག་པ་རྩ་མེད་དུ་གཏོང་ཆེད་ཇག་པར་བརྫུ་དགོས་ཟེར་བ་ལྟ་བུ། "བརྫུས"ནི་འདས་པ་སྟེ། ལྐུགས་པར་བརྪུས་ནས་མོ་ཡིས་ཕོ་ཆས་སྤྲས་ཞེས་པ་ལྟ་བུ། "རྫུས"ནི་སྐུལ་ཚིག་སྟེ། ལྐུགས་པར་བརྫུས་ཤིག་ཟེར་བ་ལྟ་བུ།།

  རྫུན་གཏམ་རྫུན་པར་རྗེས་འཇུག་ན།།

རྫུན་གཏམ སྐྱག་རྫུན་གྱི་སྐད་ཆ་སྟེ། བདེན་པ་མ་ཡིན་པའི་གཏམ། རྫུན་གཏམ་བཤད་པ་ནི་མ་རངས་ཀྱི་སྤྱོད་པ་ཡིན་ཟེར་བ་ལྟ་བུ།། རྫུན་པ མི་ངདེན་པ། རྫུན་པ་སླུ་བའི་ཆོས་ཅན་ཟེར་བ་ལྟ་བུ།།

  ཞལ་འཛུམ་འཛུམ་དམུལ་འ་འཛུམ་མོ།།

ཞལ་འཛུམ གད་མོ་ཅུང་ཟད་དགོད་པ། ཞལ་འཛུམ་པ་མཛད་ལྟ་བུ།། འཛུམ་དམུལ གད་མོ་དགོད་པའི་ཉམས། འཛུམ་དམུལ་དམུལ་ངང་ལག་པ་གཏོང་རེ་བྱེད་ལྟ་བུ།། འཛུམ ཅུང་ཟད་དགོད་པའི་རྣམ་པའི་མིང། ཞལ་འཛུམ་བཞིན་པར་བསླབ་བྱ་གནང་ལྟ་བུ།།

  ནང་དུ་འཛུལ་བ་རྗེས་འཇུག་ལ།།

འཛུལ ཞུགས་པ། ནང་དུ་སོང་བ། ནང་དུ་ནུབ་པ་སོགས་ཀྱི་དོན། ས་ཕུག་ཏུ་འཛུལ་སོང། ཁང་པའི་ནང་དུ་འཛུལ་ནས་བསྡོད་ལྟ་བུ།།

  ཁ་སོགས་འཛེམ་པར་རྗེས་འཇུག་མ།།

༡ འཛེམ བག་ཟོན་ནམ་དོགས་ཟོན་བྱེད་པ། མི་ཁ་ལ་འཛེམ་པ། སྤྱོད་ངན་ལ་འཛེམ་པ་ཟེར་བ་ལྟ་བུ།། ༢ འཛེམ ངོ་ཚའམ་བག་ཚ། མིི་མང་གི་དཀྱིལ་དུ་གཏམ་སྨྲ་བ་ལ་འཛེམ་པ་ལྟ་བུ།།

  མཛེས་པོ་མཛེས་སྡུག་མ་མཛེས་སོ།།

མཛེས་པོ མདོག་དང་རྣམ་པ་སོགས་ཡིད་དུ་འོང་བ། གཤིས་ཀ་བཟང་ཞིང་རྣམ་པ་མཛེས་པ་ཟེར་བ་ལྟ་བུ།། མཛེས་སྡུག མཛེས་ཤིང་ལྟ་ན་སྡུག་པ། རྣམ་པ་མཛེས་ཤིང་ལྟོས་ན་ཡིད་ལ་སྡུག་བ་སྦྱིན་པ། ཁྱེད་ལ་སེམས་ཤོར་བ་ནས་བཟུང་ངའི་ཡིད་ལ་སྡུག་བ་དྲག་པོ་ཞིག་རྒྱུན་མ་ཆད་པ་འབྱུང་བ་འདིས་ང་ལ་མཛེས་སྡུག་ཞེས་པའི་ཚིག་འདི་ཡི་གོ་བ་ལེན་དུ་བཅུག་ཟེར་བ་ལྟ་བུ།། མཛེས ཡིད་དུ་འོངས་བ། གཟུགས་མཛེས། མཛེས་ལྡན་མ། མཛེས་ཐོག་མཛེས་བརྩེགས་ཟེར་བ་ལྟ་བུ།།

  གོས་སོགས་བརྫེས་པར་ར་བརྫེས་ཡིན།།

བརྫེས (བྱེད་འབྲེལ་ལས་ཚིག་འདས་པ)གྱེན་དུ་ལྡོག་པའམ། གོས་འདབ་སོགས་ཡར་བཀྱགས་པ་དང་དྲིལ་བའི་དོན། གོས་ཡར་བརྫེས་ནས་ཆུ་ལ་བརྒལ་ཟེར་བ་ལྟ་བུ། "བརྫེ"ནི་མ་འོངས་པ། བརྫེ་བྱའི་གོས་འདབ། "རྫེ"ནི་ད་ལྟ་བ། གོས་འདབ་ཡར་རྫེ་འིན་ཡོད། "རྫེ"ནི་སྐུལ་ཚིག གོས་འདབ་ཡར་རྫེས་ཤིག་ཟེར་བ་ལྟ་བུ།། མཛོ་དང་མཛོ་མོ་མ་མཛོ་ཡིན།།

  མཛོ་དང་མཛོ་མོ་མ་མཛོ་འོ།།

མཛོ འབྲི་དང་གླང་བསྡེབས་པའི་གནག་ཕྱུགས་ཕོ་ཡི་མིང་། མཛོ་ནི་འབྲི་གཡག་དང་བ་ལང་གི་བཟང་ཆ་གཉིས་ཀ་འཛོམས་པའི་སྒོ་ཕྱུགས་བཟང་པོ་ཞིག་ཡིན།། མཛོ་མོ འབྲི་དང་གླང་བསྡེབས་པའི་གནག་ཕྱུགས་མོའི་མིང་།།

  ཡོངས་སུ་རྫོགས་པ་ར་རྫོགས་ཡིན།།

ཡོངས་སུ་རྫོགས་པ ཡོད་ཚད་གཅིག་ཀྱང་ལུས་པ་མེད་པ། འདོད་པ་ཡོད་ཚད་ཡོངས་སུ་རྫོགས་པ་འགྲུབ་པ་ཞིག་སྲིད་ན་མི་ཡོང་ལྟ་བུ།། ༡ རྫོགས གང་བ་དང་ཚང་བ། ཟླ་བའི་ཆ་ཐམས་ཅད་རྫོགས་པར་ཤར་ཟེར་བ་ལྟ་བུ།། ༢ རྫོགས ཚར་བ་དང་ཟད་པ། ཡོ་བྱད་ཚང་མ་བེད་བཅད་པས་རྫོགས་སོང་ཟེར་བ་ལྟ་བུ།།

  ཆུ་མཛོད་མཛོད་ཁང་མ་མཛོད་ལ།།

༡ ཆུ་མཛོད རྒྱ་མཚོ་ལའོ།། ༢ ཆུ་མཛོད མིས་བཟོས་པའི་ཆུ་གསོག་ས་ཡི་མཛོད། ཆུ་མཛོད་ནང་དུ་ཆུ་བསོགས་ནས་ཞིང་ལ་དྲངས་ཟེར་བ་ལྟ་བུ།། མཛོད་ཁང རྒྱུ་ནོར་འཇོག་སའི་ཁང་པ།། ༡ མཛོད དངོས་རིགས་གསོག་འཇོག་བྱེད་སའི་ཡུལ། བང་མཛོད། ཚིག་མཛོད། རྒྱུ་མཛོད་ཟེར་བ་ལྟ་བུ།། ༢ མཛོད ལས་ཀ་དང་བ་བྱེད་པའི་ཞེ་ས། མཛད་པའི་སྐུལ་ཚིག།བྱ་བ་འདི་ཁྱེད་ཀྱིས་མཛོད་ཅིག་ཟེར་བ་ལྟ་བུ།།

  མཉམ་དུ་འཛོམ་པ་འ་འཛོམ་ཡིན།།

༡ འཛོམ (བྱེད་མེད་ལས་ཚིག་མ་འོངས་པ་ད་ལྟ་བ) ༡ ཕྱོགས་གཅིག་ཏུ་ཚོགས་པའམ་འདུ་བ། ཚང་འཛོམ་གྲོས་ཚོགས། ལྷན་འཛོམ་ལྟ་བུ། "འཛོམས"མི་འདས་པ་སྟེ། འཐུས་མི་རྣམས་ལྷན་དུ་འཛོམས་ནས་གྲོས་བྱས་ལྟ་བུ། ༢ ཡོད་པའམ་ཚང་བའི་དོན། རང་གིས་འབད་རྩོན་བྱས་ན་ཟས་གོས་འཛོམས། མཐུན་རྐྱེན་འཛོམས། ༣ ཕྲད་པའི་དོན། ངེད་གཉིས་ལྷན་དུ་འཛོམ་ཞེས་པ་ལྟ་བུ།། ༼ཝ༽ ཝ་སྐྱེས་ཝ་ལེར་ཝ་རྐྱང་ངོ་།། ཝ་སྐྱེས གཅན་གཟན་ཝ། ཝ་སྐྱེས་སྡར་མས་སེང་གེ་ལ་འགྲན་པ་ཟེར་བ་ལྟ་བུ།། ཝ་ལེ གསལ་ལྷང་ངེ་ཞེས་པའི་དོན། ཡིད་ལ་ཝ་ལེ་ཤར། སེམས་ལ་ཝ་ལེ་དྲན་ལྟ་བུ།། ༡ ཝ གཅན་གཟན་ཝ་མོ། ཝ་སྐྱེས།། ༢ ཝ ཁང་ཐོག་གི་ཆུ་འགྲོ་སའི་ཤུར།། ༣ ཝ རྟ་ཤེད་རྒྱས་པའི་སྐབས་ཀྱི་དྲུག་མདོའི་སྒང་གི་ཤུར།། ༼ཞ༽ རྐང་ལག་ཞ་བོར་ཞ་རྐྱང་དང་།། ཞ་བོ རྐང་ལག་གང་རུང་ལ་སྐྱོན་ཞུགས་ཏེ་ཉམས་ཤིང་འཁུམས་པའི་མིང་།། ༡ ཞ ཡན་ལག་སྐྱོན་ཅན་དུ་གྱུར་པ། རྐང་པ་ཞ།། མིག་ཞ་ཟེར་བ་ལྟ་བུ།། ༢ ཞ སེམས་ཀྱི་སྣང་བ་སོགས་མི་མངོན་པར་གནས་པའི་དོན། ཞེ་སྡང་བག་ལ་ཞ། གཉིད་ཚེད་རིག་པ་བག་ལ་ཞ་ཟེར་བ་ལྟ་བུ།།

  མགོ་ཡི་ཞྭ་མོ་ཝ་ཟུར་ཡོད།།

ཞྭ་མོ མགོ་ལ་གཡོག་རྒྱུ་ཡི་ཞྭ་མོ།།ཚིག་བསྡུས་ན་ཞྭ་ཞེས་འབྲི་ཆོག་སྟེ། དབྱར་ཞྭ། དགུན་ཞྭ་ཟེར་བ་ལྟ་བུ།།

  ཉིན་ཞག་ཞག་ཚིར་ཡང་འཇུག་མེད།།

ཉིན་ཞག ཞིན་གཅིག་དང་ཞག་གཅིག་སྟེ། དེ་རིང་གི་ནམ་ལངས་ཏེ་ལག་པའི་རི་མོ་མཐོང་བ་ནས་སང་ཉིན་ནམ་ལངས་ཏེ་ལག་པའི་རི་མོ་མཐོང་བའི་བར། དཔེར་ན། ཉིན་ཞག་ཕྲུགས་གསུམ་ཟེར་བ་ལྟ་བུ།། ཞག་ཚི མར་དང་ཚི་ལུ་སྣུམ་སོགས་ཀྱི་ཞག་ཚི། ཤ་ཁུའི་ཁ་ལ་ཞག་ཚི་འཁྲིགས་པ། ཁ་ལག་ཞག་ཚི་ཅན་ཟེར་བ་ལྟ་བུ།། ༡ ཞག ཞག་པོ་ཞེས་པའི་ཚིག་བསྡུས་པ། ཉིན་མཚན་གཅིག་གི་དུས་ཚད།། ༢ ཞག སྣུམ་རིགས་སམ་སྣུམ་རྩི་སྤྱི་ཡི་མིང་། རུས་ཞག། ཚིལ་ཞག མར་ཞག་ཅེས་པ་ལྟ་བུ།།

  ཐག་པའི་ཞགས་པར་ཡང་འཚུག་ཡོད།།

ཞགས་པ འཆིང་བྱེད་དམ་འཛིན་བྱེད་ཀྱི་ཐག་པ། རླུང་བསེར་བུ་ཞགས་པས་མི་ཟིན། ཆུ་གཙང་པོ་རྡོ་ཡིས་མི་ནོན་ཟེར་བ་ལྟ་བུ། ཚིག་བསྡུས་ན་ཞགས་ཞེས་འབྲི་ཆོག་སྟེ། ཞགས་པ་ནག་པོ་ལ་ཞགས་ནག་ཟེར་བ་དང། རྟ་ལ་ཞགས་བརྒྱབ་ཟེར་བ་ལྟ་བུ།།

  ས་ལ་བཞག་པ་བ་བཞག་དང་།།

༡ བཞག (བྱེད་འབྲེལ་ལས་ཚིག་འདས་པ) ༡ དངོས་པོ་ཞིག་རང་གནས་སུ་གནས་པར་བྱ་བའི་དོན། དཔེ་ཆ་དཔེ་སྟེགས་ཐོག་ཏུ་བཞག་ནས་དམ་དོ་བྱས་ལྟ་བུ། "གཞག"ནི་མ་འོངས་པ། གཞག་བྱའི་དངོས་པོ། "འཇོག"ད་ལྟ་བ། དཔེ་སྟེགས་ཐོག་ལ་དཔེ་ཆ་འཇོག "ཞོག"ནི་སྐུལ་ཚིག དཔེ་སྟེགས་སྟེང་དུ་དཔེ་ཆ་ཞོག་ཅིག་ལྟ་བུ། ༢ དཔེ་བརྗོད་བཀོད་པ། དཔེ་འཇོག དཔེ་བཞག དཔེ་ཞོག་ལྟ་བུ། ༣ གྲུབ་འབྲས་བསྐྲུན་པའི་དོན། ལག་རྗེས་འཇོག ལག་རྗེས་བཞག་ལྟ་བུ། ༤ མཚམས་བྱེད་པའི་དོན། བྱ་བ་མཚམས་འཇོག མཚམས་བཞག མཚམས་ཞོག་ལྟ་བུ། ༥ ཟུར་དུ་དབྱུག་པ། རང་དོན་ལོགས་སུ་བཞག སྤྱི་དོན་ཟུར་དུ་བཞག་མི་རུང་ལྟ་བུ།། ༢ བཞག བརླ་ཁུག། བརླ་ཡི་ནང་ངོས་ཀྱི་ཤ་ལ་བཞག་ཤ་ཟེར་བ་ལྟ་བུ།། ༣ བཞག མགོ་མཇུག་བར་མཚམས་མེད་པ་སྒོར་མོ་འཁྱིལ་བའི་རི་མོ། རྒྱུ་མ་བཞག་སྒོར་མ། ཟློས་གར་བ་ཚོ་ བཞག་སྒོར་མོ་ལྟར་རུ་བསྒྲིགས་ཟེར་བ་ལྟ་བུ།།

  སློབ་གསོ་བྱ་གཞག་ག་གཞག་གོ།།

བྱ་གཞག ལས་ཀ་དང་དེ་བྱེད་སྟངས་ཀྱི་རྣམ་གཞག། མི་རིགས་སློབ་གསོའི་བྱ་གཞག་ལེགས་བཅོས་དང་གསར་བཏོད་བྱེད་དགོས་ཟེར་བ་ལྟ་བུ།། གཞག ནི་གོང་གི་བཞག་གི་མ་འོངས་པ་སྟེ། ས་ལ་བཞག་པའི་དོན།།

  མེ་ཏོག་བཞད་པ་བ་བཞད་དང་།།

༡ བཞད (བྱེད་མེད་ལས་ཚིག)ཁ་འབྱེ་པའི་དོན། མེ་ཏོག་ཁ་བཞད། གནམ་ལོ་གསར་དུ་བཞད་ཟེར་བ་ལྟ་བུ།། ༢ བཞད (བྱེད་འབྲེལ་ལས་ཚིག་འདས་མ་འོངས་ད་ལྟ་གསུམ་ག)གད་མོ་དགོད་པའི་ཞེ་ས། ཐུགས་དགྱེས་ཏེ་བཞད་མོགབཞད་ལྟ་བུ། "བཞོད"ནི་སྐུལ་ཚིག།།

  གླུ་གཞས་གཞས་ནི་ག་གཞས་ཡིན།།

གཞས སྙན་ཚིག་དབྱངས་སུ་ལེན་པའི་གླུ།། དམངས་གཞས། བོད་གཞས། དབྱིན་གཞས། རྒྱ་གར་གཞས། གླུ་པ་དང་གཞས་མ་ཟེར་བ་ལྟ་བུ།།

  སྤུས་ཀ་ཞན་པ་སྔོན་འཇུག་མེད།།

ཞན ཆུང་བའམ་ཡག་པོ་མེད་པ། རས་འདི་སྤུས་ཀ་ཞན། རྒས་ན་ལུས་སྟོབས་ཞན། རླུང་འཚུབ་ཇེ་ཞན་དུ་སོང་ལྟ་བུ།།

  རང་གཞན་གཞན་ལ་སྔོན་འཇུག་ག།།

༡ གཞན ཕ་རོལ་པོ་ཐམས་ཅད། གཞན་ལ་འཁང་ར་མ་བྱེད། སྔོན་ལ་གཞན་དོན་དང་རྗེས་སུ་རང་དོན་ཟེར་བ་ལྟ་བུ།། ༢ གཞན ལོགས་སུ་ཡོད་པ། མི་གཞན། བྱ་བ་གཞན། ལས་ཀ་གཞན་ཟེར་བ་ལྟ་བུ།།

  ཞར་བྱུང་ཞར་ཞོར་སྔོན་འཇུག་མེད།།

ཞར་བྱུང ཞོར་དང་ཟུར་དུ་བྱུང་བ། ཕུར་མ་འབྲུ་ཡི་ཞར་བྱུང་ཡིན་ཟེར་བ་དང་། མཚན་མའི་གཞུང་དོན་བཤད་པའི་ཞར་བྱུང་དུ་དབུ་མའི་སྤྱི་དོན་ཙམ་ཡང་བཤད་སོང་ཟེར་བ་ལྟ་བུ།། ཞར་ཞོར ཆེད་དུ་བྱེད་པའམ་དམིགས་སུ་བཀར་བ་མིན་པ། ཞར་དང་ཞོར་དུ་བྱེད་པ། རང་དོན་ཞར་ཞོར་དུ་སྒྲུབ། ཞར་ཞོར་དུ་ལྟ་ཙམ་བྱས་ལྟ་བུ།། ༡ ཞར གཙོ་ཆེ་བ་དང་ཆབས་གཅིག་ཏུ་བྱེད་པའི་ལས་དོན། ལས་ཀ་ལས་པའི་ཞར་ལ་སྐད་ཆ་བཤད་ལྟ་བུ།། ༢ ཞར མིག་ལ་སྐྱོན་ཤོར་བ། མིག་ཡ་གཅིག་ཞར་སོང། མིག་གཉིས་ཀ་ཞར་སོང་ཟེར་བ་ལྟ་བུ།།

  སྐྲ་སོགས་བཞར་བ་སྔོན་འཇུག་བ།།

༡ བཞར (བྱེད་འབྲེལ་ལས་ཚིག་འདས་པ)སྐྲ་སོགས་བྲེག་པའི་དོན། སྐྲ་བཞར་ནས་ཁ་སྤུ་བྲེག "གཞར" འོངས་པ་དང་ད་ལྟ་བ། སྐྲ་གཞར་མཁན། གཞར་བྱའི་སྐྲ་ལྟ་བུ། "གཞོར"ནི་སྐུལ་ཚིག སྐྲ་གཞོར་ལྟ་བུ།། ༢ བཞར དངོས་རྫས་ཀྱི་ངོས་འབྲད་པ། རྩིག་ངོས་ཀྱི་དྲེག་པ་བཞར། འབུར་ལེན་གྱིས་ཤིང་ལེབ་ལ་བཞར་ བརྒྱབ་ཟེར་བ་ལྟ་བུ།།

  ཞི་དྲག་ཞི་བདེ་སྔོན་འཇུག་མེད།།

ཞི་དྲག ཞི་བ་དང་དྲག་པོ། ཞི་དྲག་དཔོན་རིགས། ཞི་དྲག་གཉིས་འཇོན། ཞི་དྲག་གི་བྱ་གཞག་ཟེར་བ་ལྟ་བུ།། ཞི་བདེ ཞི་བ་དང་བདེ་བ། ཟིང་འཁྲུག་མེད་པའི་བདེ་སྐྱིད་དང་། དམག་འཁྲུག་མེད་པའི་གནས་ཚུལ། དབང་ འཛིན་རིག་ལུགས་འཇུག་མ་རྫོགས་བར་དུ་ཞི་བདེ་ནི་གནས་སྐབས་ཙམ་ཞིག་ཡིན། འཛམ་གླིང་ཞི་བདེའི་ གཟེངས་རྟགས་ནི་ཨ་མདོ་ལྷ་མོ་དོན་འགྲུབ་ལ་ཕུལ་སོང་ཟེར་བ་ལྟ་བུ།། ༡ ཞི ཡལ་བའི་དོན། རླུང་འཚུབ་ཞི། ཁོང་ཁྲོ་ཞི་ཟེར་བ་ལྟ་བུ།། ༢ ཞི དྲག་པོའི་ལྡོག་ཟླ། སེམས་རྒྱུད་ཞི་བ། རང་བཞིན་ཞི་བ། ཞི་བའི་ལྷ་ཟེར་བ་ལྟ་བུ།།

  གྲོས་གཞི་རྨང་གཞི་སྔོན་འཇུག་ག།།

གྲོས་གཞི མཐུན་མོང་གིས་གྲོས་སྡུར་བྱ་རྒྱུ་ཡི་གཞི་དོན། བོད་རྒྱ་བར་དུ་བཞག་པའི་གྲོས་གཞི་དོན་ཚན་བཅུ་བདུན་ཟེར་བ་ལྟ་བུ།། རྨང་གཞི གཞི་རྩའམ་འོག་གཞི། ཡར་རྒྱས་སུ་འགྲོ་བའི་རྨང་གཞི་ནི་རིག་གནས་ཡིན་ཟེར་བ་ལྟ་བུ།། ༡ གཞི ས་ཆ། ཁྱིམ་གཞི། ཕ་གཞི། ས་གཞི། གནས་གཞི། ཡུལ་གཞི་ལྟ་བུ།། ༢ གཞི རྩ་བ་དང་ངོ་མ། རྨང་གཞི། རྟེན་གཞི། མ་གཞི། ཚོས་གཞི། དངོས་གཞི་ལྟ་བུ།། ༣ གཞི དངོས་པོ་དང་ཆོས། ཁྱད་གཞི། མཚན་གཞི། བསླབ་གཞི། རྩོད་གཞི། གྱོད་གཞི་ལྟ་བུ།། ༤ གཞི རྒྱུ་དང་ས་བོན། ནད་གཞི། ཡོང་གཞི། འབྱུང་གཞི། གཞི་མེད་པ་འབྲས་བུ་མི་ཡོང་ཞེས་པ་ལྟ་བུ།།

  མདའ་ཡི་གཞུ་ནི་ག་གཞུ་དང་།།

༡ གཞུ མདའ་འཕེན་བྱེད་ཀྱི་སྤྱད་ཆས་ཀྱི་མིང་། གཞུ་བཀང་ནས་མདའ་འཕེན་ཟེར་བ་ལྟ་བུ།། ༢ གཞུ (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་མ་འོངས་པ)འཕེན་པའམ་སྣུན་པ། རྒྱོབ་པའི་དོན། གཞུ་བྱའི་མདའ། འགྲམ་ལྕག་གཞུ་མཁན་ཟེར་བ་ལྟ་བུ། "གཞུས"ནི་འདས་པ་དང་སྐུལ་ཚིག། མུར་མཛོག་ཞིག་གཞུས་ནས་ས་ལ་འགྱེལ། འགྲམ་ལྕག་ཞིག་གཞུས་ཤིག་ལྟ་བུ།།

  མར་ཁུ་བཞུ་བ་བ་བཞུ་ཡིན།།

བཞུ (བྱེད་འབྲེལ་ལས་ཚིག་མ་འོངས་པ)སྲ་འཐས་ཀྱི་རིགས་གཤེར་ཁུ་བསྒྱུར་བའི་དོན། མེ་དྲོད་ལ་རྟེན་ནས་མར་ཁུ་བཞུ་བ་བྱ། བཞུ་བྱའི་ལྕགས་ཟེར་བ་ལྟ་བུ། "བཞུས"ནི་འདས་པ། གཏེར་རྡོ་བཞུས་ནས་ཁྲོ་ཆུ་ཁོལ་ལྟ་བུ། "འཇུ"ནི་ད་ལྟ་བ། མར་ཁུ་འཇུ་བྱེད་ཅེས་པ་ལྟ་བུ། "ཞུས"ནི་སྐུལ་ཚིག གཏེར་རྡོ་ཞུས་ཤིག་ལྟ་བུ།།

  ལམ་གྱི་གཞུང་དང་སྲིད་གཞུང་སོགས།།
  ག་གཞུང་ཡིན་པ་བློ་རུ་ངེས།།

༡ གཞུང དཀྱིལ་དང་དབུས། ལམ་གྱི་གཞུང་། གཙང་པོའི་གཞུང་ཟེར་བ་ལྟ་བུ།། ༢ གཞུང སྲིད་དམ་དཀྱིས། འཕྲེད་གཞུང། གཞུང་རིང་ལྟ་བུ།། ༣ གཞུང ངང་རྒྱུད་དམ་གཤིས་ཀ། སེམས་ཀྱི་གཞུང། གཞུང་ངན། གཞུང་དྲང་ཟེར་བ་ལྟ་བུ།། ༤ གཞུང སྲིད་དབང་ལག་ལེན་བསྟར་བའི་ལས་ཁུངས། སྲིད་གཞུང། རྒྱལ་པོའི་གཞུང། རྒྱ་གཞུང། བོད་གཞུང་། རྒྱ་ནག་གཞུང་ཟེར་བ་བ་ལྟ་བུ།། ༥ གཞུང བསྟན་བཅོས་སོགས་དཔེ་ཆའི་རིགས། ཚད་ལྡན་གྱི་གཞུང་། སྨན་གཞུང། འཁྲབ་གཞུང་། རིག་བྱེད་ཀྱི་གཞུང་ཟེར་བ་ལྟ་བུ།། ༦ གཞུང སྤྱིའམ་ཐུན་མོང་། སྒེར་གྱི་ལྡོག་ཟླ། སྒེར་དོན་དོར་ནད་གཞུང་དོན་སྒྲུབ་ཟེར་བ་ལྟ་བུ།།

  ཉི་མ་བཞུད་པ་བ་བཞུད་དང་།།

བཞུད འགྲོ་བ་དང་འོངས་བའི་དོན། རང་རང་གི་གནས་སུ་བཞུད། བྱ་རྒོད་ནམ་མཁའི་མཐོངས་ནས་བཞུད། ཉི་མ་ནུབ་ལ་བཞུད། ཕར་བཞུད་ཚུར་འབྱོན། ཕར་ཕེབས་ཚུར་བཞུད་ཟེར་བ་ལྟ་བུ།།

  ཆུ་བཞུར་ཁྲག་བཞུར་རྗེས་འཇུག་ར།།

བཞུར གཤེར་ཁུའི་རིགས་འབབ་པའམ་འཛག་པའི་དོན། ལུས་ནས་ཁྲག་བཞུར། རི་ནས་ཆུ་བཞུར་ལྟ་བུ།།

   རྡོ་སོགས་གཞུས་པ་ག་གཞུས་ཡིན།།

གཞུས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)འཕེན་པ་དང་། སྣུན་པ། རྒྱག་པའི་དོན། འགྲམ་ལྕག་གཞུས་་ཟཤིག་ རྡོ་ཡིས་གཞུས་ཤིག་ལྟ་བུ། "བཞུས"ནི་འདས་པ། "གཞུ"ནི་མ་འོངས་པ་དང་ད་ལྟ་བ། རྡོ་ཡིས་བཞུས། གཞུ་བྱའི་རྡོ། རྡོ་གཞུ་མཁན་ཟེར་བ་ལྟ་བུ།།

  གདན་ནས་བཞེང་པ་བ་བཞེང་དང་།།

བཞེང ༡ ཡར་ལང་བའི་ཞེ་ས་མ་འོངས་པ་དང་ད་ལྟ་བ། འདས་པ་དང་སྐུལ་ཚིག་ལ་བཞེངས་ཡིན། ཚང་མ་ཡར་བཞེངས་ཤིག བཞུགས་གྲལ་ན་ཡར་བཞེང་མཁན་དེ་སུ་རེད་ལྟ་བུ། ༢ གསར་དུ་བཟོ་བ་དང་། སྐྲུན་བའི་ཞེ་ས། རྡོ་རིང་བཞེངས། གཙུང་ལག་ཁང་ཆེན་མོ་ཞིག་བཞེངས་ཟིན། གཙུང་ལག་ཁང་བཞེང་མཁན་ཟེར་བ་ལྟ་བུ། ༣ གླུ་ལེན་པའི་ཞེ་ས། ཁོང་གིས་མགུར་བཞེང་གིན་འདུག། དབྱངས་སུ་གྱེར་ནས་མགུར་བཞེངས་ལྟ་བུ།།

  ཁ་ཞེང་ཞེང་ལ་སྔོན་འཇུག་མེད།།

ཞེང དངོས་གཟིགས་གྲུ་བཞི་རིང་པོའི་བར་ཐག་ཐུང་བའི་ངོས་སམ་འཕྲེད་ཀྱི་རིང་ཚད་ལ་ཟེར། རས་འདེ་ཡི་ཁ་ཞེང་ཧ་ཅང་ཆེ། རིང་ཚད་དང་ཞེང་ཚད་མི་གཅིག་ཟེར་བ་ལྟ་བུ།།

  ཕྱག་ཏུ་བཞེས་པ་རྗེས་འཇུག་ས།།

༡ བཞེས ཁས་བླངས་པའི་ཞེ་ས། ཞལ་གྱིས་བཞེས། ཞལ་བཞེས་གནང་ལྟ་བུ།། ༢ བཞེས དང་དུ་བླངས་པ། བདག་གི་འཛིན་པ། ཁུར་བཞེས། བདག་གིར་བཞེས་ལྟ་བུ།། ༣ བཞེས འཁྱེར་པ་དང་ལེན་པའི་ཞེ་ས། ཕྱག་ཏུ་བཞེས་ལྟ་བུ།། ༤ བཞེས སླེབས་པའི་དོན། དགོངས་ལོ་བརྒྱད་ཅུ་བཞེས་ལྟ་བུ།། ༥ བཞེས ཟ་བའི་ཞེ་ས། གསོལ་སྨན་བཞེས། ཞལ་ལག་བཞེས་ཟེར་བ་ལྟ་བུ།།

  དགོངས་པ་བཞེད་པ་རྗེས་འཇུག་ད།།

༡ བཞེད ཁས་ལེན་པའི་ཞེ་ས། བཞེད་དགོངས། བཞེད་དོན། མཁས་པའི་བཞེད་པ་མི་འདྲ་བ། རྟག་གཅིག་རང་དབང་ཅན་དུ་བཞེད་པ་ཟེར་བ་ལྟ་བུ།། ༢ བཞེད འདོད་པའི་ཞེ་ས། འབྱོན་པར་བཞེད་པ། རང་བདེ་བཞེད་པ་ལྟ་བུ།། ༣ བཞེད དགོངས་པ། གཞན་གྱི་བཞེད་པ། རང་གི་བཞེད་པ་དང་འགལ་བ། བཞེད་པ་མི་མཐུན་ཟེར་བ་ལྟ་བུ།།

  ཞོག་ཁོག་ཞོག་ལ་ཡང་འཇུག་མེད།།

ཞོག་ཁོག ཡུལ་སྐད་ལ་ལར་ཨ་ལོག་ཟེར་བ་དེ་ཡིན།། ཞོག གནས་དང་ཡུལ་སོགས་སུ་འཇོག་པའམ་སྒྲིགས་པའི་དོན་དུ་གོ་བའི་སྐུལ་ཚིག འདས་པ་ལ་བཞག། མ་འོངས་པ་ལ་གཞག། ད་ལྟ་བ་ལ་འཇོག།

  སྔ་དྲོ་ཞོགས་པ་ཡང་འཇུག་མེད།།

ཞོགས་པ ནམ་ལངས་ནས་ཉི་མ། མ་དྲོས་བར་གྱི་དུས་ཚད། ཞོགས་པ་ལུས་སྦྱོང་བྱེད། ཞོགས་པ་སྔ་མོ་ལངས་ནས་སློབ་སྦྱོང་བྱེད་ལྟ་བུ།། ༡ ཞོགས (བྱེད་འབྲེལ་ལས་ཚིག་སྐུལ་ཚིག)ཤིང་སོགས་སྦོམ་པོའི་རིགས་རྣམས་ཕྲ་བར་བཞོགས་པའི་དོན། ཤིང་འདི་ཅུང་གཞོག་དགོས་པས་ཁྱེད་ཀྱིས་ཞོགས་ཤིག་ལྟ་བུ། "བཞོགས"ནི་འདས། ཤིང་བཞོགས་ནས་ཕྲ་མོ་བཟོས་ལྟ་བུ།། "གཞོག"ནི་མ་འོངས་པ་དང་ད་ལྟ་བ། གཞོག་བྱའི་ཤིང། ཤིང་གཞོག་མཁན་ཟེར་བ་ལྟ་བུ།། ༢ ཞོགས སྲོག་ཆགས་མང་པོ་འདྲོགས་ནས་བྲོས་པའི་དོན། ལུག་ཁྱུ་ཞོགས། གཡག་རྣམས་ཞོགས་སོང་ཟེར་བ་ལྟ་བུ།།

  བཤུ་གཞོག་ཤིང་གཞོག་སྔོན་འཇུག་ག།།

༡ བཤུ་གཞོག བཤུ་པ་གཞོག་པ།། ༢ བཤུ་གཞོག ཐོན་སྐྱེད་རྒྱུ་ཆ་ཧམ་ཟས་གྱི་དབང་ཆ་དམིགས་བསལ་ཅན་ལ་བརྟེན་ནས་གཞན་གྱི་ཐོན་རྫས་སོགས་རིན་དང་གླ་ཆ་གང་ཡང་མེད་པར་བེད་སྤྱད་པའི་བྱ་སྤྱོད་ཀྱི་མིང་། གུང་ཁྲན་རིང་ལུགས་མི་བོད་མི་ཚོ་མཚན་ན་བཤུ་གཞོག་ལམ་ལུགས་དང་དབྱེམ་མཆིས།། ཤིང་གཞོག གྲི་སོགས་ཀྱིས་ཤིང་ལྤགས་བཤུ་བའི་ཤིང་ལྤགས་ལ་ཤིང་གཞོག་ཟེར། ཤིང་ལ་འབུར་ལེན་བརྒྱབ་ན་ཤིང་གཞོག་མང་པོ་ཐོན་ཟེར་བ་ལྟ་བུ།། གཞོག (བྱེད་འབྲེལ་ལས་ཚིག་ད་ལྟ་བ་དང་མ་འོངས་པ) ཤིང་སོགས་ཀྱི་ཤུན་པ་གྲི་དང་འབུར་ལེན་སོགས་ཀྱི་ལེབ་མོ་རེ་རེ་ནས་གཅོད་པའི་དོན། ཞ་སྨྱུག་གཞོག་གིན་འདུག། གཞོག་བྱའི་ཞ་སྨྱུག་ཟེར་བ་ལྟ་བུ། "བཞོགས"ནི་འདས་པ། ཤིང་བཞོགས་ནས་ཤིང་གཞོག་ཐོན་ལྟ་བུ། "ཞོགས"ནི་སྐུལ་ཚིག ཞ་སྨྱུག་ཞོགས་ཤིག་ལྟ་བུ།།

  གཞོགས་འདེགས་གཞོགས་ལ་ཡང་འཇུག་ཡོད།།

གཞོགས་འདེགས ཕན་ཚུན་རོགས་རམ་བྱེད་པའི་བྱ་སྤྱོད་ཀྱི་མིང་། ང་ནི་ཁོང་གི་གཞོགས་འདེགས་ལ་ཡོང་བ་ཡིན་ཟེར་བ་ལྟ་བུ།། ༡ གཞོགས ལུས་ཀྱི་རྩིབ་ལོགས་ཀྱི་མིང་། གཞོགས་གཡས་གཡོན་གཉིས་ན་བ། གཞོགས་གཡས་པ་ས་ལ་ཕབ་ནས་ཉལ་ལྟ་བུ།། ༢ གཞོགས ཟུར་དང་ཉེ་འཁོར་གྱི་མིང། དོན་གྱི་གཞོགས་ཙམ་ཤེས། མདའ་འཕངས་པ་འབེན་གྱི་གཞོགས་ལའང་མ་སོང་ཟེར་བ་ལྟ་བུ།།

  སྒང་ཞོང་ཞོང་ལ་སྔོན་འཇུག་མེད།།

སྒང་ཞོང མཐའ་དམའ་ལ་དཀྱིལ་མཐོ་བ་ལ་སྒང་དང་། མཐའ་མཐོ་ལ་དཀྱིལ་དམའ་བ་ལ་ཞོང་ཟེར། མདོ་ན་འབར་འབུར་ཞང་ཞོང་ཞེས་པའི་དོན་ཡིན། རི་ལུང་མང་བའི་ས་ཆ་ལ་སྒང་ཞོང་གི་ས་ཆ་ཟེར་བ་ལྟ་བུ།།

  ཤིང་གི་གཞོང་པ་སྔོན་འཇུག་ག།།

གཞོང་པ དཀྱིལ་ཀོང་ཀོང་ཡིན་པའི་སྣོད་སྡེར་མ་ལས་ཆེ་ཤིང་བཟས་བཏུང་དང་ཆུ། ཚད་མ་སོགས་འདྲེན་བྱེད་ཀྱི་སྣོད་ཅིག། འདི་ལ་རྒྱུ་ཆ་སྣ་ཚོགས་ཡོད་དེ། ཤིང་གི་གཞོང་པ། ལྕགས་ཀྱི་གཞོང་པ། ཟངས་ཀྱི་གཞོང་པ། འགྱིག་གི་གཞོང་པ་སོགས་ལྟ་བུ། ཚིག་བསྡུས་ན་གཞོང་ཞེས་འབྲི་ཆོག དཔེར་ན། ཤིང་གི་གཞོང་པ་ལ་ཤིང་གཞོང། ཁྲུས་བྱེད་སའི་གཞོང་པ་ལ་ཁྲུས་གཞོང་ཟེར་བ་ལྟ་བུ།།

  རྟ་སོགས་བཞོན་པ་བ་བཞོན་དང་།།

བཞོན་པ ལྕགས་རྟ་དང་། སྦག་སྦག རྟ། དྲེལ་སོགས་ཕྱོགས་སུ་ཐོན་སྐབས་བཞོན་བྱའི་རིགས་། རྟ་ནི་བཞོན་པ་བཟང་པོ་ཞིག་ཡིན། བཞོན་པ་ཞོན་ཏེ་ཕྱོགས་སུ་འགྲོ་ལྟ་བུ།། བཞོན (བྱེད་འབྲེལ་ལས་ཚིག་མ་འོངས་པ་་་་་་་་་་་་་་་)རྟ་སོགས་བཞོན་པའི་ཐོག་ལ་སྡོད་པའི་དོན། བཞོན་བྱའི་རྟ། བཞོན་པར་བྱ་ལྟ་བུ། "བཞོནད་་་་་་་་་་་་་"ནི་འདས་པ། རྟ་བཞོནད་ནས་ཕྱིན། "ཞོན"ནི་ད་ལྟ་བ། སྦག་སྦག་ཞོན་མཁན། "ཞོནད་་་་་་་་་་་་་་"སྐུལ་ཚིག། རྟ་ལ་ཞོནད་ཅིག་ཟེར་བ་ལྟ་བུ།།

  ན་སོ་གཞོན་པ་ག་གཞོན་ནོ།།

ན་སོ་གཞོན ལོ་ན་ཆུང་བའི་དོན། ན་སོ་གཞོན་དུས་སློབ་སྦྱོང་མ་བྱེད་ན། ན་དོ་རྒས་དུས་འགྱོད་ཀྱང་ཕན་པ་མེད་ཟེར་བ་ལྟ་བུ།། ༡ གཞོན ལོ་ཚད་ཆུང་བའི་དོན། ལོ་ན་གཞོན་པའི་སྒང། ལུས་ལ་གཞོན་ཤ་ཆགས་ལྟ་བུ།། ༢ གཞོན རྩི་ཤིང་རིགས་ཀྱི་མྱུ་གུའི་སྐབས། ཙན་དན་གཞོན་ནུ། མྱུ་གུ་གཞོན་དུ་ཞེས་པ་ལྟ་བུ།། ༣ གཞོན ཤར་ནས་ཡུན་རིང་མ་ལོན་པའམ། ཡར་འཕེལ་གྱི་སྐབས་ཐོག་མའི་དོན། ནངས་སྔ་མོའི་ཉི་མ་ལ་ཉི་གཞོན་ཟེར་བ་དང་། ཡར་ངོའི་ཚེས་གསུམ་གྱི་ཟླ་བ་ལ་ཟླ་གཞོན་ཟེར་བ་ལྟ་བུ།། ༼ཟ༽

  ཁོང་ཁྲོ་ཟ་དང་ཟ་མ་ཟ།།
  ཟ་རུ་ལ་སོགས་ཟ་རྐྱང་ཡིན།།

ཁོང་ཁྲོ་ཟ ཁོང་ཁྲོ་ལངས་བ། དོན་མེད་ཀྱི་ཁོང་ཁྲོ་ཟ་བ་སྤངས་ཏེ་རང་སེམས་བདེ་བ་ལ་གནས་པ་བྱོས་ཟེར་བ་ལྟ་བུ།། ༡ ཟ་མ ལྟོ་ཆོས། ཟ་མ་ཟ་འི་མིན། ཟ་མ་ཟོས་ཚར་ལྟ་བུ།། ༢ ཟ་མ མ་ནིང་། སྐྱེ་རྒྱུན་སྤེལ་བའི་དབང་པོ་ལ་ལྷན་སྐྱེས་ཀྱི་སྐྱོན་ཡོད་པའི་མི། ཟ་མ་མ་ནིང་ཞེས་པ་ལྟ་བུ།། ཟ་རུ སྐྱོགས་ཞིག་གི་མིང་། ཐུག་པ་ཟ་རུ་གང་ཕོར་པའི་ནང་བླུག་ཟེར་བ་ལྟ་བུ།། ༡ ཟ (བྱེད་འབྲེལ་ལས་ཚིག་ད་ལྟ་བ)ཟས་ཟ་བ། ཟས་ལོངས་སུ་སྤྱོད་པ། ཟ་མ་ཟ་མཁན། ཟ་འིན་འདུག་ལྟ་བུ། "ཟོས"ནི་འདས་པ། ཟས་ཟོས་རྗེས་ལག་པ་བཀྲུས་ལྟ་བུ། "བཟའ"ནི་མ་འོངས་པ། བཟའ་བྱའི་ཐུག་པ། བཟའ་བཏུང། "ཟོ"ནི་སྐུལ་ཚིག ཟས་ཟོ་ཞིག་ལྟ་བུ།། ༢ ཟ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)སྐྱེ་བ་དང་འབྱུང་བ། དོགས་པ་ཟ། འཚིག་པ་ཟ། ཁོང་ཁྲོ་ཟ་མཁན་ལྟ་བུ། "ཟོས"ནི་འདས་པ། འཚིག་པ་ཟོས་ནས་སྡིགས་མོ་བྱས་ལྟ་བུ།། ༣ ཟ ཟ་འཕྲུག་ལོངས་བ། ལག་པ་ཟ་ནས་འཕྲུག་ཟེར་བ་ལྟ་བུ།། ༤ ཟ (བྱེད་འབྲེལ་ལས་ཚིག་མ་འོངས་པ)ཆུད་ཟོས་སུ་བཏང་བའི་དོན། རྒྱུ་ལས་འབྲས་བུ་འབྱུང་བ་ཆུད་མི་ཟ་ཞེས་པ་ལྟ་བུ། "ཟོས"ནི་འདས་པ། རྒྱུ་ནོར་ཆུད་ཟོས་ཞེས་པ་ལྟ་བུ། "འཛའ" ནི་ད་ལྟ་བ། ཆུད་འཛའ། ཆུད་མི་འཛའ་བ་ཞེས་པ་ལྟ་བུ། "གཟོན"ནི་སྐུལ་ཚིག ཡོངས་གྲགས་ལ་ཆུད་ཟོས་སུ་གཏོང་། བཏང། ཐོངས་ཞེས་འབྲི།།

  གཟའ་འཁོར་གཟའ་ནད་ག་གཟའ་དང་།།

གཟའ་འཁོར གཟའ་བདུན་རེ་མོས་འཁོར་བའི་བདུན་ཕྲག་ཅིག་ལའོ། གཟའ་འཁོར་རེ་ལ་ཉིན་ཞག་ཕྲུགས་བདུན་རེ་ཡོད་ཟེར་བ་ལྟ་བུ།། གཟའ་ནད ཀླད་སྟེང་ཁྲག་རྩ་རྡོལ་ནས་ཁ་ལྐུགས་ཤིང་མིག་སླེ་བ་དང་། གཞོགས་བཤལ་བ། ཚོར་བ་ཉམས་པ། དྲི་ཆེན་དང་དྲི་ཆུ་དབང་མེད་དུ་འཆོར་བ་བཅས་འབྱུང་བའི་ནད་ཅིག སྲོལ་རྒྱུན་དུ་ནད་འདི་གཟའ་བདུད་རཱ་ཧཱ་ལས་གཏོང་བར་གྲགས་པས་གཟའ་ནད་ཞེས་འབོད།། ༡ གཟའ ཉི་མ་དང་ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་ལ་གཟའ་བདུན་གྱི་མིང།། ༢ གཟའ དབང་རྩ་དང་ཀླད་རྩ་སོགས་ལ་ནད་བྱུང་ནས་གློ་བུར་དུ་འགྱེལ་བ་དང་བརྒྱལ་བའམ་རྐང་ལག་བཤལ་བ་དང་དབང་པོ་ཉམས་པའི་ནད་དྲག་པོ་ཞིག གཟའ་ཕོག གཟའ་རོ། གཟའ་ནད་ཟེར་བ་ལྟ་བུ།།

  བཟའ་ཚང་ན་བཟའ་བ་བཟའ་ཡིན།།

བཟའ་ཚང མཉམ་དུ་སྡོད་པའི་ཁྱོ་བོ་དང་ཆུང་མ། བཟའ་ཚང་མ་མཐུན་ན་ཁ་བྲལ་ཆོག། བཟའ་ཚང་རྒན་རྒོན་ཟེར་བ་ལྟ་བུ།། ན་བཟའ གོས་ཀྱི་ཞེ་ས། རྒྱལ་པོའི་གོས་ལ་རྒྱལ་པོའི་ན་བཟའ་ཟེར་བ་ལྟ་བུ།། ༡ བཟའ ཟ་བའི་མ་འོངས་པ། བཟའ་བྱའི་ལྟོ་ཆས་ཟེར་བ་ལྟ་བུ།། ༢ བཟའ ཁྱོ་བོ་དང་ཆུང་མའི་མིང་། བཟའ་ཟླ། བཟའ་ཚང། བལ་བཟའ། རྒྱ་བཟའ་ཟེར་བ་ལྟ་བུ།།

  ལྕགས་ཟངས་འཕུལ་མེད་ཡང་འཇུག་ཡོད།།

ཟངས ལྕགས་རིགས་མཉེན་ཞིང་དམར་བ་བརླན་ས་གཡའ་ལྗང་གུ་ཆགས་པ་ཞིག ཡོ་བྱད་བཟོ་སྐྲུན་གྱི་རྒྱུ་ས་དང་། གློག་སྐུད་ཀྱི་རྒྱུ་ཆ་བཟང་པོ་ཞིག་ཡིན། ཟངས་རག་ལུགས་སུ་བླུག་པིའ་ཟངས་ཁྲོ། ཟངས་ཀྱི་ཡོ་བྱད་བཟོ་མཁན་ལ་ཟངས་མཁན་ཟེར་བ་ལྟ་བུ།།

  མི་བཟང་འཕུལ་ཡོད་ཡང་འཇུག་མེད།།

༡ མི་བཟང མི་བཟང་པོ། མི་བཟང་རྟ་བཟང་། མི་བཟང་དོན་བཟང་ལྟ་བུ།། ༢ མི་བཟང མི་ལེགས་པ་དང་མི་མཛེས་པ། གོས་འདིའི་སྤུས་ཀ་མི་བཟང། ལས་འདི་འདྲ་བྱེད་ན་མི་རུང་ཞིང་མི་བཟང་ཟེར་བ་ལྟ་བུ།། ༡ བཟང ཁྱད་དུ་འཕགས་པ་སྟེ། མི་བཟང་རྟ་བཟང། མ་བཟང་བུ་མོ། བསྐལ་བ་བཟང་པོ་ཟེར་བ་ལྟ་བུ།། ༢ བཟང ཕན་པའི་དོན། རྩལ་སྦྱང་བྱས་ན་ལུས་ཁམས་ལ་བཟང་ལྟ་བུ།། ༣ བཟང ཕུན་སུམ་ཚོགས་པའི་དོན། ཇེ་བཟང་ཇེ་ལེགས། ལོངས་སྤྱོད་ཧ་ཅང་བཟང་ལྟ་བུ།། ༤ བཟང རྩུབ་མོ་མ་ཡིན་པའི་དོན། བཟང་བཙོན། ཁ་ཡག་ཚིག་བཟང། དགེ་རྒན་སློབ་མ་ལ་བཟངལྟ་བུ།། ༥ བཟང མཐུན་པའི་དོན། ངེད་གཉིས་ཧ་ཅང་བཟང། ཁྱེད་བཟང་ང་བཟང་བྱེད་ལྟ་བུ།། ༦ བཟང སྤུས་ཀ་ལེགས་པའམ་རྣམ་པ་མཛེས་པའི་དོན། ཅ་ལག་བཟང་པོ། གོས་བཟང་བོ་དབྱར་གསུམ་ཆར་གྱིས་ཟག། མི་བཟང་པོ་དྲུག་ཅུ་ལོ་ཡིས་ཐུབ། ཞེས་པ་ལྟ་བུ།།

  ཚེ་སོགས་ཟད་པ་རྗེས་འཇུག་ད།།
ཟད   (བྱེད་མེད་ལས་ཚིག་འདས་པ)རྫོགས་པའམ་ཚར་བའི་དོན། ཤེས་བྱའི་རྣམ་གྲངས་ལ་ཟད་པ་མེད། དཔལ་འབྱོར་ལོངས་སྤྱོད་ཟད་མི་ཤེས་པ། བདེ་སྐྱིད་ཟད་པ་མེད་ལྟ་བུ།  "འཛད"ནི་མ་འོངས་པ་དང་ད་ལྟ་བ། འཛད་མཐའ་མེད་པའི་ལོངས་སྤྱོད། སྡུག་བསྔལ་འཛད་དུས་ཡོད་ཟེར་བ་ལྟ་བུ།།
  ཁ་ཟས་ཟས་ལ་རྗེས་འཇུག་ས།།

ཟས བཟའ་བཅའ་དང་བཏུང་བ་སོགས་ལུས་ཟུངས་གསོ་བར་ཕན་པའི་རྒྱུ། དཀར་ཟས་ཟོ་ལ་དམར་ཟས་མ་ཟ། འཁྱག་དུས་གོས་དང་ལྟོགས་དུས་ཟས་ཟེར་བ་ལྟ་བུ།།

  སེམས་ལ་གཟན་པ་ག་གཟན་དང་།།

༡ གཟན སེམས་ལ་མྱོང་ཚོར་ཡིད་དུ་མི་འོངས་བ་འབྱུང་བ། བསྒོ་བ་རྣ་ལ་གཟན་ཡང་དོན་ལ་ཕན། ཚིག་རྩུབ་རྣ་ལ་གཟན། སྙིང་ལ་གཟན་པའི་ཚིག་ཅེས་པ་ལྟ་བུ།། ༢ གཟན དུད་འགྲོའི་རིགས་ཀྱི་ཟ་མ། སྤྱང་ཀི་གཟན་ལ་འདུར་འདྲ། སྔ་དྲོ་གཟན་ལ་འདུར་ཕྱི་དྲོ་ཚང་ལ་འདུར་ཟེར་བ་ལྟ་བུ།། ༣ གཟན དཔོན་ངན་རིགས་དུད་འགྲོ་ཟས་ལ་རྔམས་པ་ལྟ་ཟ་རྒྱུ་ལ་རྔམས་མཁན། དཔོན་ངན་རྒྱུ་གཟན་ཟེར་བ་ལྟ་བུ།། ༤ གཟན ཟ་མ་ཟ་མཁན། ལྟོ་གཟན། ཤ་གཟན། རྩྭ་གཟན་ཟེར་བ་ལྟ་བུ།། ༥ གཟན སྟོད་གོས་རས་ལེབ་མོ་ཞིག གྲྭ་པའི་གཟན་དང་ཤམ་ཐབས། གྲྭ་པ་ཚོས་གཟན་སྐྱུར་ཕབ་ནས་དགའ་བསུ་དང་གུས་འདུད་ཞུས་ཟེར་བ་ལྟ་བུ།། ༦ གཟན ཆུད་ཟའི་གནོད་པ། ནོར་རྫས་ལ་གཟན་རྒྱག་མ་བྱེད། གྱོན་པ་གཟན་གོད་ཆེན་པོ་བྱུང་འདུག་ལྟ་བུ།།

     ནང་ཟན་མར་ཟན་འཕུལ་མེད་ཡིན།།

༡ ནང་ཟན ནང་དུ་ཟ་རྒྱུ་ཡི་ཕྱེ་མར་འཐག་པའི་ཟས་རིགས། ནང་ཟན་དང་ཕྱི་ཟན་ཟེར་བ་ལྟ་བུ།། ༢ ནང་ཟན ནང་དུ་ལྟོ་ཟ་མཁན། སྔ་བོད་ཀྱི་མངའ་བདག་ཆེན་པོ་གསུམ་གྱི་ཁྱིམ་དུ་ལྟོ་ཟ་བ་ལ་བརྟེན་ནས་ཚེ་གཡོག་རྒྱུག་མཁན་རྣམས་ལ་ནང་ཟན་ཟེར།། མར་ཟན མར་ཁུ་དང་། ཕྱུར་ཞུབ། མངར་ཆ། རྩམ་པ་བཅས་བསྲེས་ནས་བརྫིས་པའི་སྤག། ཁ་ལ་མར་ཟན་དང་ལུས་ལ་དར་གོས་ཟེར་བ་ལྟ་བུ།། ༡ ཟན མི་ཡི་ཟ་མ། ཕོར་བའི་ནང་དུ་ཟན་བརྫིས་ལྟ་བུ།། ༢ ཟན ཟ་མཁན། ཤ་ཟ་མཁན་ལ་ཤ་ཟན། འདི་ཟན་དང་གཟན་གཉིས་ཀ་ཟ་མཁན་ལ་འཇུག་པའི་སྐབས་སུ། ཕོགས་ཟ་མཁན་ལ་ཕོག་ཟན་ཞེས་འབྲི་ན་ཚིག་མཐོ་བ་དང་། ཕོགས་གཟན་ཞེས་འབྲི་ན་ཚིག་དམའ་བ་ཡིན་པར་སེམས། དེ་བཞིན་དུ་མི་ཞ་རྩམ་ཟན་དང་། དུད་འགྲོ་ལ་རྩྭ་གཟན་དང་ཤ་གཟན་ཞེས་འབྲི་དགོས་ཤིང་། སྟག་དང་སེང་གེ་ལ་ཤ་གཟན་ཞེས་མ་བྲིས་པ་ཤ་ཟན་ཞེས་འབྲི་བ་ནི་ཚིག་མཐོ་བ་བཀོད་པ་ཡིན་པར་དང་། མྱི་རྒྱུ་ཟ་མཁན་ལ་རྒྱུ་ཟན་ཞེས་མི་འབྲི་བ་རྒྱུ་གཟན་ཞེས་འབྲི་བའང་ཚིག་དམའ་བ་བཀོད་པ་ཡིན་པར་སེམས་ཏེ་དཔྱོད་པ་འཚལ།།

  གཟབ་མཆོར་གཟབ་རྒྱས་ག་གཟབ་དང་།།

གཟབ་མཆོར རྒྱན་གོས་ཡག་པོ་ལའོ། དཔེར་ན། རྒྱན་གོས་ཡག་པོ་གྱོན་པ་ལ་གཟབ་མཆོར་སྤྲོས་ཟེར་བ་ལྟ་བུ།། གཟབ་རྒྱས མགྲོན་པོ་སོགས་ལ་སྣེ་ལེན་གང་ལེགས་བྱེད་པ་སྟེ་གཟབ་གཟབ་ཀྱི་རྒྱས་སྤྲོས། གསོལ་སྟོན་གཟབ་རྒྱས་གཤོམ་པ་ཟེར་བ་ལྟ་བུ།། གཟབ (བྱེད་འབྲེལ་ལས་ཚིག་ད་ལྟ་བ) ༡ དོགས་ཟོན་བྱེད་པའི་དོན། ནད་པས་ཟས་སྤྱོད་ལ་གཟབ་དགོས་ལྟ་བུ། འདས་པ་ལ"བཟབས"དགྲ་བོ་ལ་བཟབས་ལྟ་བུ། མ་འོངས་པ་ལ"བཟབ"བཟབ་བྱའི་དགྲ་བོ་ཟེར་བ་ལྟ་བུ། སྐུལ་ཚིག་ལ"གཟོབས"དགྲ་བོ་ལ་གཟོབས་ཟེར་བ་ལྟ་བུ། ༢ བཟང་བཟང་བྱེད་པའི་དོན་ཏེ། མགྲོན་པོ་ལ་བཟབས་པ། སྣེ་ལེན་གཟབ་དགོས་ལྟ་བུ། ༣ ནན་ཏན་བྱེད་པ་སྟེ། གཟབ་གཟབ་བྱེད་དགོས། གཟབ་ནན་བྱེད་དགོས། དང་དང་དོན་དོན་དང་གཟབ་གཟབ་གཟེངས་གཟེངས་བྱོས་ཟེར་བ་ལྟ་བུ།།

  གཏིང་ཟབ་ཟབ་བརླིང་སྔོན་འཇུག་མེད།།

གཏིང་ཟབ ཁ་ནས་ཞབས་བར་གྱི་བར་ཐག་རིང་བ། རྒྱ་མཚོའི་གཏིང་ཟབ། རྒྱ་མཚོ་ལས་གཏོང་ཟབ་ཟེར་བ་ལྟ་བུ།། ཟབ་བརླིང གཏིང་རིང་ཞིང་འགྱུར་བ་མེད་པ། གཞུང་ལུགས་ཀྱི་དོན་དཀྱུང་མ་ཙམ་མིན་པ་གཏིང་ཟབ་ལ་རྒྱ་ཆེ་བ། བཤད་པའི་དོན་ལ་གནས་བཅས་ཚང་བ་སྟེ། ཟབ་བརླིང་གཞུང་ལ་འབོད་པ་ལྷད་མེད་བྱེད་ལྟ་བུ།། ༡ ཟབ གཏིང་རིང་མོ། དོང་ཟབ་མོ། ཆུ་ཟབ་མོ། བརྩེ་དུང་ཟབ་མོ་ཟེར་བ་ལྟ་བུ།། ༢ ཟབ དོན་རྒྱ་ཆེ་ཞིང་རྟོགས་དཀའ་བ། དོན་ཟབ་མོ། དགོངས་པ་ཟབ་མོ། གཞུང་དོན་ཟབ་མོ་ཟེར་བ་ལྟ་བུ།། ༣ ཟབ སྤུས་ཀ་ལེགས་པོ། དར་ཟབ། གོས་ཟབ་ཟེར་བ་ལྟ་བུ།།

  ཆང་གིས་བཟི་བར་བ་བཟི་དང་།།

བཟི མྱོས་བྱེད་ཀྱི་དབང་གིས་ལུས་སེམས་ཁམས་དྭངས་པོ་མེད་པ་ཟ་རི་ཟི་རི་གྱུར་བ། ཆང་གིས་བཟི་བ། གཉིད་ཀྱིས་བཟི་བ། བཟི་ཡོམ་ཡོམ་དུ་འགྲོ་བ་ཟེར་བ་ལྟ་བུ།།

  གཟི་བརྗིད་གཟི་མིག་ག་གཟི་ཡིན།།

༡ གཟི་བརྗིད རྫིག་པོའི་ཉམས་དང་བཀྲགས་མདངས། དཔོན་པོ་གཟི་བརྗིད་ཅན། ཚོང་པ་གཟི་བརྗིད་ཅན། ཚོམས་ཁང་གཟི་བརྗིད་དང་ལྡན་པ་ཟེར་བ་ལྟ་བུ།། ༢ གཟི་བརྗིད ཡིད་ལ་དང་བ་འདྲེན་པ་བྱེད་པའི་ལས་ཅན་གྱི་ཡོན་ཏན། བྱ་བ་གཟི་བརྗིད་ཅན། མཁས་པ་གཟི་བརྗིད་ཅན། གཟི་བརྗིད་ཅན་གྱི་ལས་འགན་ཟེར་བ་ལྟ་བུ།། མིག་གཟི གཟི་དོམ། དོམ་ལྤགས་ལས་བཟོས་པའི་མིག་ར་ཞིག ནུས་པས་མིག་མི་བྱུད་པར་ཕན་ཞིང། མིག་ཁྲག་འཇོམས་པ་དང། གཟི་བྱིན་སྐྱེད་པའི་དོམ་ར་ཁྱད་པར་བ་ཞིག་ཡོད་པ་དེ་ཡིན་ནམ་སེམས།། ༡ གཟི འོད་མདངས་སམ་བཀྲགས་བདངས། ཉི་མའི་གཟི་མདངས། གོས་ཀྱི་གཟི་མདངས་ཟེར་བ་ལྟ་བུ།། ༢ གཟི རིན་པོ་ཆེ་ཡི་རིགས་ཤིག། ནུས་པས་གཟའ་ནད་ཁྲག་ལ་བབས་པ་ལ་ཕན། གཟི་མིག་དགུ་པ། གཟི་མིག་གསུམ་པ། གཟི་སྟག་ལོག་ཟེར་བ་ལྟ་བུ།།

  གཅན་གཟན་གཟིག་ལ་ཡང་འཇུག་མེད།།

གཟིག སྤུ་མདོག་སེར་སྐྱའམ་དམར་སེར་གྱི་སྟེང་དུ་ཐིག་ལེ་ཟླུམ་པོའམ་ཟུར་གསུམ་ནག་ཐིག་སོགས་ཀྱིས་ཁྱབ་པ། མཆོང་མཁས་ཤིང། ཤིང་གི་སྡོང་པོ་འཛེག་ཐུབ་པ། གཟན་དུ་ཤ་བ་དང་སྤྲེའུ་སོགས་རི་དྭགས་རིགས་ཟ་བའི་གཅན་གཟན་གཏུམ་པོ་ཞིག་ཡིན། སྐབས་འགར་སྒོ་ཕྱུགས་དང་ཁྱི་ཡང་ཟ། གཟིག་ཚང་གི་སྒོ་འགྲམ་ལ་གླ་བས་འཕག་འཚག་ཟེར་བ་ལྟ་བུ།།

 སྤྱན་གྱིས་གཟིགས་པ་ཡང་འཇུག་ཡོད།།

༡ གཟིགས མཐོང་བ་དང་ལྟ་བའི་ཞེ་ས། སྤྱན་གྱིས་གཟིགས་ནས་ཞལ་ནས་འདི་སྐད་གསུང། སློབ་ཕྲུག་རྣམས་ལ་གཟིགས་སྐྱོང་གནང་བ་ཟེར་བ་ལྟ་བུ།། ༢ གཟིགས ཉོ་བའི་ཞེ་ས། ཐུགས་མཁོ་ཡོ་བྱད་གཟིགས་པར་ཁྲོམ་ལ་ཕེབས་ཟེར་བ་ལྟ་བུ།།

  སྐྲ་སོགས་ཟིང་བར་སྔོན་འཇུག་མེད།།

༡ ཟིང སྐྲ་སོགས་གནམ་ལ་ལང་བ། སྤུ་ཟིང་བ། བ་སྤུ་ཟིང་བ། སྐྲ་དང་ཁ་སྤུ་ཟིང་། མགོ་སྐྲ་ཟིང་ཟིང་ཟེར་བ་ལྟ་བུ།། ༢ ཟིང ལྷིང་འཇགས་མེད་པ་སྟེ་འཁྲུག་པ། ཟིང་ཆ་ལངས་པ། ཟིང་ཆ་སློང་བ། ལུང་པ་ཟིང་ཆ་མེད་པ། ལས་ཀ་བྲེལ་བས་ཟིང་བ་ཟེར་བ་ལྟ་བུ།། གྲུ་གཟིངས་གཟིངས་ལ་སྔོན་འཇུག་ག།། ༡ གཟིངས ཟམ་པ་མེད་ས་ན་ཆུ་བོའིི་ཕར་རོལ་དུ་བགྲོད་བྱེད་ཀྱི་གྲུ་ཆེ། གྲུ་རྫིངས་སམ་གྲུ་གཟིངས། གཟིངས་གཏོང་ནས་རྒྱ་མཚོའི་ཕར་རོལ་ལ་འགྲོ་ཟེར་བ་ལྟ་བུ།། ༢ གཟིངས ཆུ་ཐོག་ཏུ་ཤིང་གདུང་མའམ་སྨྱུག་མ་བསྒྲིགས་ཏེ་བརྩིགས་ནས་འདྲེན་པ། ཤིང་རྣམས་ཆུ་ཐོག་གཟིངས་བཅས་ཏེ་དྲངས་པ་ཡིན་ལྟ་བུ།།

  གཟིམ་ཁང་གཟིམ་ཤག་ག་གཟིམ་དང་།།

གཟིམ་ཁང མལ་སའམ་ཉལ་སའི་ཁང་པའི་ཞེ་ས། སྐུ་ངོ་གཟིམ་ཁང་ནང་བཞུགས་འདུག་ཟེར་བ་ལྟ་བུ།། གཟིམ་ཤག ༡ གཟིམ་ཁང་དང་འདྲ། ༢ སྡོད་ས་ཡི་ཁང་པའི་ཞེ་ས། སྐུ་ངོ་མདའ་དཔོན་ཚང་གི་གཟིམ་ཤག་ཟེར་བ་ལྟ་བུ།། གཟིམ (བྱེད་མེད་ལས་ཚིག་མ་འོངས་པ་དང་ད་ལྟ་བ)མལ་དུ་ཉལ་བའམ་གཉིད་ལོག་པའི་ཞེ་ས། སྐུ་ངོ་གཟིམ་རྒྱུ་རེད། མལ་ཏུ་གཟིམ་སྟེ་ངལ་གསོ། གཟིམ་གཡོག་ལྟ་བུ། "གཟིམས"ནི་འདས་པ་དང་སྐུལ་ཚིག བླ་མ་གཟིམ་ཚར་སོང་། གཟིམས་ཤིག་ཟེར་བ་ལྟ་བུ།

  ཆར་ཟིམ་རླུང་ཟིམ་འཕུལ་མེད་ཡིན།།

ཆར་ཟིམ ཆར་པ་ཆུང་ངུའམ་འཇམ་ཆར། ཆར་ཟིམ་རྒྱུན་རིང་དུ་བབ་ནས་ལོ་ཏོག་ཚང་མ་སྣུམ་ཐིང་ཐིང་བྱས་འདུག་ཟེར་བ་ལྟ་བུ།། རླུང་ཟིམ རླུང་ཆུང་ངུའམ་འཇམ་རླུང། རླུང་ཟིམ་གདོང་པར་རེག་པ། དར་ལྕོག་རླུང་ཟིམ་གྱིས་གཡོ་བ་ཟེར་བ་ལྟ་བུ།། ཟིམ ཞི་བའམ་ཚད་ཆུང་བའི་དོན། རླུང་ཟིམ་ལྡོང་། ཆར་ཟིམ་བབས། མིག་ཟིམ་མེར་བལྟ། སྤྱན་ཟིམ་མེར་གཟིགས་ལྟ་བུ།།

  གཟུགས་བརྙན་གཟུགས་དབྱིབས་སྔོན་འཇུག་ག།།

༡ གཟུགས་བརྙན འདྲ་གཟུགས། དབྱིབས་དང་ཁ་མདོག་སོགས་ཆུ་དང་མེ་ལོང་ངོས་སུ་ཤར་བའི་སྣང་བ་དེའི་མིང་། ཆུ་ཡི་ནང་དུ་རང་གི་གཟུགས་བརྙན་མཐོང་ཟེར་བ་ལྟ་བུ།། ༢ གཟུགས་བརྙན ཕྱི་ཡི་རྣམ་པ་ཙམ་འདྲ་ཡང་དངོས་མ་ཡིན་པའི་དོན། མཁས་པའི་གཟུགས་བརྙན་ཙམ་འཛིན་པ་ཟེར་བ་ལྟ་བུ།། གཟུགས་དབྱིབས མིག་གིས་མཐོང་རུང་བའི་བཟོ་ལྟ་སྣ་ཚོགས་ཆགས་ཚུལ་གྱི་མིང་། དཔེར་ན། ལེབ་ལེབ། རིང་པོ། གྲུ་བཞི། ཟླུམ་པོ། རིལ་རིལ། ཐུང་ཐུང་སོགས་ལྟ་བ། རས་དེ་ཡི་གཟུགས་དབྱིབས་གྲུ་བཞི་དང་ཁ་མདོག་དཀར་པོ་རེད་ཟེར་བ་ལྟ་བུ།། ༡ གཟུགས ལུས་པོ། མི་གཟུགས་སྟོབས་ཆེ་པོ། གཟུགས་མཛེས་ཤིང་སྤྱད་ལམ་བཟང་བ་ཟེར་བ་ལྟ་བུ།། ༢ གཟུགས མིག་ཤེས་ཀྱི་ཡུལ་དུ་གྱུར་པའི་དབྱིབས་དང་ཁ་དོག། གཟུགས་ཀྱི་སྐྱེ་མཆེད་ཟེར་བ་ལྟ་བུ།། ༣ གཟུགས རྡུལ་ལས་གྲུབ་པའི་དངོས་པོ་སྤྱི་ཡི་མིང་། རེག་བྱའི་སྐྱེ་མཆེད་ནས་གཟུགས་ཀྱི་སྐྱེ་མཆེད་ཀྱི་བར་ཀྱི་ཡུལ་དོན་ལྔ་ལྟ་བུ།།

  ཟུག་དང་ཟུག་གཟེར་ཟུག་གེ་བ།།
  སྔོན་འཇུག་ཡང་འཇུག་གང་ཡང་མེད།།

༡ ཟུག ན་ཚ། རུས་ཚིགས་ལ་ཟུག་བརྒྱབ། མགོ་ལ་ཟུག་བརྒྱབ་ཟེར་བ་ལྟ་བུ།། ༢ ཟུག འབིགས་པའམ་འཛུལ་བ། རྩ་བ་གཏིང་རིང་དུ་ཟུག། རྐང་པ་གཅིག་ལ་ཚེར་མ་ཟུག མགོ་ལ་སྐྱེས་པའི་རྭ་ཅོ་མིག་ལ་ཟུག ངོ་མཚར་གྱི་རྣམ་པ་མིག་ལ་ཟུག་ཟེར་བ་ལྟ་བུ།། ༣ ཟུག ཁྱིས་འཆའ་བ། མཚན་མོ་ཁྱིས་ཟུག། ཁྱི་མང་པོས་ཟུག ཤ་ཁྱི་རི་དྭགས་འདེད་སྐབས་ཟུག་ཟེར་བ་ལྟ་བུ།། ཟུག་གཟེར ནད་ཀྱི་ཟུག་རྔུའི་གཟེར། ང་ཡི་མགོ་ལ་ཟུག་གཟེར་བ་ཤུན་ཏུ་ཆེ་ཟེར་བ་ལྟ་བུ།། ༡ ཟུག་གེ་བ ན་ཚ་མངོན་གསལ་ཐོན་པའི་ཉམས། ལུས་ན་ཟུག་གེ་བ་ཞིག་འདུག་ཟེར་བ་ལྟ་བུ།། ༢ ཟུག་གེ་བ བློ་ལ་བབ་པའི་ཚུལ། མིག་ལམ་དུ་ཟུག་གེ་བ་ཞིག་མཆིས། བཟང་པོ་སེམས་ལ་ཟུག་གེ་བ་ཟེར་བ་ལྟ་བུ།།

  ཐབས་ཤེས་ཟུང་འབྲེལ་ཡང་འཇུག་མེད།།

ཟུང་འབྲེལ གཉིས་མཉམ་དུ་བཤིབས་པའམ་སྦྲགས་པ། ཐབས་ཤེས་ཟུང་འབྲེལ། བོད་རྒྱ་ཟུང་འབྲེལ། ཆོས་སྲིད་ཟུང་འབྲེལ། ཟེར་བ་ལྟ་བུ།། ཟུང ཆ། ཕྲུ་གུ་མཚེ་མ་ཟུང་གཅིག། ཟུང་སྡེབ། ལྷམ་ཟུང་གཅིག། ཟུང་སྦྲེལ་ཟེར་བ་ལྟ་བུ།།

  ལུས་ཀྱི་ཟུངས་ཁྲགས་ཡང་འཇུག་ཡོད།།

ཟུངས་ཁྲག ལུས་སྟོབས་སྐྱེད་པའི་ཁྲག ལུས་ཀྱི་ཟུངས་ཁྲག་ཞན་པ། ཟུངས་ཁྲག་ཉམས་པ་ཟེར་བ་ལྟ་བུ། ༡ ཟུངས ལུས་འཚོ་བྱེད་ཀྱི་དྭངས་མ་དང་ཁྲག ཤ། ཚིལ། རུས་པ། རྐང་མར། ཁམས་རྣམས་ལ་ལུས་ཀྱི་ཟུངས་བདུན་ཟེར་བར་བོད་ཀྱི་སྨན་གཞུང་དུ་བཤད།། ༢ ཟུངས ལུས་སྟོབས། ནད་པ་ལུས་ཟུངས་ཟད། ལུས་ཟུངས་སོར་ཆུད་ལྟ་བུ།། ༣ ཟུངས (བྱེད་འབྲེལ་ལ