Jump to content

Wb/bo/གངས་ལྷ་སྒེག་མོའི་སྤྱན་ཆབ

From Wikimedia Incubator
< Wb | bo
Wb > bo > གངས་ལྷ་སྒེག་མོའི་སྤྱན་ཆབ

རྒྱལ་དབང་ཐམས་ཅད་མཁྱེན་པ་བླློ་བཟང་བསྐལ་བཟང་ རྒྱ་མཚོའི་རྟོགས་པ་བརྗོད་པ་དྲང་སྲོང་ངག་གི་ རོལ་རྩེད་ཅེས་བྱ་བ་བཞུགས་སོ།།

ཐུགས་བསྐྱེད་སྤྱན་གྱི་མཁའ་མཐའ་ཡངས་པོ་ལས།། རྗེས་བརྩེ་སྤྲིན་གྱི་མེ་ཏོག་འཐོར་བའི་ཆུས།། མཐའ་དག་རྒྱུད་ལྔའི་འགྲོ་བའི་རྒུད་ཚོགས་མེ།། གཞོམ་མཛད་གྲུ་འཛིན་མགོན་པོས་དགེ་ལེགས་སྩོལ།།

མེས་པོའི་ཞལ་ནས་མཚན་དཔེའི་མེ་ཏོག་རྒོད།། མཁས་དགུའི་སྙིང་ལ་གཞལ་མེད་ཁང་བཟང་བརྩེགས།། རིག་བྱེད་རྒྱ་མཚོའི་དཔྱིད་གྱུར་མཚོ་ལྡན་མ།། བདག་སྙིང་འདབ་བརྒྱད་ཟེའུ་འབྲུའི་དབུས་ན་རྩེན།།

འདི་ན་རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ལྷ།། བྱེ་བ་ཕྲག་བརྒྱའི་ཀླུང་བཞིའི་རྡུལ་སྙེད་ན།། ཇི་སྙེད་འགྲོ་བ་དེ་སྙེད་སྤྲུལ་པའི་རབས།། བརྗོད་པའི་ཡུལ་ལས་འགོངས་པ་དེ་དག་ལས།།

བླློ་ཆེན་རྒྱལ་བའི་ལུགས་བཟང་འཛིན་པ་ལ།། བསྐལ་བཟང་རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེའི་རླབས།། གཅིག་ཏུ་བསྡུས་འདྲའི་སྤྲུལ་རབས་དམ་པ་དེའི།། རྨད་བྱུང་རྟོགས་བརྗོད་མདོ་ཙམ་བརྗོད་ལ་སྤྲོ།། གངས་ཅན་དབང་ཕྱོགས་འཛིན་མའི་གྲྭ་གཅིག་ན།། སྡེ་བཞིའི་མངའ་ཐང་དར་བ་ལི་ཐང་མཐིལ།། དགེ་བཅུ་གཡང་དུ་འཁྱིལ་བ་ཨ་ཞི་ཞེས།། བཀོད་ལེགས་ལྟ་ན་སྡུག་པའི་གྲོང་ཁྱིམ་ཡོད།།

དེ་ན་འབྲོམ་གྱི་རིགས་འཆང་བའི།། ཡབ་རྗེ་བསོད་ནམས་དར་རྒྱས་དང༌། ། ཕལ་བའི་སྐྱོན་གྱིས་མ་གོས་པ།། རྒྱལ་ཡུམ་བླློ་བཟང་ཆོས་མཚོ་ལས།།

དྲི་ཡི་བཞོན་པས་གོ་སྐབས་ཕྱེ་བའི་སྤྲིན་རུམ་ལས་འཐོན་ཟླ་བ་བཞིན།། མངལ་གྱི་དྲི་མའི་སྐྱོན་གྱིས་མ་གོས་འདམ་གྱི་དབུས་ན་པདྨོ་བཞིན།། སྲིད་པར་སྐྱེས་ཀྱང་སྲིད་ལ་མི་གནས་བསམ་བཞིན་སྐྱེ་བ་བཞེས་པ་གང༌།། སྒྱུ་འཕྲུལ་མ་ལུས་དོན་འགྲུབ་ཇི་བཞིན་མཚན་དཔེའི་སྐུ་ཡི་མེ་ཏོག་བཞད།།

མཛེས་སྐུ་གསེར་གྱི་རི་བོ་ལ།། ཟླ་ཞལ་ཨུཏྤལ་མིག་ལྡན་པ།། ཁྱེད་མཚོན་དཔེ་ཡིས་ཕོངས་གྱུར་ཏེ།། སྒྲ་ལྡན་ལྷ་ཡང་ངལ་བ་འཛིན།།

ལང་ཚོའི་ཨུཏྤལ་ཕྲ་ན་ཡང༌།། མ་སྒྲིབ་ཡེ་ཤེས་སྤྱན་དཀྱུས་ཀྱིས།། གོང་མའི་སྐྱེས་རབས་གདན་ས་ཀུན།། མདུན་གྱི་རྫས་དང་ལྷན་ཅིག་གཞལ།། རྣམ་གསུམ་ཁྲིམས་ཀྱིས་དུལ་པའི་རབ་འབྱམས་པ།། མཚན་མཁན་སྐུ་ཞང་ཨ་དགེ་བཀྲ་ཤིས་ཀྱིས།། མདོ་སྡེ་བསྐལ་བཟང་ཚར་གཅིག་བཀླགས་བྱས་ཏེ།། མཚན་ཡང་བསྐལ་བཟང་རྒྱ་མཚོ་ཐོགས་ཞེས་གསུངས།།

འདི་ཀོ་རང་དགར་མིང་གིས་བསྙེགས་མིན་ཏེ།། འཇལ་དཔལ་རྩ་བའི་རྒྱུད་དང་བཀའ་ཐང་སོགས།། དྲི་མེད་ལུང་གི་བཻཌཱུརྱའི་མེ་ལོང་ངོས།། གདོང་གི་རིས་ལ་མཛུབ་མོ་འཛུགས་བཞིན་གསལ།།

མཐོང་གྲོལ་སྐུ་ཡི་ཧ་རི་ཙན་ཌ་ན།། ཨ་ཞིའི་མ་ལ་ཡ་ཡི་ཚལ་གནས་ཀྱང༌།། རྨད་བྱུང་མཚན་སྙན་རྒྱ་བོད་ཧོར་གྱི་ཁྱོན།། དྲི་བཞོན་སྐེད་མེད་སྒེག་མོས་དལ་གྱིས་བསྐྱོད།།

དེ་ཚེ་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་ནས།། མི་དབང་ཐའི་ཇི་ཆིང་ཝང་བཱ་ཐུར་སོགས།། རིགས་དང་འབྱོར་པས་མཐོ་བའི་དཔོན་ཁག་ཚོའི།། དད་པའི་རླབས་ཀྱི་མེ་ཏོག་ཕྱོགས་འདིར་འཐོར།།

དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་ས་ན།། སྲིད་པའི་རང་མཚང་འཁྲུགས་པའི་རླབས་གཡོ་བས།། རེ་ཞིག་མཆོག་གི་སྤྲུལ་པའི་ཉི་གཞོན་ནི།། རྟ་བདུན་ཤུགས་ཀྱིས་མཚོ་སྔོན་ཡུལ་དུ་དྲངས།། སྡེ་བཞིའི་དཔལ་གྱི་མངའ་ཐང་དར་བ་ཡི།། ད་ར་ཁ་ལྔ་སྡེ་དགེ་དཔོན་ཁག་སོགས།། ཕེབས་ལམ་འཁེལ་བའི་བཀའ་འབངས་འགྲོ་བའི་ཁྱུར།། དད་པའི་མིག་ལ་བདུད་རྩིའི་དགའ་སྟོན་འགྱེད།།

མདོ་སྨད་ས་ཡི་ཐིག་ལེ་ཟླུམ་པོའི་འཇིངས།། ཞབས་ཀྱི་རེ་ཁཱས་ཤིས་པ་བསྒྲུབས་པ་ཡི།། མ་སྨད་མཚན་སྙན་དབྱར་སྐྱེས་མགྲོན་པོའི་གླུ།། ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་བྱས།།

གནམ་བསྐོས་ས་ཡི་ཚངས་པ་ཡིས།། དྲེགས་པའི་རལ་པ་སར་བསྙིལ་ཏེ།། སྤམ་མཐོའི་སྐྱེས་དང་ཕོ་ཉ་བཅས།། འཚམས་འདྲིའི་མེ་ཏོག་བསྣམས་ཏེ་འབྱོར།།

ཁྱོད་ཀྱི་ཞབས་ཟུང་འཁོར་ལོའི་རིས།། ཙི་ནའི་ཞིང་དུ་བཀོད་དགོས་ཞེས།། ཞབས་རྡུལ་དཔྲལ་བར་བླླངས་བྱས་ཀྱང༌།། ཞལ་བཞེས་འཛུམ་པའི་རྒྱན་མ་གྲོལ།།

གང་སྐུ་རྒྱུ་སྐར་བདག་པོའི་མདུན།། བོད་རྒྱ་ཧོར་གྱི་ཆེ་རྒུ་ཚོགས།། དཔྲལ་རུས་ས་ལ་དྲུད་བྱས་ཏེ།། དད་གདུང་མིག་ཆུས་འཛིན་མ་བརླན།། གསེར་སྦྱངས་རིང་ལུགས་འཆང་བ་ཡི།། མདོ་སྨད་ཆོས་སྡེ་ཕལ་བོ་ཆེར།། ཞབས་ཀྱི་པདྨོ་ཉེར་བཀོད་དེ།། ཟབ་རྒྱས་ཆོས་ཀྱི་དགའ་སྟོན་འཇོ།།

འཇམ་དཔལ་རྣོན་པོའི་ལྟེ་བའི་མཚལ་གྱི་འགྲམ་པའི་ཐིག་ལེ་ཟླུམ་པོའི་ཁམས།། ལྗོན་པའི་ཤིང་ལས་བདེ་གཤེགས་སྐུ་བརྙན་འབུམ་ཕྲག་གསལ་བའི་གླིང་དེ་ན།། ངེས་དོན་བསྟན་པའི་རྒྱལ་མཚན་འཆང་བ་ཆུ་བཟང་འདུལ་བ་འཛིན་པའི་དྲུང༌།། ཐུབ་བསྟན་སྙིང་པོ་བླླ་ན་འདེགས་པའི་ངུར་སྨིག་རྒྱལ་མཚན་མཐོན་པོ་འཆང༌།།

རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་རྣམ་དཔྱོད་རྩལ།། གཞན་དྲིང་མེད་པའི་བཤེས་གཉེན་དུ་མའི་ཞབས།། བདེ་ཆེན་འཁོར་ལོའི་རྒྱན་དུ་བཀོད་བྱས་ཏེ།། བཅུ་ཕྲག་ཤེས་བྱའི་མཁའ་ལ་ལྡིང་ཞིང་རྩེན།།

ཕྱོགས་གླང་གྲགས་པའི་གཞུང་ལུགས་ལས་མཆེད་པའི།། ཕྲ་ཞིབ་དགག་སྒྲུབ་རིགས་ཚུལ་འབུམ་ཕྲག་བརྒྱས།། ཕས་རྒོལ་སྙིང་གི་རྐང་མར་འབྱིན་པ་ཡི།། གྲགས་པའི་རྫ་རྔ་ཕྱོགས་ཀྱི་བུ་མོས་བརྡུངས།།

མཁྱེན་པ་ཡུལ་དང་སྦྱོར་བ་འབྲས་བུའི་སྐུ།། དངོས་བརྒྱད་བདུན་ཅུའི་སྦས་དོན་ནོར་བུའི་གཏེར།། བྱམས་མགོན་རྒྱལ་བའི་དགོངས་དོན་འབྱེད་པ་ལ།། འཕགས་སེང་གཅིག་ཏུ་བསྡུས་འདྲའི་མཁྱེན་པ་ཡངས།། སྟོང་དང་རྟེན་འབྱུང་གཅིག་གྲོགས་གཅིག་ཤར་བའི།། ཀླུ་སྒྲུབ་འཕགས་པ་ལྷ་དང་ཟླ་བའི་གཞུང༌།། རྩ་འཇུག་བཞི་གསུམ་དབུ་མའི་མཁའ་དབྱིངས་ལ།། བདེ་བླླག་བགྲོད་པའི་མཁྱེན་རབ་གཤོག་ཟུང་ཡངས།།

ཐུབ་པའི་ཞལ་ཆབ་འདུལ་བ་སྡེ་བཞིའི་ལུང༌།། གཅིག་ཏུ་འཁྱིལ་བ་མདོ་རྩ་དགོངས་འགྲེལ་གཞུང༌།། འཕགས་བོད་མཁས་པའི་བཞེད་སྲོལ་མ་འདྲེས་པར།། མཁྱེན་པའི་བླློ་གྲོས་ཉེ་བར་འཁོར་དང་མཉམ།།

གུས་རྟག་སྦྱོར་བའི་རླུང་གིས་བསྐྱོད་པ་ཡི།། ཕྲ་ཞིབ་རིགས་ལམ་གཙང་མའི་གྲུ་གཟིངས་ཀྱིས།། ཆོས་མངོན་རྒྱ་མཚོའི་འཇུག་པ་ཡངས་པོ་ལ།། བདེ་བླླག་བགྲོད་པའི་མཁྱེན་རྩལ་རྨད་དུ་བྱུང༌།།

འདོད་ཡོན་ལམ་དུ་བྱེད་པ་སྲོག་གི་གནད།། བདེ་སྟོང་གསང་བའི་ཐིག་ལེ་ཟླུམ་པོའི་འཛུམ།། རིམ་གཉིས་རྣལ་འབྱོར་གོམས་པའི་གཞུང་ལུགས་དོན།། འབྱེད་པའི་སྤོབས་པར་གཞན་གྱིས་འགྲན་བཟོད་མིན།།

ཟབ་གསང་རྒྱུད་སྡེ་རྒྱ་མཚོའི་གླིང་ཡངས་པོར།། མཐའ་དྲུག་ཚུལ་བཞིའི་ཨུ་དུམ་ཝཱ་རའི་ཚལ།། མཁྱེན་རབ་ཉི་མ་བརྒྱ་བའི་འོད་ཞགས་ཀྱིས།། འབྱེད་པའི་འཕྲུལ་འདིས་མི་མགུ་མཁས་པ་སུ།། གངས་ཅན་མཁས་པའི་བཞེད་སྲོལ་སྤྱི་དོན་དང༌།། ཞྭ་སེར་ཅོད་པན་འཆང་བའི་མཐའ་དཔྱོད་གཉིས།། ཟུང་འབྲེལ་བརྒལ་བརྟག་རྣོན་པོས་གཞུང་བརྒྱའི་དོན།། དཔྱོད་པའི་རྩེར་སོན་ངེས་དོན་མཁས་པའི་ཕུལ།།

ངེས་འབྱུང་བྱང་སེམས་ཡང་དག་ལྟ་བའི་དྲི་མེད་གསེར་གྱི་འཛིན་མ་ལ།། ཕྱིན་དྲུག་བསྡུ་བཞིའི་རྡུལ་མང་རབ་བརྩེགས་རྒྱུད་སྡེ་རྣམ་བཞིའི་བང་རིམ་མཐོ།། རིམ་གཉིས་ཉི་ཟླའི་སྐ་རགས་གསལ་བ་མདོ་རྒྱུད་རྒྱ་མཚོའི་སྙིང་པོའི་ནོར།། ལམ་གྱི་རིམ་པའི་དགོངས་དོན་གསལ་བར་འཇམ་མགོན་བླླ་མ་དངོས་དང་མཉམ།།

འཕགས་བོད་མཁས་གྲུབ་བྱེ་བའི་ཞལ་གྱི་ཆབ།། དབང་དང་རྗེས་གནང་མན་ངག་བཀླག་ལུང་ཆུ།། ངོམས་མེད་བརྩོན་པས་རྒྱུན་དུ་བཏུང་བ་ལས།། ཐོས་པ་རྒྱ་མཚོ་དགོངས་པའི་ཀློང་ན་འཁྱིལ།།

མཁྱེན་དཔྱོད་གོམ་པའི་འགྲོས་གཅིག་གིས།། ཀ་ཙན་དབྱངས་ཅན་ཐོན་མིའི་གཞུང༌།། འཕགས་བོད་བརྡ་སྤྲོད་ས་ཆེན་ཁྱོན།། གཞལ་ལ་འཇུག་པ་བཅུ་པ་བཞིན།།

མིང་གི་མངོན་པར་བརྗོད་པ་དང༌།། སྡེབ་ལེགས་སྙན་ཚིག་མཛའ་ན་མོ།། སྙིང་གི་གྲོགས་སུ་བཀུག་པ་ཡིས།། དཎྜིའི་སྙན་པ་འཕྲོག་གིས་དོགས།། དུས་ཀྱི་འཁོར་ལོ་དབྱངས་འཆར་དང༌།། སྤོར་ཐང་དཀར་ནག་རྩིས་ཀྱི་གཞུང༌།། གསོ་བྱེད་རྒྱུད་བཞིའི་ལག་ལེན་ཀུན།། མཁྱེན་པའི་སྣང་བ་བླླ་ན་འབར།།

མཐའ་ཀླས་བཅུ་ཕྲག་ཤེས་བྱ་ཡངས་པོའི་ཁྱོན།། མཁྱེན་རབ་འོད་ཀྱི་ཞགས་པ་གཅིག་གིས་ཀྱང༌།། འཆིང་མཛད་མཁས་པའི་རྣམ་ཐར་འདི་འདྲ་བ།། བླླ་ཆེན་ཕལ་བ་གཞན་དང་ག་ལ་མཉམ།།

དབུས་འགྱུར་སྦྱིན་སྐྱེས་དུཿ་ཁའི་མུན།། དུས་ཀྱི་ཁ་རུ་ཚུད་པ་དང༌།། ལྷན་ཅིག་ལྷ་སྡེ་མི་སྡེ་ཀུན།། མགོན་ཁྱོད་དབུས་སུ་འདྲེན་པར་རྩོམ།།

ཉ་རྒྱས་ཟླ་བ་རྒྱུ་སྐར་ཕྲེང་བས་སྐོར་བ་དང༌།། ལྷ་དབང་བརྒྱ་བྱིན་ཉེར་དབང་དག་གིས་སྲུང་བ་བཞིན།། རྒྱ་བོད་ཧོར་གྱི་ཆེ་རྒུ་དཔུང་དམག་དང་བཅས་པས།། མགོན་ཁྱོད་ཉེ་བར་བསྐོར་ཏེ་དབུས་འགྱུར་ཞིང་ན་བསྙེགས།།

ལམ་དུ་འཁེལ་བའི་བཀའ་འབངས་དང༌།། དབུས་འགྱུར་ལྷ་སྡེ་མི་སྡེ་ཀུན།། དད་པའི་མིག་ཆུ་དང་འདྲེས་པའི།། དགའ་བ་རྒྱ་མཚོའི་རླབས་ཀྱིས་བསུས།། གྲུ་འཛིན་གཉིས་པའི་གཞལ་མེད་ཁང༌།། མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར།། ཞབས་སེན་པདྨོ་བཀོད་པ་དང༌།། བཀྲ་ཤིས་དགེ་མཚན་མེ་ཏོག་བསྙིལ།།

རིང་ནས་དད་པའི་ས་བོན་བརྟས་པ་ཡི།། ཉམ་ཐག་མདོ་དབུས་བོད་འབངས་མཐའ་དག་གིས།། ཡུན་རིང་བྲལ་བའི་བརྩེ་ལྡན་མ་མ་དང༌།། སླར་ཡང་འཕྲད་པའི་ཚུལ་གྱི་ངང་ཚུལ་འཕྱོ།།

སྣང་མཐའི་ཟློས་གར་བླློ་བཟང་ཡེ་ཤེས་དྲུང༌།། ཡོངས་རྫོགས་བསྙེན་པར་རྫོགས་པར་ལྷུར་བླླངས་ཏེ།། འདུལ་བ་འཛིན་པ་ཀུན་གྱི་གཙུག་རྒྱུན་དུ།། ངེས་དོན་ཤཱཀྱའི་དགེ་སྦྱོང་ཆེན་པོར་གྱུར།།

འཇམ་མགོན་རྒྱལ་ཚབ་ངག་དབང་མཆོག་ལྡན་པ།། འདྲེན་པ་ཀུན་གྱི་མཆོག་ཏུ་བསྟེན་བྱས་ཏེ།། མདོ་སྔགས་གསུང་རབ་རྒྱ་མཚོའི་དགོངས་དོན་ཀུན།། གསན་བསམ་སྒོམ་པའི་བ་དན་སླར་ཡང་བསྒྲེངས།།

ཆེ་བ་བཞི་དང་ཁྱད་ཆོས་གསུམ་ལྡན་པ། སྙིང་པོའི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ།། ལུང་དང་མན་ངག་རྒྱ་མཚོའི་བཀའ་བབ་པའི།། འཕྲིན་ལས་ནམ་མཁའ་མཛོད་ཀྱི་རྗེས་སུ་བསྙེགས།། བཅུ་ཕྲག་ཤེས་བྱ་རིག་པའི་གནས་ལ་མཁས།། རྣམ་དག་སྡོམ་པ་གསུམ་གྱི་བཅས་མཚམས་བཙུན།། གསེར་མདོག་ཅོད་པན་གཙང་མ་འཆང་བས་བཟང༌།། ཐུབ་བསྟན་ཡང་སྙིང་འཛིན་པ་ཁྱེད་འདྲ་དཀོན།།

འཆད་པ་ཚིག་དོན་མ་འཁྱོག་ཚངས་པའི་ཐིག། རྩོད་པ་རྟགས་དང་སུན་འབྱིན་རིགས་ལམ་རྣོ།། རྩོམ་པ་མདོ་སྔགས་ལེགས་བཤད་རྣ་བར་སྙན།། མཁས་རྒུའི་གཙུག་གི་རལ་བའི་ཞབས་སྟེགས་མཐོ།།

གཞུང་ལུགས་མང་དུ་ཐོས་པའི་རྩ་བ་བརྟན།། དེ་དོན་བསམ་པའི་རིགས་ཚུལ་ལོ་འདབ་ཡངས།། སྒོམ་པའི་འབྲས་བཟང་གཡུར་དུ་ཟ་བ་ཁྱེད།། ས་ལཱའི་ཚལ་ན་དཔག་བསམ་ལྗོན་པ་དངོས།།

མཐའ་བཞིའི་སྤྲོས་པ་བྲལ་བའི་ལྟ་བ་མཐོ།། དཔྱད་འཇོག་ཟུང་དུ་འབྲེལ་བའི་སྒོམ་པ་བརྟན།། གཞན་གནོད་གཞི་ལས་ལྡོག་པའི་སྤྱོད་པ་བཙུན།། གསེར་སྦྱངས་རིང་ལུགས་གཙང་མའི་རྣམ་ཐར་འཆང༌།།

བཤད་པའི་ལུང་གི་ཟ་འོག་ཤམ་བུ་བཀྲ།། སྒྲུབ་པའི་རྟོགས་པའི་བསམ་འཕེལ་ནོར་བུས་མཛེས།། ལུས་ཅན་འགྲོ་ལ་ཕན་བདེའི་གྲིབ་བསིལ་སྣུམ།། མི་ནུབ་བསྟན་པའི་རྒྱལ་མཚན་བླླ་ན་འདེགས།། མ་དག་སྐྱེ་ཤི་བར་དོ་འཁོར་བའི་ལྕགས།། དག་པ་ལམ་དང་འབྲས་བུ་སྐུ་གསུམ་ལ།། སྒྱུར་བྱེད་ཕྲ་རགས་རྣལ་འབྱོར་གསེར་འགྱུར་རྩི།། དབང་བསྒྱུར་རྡོ་རྗེ་ཐེག་པའི་མཛོད་ལ་དབང༌།།

ལུང་རྟོགས་ཡོན་ཏན་ཅན་གྲགས་གཞན།། གང་ཁྱོད་མཚན་དཔེའི་སྐུ་ཡི་དྲུང༌།། ལྷུན་པོའི་མདུན་སར་ཡུངས་འབྲུ་དང༌།། ཉི་འོད་ཁྲོད་ན་མེ་ཁྱེར་བཞིན།

སྒྲ་གཅན་མུན་པའི་གོ་ར་ན།། ཕན་བདེའི་ཟླ་བ་བདུད་རྩིའི་མཛོད།། ནུ་མ་མངོན་དགའི་ཁ་རླངས་ཁྲོད།། བེའུའི་ལྟེ་བ་འཛིན་པ་ལས།།

ཡིད་བཞིན་འདོད་འཇོ་ནོར་བུ་བསམ་འཕེལ་དབང༌།། སླར་ཡང་མདོ་ཁམས་གསེར་ལྗོངས་འཛིན་མའི་ལྟོར།། ཁམས་དང་མོས་པ་རྒྱལ་མཚན་རྩེར་བཀོད་པས།། ཞི་བསིལ་ཕན་བདེའི་དབྱིག་གི་གྲུ་ཆར་འཇོ།།

གང་སྐུ་མདོ་དབུས་ཀུན་ཏུ་ཞབས་ཀྱིས་བཅགས།། གསུང་གི་འཕྲིན་ལས་རྒྱ་བོད་ཧོར་ཀུན་ཁྱབ།། ཐུགས་ཀྱི་བརྩེ་བས་མཐའ་དག་འགྲོ་ཀུན་བཅིངས།། གངས་ཅན་འགྲོ་བའི་ལྷ་སྐལ་དོན་དང་ལྡན།། གསང་གསུམ་ཡོན་ཏན་ནམ་མཁའ་མཛོད་དང་མཉམ།། འཕྲིན་ལས་བཟང་པོས་འགྲོ་ཀུན་བདེ་ལ་འགོད།། དགེ་ལྡན་རྣམ་ཐར་བཟང་པོའི་མཛད་པ་གཙང༌།། སྐྱེས་ཆེན་ཁྲོད་ན་སྐྱེས་མཆོག་ཁྱོད་འདྲ་དཀོན།།

བླླ་མ་ལྷ་དང་ཡི་དམ་སྲུང་མའི་ཚོགས།། དངོས་དང་ཉམས་སྣང་གཟིགས་པ་དག་པ་སོགས།། གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་ཚུལ།། བརྗོད་པའི་ལྕེ་རྩེ་འཕགས་ཆེན་དག་ཀྱང་ཐུང༌།།

གཟིགས་པ་རྒྱ་མཚོའི་རླབས་དང་འགྲོགས་པ་ཡིས།། ཆེ་རྒུའི་རལ་པའི་རྐང་སྟེགས་ལ་འཛེགས་ཏེ།། ཞབས་ཟུང་འཁོར་ལོའི་རེ་ཁཱ་ཟླུམ་པོ་ནི།། དབུས་འགྱུར་དག་པའི་ཆོས་ཀྱི་ཞིང་སར་བཀོད།།

སྡོམ་པ་གསུམ་དང་དབང་ལུང་མན་ངག་གི། ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་རླབས་གཡོ་བས།། ནམ་མཁའི་སྐར་ཚོགས་ས་ལ་བསྙིལ་འདྲ་བའི།། ཐར་འདོད་འཁོར་ཚོགས་ཆུ་བོའི་རྒྱུན་བཞིན་འདུས།།

རིས་མེད་ས་དགེ་བཀའ་རྙིང་བོན་ལ་སོགས།། བསྟན་པའི་སྲོལ་བཟང་འཛིན་པའི་སྐྱེས་ཆེན་ཀུན།། གང་གི་ཞལ་གྱི་བུམ་བཟང་མངར་མོའི་ཆུར།། པདྨོའི་ཚལ་ལ་འཁོར་ལོའི་ལག་ལྡན་བཞིན།། སུམ་གཉིས་ས་ཁྱོན་ཞབས་ཀྱིས་གནོན་པའི་ཡབ་མེས་བཙན་པོའི་སྲིད་ཀྱི་ཁྲིར།། གང་ཁྱོད་ཞབས་ཟུང་གསེར་གྱི་འཁོར་ལོའི་བཀྲ་ཤིས་རི་མོ་བཀོད་པ་ན།། ཁ་འབབ་རྣམ་བཞིའི་རྡུལ་གྱིས་རྒོལ་ཡང་ཉུང་བར་འགྱུར་བའི་མི་ཚོགས་དང༌།། ས་ཆེན་འགྲམ་པའི་ཁྱོན་ལ་བརྡལ་བའི་ཆེ་རྒུའི་རལ་པ་ས་ལ་བསྙིལ།།

གཞན་དབང་མུན་པའི་ཁར་ཚུད་པའི།། གདུང་དྲུག་འབྱུང་པོའི་ཞིང་ཁམས་ན།། ལུགས་ཟུང་འོད་དཀར་བརྡལ་བ་ཡི།། འཕྲིན་ལས་རི་བོང་མཚན་མ་གསལ།།

ཐུགས་བསྐྱེད་དྲི་བཞོན་དང་འགྲོགས་པའི།། ཆབ་སྲིད་ཧ་རི་ལྗོན་པའི་ནགས།། བོད་འབངས་མདོངས་མཐའི་དགའ་སྟོན་དཔལ།། སྡེ་བཞིའི་མངའ་ཐང་ཁོ་ལག་ཡངས།།

བསིལ་ལྡན་ར་བའི་ཞིང་ཁམས་ཙམ་མ་ཟད།། གསུང་གི་ཟེགས་མའི་ཐིགས་པ་རེ་རེས་ཀྱང༌།། རྒྱ་ཧོར་ཕྱོགས་ཀྱི་འཁོར་ལོ་ཟླུམ་པོའི་ཁྱོན།། སྡེ་བཞིའི་དཔལ་གྱི་ཞི་བདེའི་སྣང་བ་སྦྱིན།།

རྒུད་པའི་ཆང་གིས་མྱོས་པའི་ཧེ་ཏི་ནི།། བཀའ་ཡི་ཕྱིང་སང་འཁོན་པའི་སྣ་ཞགས་གཡོ།། རུ་བཞི་ནང་ཁུལ་འཁྲུག་པའི་སྡེ་གཟར་གྱིས།། ཞི་བསིལ་པདྨའི་རྫིང་བུ་རྙོག་པ་ན།། གང་གི་ཐུགས་བསྐྱེད་དཔུང་པ་བརྟན་པོ་ཡིས།། ཐབས་འཕྲུལ་ཀྱོ་བ་རྣོན་པོས་བཀུག་བྱས་ཏེ།། ཞོད་འཇགས་འདུམ་པའི་བདུད་རྩིའི་གྲུ་ཆར་གྱིས།། མདོ་དབུས་འཛིན་མའི་དབྱིག་གི་ཕང་པ་རློན།།

འདོད་ཡོན་ནོར་བུའི་ཁུར་འཆང་བའི།། དབང་ཕྱོགས་གདུག་ཅན་མུལ་ནག་གིས།། བསིལ་ལྗོངས་སྡེ་བཞིའི་ཚེ་སྲོག་ལ།། གཟན་པའི་ཁ་རླངས་ན་བུན་བསྟིབས།།

འཁོན་འཛིན་རྟ་གདོང་ལས་མཆེད་པའི།། འཁྲུག་འཛིངས་རྒོད་མ་ཁ་ཡི་མེ།། ཞི་བསིལ་གངས་རིའི་ཕང་པ་ལ།། བསྐལ་བའི་ཞུགས་དང་ལྷན་ཅིག་འབར།།

འབོད་སྒྲོག་ངུས་པའི་ཁ་རླངས་དང༌།། ཉེ་བར་འགྲོགས་པའི་ན་བུན་གསེབ།། རྫོགས་ལྡན་སི་ཏཱའི་ལང་ཚོ་ནི།། དབང་པོའི་གཞུ་དང་ལྷན་ཅིག་ཡལ།།

དེ་ཚེ་ཁྱོད་ཐུགས་སྤྲིན་རུམ་ལས།། ཕན་བདེ་བསྐལ་བའི་ཆར་རྒྱུན་འཇོ།། ཕན་ཚུན་འདུམ་པའི་དབྱིག་འཛིན་མར།། རྫོགས་ལྡན་བསྐལ་བའི་མྱུ་གུ་འབུས།། འབྲུག་གི་ཁེངས་པའི་རི་བོ་བསྙིལ།། ཙི་ནའི་རལ་པ་གདན་དུ་གཏིང༌།། མདྒོ་དཔྲལ་པས་རྐང་སྟེགས་བྱས།། དྲེགས་ལྡན་ཀུན་གྱི་གཙུག་ན་འཛེགས།།

ལུགས་ཟུང་སྤྱན་དཀྱུས་ཡངས་པའི་འདབ།། སྐྱ་སེར་བཀའ་ཡི་ཕྱིང་སང་དང༌།། གཞུང་ཞབས་ཆེ་ཕྲ་བསྐོ་བཞག་སོགས།། སྲིད་ཀྱི་རྒྱལ་ཐབས་གསར་དུ་བཏོད།།

མདོར་ན་གང་གི་མཁྱེན་བརྩེ་ནུས་པས་བདེ་གཤེགས་བསྟན་པའི་སྲོག་ཤིང་འཛིན།། སྡེ་བཞི་སྲིད་ཀྱི་རྒྱལ་ཐབས་མཐོན་པོ་རྫོགས་ལྡན་ཁང་བཟང་རྩེ་ན་འཛུགས།། གསུང་བ་གསམ་གྱི་ཡོན་ཏན་འཕྲིན་ལས་འགོག་མེད་ནམ་མཁའི་མཐའ་དང་འགྲོཊ། ལུས་ཅན་སྤྱི་དང་གངས་ཅན་འགྲོ་ལ་དམིགས་མེད་སྤྱན་གྱི་གཟིགས་པ་ཡངས།།

མཁའ་ལྡིང་གཤོག་པའི་རླུང་ཤུཊ་རྫོཊ་ཀྱང་མཁའ་མཐའ་འཚོལ་བ་མི་ནུས་བཞིན།། གང་གི་ངོ་མཚར་རྨད་བྱུང་རྣམ་ཐར་རྒྱལ་སྲས་ཉན་རང་དག་གིས་ཀྱང༌།། བརྗོད་ནུས་མིན་ན་ཚངས་དང་དབང་སོགས་འཇིག་རྟེན་དྲེགས་པས་ཇི་ལྟར་གཞལ།། དེ་ལྟར་མོད་ཀྱང་སྨྲ་བརྗོད་འདི་ཉིད་དོན་ཡོད་བྱ་ཕྱིར་འདི་བཞིན་བགྱིས།།

རབ་བྱེད་འདི་ཡང་གངས་རིའི་ཁྲོད་ཀྱི་སྙན་ངག་སྨྲ་བ་ཀུན་གྱི་གཙུག། རྐང་སྟེགས་ཟླུམ་པོའི་ཁེངས་པ་འཆང་བ་བཅུ་ཕྲག་ཤེས་བྱ་ཡངས་པོའི་ཁྱོན།། སྡེབ་ལེགས་སྙན་ཚིག་ལམ་ནས་དྲངས་མཁས་དབྱངས་ཅན་དགྱེས་པའི་བླློ་ལྡན་གྱི།། གདོས་བཅས་ལྗོན་པའི་སོར་རྩེ་འདབ་མ་དད་པའི་རླུང་གིས་བསྐུལ་ཏེ་བསྐྱོད།། འདི་ཡི་དགེ་བས་ཞི་བདེ་དེད་དཔོན་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན།། རླབས་ཆེན་བདེན་པའི་དར་ཡུག་དཀར་པོས་རང་དབང་རྫོཊ་ལྡན་སླར་བསུས་ཤིང༌།། བདག་སོགས་ཚེ་རབས་ཕྲེང་བ་ཀུན་ཏུ་འཕགས་མཆོག་འཇིག་རྟེན་མགོན་པོ་ཡིས།། འཕྲིན་ལས་གྲིབ་བསིལ་སྣུཾ་པོའི་འོག་ནས་བྱམས་བརྩེའི་རྒྱལ་མཚན་འཆང་ནུས་ཤོག།

རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྟོགས་བརྗོད་འདི་ཉིད་ཞི་བདེ་མཆོད་སྤྲིན་རྩོམ་སྒྲིག་ཁང་གིས་ཇི་ལྟར་བསྐུལ་བ་བཞིན། དད་གདུང་དྲག་པོས་མཚམས་སྦྱར་ནས་བྲིས།

༢༠༠༠ ལོར་ྋགོང་ས་མཆོག་གི་གསེར་ཁྲི་མངའ་གསོལ་མཛད་སྟོན་ཆེད་བསྒྲིགས་༼ཞི་བདེ་མཆོད་སྤྲིན་༽ཐོག་བཀོད།


མི་ནུབ་པའི་མཛད་རྗེས་ལ་བསྔགས་པ།


དུས་ཀྱིས་རྒུད་པའི་མེ་ཆར་འབབ་པའི་གསེབ།། ཞི་བའི་བླ་རེ་མཁའ་ལ་བྲེས་བྱས་ཏེ།། མཐའ་དག་འགྲོ་འདི་རྫོགས་ལྡན་དགའ་སྟོན་ལ།། བསུ་མཁན་གངས་རིའི་མགོན་དེར་སྙིང་ནས་འདུད།།

དཔལ་ལྡན་མཁས་པ་བྱེ་བའི་མགྲིན་མཚོ་ན།། སྙན་ཚིག་རྒྱུད་མང་འཁྲོལ་བཞིན་རྩེན་པ་ཡི།། དབྱངས་ཅན་ལྷ་དེའི་ཞབས་སེན་འཁོར་ལོའི་རྡུལ།། མི་ཕྱེད་གཙུག་གི་རལ་བའི་རྒྱན་དུ་མཆོད།། འདི་ན་རྒྱུ་སྐར་དབུས་ན་ཟླ་བ་དང༌།། གསེར་རིའི་དབུས་ན་གསེར་གྱི་ལྷུན་པོ་བཞིན།། གང་གིས་ཞི་བའི་གཟེངས་རྟགས་བསྣམས་པའི་ཚུལ།། བསྔགས་བརྗོད་དྲི་ཟའི་གླིང་བུ་ཅུང་ཟད་འཁྲོལ།།

རང་བདེ་རྒུད་པའི་དམག་གི་རླུང་འཚུབ་ཁྲོད།། ཁྲག་རླབས་དམར་པོ་དགུང་ལ་འཕྱུར་བ་ལས།། འཛམ་གླིང་སྲིན་པོའི་དུར་ཁྲོད་འགྱུར་ཉེན་ཞེས།། ཤེས་ལྡན་འབུམ་གྱིས་ངུ་འབོད་ཅ་ཅོ་སྒྲོགས།།

དེ་ཚེ་གང་གི་འཚེ་མེད་ཞི་བའི་གཏམ།། ལྷ་ཡི་ལམ་ནས་རང་བྱུང་རྔ་ཆེན་བཞིན།། དལ་བུར་སྙན་འཇེབས་དབྱངས་སུ་གྱེར་བ་ལས།། ཀུན་གྱི་རྣ་བར་བདུད་རྩིའི་དཔལ་དུ་སྨིན།།

བྱམས་དང་བརྩེ་བས་ཕོངས་པའི་ནད་པ་དང༌།། གཞན་ཕན་མིག་དང་བྲལ་བའི་ལོང་བ་ཀུན།། འཚེ་མེད་ཞི་བའི་བདུད་རྩིས་བྲན་བྱས་ཏེ།། ཞི་བདེའི་རྫོགས་ལྡན་ལམ་ལ་མངོན་པར་བཀོད།།

གང་གི་རླབས་ཆེན་མཛད་རྗེས་དེ་མཐོང་བས།། ཚངས་ཐིག་སྙིང་ལ་རོལ་བའི་དྲན་དབང་འབུམ།། མ་བགྲོས་གཅིག་ཏུ་མཐུན་པའི་དགོངས་ཀློང་ནས།། ཞི་བདེ་གསེར་གྱི་གཟེངས་རྟགས་ཁྱོད་ལ་བཏེགས།། གང་གི་བྱམས་བརྩེ་སྤྲིན་གྱི་ལྡིང་ཁང་ནས།། ཞི་བདེ་ལེགས་སྐྱེས་དངུལ་གྱི་གྲུ་ཆར་འབུམ།། གླིང་འདིའི་ཉམ་ཐག་འཛིན་མ་ལ་འཕོས་པས།། མི་ཟད་མཚན་སྙན་ནམ་མཁའི་མཐའ་དང་འགྲོགས།།

དེ་དང་ལྷན་ཅིག་མཐའ་གྲུའི་རྒྱལ་ཁབ་ཀུན།། འཛམ་གླིང་མཐོ་སྒང་བོད་ཀྱི་བདེན་དོན་ལ།། རྒྱབ་དཔུང་གསེར་གྱི་རི་བོ་བསྒྲིགས་བྱས་ཏེ།། རང་དབང་ཉིན་བྱེད་འདྲེན་པའི་དགའ་སྟོན་སྐྲུན།།

དེ་ལྟར་འཚེ་མེད་ཞི་བའི་གཟེངས་རྟགས་ཀྱི།། ཕུལ་བྱུང་ཕྱག་མཚན་བསྣམས་པའི་ལེགས་བྱས་ལ།། ཅུང་ཟད་བསྟོད་པའི་དགེ་བས་མགོན་པོ་མཆོག།། གསང་གསུམ་རྟག་བརྟན་མཛད་བཞེད་ལྷུན་གྲུབ་ཤོག།

ལོ་རྒྱུས་ཀྱི་བྱུང་རིམ་ནང་རླབས་ཆེན་གྱི་མཛད་རྗེས་བཞག་མྱོང་བའི་སྐུ་ཞབས་ནེལ་པོར་ལགས་ཀྱིས་སྤྱི་ལོ་༡༨༩༠ ལོར་འཛམ་གླིང་ཞི་བདེ་ལས་འགུལ་ཐོག་རང་གི་རྫས་མི་ཚོང་འགྲེམས་ཀྱི་ཡོང་སྒོ་ཡོངས་རྫོགས་འཛམ་གླིང་ཞི་བདེའི་ཆེད་དུ་གཙང་འབུལ་གནང་བའི་མཐུན་རྐྱེན་ལ་བརྟེན་ནས་སྤྱི་ལོ་༡༩༠༡ ནས་ད་བར་ཞི་བའི་གཟེངས་རྟགས་བཞེས་མཁན་རབས་དང་རིམ་པར་བྱུང་བའི་ཁྲོད་ནས་གསེར་རིའི་དབུས་ན་ལྷུན་པོ་དང་རྒྱུ་སྐར་དབུས་ན་ཟླ་བ་ལྟར་བསྔགས་པའི་ྋགོང་ས་མཆོག་གིས་ཞི་བའི་གཟེངས་རྟགས་བཞེས་པའི་སྐོར་ལས་བརྩམས་ཏེ་བསྔགས་བརྗོད་དང་ཤིས་ཚིག་མདོར་བསྡུས་སུ་བཀོད་པའོ། །


ཞི་བའི་དེད་དཔོན་ལ་བསྔགས་པ།


འཛམ་གླིང་ཆེ་རྒུའི་རལ་པའི་རྩེ་མོ་ན།། ཞི་བདེ་གཟེངས་རྟགས་གསེར་གྱི་འཁོར་ལོ་ཡིས།། དབང་བསྒྱུར་ཞི་བདེའི་དེད་དཔོན་གངས་རེའི་མགོན།། འཕགས་མཆོག་ཕྱག་ན་པདྨོས་དགེ་ལེགས་སྩོལ།།

རྒྱལ་བ་རྒྱ་མཚོའི་མཁྱེན་བརྩེ་ནུས་པའི་དཔྱིད།། གཅིག་བསྡུད་དྲི་ཟའི་བུ་མོ་དབྱངས་ལྡན་ལྷ། ཕྱོགས་བཅུ་བེཌཱུའི་རྒྱུད་མངས་གཟུང་བཞིན་དུ།། བདག་གི་མགྲིན་པའི་འོ་མཚོང་རྩེན་པར་མཛོད།།

འདི་ན་འཕགས་མཆོག་འཇིག་རྟེན་མགོན་པོའི་འཕྲུལ།། གང་དེས་འཛམ་གླིང་ཆེ་རྒུའི་རལ་བའི་གཙུག་ ། ཞི་བདེ་གཟེངས་རྟགས་གསེར་གྱི་འཁོར་ལོ་ཡིས།། དབང་བསྒྱུར་ཤིས་པའི་ངོ་སྤྲོད་ཅུང་ཟད་ཞུ།།

གཞོམ་མེད་ཐུགས་བསྐྱེད་རྡོ་རྗེའི་རུ་ཚོན་གྱིས།། ཕས་རྒོལ་མུ་སྲུན་དྲགོ་འི་དམག་ཚོགས་དཔུང༌།། འཇིག་རྟེན་རྒུད་ཚོགས་མིག་གི་ལྷག་མ་རུ།། བསྐྲོད་ནས་ཞི་བའི་དར་ཆེན་མཁའ་ལ་བསྒྲེངས།། དེ་ཚེ་གཟུར་གནས་ཚངས་ཐིགས་དང་འགྲོགས་པའི།། འཛམ་གླིང་མཁས་རྒུས་མགྲིན་པ་མཉམ་བསྡེབས་ཀྱིས།། ཞི་བདེ་གཟིངས་རྟགས་གསེར་གྱི་འཁོར་ལོ་ཆེ།། བསྔགས་བརྗོད་དང་བཅས་གང་གི་ཕྱག་སོར་བཏེགས།།

ལྟ་ན་གཟུགས་མཐོང་གློག་འཕྲིན་མིག་གི་དཔྱིད།། སྙན་ན་སྒྲ་སྡུད་འཁོར་ལོ་རྣ་བར་སྙན།། བསམ་ན་དད་པའི་ཡིད་ག་འཇོ་བ་ཡི།། རྨད་བྱུང་གྲགས་སྙན་ས་གསུམ་ཁྱོན་ལ་ཁྱབ།།

གང་གིེ་ལེགས་བྱས་མཛད་འཕྲིན་ལྷ་ཡི་རྔ།།། རང་བྱུང་ནམ་མཁའི་དབྱིངས་ནས་སྡིར་བའི་མདོ།། པུར་རྒྱལ་བོད་ཀྱི་བདེན་པའི་ལོ་རྒྱུས་ལ།། མཛའ་འབྲེལ་རྒྱབ་སྐྱོར་དབྱར་གྱི་མཚོ་ལྟར་འཕེལ།།

དེ་ཚེ་འཛམ་གླིང་ཟླུམ་པོའི་ཟུར་ཞིག་ནས།། རྒྱ་འདྲེ་སྲིན་པོ་གདུང་བའི་ཆོ་ངེ་དང༌།། ཕྲག་དོག་འདྲེ་མོ་ངུ་བའི་སྒྲ་སྒྲོག་ཀྱང༌།། ཞི་བདེ་རིགས་སྔགས་མཁན་མ་ཅི་ཞིག་གནོད།།

དད་ལྡན་དགའ་བའི་སོ་ཕྲེང་ངོམས་པ་དང༌།། ཀླ་ཀློ་སྡུག་ནས་མིག་ཆུ་འདོན་པ་ཟུང༌།། ཅིག་ཅར་བསྐྲུན་པའི་ཞི་བའི་མཛད་རྗེས་ཚུལ།། མདོར་ཙམབརྗོད་པའི་གཏམ་འདི་སྤེལ་བའི་དགེས།། གང་གི་གསང་གསུམ་རྡོ་རྗེ་ཤིས་གྲུབ་ཅིང༌།། མཛད་བཟང་ཟླ་བ་གཞོན་ནུ་འཛུམ་ཟེར་གྱིས།། གངས་ཅན་རྫོགས་ལྡན་རང་དབང་གསར་པའི་མགྲོན།། མྱུར་བར་འགུག་པའི་བཀྲིས་སྨོན་འདུན་ཞུ།།

༡༩༩༨ལོར་སློབ་གྲྭའི་རྩོམ་རིག་འགྲན་བསྡུར་ཆེད་བྲིས།


རྗེས་དྲན་བྱིས་པའི་གདུང་འབོད།

རྒྱལ་ཀུན་སོར་རྟོགས་ཡེ་ཤེས་སྒྱུ་མའི་སྐུ།། ནུབ་ཕྱོགས་བདེ་ལྡན་ཞིང་མགོན་འོད་མཐའ་ཡས།། རྗེས་བརྩེ་ཟླ་བ་དཀར་པོའི་རྔ་ཡབ་ཀྱིས།། འགྲོ་འདིའི་རྒུད་ཚོགས་གཞོམ་པའི་དགེ་ལེགས་སྩོལ།

གང་གི་རྨད་བྱུང་མཁྱེན་བརྩེ་ནུས་པ་ཡི།། གསང་གསུམ་གསང་བ་བསམ་མི་ཁྱབ་པའི་འཕྲུལ།། འཛད་མེད་ནམ་མཁའི་སྒོ་འཕར་ཡངས་པོ་ལ།། ཅུང་ཟད་སྤེལ་བའི་ངལ་བ་ཁོ་བོས་བགྱི།།

གངས་ཅན་དབང་ཕྱོགས་ནོར་འཛིན་ཕང་བ་ན།། ཁྱོད་སྐུ་ཟླ་བ་གཞོན་ནུ་འཛུམ་པའི་མོད།། དགེ་ལེགས་འོད་སྣང་དཀར་པོས་འཇིག་རྟེན་འདི།། ཕུན་ཚོགས་བདེ་དགའི་རླབས་ཀྱིས་མཛེས་པར་བསྐྲུན།། ལང་ཚོའི་ཚེས་རིས་འཛུམ་པའི་མོད་ཉིད་ནས།། མི་བསྲུན་སོ་རིས་རབ་རིབ་ཀུན་བཀྲུས་ཏེ།། གངས་ཅན་ས་ཡི་ཉི་ཟླ་ཟུང་གཅིག་པོ།། ལྷན་ཅིག་འཆར་བའི་སྐལ་བཟང་དགའ་སྟོན་འགྱེད།།

དབང་ཕྱོགས་སྲིན་པོ་དམར་པོའི་མཆེ་བ་ཡིས།། ཆོས་ལྡན་ཞིང་གི་འགྲོ་བ་འབུམ་ཕྲག་དག ། ཚེ་སྲོག་དམར་པོ་འབྱིན་དང་ལྷན་ཅིག་ཏུ།། གངས་རིའི་ཉི་གཞོན་ནུབ་མཐར་སྤྱུགས་པ་དང༌།།

ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་དེ།། མ་འོངས་པྲེ་ཏ་པུ་རིའི་འཇིག་རྟེན་བཞིན།། མུ་གེ་བསྐལ་བའི་མཚོན་གྱིས་ལུས་ཅན་འབུམ།། མཐར་བྱེད་གཤིན་ཡུལ་ལྔ་བའི་མགྲོན་དུ་བརྫངས།།

སླར་ཡང་གངས་རིའི་དོ་ཤལ་རྒོད་པའི་ཞིང༌།། དམྱལ་ཁམས་བཅོ་བརྒྱད་ས་སྟེང་འཕོས་པ་ལྟར།། བསད་གཏུབ་རྡུང་རྡེག་སྔོག་གཤེར་འཕྲོག་བཅོམ་གྱིས།། ཁྲག་དང་མིག་ཆུས་འཇིག་རྟེན་བརླན་པར་བྱས།།

དེ་ཚེ་གང་གི་རླབས་ཆེན་ཐུགས་བསྐྱེད་ཀྱིས།། ཞུམ་པ་མེད་པའི་སྙིང་སྟོབས་གོ་བགོས་ཏེ།། མདོ་དབུས་འཛིན་མའི་བཟོད་དཀའི་གདུང་བ་འབུམ།། མཚོན་པའི་སྨྱུག་རྩེ་ཁྲག་གིས་རློན་མགོ་བརྩམས།། དགུ་ཚིགས་སྐྱ་མོའི་ལམ་གྱིས་མི་མཚོན་པའི།། ཁྲི་ཕྲག་བདུན་གྱི་ཡིག་འབྲུའི་ཁྲག་གི་རིས།། འདྲེ་སྲིན་གདུག་པའི་དཔུང་ཚོགས་དམར་པོ་ཡིས།། འཇིགས་རུང་སྲིད་ཀྱི་སྟེགས་བུའི་སྟེང་དུ་བསྐྱལ།།

བདེན་པའི་གཏམ་གྱི་གདུང་དབྱངས་དྲག་པོ་དེ།། ལོག་སྨོན་དུས་སུ་བརྡོལ་བའི་བདུད་ཀྱི་སྡེར།། རྣོ་ངར་དུག་གི་མཚོན་ཆའི་ཆར་གྱུར་ཏེ།། སྙིང་ལ་བཟོད་དཀའི་མེ་དཔུང་ཅི་ཡང་འབར།།

ལངྐའི་འབོད་སྒྲོག་ཚོགས་པའི་མདུན་ས་ན།། ལེགས་ཉེས་གོ་ལྡོག་བརྗེ་བའི་ཁྲིམས་བཅས་ཀྱང༌།། གང་གིས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས།། བདེན་གཏམ་སེང་གེ་ཁྲོས་པའི་ང་རོ་བསྒྲགས།།

དེ་ཚེ་མའོ་སྲིད་མཆེ་བ་རྣོན་པོའི་འོག ། ཉེས་མེད་ཞྭ་མོ་གསུམ་གྱིས་དབུ་གཡོགས་ཏེ།། ཕྱག་ཞབས་རྣོན་པོའི་ལྕགས་སྒྲོག་གིས་བཅིངས་ནས།། མུན་དོང་བཙོན་དུ་མི་ལོ་དགུ་ལྷག་མནར།།

གང་གི་སྙིང་སྟོབས་བཙན་པོའི་གཟི་རྔམ་གྱིས།། བསླུ་མེད་དྭང་མའི་དགྲ་ཡི་དཔུང་ཚོགས་དང༌།། རྒྱལ་ཚོང་མཇུག་མ་མེད་པའི་ཁྱི་རྒན་ཚོའི།། སྙིང་ལ་ཁྲོ་དང་སྐྱེངས་པའི་ཚོར་བ་སྟེར།།

མའོ་སྲིན་གདུག་པའི་སྤྲིན་ནག་ཡལ་བའི་རྗེས།། ཁྱོད་སྐུ་ཟླ་བ་གཞོན་ནུ་འཛུམ་པའི་རིས།། སྐོར་གསུམ་སྒང་དྲུག་རི་བཞིའི་འགྲོ་རྣམས་ཀྱི།། རླབས་ཆེན་བསོད་ནམས་ཞིང་གི་དཔལ་དུ་ཤར།།

སླར་ཡང་གང་གི་སྙིང་སྟོབས་དགུ་འགྱུར་གྱིས།། ཀླ་ཀློའི་དཔུང་གི་འདུ་ཚོགས་དོག་པོའི་ནང༌།། གངས་ཅན་བསྟན་སྲིད་བདེན་པའི་ང་རོའི་གླུ།། འགོག་མེད་དཔའ་བོའི་དབྱངས་སུ་སྡེབས་ཏེ་བླླངས།། དེ་ཚེ་མ་རུང་བདུད་ཀྱི་དཔུང་ཚོགས་ཀྱིས།། མི་མངོན་སེར་མོའི་རུ་མཚོན་བསྒྲིགས་པ་ལས།། འཆི་བྱེད་ཧ་ལ་ནག་པོའི་སྒྲ་གཅན་གྱིས།། གང་སྐུ་ཟླ་བའི་དཀྱིལ་འཁོར་སྒྲིབ་པར་བྱས།།

མཚན་དཔེའི་ཟླ་གཞོན་སྒྲ་གཅན་ཁར་ཚུད་ཀྱང༌།། རླབས་ཆེན་སྙན་པའི་འོད་དཀར་འཛམ་གླིང་ཕྱོགས།། ཡོངས་སུ་ཁྱབ་པའི་རྨད་བྱུང་རྣམ་ཐར་ནི།། མི་ནུབ་སྲིད་པའི་རྩེ་ན་ལྷབ་ལྷུབ་གཡོ།།

གང་གི་ངོ་མཚར་རྣམ་པར་ཐར་བའི་རིས།། གངས་ཅན་འགྲོ་བའི་སེམས་ཀྱི་མེ་ལོང་ངོར།། བསུབ་ཏུ་མེད་པར་གཡུང་དྲུང་ལྟར་འཁྱིལ་ཏེ།། རྗེས་དྲན་གདུང་དབྱངས་སྙན་པོའི་གསོལ་འདེབས་ཞུ།།

༡༩༩༨་༡༡་༢༠ ཉིན་ངྷ་ས་ནས་བྲིས། རྒྱལ་པཎ་རྣམ་གཉིས་ཀྱི་མཛད་རྗེས་ལ་བསྔགས་པའི་སྙན་རྩོམ་ཕྱོགས་བསྒྲིགས། ༼དད་གདུང་ཉི་ཟླའི་མཆོད་སྤྲིན་༽དུ་བཀོད།


བསྔགས་བརྗོད་སྙིང་གི་མེ་ཏོག

༼ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་ལ་ཕུལ་བ།༽

སྨིན་འཁྱོག་ཟུར་མིག་ཀྱོ་བ་རེ་རེས་རྒྱལ་རྣམས་ཟུང་འཇུག་དགའ་བཞི་ཡི།། མགྲོན་དུ་འགུགས་པའི་ལྷག་པའི་ལྷ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར།། རོ་དྲུག་འདུས་པའི་དད་པའི་མིག་ཆུ་སྙིམ་པར་བསྣམས་ཏེ་གསོལ་འདེབས་ན།། དབྱངས་བདུན་རྫོཊ་པའི་སྙན་ཚིག་རིང་མོས་བདག་མགྲིན་ཤིས་པའི་དགའ་སྟོན་སྒྲུབས།།

མི་ལོ་དགུ་བརྒྱའི་ལོ་རྒྱུས་ཡོད་པའི་གངས་ཅན་འགྲོ་བའི་མགོན་དང་སྐྱབས།། མཆོག་གི་སྤྲུལ་པ་ལུ་གུར་བརྒྱུད་པའི་ཀརྨ་པ་ཞེས་གྲགས་པ་གང༌།། ཟླ་ཤེལ་ཁ་བའི་མེ་ཏོག་འཕུར་བའི་མཐོ་སྒང་ཞིང་དུ་འཕོས་པ་ནས།། དེ་རིང་སླར་ཡང་དགའ་སྐྱོ་འདྲེས་མའི་གཏམ་གྱི་བརྗོད་གཞི་འདི་སྐད་ཐོས།།

ཁ་རྩང་འཇིབ་འཁོར་ཆུང་ཆུང་ཞིག་ནང་གཞིས་གྲོང་གསུམ་པར་བསྐྱོད་པའི་སྐབས།། ལང་ཚོ་རྒུད་ཀྱང་དད་སྟོབས་དར་བའི་བགྲེས་སོང་རྨོ་རྨོ་ཟུང་ཞིག་ལས།། རྒྱལ་བའི་དབང་པོ་ཀརྨ་མཆོག་སྤྲུལ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་གང༌།། གངས་དཀར་ཏི་སེ་རི་བོ་བརྒལ་ནས་འཕགས་ཡུལ་འབྱོར་བའི་གཏམ་བཟང་ཐོས།། སང་ཉིན་ཞོགས་པར་རླུང་འཕྲིན་ཉན་ཀྱང་རེ་སྒུག་གཏམ་བཟང་མ་སླེབས་པས།། ཐེ་ཚོམ་འཁྱོག་ལ་སེམས་པ་འཕྱང་བཞིན་སློབ་གྲྭའི་ནང་དུ་སློབ་འཁྲིད་སོང༌།། ཉིན་བྱེད་དམར་པོ་མཁའ་མཐར་ལྷུང་ནས་ཟླ་བའི་བསིལ་འོད་སྤྲོ་པའི་འོག ། འཁྱར་མ་འཁྱོར་གྱི་གོམ་སྟབས་བསྒྱུར་ཏེ་རེ་བའི་གཏམ་སྣེ་འཚོལ་ཏེ་རྒྱུ།།

ཕྱི་ཉིན་ཞོགས་པའི་རླུང་འཕྲིན་ནང་ནས་སྙན་འཕྲིན་གཏམ་གྱི་དགའ་སྟོན་ཐོས།། སློབ་གྲྭའི་གསར་ཤོག་གཟིཊ་སྟེཊ་སྒང་ནས་མཚན་དཔེའི་སྐུ་ཡི་འདྲ་པར་མཐོང༌།། དགེ་གྲོགས་ཕོ་གསར་རྣམ་པའི་ངག་ནས་གསར་ཤོག་ཐོག་གི་གནས་ཚུལ་ཤེས།། ད་ནི་དགའ་སྐྱོ་འདྲེས་མའི་ཚོར་སྣང་གནོན་ཐབས་མེད་པར་སེམས་ནས་འཕྱུར།།

དེ་རིང་བོད་ཀྱི་རྒྱལ་ས་གཉིས་པ་དྷ་རམ་ས་ལའི་ཡུལ་གྲུ་ནས།། ཤེས་འཇོན་ལྷག་བསམ་གསུམ་གྱིས་ཕྱུག་པའི་སྨྱུག་ཐོག་གྲོཊ་པོ་ཁྱུ་གཅིག་གིས།། གཟུགས་མེད་ཁ་པར་བརྒྱུད་ནས་འབྱོར་བའི་སྐུལ་ཚིག་མེ་ཏོག་འཐོར་བ་ན།། ཚོར་འདུ་སེམས་ཀྱི་ཀློང་ནས་འཕོས་པའི་མིག་ཆུའི་སྙན་ངག་འབྲི་འདོད་སྐྱེས།།

གཅིག་པུ་ཉིད་ཀྱིས་དུ་མའི་གར་མཁན་ཕྱག་ན་པདྨོ་ལས་བརྒྱུད་དེ།། སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་དཀར་པོ་བོད་རྒྱ་ཧོར་གྱི་ཁྱོན་ཀུན་འཛུགས།། ཞྭ་དང་གྲུབ་མཐའི་རླུང་འཚུབ་གསེབ་དུ་གཡོ་མེད་ཏི་སེ་གངས་ལྟར་འགྱིངས།། དབུས་དང་གཙང་གི་སྡེ་གཟར་བར་དུ་བཟོད་བསྲན་རྡོ་རྗེའི་གོ་ཆ་གོན།།

ཕྱོགས་རེས་གཏམ་གྱི་ཡོལ་བ་ཕྱེས་ཏེ་དེབ་ཐེར་གཡུ་ཡི་སྒེའུ་ཁུང་ནས།། གཟུ་བོའི་རྒྱང་ཤེལ་ཟླུམ་པོ་བཙུགས་ཏེ་དངོས་དོན་རྗེན་པ་འཚོལ་བ་ན།། ཁམས་པ་དབུ་སེ་ཁྱོད་ཉིད་གཤེགས་པའི་གངས་རིའི་ཞབས་རྗེས་རིང་མོའི་ནང༌། ནག་ཐིག་ཕོག་པའི་རི་མོ་འཁྱོག་པོ་ནམ་ཡང་རྙེད་པ་མ་ལགས་སོ།། རིག་པའི་རྡོ་རྗེ་རྣོན་པོའི་འཕྲུལ་གྱིས་ཤར་ནུབ་འཇིག་རྟེན་ཟླུམ་པོའི་ཁྱོན།། སྒྲུབ་རྒྱུད་ཕྱག་རྒྱ་ཆེན་པོའི་ལུགས་བཟང་རླུང་དང་ལྷན་ཅིག་དར་བྱས་ཏེ།། མཚན་དཔེ་སྐུ་ཡི་ཐ་མའི་བཀོད་པ་སྟོང་པའི་དབྱིངས་སུ་བསྡུས་པ་ན།། སྤྲེལ་ཚའི་རྒྱུད་འཛིན་གངས་ཅན་པ་རྣམས་རེ་ཞིག་མྱ་ངན་ཁུང་བུར་ཚུད།།

སླར་ཡང་གངས་ཅན་མདོ་ཁམས་ལྷ་ཐོག་བ་གོར་ཞེས་བྱ་འབྲོག་སྡེ་དེར།། གཟིགས་པ་དུས་ལས་གཡོལ་བ་མེད་པ་མཚན་དཔེ་སྐུ་ཡི་མེ་ཏོག་བཞད།། གངས་ཅན་མགོན་པོའི་ལུང་གི་ཉི་འོད་འཕགས་པའི་ཡུལ་ནས་ཁྱོད་ལ་འཕོས།། ལང་ཚོའི་འཕེལ་ཁ་རིམ་གྱིས་དལ་བས་བོད་མིའི་སེམས་ཀྱི་ངལ་གསོ་ཐོབ།།

ཉེ་རབས་བོད་ཀྱི་གངས་རི་ཉིལ་བའི་མིག་ཆུའི་ལོ་རྒྱུས་རིང་མོའི་ནང༌།། སྐུ་དྲག་མཐོན་པོས་རྒྱལ་ཁབ་བཙོངས་ནས་རང་གི་གོ་ས་ཉོ་བའི་དུས།། ལྷ་ལྕམ་མཛེས་མས་དཔྱ་ཁྲལ་རུག་ནས་གསེར་དངུལ་གཡུ་བྱུར་རྒྱན་པའི་དུས།། རྒྱལ་ས་ལྷ་སའི་གྲོང་ཁྱེར་ནང་དུ་དྭ་ཡོན་ཆར་པ་འབབ་པའི་དུས།།

གུང་ཁྲན་ཏང་གི་ཡིག་སྣོད་ནང་དུ་དོན་ཚན་བཅུ་བདུན་བཞག་པའི་དུས།། ཕོ་བླླ་བཙོང་བའི་སྐུ་ངོ་རྣམ་པས་རྒྱལ་ཁབ་འཚོང་རྫས་བྱེད་པའི་དུས།། གངས་རིའི་ལྷ་དམག་བྲོས་པའི་ཤུལ་དུ་ཐལ་བས་ནམ་མཁའ་སྒྲིབ་པའི་དུས།། ཤི་གསོད་ཁྲག་གི་འཁོར་ལོ་བསྐོར་ནས་བོད་ཡུལ་དུར་ཁྲོད་གྱུར་པའི་དུས།།

མེས་པོའི་གསོན་སྙིང་སོར་རྩེར་བླླངས་ཏེ་དགྲ་བོའི་མདུན་དུ་ཕུལ་བའི་མཐར།། རྒྱལ་ཁབ་བཙོངས་པའི་ཁྱི་རྒན་ཚོ་ལ་གུང་ཁྲན་ཏང་གིས་གོ་གནས་སྦྱིན།། འོན་ཀྱང་ཁྱོད་ཉིད་འཁྲུངས་མ་ཐག་ནས་བྱས་རྗེས་ངོ་སྤྲོད་མི་དགོས་པར།། ཀྲུང་དབྱང་མི་དམངས་སྲིད་གཞུང་ཁང་ནས་ཆེ་མཐོང་དེ་འདྲ་བྱེད་དོན་ཅི།། དོན་དམ་སྤྲོས་བྲལ་སྟོང་པའི་དབྱིངས་སུ་བདེ་སྡུག་རི་མོ་མི་རྙེད་ཀྱང༌།། ཀུན་རྫོབ་འཁོར་བའི་འདམ་རྙོག་གསེབ་ཏུ་སྐྱིད་སྡུག་ཆུ་ཡི་གཉེར་མ་མང༌།། དེ་སླད་ཁྱོད་ཀྱང་འགྲོ་བའི་དོན་དུ་འཇིག་རྟེན་ཟླུམ་པོའི་ཁོར་ཡུག་འདིར།། སྐྱིད་སྡུག་སྒྱུ་མའི་ཟློས་གར་རྩེན་པའི་སྔོན་མེད་སྒྱུ་རྩལ་མཁན་པོ་ཞིག།

ལང་ཚོའི་འཕེལ་ཁ་མ་རྫོགས་གོང་ནས་དམར་པོའི་བཙན་དབང་འོག་ཏུ་བསྡུས།། བསླུ་བྲིད་སྲིན་མོའི་འཛུམ་མདངས་སྟོན་ནས་རྒྱ་བོད་ཧོར་གསུམ་ལྟ་སྐོར་འཁྲིད།། གཡོ་སྒྱུའི་མཆེ་བ་རྣོན་པོ་ཟུང་གིས་གཞིས་བྱེས་འབྲེལ་བའི་སྲོག་རྩ་བཅད།། རྫུན་དང་ཕྲ་མའི་འཆལ་གཏམ་རིང་མོས་འཛམ་གླིང་ཟླུམ་པོའི་ལྷིང་འཇཊ་འཕྲོག།

དམར་པོ་རྒྱ་ཡིས་ཕྱི་ནས་བཅུན་ཏེ་གོམ་གང་འགྲོ་བའི་རང་དབང་མེད།། ཕུ་ནུ་བཙན་པོས་ནང་ནས་བཅུན་ཏེ་ཡང་སྲིད་རྫུན་མ་ཁྲི་སྟོན་བྱེད།། བོད་འབངས་དད་པས་བར་ནས་བཅུན་ཏེ་རྣམ་གཡེང་གནང་རྒྱུའི་གོ་སྐབས་འཕྲོག། བྱིས་པའི་དུས་ནས་གཟེབ་ཏུ་ཚུད་པའི་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་ལགས།།

ཁྱོད་རང་ཁྲི་འདོན་བྱེད་མ་ཐག་ནས་གུང་ཁྲན་ཏང་གིས་ཁ་བཏགས་བཏང༌།། ཅང་ཙི་མིང་གིས་གླེང་སྟེགས་ཐོག་ནས་འཚམས་འདྲིའི་མེ་ཏོག་ཁྱོད་ལ་འཐོར།། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་ནས་འཛམ་གླིང་ཡོངས་ལ་ཁྱབ་བསྒྲཊ་བྱས།། རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་རྣམ་པ་མཛད་སྒོ་ཉིན་མོར་སྐུ་མགྲོན་ཕེབས།།

འོན་ཀྱང་ཁྱོད་ཀྱིས་ཏང་གི་གོ་ས་མཆིལ་ཞགས་གཅིག་དང་མཉམ་དུ་འཕངས།། པཎ་ཆེན་རྫུན་མར་བཙན་མཇལ་འཁྲིད་དུས་སྡང་མིག་གཅིག་གིས་གྱེས་མཇལ་བྱས།། རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་གདོང་ལ་འགྲམ་ལྕག་གཅིག་གི་དྲན་རྟེན་བྱིན།། གུང་ཁྲན་ཏང་གི་རྒྱུག་ཁྱི་རྣམས་ལ་མཇལ་ཁ་ཞུ་རྒྱུའི་སྐལ་བ་བཅད།། རྒྱལ་ཚོང་བོད་ཀྱི་དཔོན་རྒན་རྣམས་ལ་ཁ་རྡུང་དྲག་པོའི་ཉེས་ཆད་ཕབ།། ཅང་ཙི་མིན་དང་མཇལ་འཕྲད་བྱེད་དུས་ཁ་བཏགས་དྲུད་ནས་ཕྱི་ཕྱག་འབུལ།། དངུལ་དངོས་འབུལ་བའི་བསླུ་བྲིད་སྟེང་དུ་ས་རྡུལ་སྦགས་པའི་རྐང་རྗེས་བཏབ།། ལྷ་དང་དགོན་པ་གཏོར་མྱོང་མཁན་ཚོ་གསུང་ཆོས་ར་བའི་ཕྱི་ལ་ཕུད།།

ཁ་རྩང་དགུན་དུས་མཚན་མོ་ཞིག་ལ་གོས་ཆེན་མལ་ཆས་ཕར་གཡུག་ཅིང༌།། གཟིམས་ཁྲི་མཐོན་པོའི་སྟེང་ནས་བབས་ཏེ་སྤྱང་སོ་ལས་རྩུབ་གྲང་ལྷག་གསེབ།། བཙན་རྒྱལ་དམར་པོའི་ལྐོག་ནས་བྲོས་ཏེ་ཏི་སེ་གངས་རིའི་ཉེ་འགྲམ་ནས།། ཞབས་རྗེས་རི་མོ་གངས་ལ་ཕབ་སྟེ་འཕགས་པའི་ཡུལ་དུ་ཞབས་སོར་འཁོད།།

བཙན་བྱོལ་རྒྱལ་ས་དྷ་རམ་ས་ལར་དཀྱུས་མའི་མི་དང་ལྷན་དུ་འབྱོར།། གོང་ས་ཆེན་པོའི་གཟིམ་ཆུང་ནང་དུ་མཇལ་འཕྲད་གཏམ་གྱི་སྒོ་མོ་ཕྱེས།། བྱེས་སུ་འབྱོར་བའི་བོད་འབངས་རྣམས་ཀྱིས་ལག་པས་མིག་ཆུ་ཕྱིད་བཞིན་དུ།། ཁྱོད་ལ་འཚམས་འདྲིའི་དགའ་སྤྲོ་ཁོལ་བའི་བཀྲ་ཤིས་དགོད་སྒྲའི་གླུ་དབྱངས་ལེན།།

གསར་འགོད་པ་རྣམས་སྔོན་རྗེས་རྩོད་ནས་ཁྱོད་ཀྱི་མདུན་སར་འཚང་ཀ་བྱེད།། བལ་བོད་འབྲུག་སོགས་བང་རིམ་བསྒྲིཊ་ནས་ཁྱོད་ཀྱི་མདུན་ནས་ཕྱག་དབང་ལེན།། རྒྱ་གར་གསང་བའི་ལས་བྱེད་པ་རྣམས་ཁྱོད་ཀྱི་མདུན་སར་གཅར་འདྲི་བྱེད།། ཡང་སྲིད་རྫུན་མའི་ཕྱོགས་གཏོགས་པ་རྣམས་ཁྱོད་ཀྱི་རྒྱབ་ནས་ངན་སྨྲས་བྱེད།།

དེ་རིང་ཁྱོད་ཀྱི་བརྙན་པར་འདྲ་མིན་བརྙན་དེབ་ཀུན་གྱི་སྟེང་དུ་གསལ།། དེ་རིང་ཁྱོད་ཀྱི་ལོ་རྒྱུས་སྐྱུར་མོ་གསར་ཤོག་ཀུན་གྱི་སྟེང་དུ་འཁོད།། དེ་རིང་ཁྱོད་ཀྱི་མཛད་འཕྲིན་བཟང་པོ་རླུང་འཕྲིན་ཀུན་གྱི་ནང་ནས་སྒྲོགས།། དེ་རིང་ཁྱོད་ཀྱི་མཚན་སྙན་དཀར་པོ་ཕྱོགས་མེད་འཛམ་གླིང་ཡོངས་སུ་གྲཊ། ། རེད་ལགས་ཁྱོད་ནི་བཙོན་ནས་ཐར་བའི་ཉེས་མེད་བཙོན་པ་ཆུང་ཆུང་ཞིག། རེད་ལགས་ཁྱོད་ནི་གཟེབ་ནས་ཤོར་བའི་གསུང་སྙན་བྱེའུ་འཇོལ་མོ་ཞིག། རེད་ལཊ་ཁྱོད་ནི་གངས་སུལ་ཉུལ་བའི་གངས་སེང་དཀར་མོའི་གདུང་རྒྱུད་ཅིག། རེད་ལགས་ཁྱོད་ནི་བོད་རྒྱའི་འགལ་བའི་བདེན་དཔང་མཚོན་བྱེད་རྡོ་རིང་ཞིག།

མི་ཚེ་མདུན་ལམ་ཕྱི་རྒྱལ་བཏོད་ནས་སྲོག་དང་ཌོ་ལར་བརྗེ་བ་དང༌།། རྐུབ་ཀྱག་མཐོ་དམན་རྩོད་པའི་གསེབ་ནས་དམངས་ཁྲོད་དཀྲུཊ་ཤིང་འཕེན་མཁན་ཚོའི།། དམར་ཆུང་སེམས་ལ་དགའ་ཚོར་ཡོད་མེད་ཇི་བཞིན་བརྗོད་པ་མི་ནུས་ཀྱང༌།། རུས་ཀྱི་ལ་རྒྱ་སྙིང་ལ་འཆང་བའི་བོད་མིའི་བསམ་དོན་འགྲུབ་སོང་ལགས།།

དབྱངས་ཅན་བག་མར་བསུས་པའི་འཁོན་གྱིས་ཛམ་ལྷའི་བཀའ་ཆད་ཕོག་པ་ཡིས།། ཐོབ་དང་གོ་ས་དཔལ་འབྱོར་མེད་པས་སྐུ་དངོས་མཇལ་སར་མི་སླེབས་ཀྱང༌།། གཙང་སྡེ་བླླ་མའི་སྐྱེས་རབས་ཕྲེང་བར་མི་ཕྱེད་དད་པ་ཐོབ་པའི་བུ།། བེ་རི་རྒྱལ་པོའི་བཀའ་འབངས་གཏོགས་པ་སྙན་ངག་པ་ངས་ཁྱོད་ལ་འདུད།།

ཕྱི་ལོ་༡༩༩༩་ ཟླ་ ༡༢ ཚེས་ ༢༧ ཉིན་འབྲས་སྤུངས་ནས་བྲིས། ༼ྋརྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འཕགས་ཡུལ་དུ་ཞབས་སོར་འཁོད་པར་འཚམས་འདྲིའི་སྙན་ངག་ཕྱོགས་བསྒྲིགས་༽ ཐོག་བཀོད།




ཁྱེད་ཀྱི་མཛད་རྗེས་ནམ་ཡང་བརྗེད་དུ་མེད།

༼གུང་ཐང་སྐུ་ཕྲེང་དྲུག་པ་འཇིགས་མེད་བསྟན་པའི་དབང་ཕྱུག་ལ་ཕུལ་བའི་རྗེས་དྲན།༽

རབ་འབྱམས་རྒྱལ་དང་རྒྱལ་སྲས་ཉན་རང་སྐྱེ་འཕགས་རྒྱུད་ལྔའི་འགྲོ་བ་ཀུན།། ཀུན་མཁྱེན་ཐར་པའི་ཞིང་དུ་འདྲེན་བྱེད་མཁྱེན་རབ་རྣམ་པར་ཤར་བའི་ལྷ།། ལྷ་མཆོག་རྡོ་རྗེ་རྣོན་པོ་ཡབ་ཡུམ་བདག་སྙིང་པདྨོའི་ཚལ་བཞུགས་ཏེ།། ཏེ་པོར་བྱ་དཀའི་ལམ་བཟང་སྒྲུབ་ལ་ཤིས་པའི་གྲུ་ཆར་རྟག་ཏུ་སྙིལ།།

འདི་ན་དགའ་ལྡན་དག་པའི་ཞིང་ནས་བསམ་བཞིན་སྐྱེ་བ་བཞེས་པའི་བུ།། སྐུ་རབས་མང་པོའི་ཕྲེང་བ་སྒྲིག་ནས་བསྟན་དང་འགྲོ་བའི་དོན་ལ་བརྩོན།། རླབས་ཆེན་འཕྲིན་ལས་བཟང་པོའི་གདུཊ་དཀར་སུམ་རྩེན་ཞིང་དུ་སྒྲེང་མཛད་པ།། གུང་ཐང་བླླ་མའི་མཛད་རྗེས་རི་མོ་མདོར་ཙམ་བརྗོད་ལ་སྤྲོ་བ་བརྟས།།

གང་ཁྱོད་སྐུ་རབས་ཕྲེང་བའི་དང་པོ་དགེ་ལྡན་ལུགས་བཟང་སྤེལ་བའི་སླད།། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་སེངྒེའི་ཁྲི་ལ་འཁོད།། ཚལ་གྱི་གུང་ཐང་གདན་ས་མཛད་དེ་ཐུབ་བསྟན་སྤྲིན་གྱི་ཁང་བཟང་བརྩིགས།། མདོ་དབུས་རྒྱ་སོག་འཛིན་མའི་ཁྱོན་ཀུན་འཕྲིན་ལས་བཟང་པོའི་གྲུ་ཆར་བསྙིལ།།

དེ་ནས་བཟུང་སྟེ་སྐུ་རབས་ཕྲེང་བ་ལུ་གུ་བརྒྱུད་པའི་འཇུག་ངོགས་ན།། མཁས་བཙུན་བཟང་པོའི་མཛད་པ་ཟབ་ཅིང་ལྟ་སྒོམ་སྤྱོད་པའི་རྣམ་ཐར་གཙང༌།། བསླབ་གསུམ་ནོར་བུའི་གཏེར་གྱིས་ཕྱུག་ཅིང་འཆད་རྩོད་རྩོམ་པའི་གྲགས་པ་སྙན།། ཐོས་བསམ་སྒོམ་པའི་རྩ་བ་བརྟན་ཅིང་འཕྲིན་ལས་གསུམ་གྱི་ཁོ་ལག་ཡངས།། གངས་ཅན་དབང་ཕྱོགས་ས་ཡི་ཐིག་ལེ་མཛོད་དགེ་བཞག་སྡོམ་གྲོང་སྡེ་ན།། རིགས་རུས་ཆོ་འབྲང་ཕུན་ཚོགས་ཁྱིམ་དུ་གང་སྐུ་མཚན་དཔེའི་འདབ་བརྒྱ་བ།། བཞད་པའི་མོད་ལ་དཀར་ཕྱོགས་ལྷ་ཡིས་བཀྲ་ཤིས་དགེ་མཚན་གྲུ་ཆར་བསྙིལ།། ལང་ཚོའི་སྐུ་ཡི་ཚེས་རིས་ཕྲ་ཡང་མཛད་སྤྱོད་འོད་ཀྱི་སྣང་བ་གསལ།།

ཀུན་མཁྱེན་བླླ་མའི་ཡེ་ཤེས་སྤྱན་གྱིས་གུང་ཐང་གོང་མའི་ཡང་སྲིད་གཟིགས།། གང་ཁྱོད་ཞབས་ཀྱི་འཁོར་ལོའི་རེ་ཁཱ་བཀྲ་ཤིས་འཁྱིལ་བའི་ཁྲིར་བཀོད་དེ།། མཁྱེན་བརྩེ་ཉི་ཟླའི་དཀྱིལ་འཁོར་རྒྱས་པའི་ཡོངས་འཛིན་དུ་མའི་ཞལ་སྔ་ནས།། བཅུ་ཕྲག་ཤེས་བྱའི་འོད་སྣང་འཐུང་བས་བླློ་གྲོས་འདབ་མའི་སྦུབས་རྒྱ་གྲོལ།།

སྨད་ལྗོངས་ཞྭ་སེར་བསྟན་པའི་སྲོག་ཤིང་བཀྲ་ཤིས་འཁྱིལ་གྱི་གདན་ས་ན།། ཟབ་རྒྱས་ལུང་དང་རིགས་པས་ཕྱུག་པའི་མཁས་མང་ཁྲི་ཕྲག་འདུས་པའི་དབུས།། གཞུང་ལུགས་རྒྱ་མཚོའི་གྲྭ་སྐོར་མཛད་དེ་རྡོ་རམས་པ་ཡི་མཚན་སྙན་བཞེས།། ཀུན་མཁྱེན་བླླ་མའི་ཁྲི་ལ་ཕེབས་ནས་འཁོར་ལོ་གསུམ་གྱིས་འདུས་སྡེ་སྐྱོང༌།།

དེ་ཚེ་ལོག་སྨོན་དུས་སུ་བརྡོལ་བའི་རྒྱ་ནག་དམར་པོའི་བཙན་འཛུལ་གྱིས།། གངས་ཅན་དབང་ཕྱོགས་མདོ་ཁམས་གཉིས་སུ་དམར་པོ་ཁྲག་གི་སུག་རྗེས་བཏོད།། ལུགས་ཟུང་ཞི་བསིལ་ཟླ་བའི་འོད་ཟེར་སྤྲིན་ནག་འཐུག་པོའི་རུམ་དུ་བསྡུས།། རང་དབང་རྫོགས་ལྡན་སྐྱིད་པའི་ཉི་མ་འཁྱག་རོ་མཐོན་པོའི་འོག་ཏུ་གནོན།།

གང་ཁྱོད་ལུགས་ཟུང་གཟིགས་པ་ཡངས་པས་རི་སྤྱང་དམར་པོས་དོགས་ཟོན་གྱིས།། བསླུ་བྲིད་གོ་སའི་མིང་གིས་བཅིངས་ཏེ་གྲོང་ཁྱེར་ལན་གྲུར་བཙན་འཁྲིད་བྱས།། ཁྱོད་ཀྱིས་མེས་པོའི་ལ་རྒྱ་འཆང་བར་ཀླ་ཀློའི་སྙིང་ལ་མ་བཟོད་ནས།། ཆབ་སྲིད་བཙོན་པོའི་གྲས་ལ་བཞག་སྟེ་མི་ལོ་ཉི་ཤུར་བཙོན་དུ་བརྫངས།། གསར་བརྗེ་ངོ་ལོག་པ་ཞེས་གཤེ་སྟེ་རྟ་ལྕག་རྣོན་པོས་སྐུ་ལ་བྲབས།། ལྷ་འདྲེ་གདོན་བགེགས་གྲས་ལ་བཞག་སྟེ་དབུ་ལ་ཤོག་གུའི་ཞྭ་མོ་གཡོགས།། ཏཱ་ལའི་རྒྱུག་ཁྱི་མིང་གིས་བསྙད་དེ་ཉིན་མཚན་སྦྲེལ་ནས་དྲི་སྨད་བྱེད།། མི་དྲག་བླླ་དྲག་འདི་ཚོ་ཟེར་ནས་མང་ཚོགས་ཁྲོད་དུ་འཐབ་འཛིང་བཏང༌།།

གངས་རིའི་དབུ་རྩེར་དམར་པོའི་དར་ཆ་རླུང་གིས་ལྷབ་ལྷུབ་བསྐྱོད་པའི་དུས།། གངས་རིའི་མགོན་པོ་མི་ཡུལ་ཉུལ་ནས་གངས་ཅན་དགྲ་ལག་ལུས་པའི་དུས།། གངས་རིའི་ཞིང་དུ་དམག་དང་མུ་གེས་གངས་ཅན་སྐྱེ་འགྲོ་ཟད་ཉེན་དུས།། གངས་རིའི་ཕ་ནོར་ཆོས་དང་རིག་གཞུང་ས་འོག་ཁབ་བཞིན་གྱུར་པའི་དུས།།

རིགས་ཀྱི་ལ་རྒྱ་སྙིང་ལ་འཆང་ནས་སྙིང་གི་ཁང་བཟང་རྒྱས་པའི་བུ།། གང་ཁྱོད་སྙིང་གི་འཕར་ལྡིང་གཡོ་བཞིན་གངས་ཅན་བོད་ཀྱི་བསྟན་སྲིད་སླད།། གཅེས་པའི་ཚེ་སྲོག་གཏའ་མར་བཞག་ནས་གངས་རིའི་ལ་རྒྱ་རྩོད་དགོས་ཞེས།། མི་ཤིགས་སྙིང་གི་དམ་བཅའི་རི་མོ་མུན་དུང་བཙོན་ཁང་ནང་ནས་བཞག།

མའོ་སྲིན་དམྱལ་བའི་མགྲོན་ལ་ཆས་ནས་ཏིང་གི་བསླུ་བྲིད་སྒོ་འབྱེད་སྐབས།། གངས་ཅན་མགོན་པོའི་འཕྲིན་ལས་འོད་ཞགས་ནུབ་གླིང་ཁྱབ་པའི་བསིལ་ཟེར་འོག། གང་ཁྱོད་མུན་པའི་བཙོན་ལས་གྲོལ་ཏེ་འཕྲིན་ལས་འདབ་མ་སླར་ཡང་རྒྱས།། ཨེ་ཏི་ནི་དང་ཕྱག་གདང་མེལ་ཏེ་གངས་རིའི་མེས་པོའི་ཚེ་སྲོག་འཚོལ།།

མདོ་དབུས་འཛིན་མའི་ས་ཁྱོན་ཀུན་ལ་ཞབས་སེན་འཁོར་ལོའི་རེ་ཁཱ་བཀོད།། གསུང་རབ་རྒྱ་མཚོ་དལ་གྱིས་ཕྱར་ཏེ་ཐུབ་བསྟན་མྱུ་གུ་སླར་ཡང་གསོས།། གངས་ཅན་རིག་པའི་གཞུང་ལུགས་སྦྱོང་ས་ཤེས་ཡོན་སློབ་གླིང་དུ་མ་སྐྲུན།། རིགས་ཀྱི་ལ་རྒྱའི་ཉིང་ཁུ་མངར་མོའི་ཞལ་གདམས་བདུད་རྩིའི་ཆར་ཆེན་ཕབ།། ཁྱོད་ཀྱི་སྐུ་ཚེ་འཕེན་པ་ཡོངས་རྫོགས་གངས་ཅན་འགྲོ་བའི་དོན་དུ་རྫོགས།། ཁྱོད་ཀྱི་ཐོབ་དང་གོ་ས་ཡོངས་རྫོགས་གངས་ཅན་བོད་ཀྱི་དོན་དུ་བཏང༌།། ཁྱོད་ཀྱི་དངུལ་དང་དངོས་པོ་ཡོངས་རྫོཊ་གངས་ལྗོངས་ཤེས་ཡོན་དོན་དུ་གནང༌།། ཁྱོད་ཀྱི་རླབས་ཆེན་མཛད་འཕྲིན་བཟང་པོ་གངས་ཅན་ཞིང་དུ་ལྷམ་མེར་གསལ།།

མདོ་སྨད་གསང་ཁོག་ས་ཡི་ཐིག་ལེར་དད་ལྡན་ཁྲི་ཕྲག་ལྔ་བཅུ་ལ།། དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་སྐབས་རྒྱལ་པཎ་ཉི་ཟླ་ཟུང་གཅིག་པོ།། གཞིས་སུ་མཉམ་འཛོམས་སྐུ་ཚེ་བརྟན་ཅིང་བདེ་སྐྱིད་ཉི་མ་ཤར་བའི་སླད།། དགེ་རྩ་བསྔོས་ཞེས་ཀླ་ཀླའི་མདུན་སར་ཞུམ་མེད་སེངྒེའི་ང་རོ་སྒྲོགས།།

པཎ་ཆེན་བླླ་མ་དུག་གིས་བཀྲོངས་ནས་ཡང་སྲིད་རྫུན་མ་ཁྲི་འདོན་སྐབས།། གུང་ཁྲན་ཏང་གིས་རྒྱབ་སྐྱོར་དགོས་ཞེས་བཙན་བཀའ་གནམ་ནས་ཕབ་ན་ཡང༌།། ྋགོང་ས་མཆོག་གི་བཞེད་དགོངས་ལས་གཞན་ཡང་སྲིད་ང་ཡིས་མི་ཤེས་ཞེས།། རྡོ་རྗེའི་ཚིག་གི་སྦྱོར་བ་རྣོན་པོས་དམར་པོའི་ཁ་ལ་རྒྱ་གྲམ་བཏབ།།

མི་སྲུན་ཀླུ་ཀློའི་སོར་མོའི་སྡིགས་འཛུབ་ཁྱོད་ཀྱི་ཞལ་རས་ལ་བཙུགས་ཏེ།། ཐོབ་དང་གོ་སའི་ཞབས་སྟེགས་ཕབ་པའི་སྡིགས་ར་ཇི་ཙམ་སྐུལ་ན་ཡང༌།། མི་ཚེ་ཕལ་ཆེར་བཙོན་དུ་རྫོགས་པའི་བླླ་རྒན་ཡང་བསྐྱར་བཙོན་ཁང་ནང༌།། ཚེ་སྲོག་དམར་པོའི་རིན་ཐང་བསྐྱལ་ཡང་དམ་བཅའ་འགྱུར་བ་མེད་ཅེས་གསུངས།།

དེ་ནས་བཟུང་སྟེ་དམར་པོའི་གཞུང་གིས་ཉིན་མོར་རྒྱང་ནས་སོ་ལྟ་དང༌།། ཐུན་གསུམ་མཚན་མོའི་སྨག་གི་ཁྲོད་དུ་ལྐོག་ཉན་བྱེད་པའི་སོ་ཉུལ་བཙུགས།། ཉིན་མཚན་དུས་དྲུག་བཅར་འདྲི་བྱས་ཏེ་ཉེན་རྟོག་དམག་མིས་མཐའ་ནས་བསྐོར།། མདོ་དབུས་རྒྱ་ཧོར་ཕྱི་གླིང་གང་སར་ཞབས་སེན་འཁོད་རྒྱུར་ཚད་བཀག་ཐེབས།། དམར་པོའི་སྲིད་ཀྱིས་ཕྱི་ནས་གཙེས་ཤིང་ཐུགས་ཕམ་དྲག་པོས་ནང་ནས་བཅུན།། སྐུ་ཁམས་ཉོག་པའི་མཛད་པ་བསྟན་དུས་དམར་པོའི་ལས་བྱེད་འགའ་ཞིག་གིས།། མཐོ་སྒང་ཞིང་དུ་ཁྲག་གི་འཕེལ་ཁའི་ཉེན་ཁ་ཆེ་བར་ཁག་དཀྲིས་ཏེ།། རྒྱ་ནག་ཧྲན་ཞིང་གྲོང་གསེབ་ཅིག་ཏུ་སྨན་བཅོས་ཟོལ་གྱིས་བཟང་བཙོན་བྱས།།

དུག་ཁབ་ནག་པོ་སྨན་དུ་བརྫུས་ཏེ་འདོད་པ་མེད་བཞིན་སྐུ་ལ་བསྣུན།། དེ་མ་ཐག་ཏུ་སྐུ་ཡི་གཟི་ཉམས་དབུགས་ཀྱི་རྒྱུ་བ་རིམ་གྱིས་ལྷོད།། དེ་ཚེ་སློབ་མའི་ཁྱུ་ཚོགས་འགའ་ཡིས་ཐབས་མཁས་འཕྲུལ་གྱིས་ཕྱིར་དྲངས་ཏེ།། ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།།

གང་ཁྱོད་སྒྱུ་ལུས་འཇའ་ཚོན་ཤར་བ་ལུས་དབེན་སྐུ་ཡི་རྡོ་རྗེ་དང༌།། སྙིང་གའི་རྩ་མདུད་གྲོལ་བའི་རླུང་རྣམས་ངྷུ་ཏིའི་ནང་དུ་ཐིམ་པ་ལས།། རླུང་ངག་བུམ་གཟུགས་ཤར་བའི་ངག་དབེན་རིམ་པར་བཞིན་དུ་མངོན་གྱུར་ཏེ།། ཀུན་རྟོག་བཞོན་རླུང་བྲལ་བའི་སེམས་དབེན་འོད་གསལ་སྟོང་པའི་དབྱིངས་ན་རྩེན།།

རྒྱ་བོད་ཧོར་དང་ཕྱི་རྒྱལ་མི་སྣ་མྱ་ངན་གདུང་མཇལ་ཞུ་བའི་སླད།། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་ཉིན་མཚན་བར་མེད་འདུ་བ་ན།། དམར་པོའི་གཞུང་གིས་མེ་འཁོར་དང་ནི་རླངས་འཁོར་ལམ་གྱི་འགྲུལ་སྒོ་བཀག། སྐུ་གདུང་མྱུར་བར་ཞུཊ་འབུལ་དགོས་པའི་བཙན་བཀའ་དྲག་པོ་ཐོག་འབེབས་བྱས།།

དད་ལྡན་འབུམ་གྱིས་ཆོ་ངེ་འདོན་པས་ཁོར་ཡུག་ཟླུམ་པོའི་ལྷིང་འཇགས་འཕྲོག། མྱ་ངན་མེ་ཡིས་བཞུས་པའི་མིག་ཆུ་རྨ་ཆུ་གཙང་པོའི་རྒྱུན་དང་འདྲེས།། ས་ཆེན་འདི་ཡང་མི་བཟོད་གདུང་བས་ལྡེམ་ལྡེམ་གཡོ་ཞིང་འདར་བ་བསྟེན།། རྒྱ་འདྲེ་སྲིན་པོའི་ཁྱུ་ཚོགས་དག་གིས་ལྐོག་ནས་ཁོང་འཛུམ་ཤོར་ཏེ་དགོད།། ཞི་བའི་བསྟི་གནས་བཀྲ་ཤིས་འཁྱིལ་གྱི་མདུན་དང་རྒྱབ་རིའི་ཟེ་བ་ཀུན།། དྲག་ཆས་ཐོགས་པའི་དམག་མི་སྟོང་གི་ཉིན་མཚན་ཁྱད་པར་མེད་པར་བསྐོར།། ཀྱེ་མ་བོད་སྐྱོང་དགྲ་ལྷའི་དཔུང་ཚོགས་ཆང་དང་ཇ་ཁུས་མྱོས་མིན་ན།། སྤུར་རྒྱལ་བོད་ཀྱི་སྐྱིད་སྡུག་འདི་ཀོ་ཡེ་ཤེས་སྤྱན་གྱིས་ཨེ་གཟིགས་སམ།།

ཞི་བར་གཤེཊ་ཁརྋགོང་ས་མཆོག་གི་མཚན་དཔེའི་དགྱེས་ཞལ་མ་མཇལ་ཞིང༌།། གཞིས་བྱེས་མཉམ་འཛོམས་རྫོཊ་ལྡན་གསར་པའི་དགའ་སྟོན་དཔལ་ལ་མ་རེག་སྟེ།། འཇམ་མགོན་བླླ་མའི་གསེར་གྱི་མཆོད་སྡོང་གསར་བཞེངས་གོ་སྐབས་མ་ཐོབ་པ།། འདི་གསུམ་ང་ཡི་བླློ་ཕམ་ཡིན་ཞེས་མདུན་བཞུགས་སློབ་མ་རྣམས་ལ་གསུངས།།

ལྷུན་པོས་ཆུ་གཏེར་སྨད་གཡོག་བོར་ནས་བང་རིམ་བརྒྱད་ཀ་མཐོང་ཡང་སྲིད།། ཉི་ཟླ་སྐར་གསུམ་ས་ལ་ལྷུང་ནས་རྒྱ་མཚོ་གནམ་ལ་འཁྱིལ་སྲིད་ཀྱང༌།། ས་ཡ་དྲུག་གི་བོད་འབངས་ཡོངས་ཀྱིས་ཅི་ནས་བོད་ལ་བརྙས་བཅོས་འདི།། བརྗེད་པའི་གོ་སྐབས་ནམ་ཡང་མེད་ཅེས་དམ་བཅའི་རི་མོ་ཁྱོད་ལ་ཕུལ།།

ཁྱོད་ཉིད་འོད་གསལ་སྟོང་པའི་དབྱིངས་ནས་དག་པའི་ཞིང་དུ་གཤེགས་ན་ཡང༌།། རླབས་ཆེན་མཛད་པའི་བ་དན་དཀར་པོ་འཛམ་གླིང་ཁྱོན་ལ་ལྷབ་ལྷུབ་གཡོ།། བདག་ཅག་གདུལ་བྱའི་བོད་འབངས་རྣམས་ཀྱི་དམར་ཆུང་སྙིང་གི་ཁང་བཟང་ན།། བསུབ་མེད་དད་པའི་རི་མོ་བཀོད་དེ་སྙིམ་པའི་ཐལ་མོ་ཁྱོད་ལ་སྦྱར།།

རིང་མིན་ཐུགས་བསྐྱེད་སྤྱན་གྱི་བུང་བ་གངས་རིའི་དགའ་ཚལ་ལ་ཕྱོགས་ཏེ།། རྗེས་བརྩེ་སྤྲིན་གྱི་ཁང་བཟང་དབྱིངས་ནས་མཆོག་སྤྲུལ་འདོད་འཇོ་སྦྲང་རྩིའི་ཆར།། གངས་ཅན་འགྲོ་བའི་ལུགས་ཟུང་དཔལ་གྱི་རྫོགས་ལྡན་མྱུ་གུ་འབུས་པའི་སླད།། གཟིགས་པ་དུས་ལས་གཡོལ་བ་མེད་པ་རྒྱ་མཚོའི་རླབས་དང་འགྲོགས་པར་མཛད།། བདག་སོགས་འདི་ནས་ཚེ་རབས་ཀུན་ཏུ་དམ་པ་ཁྱོད་ཀྱི་རྗེས་ཕྱོགས་ཏེ།། ཐུབ་བསྟན་སྤྱི་དང་འཇམ་མགོན་ལུགས་བཟང་མི་ནུབ་ཕྱོགས་མཐར་སྤེལ་བ་དང༌།། ལུས་ཅན་སྤྱི་དང་གངས་ཅན་འགྲོ་བའི་ལུགས་ཟུང་དཔྱིད་དུ་སྨིན་པ་ཡི།། རླབས་ཆེན་རྒྱལ་ཐབས་འཕྲིན་ལས་རྣམ་བཞིའི་ཤིས་པའི་དགེ་མཚན་འབར་གྱུར་ཅིག།

དེ་སྐད་གང་གི་རྗེས་དྲན་རི་མོ་རྒྱ་མཚོའི་ཆུ་ཐིགས་ཙམ་འདི་ཡང༌།། དཎྜིའི་ལྟེ་ཁྲག་གང་དུ་འཕོས་པ་གྲོང་ཁྱེར་ཀཉྕའི་ཉེ་འགྲམ་ནས།། འཇིགས་མེད་ཅེས་བྱ་སྙན་ངག་པ་དེའི་བླློ་གྲོས་ཀུ་ཤའི་རྩེ་མོ་ལ།། དལ་གྱིས་བླླངས་ཏེ་བོད་འབངས་འགྲོ་བའི་དད་པའི་གསོས་སུ་གཏོར་བ་དགེ།

༢༠༠་༨་༡༠་ཉིན་འབྲུས་སྤུངས་སུ་བྲིས། ༼རྩམ་པ་༽དུས་དེབ་ཐོག་བཀོད།


གདུང་དབྱངས་སྙིམ་པའི་མེ་ཏོག།

རྒྱལ་ཀུན་གསང་གསུམ་གྱི་བདག་ཉིད།། གཅིག་བསྡུས་དྲིན་ཅན་གྱི་བླླ་མ།། བླློ་བཟང་འཇམ་དཔལ་གྱི་དབྱངས་ལྡན།། ཉམ་ཐག་སློབ་མ་ལ་གཟིགས་དང༌།།

མོས་གུས་ཆུ་གཏེར་གྱི་ཀློང་ནས།། མགོན་ཁྱོད་ཤུགས་དྲག་ཏུ་འབོད་པའི།། གདུང་དབྱངས་དབུ་བ་ཡི་ཕྲེང་བ།། དད་པའི་སྙིམ་པ་ལ་བཏེགས་ན།། མཁྱེན་དཀྱུས་གནམ་མཐོངས་ཀྱི་དབྱིངས་ནས།། རྗེས་བརྩེ་སྤྲིན་དཀར་གྱི་འདབ་མས།། ལས་ཉོན་ཚ་གདུང་གིས་མནར་བའི།། དད་ལྡན་སློབ་མ་ལ་གཟིགས་རོགས།།

སངས་རྒྱས་སྐུ་དངོས་ཀྱི་སྤྲུལ་པ།། ལམ་སྟོན་བཤེས་གཉེན་དུ་བསྟེན་ཀྱང༌།། སྐལ་ཆད་ལོག་སྒྲུབ་ལ་འཕྱན་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

ཚེ་སྔོན་དགེ་ཚོགས་ལ་འབད་ནས།། རྙེད་དཀའི་དལ་འབྱོར་ཞིག་ཐོབ་ཀྱང༌།། མི་ཚེ་སྟོང་ཟད་དུ་ཤོར་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

མི་རྟག་བུམ་པ་ལ་སྒྲུབ་དུས།། ཚུལ་གསུམ་རིགས་ལམ་ལ་མཁས་ཀྱང༌།། རང་ཉིད་རྟག་པ་རུ་འཛིན་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

འཆི་བ་མི་རྟག་གི་ངང་ཚུལ།། རྒྱུ་མཚན་སྣ་དགུ་རུ་བསམས་ཀྱང༌།། རྟག་འཛིན་དགྲ་དཔུང་གིས་འཇོམས་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། རྣམ་དག་ཆོས་པ་ཞིག་འདོད་ནས།། འདི་སྣང་ལྡོག་ཐབས་ལ་འབད་ཀྱང༌།། ལྟོ་གོས་གཏམ་གསུམ་ལ་ཞེན་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས།། དཀོན་མཆོག་སྐྱབས་གནས་སུ་བསྟེན་ཀྱང༌།། སྐྱབས་འགྲོའི་བསླབ་བྱ་དང་འགལ་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

བསླུ་མེད་དཀར་ནག་གི་ལས་འབྲས།། གསུང་རབ་དགོངས་དོན་ལྟར་ཤེས་ཀྱང༌།། བླླང་དོར་གོ་ལྡོག་ལ་འཕྱན་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

བྱས་བསགས་སྡིག་ལྟུང་གི་གཉེན་པོ།། སྟོབས་བཞིའི་བཤགས་སྡོམ་ལས་གོལ་ནས།། ཉེས་ལྟུང་ཆར་པ་བཞིན་འབབ་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

འཇིགས་རུང་སྲིད་མཚོ་ཡི་ཀློང་འདི།། མི་འདོད་བཙོན་ར་རུ་གསུངས་ཀྱང༌།། འཆི་མེད་དགའ་ཚལ་ལྟར་མཐོང་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། ཁམས་གསུམ་འཁོར་བ་ཡི་གནས་ནས།། ངེས་པར་འབྱུང་ཐབས་ཤིག་བྱས་ཀྱང༌།། ཐར་པ་དོན་གཉེར་དེ་མེད་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

རབ་བྱུང་སྡོམ་པ་ཞིག་བླླངས་ནས།། སྐྲ་བྲེགས་ངུར་སྨྲིག་གསུམ་གོན་ཀྱང༌།། བདུད་ཅན་བཟང་རྫུན་མཁན་གྱུར་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

རྣམ་དག་སེམས་བསྐྱེད་ཀྱི་དོན་དུ།། ཐེག་ཆེན་གཞུང་ལུགས་ལ་བསླབས་ཀྱང༌།། གཅེས་འཛིན་དྲ་རྒྱ་ཡིས་བཅིངས་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

གཞན་ཕན་ལྷག་བསམ་གྱི་བཤད་པ།། ལུང་རིགས་བརྒྱ་ཕྲག་ལ་མཁས་ཀྱང༌།། བདེན་བཞིའི་ཉམས་མྱོང་ཙམ་མེད་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

བྱམས་བརྩེ་ཁ་སྒོ་ནས་འདོན་དུས།། རྒྱལ་བའི་སྲས་པོ་དང་འདྲ་ཡང༌།། སྙིང་རྗེ་སེམས་རྒྱུད་ལ་མེད་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། ཕྱིན་དྲུག་བསྡུ་བཞི་ཡི་བཤད་པ།། མདོ་རྒྱུད་གཞུང་དོན་ལྟར་ཤེས་ཀྱང༌།། ཆོས་དང་གང་ཟག་གཉིས་འགལ་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

སེམས་གནས་ཡིད་བྱེད་ཀྱི་བསམ་གཏན།། སེམས་ཀྱི་ཁང་བཟང་ལ་བསུས་ཀྱང༌།། བྱིང་རྒོད་རྣམ་གཡེང་གིས་ཁྱེར་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

རྩ་འཇུག་བཞི་གསུམ་ལ་བརྟེན་ནས།། བདེན་མེད་སྤྲོས་བྲལ་ལ་དཔྱོད་ཀྱང༌།། སྣང་སྟོང་རེས་འཇོག་ཏུ་ཤར་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

བསྐྱེད་རྫོགས་རྒྱུད་སྡེ་ཡི་དབང་ལུང༌།། གཅིག་མིན་ཡང་ཡང་དུ་ཞུས་ཀྱང༌།། ཐུན་དྲུག་ཁ་འདོན་ཙམ་མེད་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

དབང་ལུང་མན་ངག་གི་ཁས་བླླངས།། བསྲུང་བྱ་མཐའ་དག་དང་འགལ་ནས།། རྡོ་རྗེའི་དམྱལ་ཁམས་ལ་འགྲིམ་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།། དམ་ཆོས་གཤའ་མ་ཞིག་འདོད་ནས།། ངེས་མེད་ས་མཐའ་རུ་འཁྱམས་ཀྱང༌།། འདི་ཕྱི་གཉིས་མེད་དུ་གྱུར་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

དམ་པའི་ཆོས་སྒོ་རུ་ཞུགས་ཀྱང༌།། མ་དུལ་སེམས་རྒྱུད་ཀྱི་གླང་ཆེན།། ཆགས་སྡང་རྨོངས་གསུམ་གྱིས་མྱོས་དུས།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

མདོར་ན་ཚེ་རབས་ཀྱི་ཕྲེང་བར། ། གདོད་མའི་ཟུང་འཇུག་གི་རྒྱལ་སའི།། བཙན་ས་མ་ཟིན་གྱི་བར་དུ།། བླླ་མས་ཐུགས་རྗེ་ཞིག་གཟིགས་རོགས།།

དུས་དེང་ནས་ཚེ་རབས་ཐམས་ཅད་དུ།། ཕ་བླླ་མ་དམ་པས་རྗེས་བཟུང་སྟེ།། ལམ་རིམ་པ་གཉིས་ཀྱི་འཇུག་ངོགས་ནས།། དཔལ་བླླ་མེད་སངས་རྒྱས་མྱུར་ཐོབ་ཤོག །

སྐྱེ་བ་འདི་དང་སྐྱེ་བ་གཞན།། ཇི་སྲིད་སངས་རྒྱས་མ་ཐོབ་བར།། དེ་སྲིད་བླླ་མའི་ཞབས་དྲུང་དུ།། འབྲལ་བ་མེད་པར་སྐྱེ་བར་ཤོག ། དཔལ་ལྡན་བླླ་མ་ཁྱེད་སྐུ་ཅི་འདྲ་དང༌།། འཁོར་དང་སྐུ་ཚེ་ཆེད་དང་ཞིང་ཁམས་དང༌།། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་འཐུས།། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌།། ཆོས་དང་བཀྲིས་འཕེལ་བར་མཛད་དུ་གསོལ།།

ཞེས་དཔལ་ལྡན་བླླ་མ་དམ་པ་ཀླུ་སྦྱིན་དགེ་བའི་བཤེས་གཉེན་ཆེན་པོ་བླློ་བཟང་འཇམ་དབྱངས་དཔལ་བཟང་པོ་མཆོག་ལ་ཤུགས་དྲག་གདུང་དབྱངས་སུ་གྱེར་བའི་གསོལ་འདེབས་སྙིམ་པའི་མེ་ཏོག་ཅེས་བྱ་བ་འདི་ནི་བླླ་མ་དམ་པ་གང་གི་ཞལ་གྱི་བུམ་བཟང་ལས་ལེགས་བཤད་བུམ་པ་གང་བྱོས་སུ་ཉན་པའི་སྐལ་བཟང་ཐོབ་པ། དམ་པ་གང་གི་སློབ་མའི་གྲལ་མཐར་འཛིན་པའི་རྟོག་གེ་བ་ངག་དབང་དབྱངས་ཅན་དགྱེས་པའི་བླློ་ལྡན་དུ་འབོད་པས་རབ་རྒྱལ་གསེར་འཕྱང་ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་སུག་བྲིས་སུ་སྤེལ་བ་དགེ་ལེགས་འཕེལ།། །།





ཐུག་རྟགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན།

ཐུགས་བསྐྱེད་རླབས་ཀྱི་ཡོངས་འདུའི་འཁྲི་ཤིང་འགོག་མེད་མཁའ་མཐའི་སྤྲིན་ཚོགས་ལ་རེག་གདུང་སེལ་བདུལ་རྩིའི་འདོད་འཇོ་གཏེར།། རྒྱལ་དང་རྒྱལ་སྲས་གསེར་རིའི་དབུས་ན་རྣམ་དག་ཚོགས་གཉིས་རིན་ཆེན་རྡུལ་མང་གྱེན་དུ་བརྩེགས་པའི་ལྷུན་པོ་མཐོ།། མཁྱེན་བརྩེ་ཉི་ཟླའི་འོད་ཞགས་ལ་འཆང་སྐུ་བཞིའི་བང་རིམ་བླ་ན་ལྷགས་པ་ལྷ་ཡི་ལྷར་གྱུར་ཤཱཀྱའི་ཏོག། གང་གི་ཞབས་སྐྱེས་བསམ་འཕེལ་ནོར་བུ་ལྷར་བཅས་གླིང་བཞིའི་དྲེགས་ལྡན་རལ་ཚོགས་གཙུག་གི་རྒྱན་དུ་མཛེས་གྱུར་ཅིག། དཔལ་སྟུག་ཆོས་ཀྱི་སྤྲིན་རུམ་ཡངས་པའི་ཀློང༌།། ཟབ་རྒྱས་ཆོས་ཚུལ་བདུད་རྩིའི་གྲུ་ཆར་འབུམ།། ཞིང་འདིར་སྐལ་བཟང་འགྲོ་བའི་འཛིན་མའི་དཔྱིད།། འབེབས་མཁས་མི་ཕམ་འཇམ་དབྱངས་སྲིད་ཞིའི་མིག། ཟབ་ཟབ་མན་ངག་རྒྱ་མཚོའི་མན་ངག་ཀློང༌།། ཡང་ཡང་སྐྱེས་སྦྱངས་གོམས་པའི་འཇུག་ངོགས་ནས༌།། གསལ་གསལ་རིག་པའི་འོད་སྣང་རབ་འབར་བའི།། མཁས་མཁས་རྒྱ་གར་པཎ་གྲུབ་འཛམ་གླིང་རྒྱན།། གངས་ཁྲོད་མུན་པའི་དོ་ར་ན།། དགེ་ལེགས་འོད་སྣང་འདྲེན་མདད་པའི།། སྔོན་བྱུང་རྒྱལ་བློན་ལོ་པཎ་ལ།། ཡིད་མཚོ་དད་པའི་རྦ་རླབས་གཡོ།། རྒྱལ་ཀུན་གསང་བ་བསམ་མི་ཁྱབ་པའི་མཛོད།། གཅིག་བསྡུས་ངུར་སྨྲིག་གར་གྱི་རྣམ་རོལ་བ།། འཇམ་མགོན་བླ་མ་ཡབ་སྲས་བརྒྱུད་པ་བཅས།། དད་པའི་ཐལ་ཕྱག་མེ་ཏོག་དགུང་ལ་བརྩེགས།། འཇམ་དཔལ་རྡོ་རྗེ་རྣོནཔོའི་རུ་ཚོན་འཇིགས་མེད་དབྱངས་ཀྱི་ང་རོ་ཡིས།། ཆོས་ཚུལ་སྨྲ་བའི་བཀྲ་ཤིས་གཡས་འཁྱིལ་དཔལ་ལྡན་མཁས་རྒུའི་རལ་བའི་རྒྱན།། འཕགས་ཡུལ་པཎ་ཆེན་བྱེ་བའི་རྣམ་དཔྱོད་བསོད་ནམས་དཔུང་གིས་འཕྲོགས་པ་ཡིས།། གྲགས་པའི་བ་དན་ས་གསུམ་གཡོ་མཛད་ཟླ་མེད་བླ་མ་དེ་དག་རྒྱལ།། གངས་ཅན་ལུགས་གཉིས་སྦྲང་རྩིའི་རྒྱལ་མཚན་མཛོད།། བཞད་དང་མི་བཞད་གང་ལ་ལྟོས་པའི་མགོན།། ཞི་བདེ་དེད་དཔོན་བསྟན་འཛིན་རྒྱ་མཚོའི་སྡེ།། ཞབས་སྐྱེས་འཁོར་ལོའི་རེ་ཁ༔གཙུག་ན་མཆོད།། ཐོས་བསམ་སྒོམ་པའི་རྩ་བ་རབ་བརྟན་མཁས་བཙུན་བཟང་པོའི་ལོ་འདབས་གྲོལ།། མཁྱེན་བརྩེ་ནུས་པའི་འབྲས་བཟང་ཁུར་ལྕི་འཆད་རྩོད་རྩོམ་པའི་གཟི་བརྗིད་འབར།། གཞན་ཕན་ལྷག་བསམ་དྲི་བསུང་རབ་མངར་སླ་སྒོམ་སྤྱོད་པས་གཟེངས་སུ་མཐོ།། བསྟེན་འོས་བཅུ་ལྡན་བཤེས་གཉེན་མཆོག་རྣམས་བདེ་ཆེན་འཁོར་ལོའི་རྒྱན་དུ་ལྷགས།། མང་ཐོས་བཤེས་གཉེན་དམ་པའི་ཞལ་ཆབ་ཆུ། ཆོས་ཀྱི་འཁོར་ལོར་འཁྱིལ་བའི་ལེགས་བསད་མཚོ།། དད་གསུམ་སྙིམ་པས་རིང་དུ་བཏུང་པ་ལས།། མཆོག་གསུམ་དགྱེས་པའི་མཆོད་ཡོན་འདི་ན་སྤྲོས།། ཐུབ་བསྟན་དཔྱིད་གྱུར་སྒེག་མོའི་ལྟོ་བ་ན།། ལུང་རིགས་རླབས་ཕྲེང་རྩེན་པའི་འདུས་སྡེ་མཚོར།། དེང་འདིར་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་གྱིས།། བསྙེན་བཀུར་སྤྲིན་གྱི་མེ་ཏོག་འཐོར་བའི་དགེས།། མ་སྨད་ཐུབ་བསྟན་སྤྱི་དང་ཁྱད་པར་དུ།། གསེར་སྦྱངས་རྣམ་ཐར་གཙང་མའི་ལི་ཁྲིའི་མཚོ།། རྫོགས་ལྡན་དབྱར་གྱི་དཔལ་ཡོན་དང་འགྲོགས་སྟེ།། གདུང་སེལ་བདུད་རྩིས་འགྲོ་འདི་འཚོ་གྱུར་ཅིག། ཚེ་རབས་ཀུན་ཏུ་ལམ་སྟོན་བཤེས་གཉེན་གྱིས།། རྗེས་བཟུང་ཕྱིན་དྲུག་བསྡུ་བཞིའི་འཇུག་ངོགས་ནས།། རྒྱལ་སྲས་སྤྱོད་པ་རྒྱ་མཚོའི་མཐར་སོན་ཏེ།། མཐའ་དག་འགྲོ་ཀུན་སྒྲོལ་བའི་དཔལ་ཐོབ་ཤོག། ཆབ་མདོ་རྒྱ་ར་སྤྲུལ་པའི་སྐུ་རིན་པོ་ཆེའི་དགེ་བཤེས་གཏོང་སྒོའི་མཛད་སྒོ་སྐབས་བླ་བྲང་ནས་ཇི་ལྟར་བསྐུལ་བ་བཞིན་བྲིས་པ་དགེ་ལེགས་འཕེལ།








ཀ་རྩོམ་སྙིང་གི་རང་སྒྲ།

༼སློབ་མ་J. z ལ་བདམས་པའི་བསླབ་བྱ།༽

ཀ་བཤད་འབྲི་རྩོམ་གྱི་དཔེ་ཞིག ། ཁ་རྩངས་ཁྱོད་རང་གིས་བྲིས་པར།། ག་ལེར་ཞིབ་འཇུག་ཅིག་བྱས་པས།། ང་རང་དགའ་སྤྲོ་ཞིག་འཕེལ་བྱུང༌།།

ཅ་ལག་འབྱོར་པ་ཡང་མི་དགོས།། ཆ་ལུགས་གུས་གུས་ཀྱང་མི་དགོས།། ཇ་ཐུག་ཆོག་ཤེས་ཀྱི་ངང་ནས།། ཉ་ལྕིབས་རྩོམ་གསར་དེས་འགྲིགས་སོང༌།།

ཏ་ཐཱ་ག་ཏ་ཡི་བསྟན་དང༌།། ཐ་སྙད་རིག་གནས་ཀྱི་ཤེས་བྱ།། ད་ལྟའི་དུས་རབས་དང་བསྟུན་ནས།། ན་གཞོན་ཁྱོད་ཉིད་ཀྱིས་རྩོམས་དང༌།།

པ་ཕས་རྒྱ་གར་ལ་མངགས་ཏེ།། ཕ་ཡུལ་རྒྱབ་ལོགས་ལ་བཞག་དོན།། བ་སོའི་རིན་ལྡན་གྱི་རྩོམ་རིག་ ། མ་ལྟར་གཅེས་སྐྱོང་ཞིག་མཛོད་དང༌།། ཙ་རི་གནས་སྐོར་དེ་བཟང་ཡང༌།། ཚ་གྲང་སློབ་གཉེར་རང་གལ་ཆེ།། ཛ་དྲག་བརྗོད་བྱ་དང་འབྲེལ་བའི།། ཝ་ཡེ་ཀ་རྩོམ་ཞིག་བྲིས་དང༌།།

ར་བ་གངས་ཅན་གྱི་ལྗོངས་ནས།། ལ་ལུང་མང་པོ་ཞིག་བརྒལ་ཏེ།། ཤ་ཚུགས་མི་གཅིག་པའི་ཡུལ་གྱི།། ས་མཐར་སླེབས་གོ་ཞིག་ཆད་ངེས།།

ཧ་དྲོ་ཧུ་འཁྱགས་ཙམ་མིན་པའི།། ཧ་ཅང་བདེན་ཚིག་གི་གཏམ་འདི།། ཨ་ཕྲུག་ཁྱོད་ཉིད་ལ་བརྩེ་བའི།། ཨ་ཧྱབ་མིང་ཅན་གྱིས་བྲིས་སོ།། བེ་སྨྱོན་གྱིས། ༡༩༩༦།༧།༢༣ ཉིན།


སྨན་ཁང་ནང་གི་དྲན་རྟེན།

མི་རྟག་སྒྱུ་མའི་སླུ་བྲིད་འཁྲིགས་པའི་སྤྲིན།། དཀར་ནག་རིས་སུ་ཤར་བའི་ཡོལ་བ་འདིས།། མི་རྟོག་གདོད་ནས་སྟོང་བའི་ནམ་མཁའི་དབྱིངས།། ཡང་ཡང་སྒྲིབ་པའི་མཚང་འདི་སུ་ཡིས་རྟོགས།། སེམས་ཉིད་རང་བཞིན་དག་པའི་ནམ་མཁའི་ངོས།། སྒྱུ་མའི་ཁ་དོག་བཀྲ་བའི་འཇའ་རིས་ལ།། སྒོ་ལྔའི་དབང་པོ་འཁྲུལ་བའི་བྱིས་པ་དག། ཡ་མཚན་སྒྱུ་མའི་ལྟད་མོ་ཅི་ཡང་མཐོང༌།།

ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་ནས།། རྣམ་ཤེས་ཁེར་འཁྱམས་ཕྱོགས་མཐར་ཉུལ་བའི་དུས།། ངེས་མེད་ལས་ཀྱི་རླུང་འཚུབ་དྲག་པོའི་གསེབ།། ཚོགས་དྲུག་འདུས་པའི་མར་མེ་རླུང་གིས་གཡོས།།

ཡོད་ཚད་ལྷ་ལ་བཅོལ་བའི་ཡིད་ཆེས་དང༌།། ངན་དགུ་འདྲེ་ལ་བརྫངས་པའི་རྣམ་རྟོག་ཟུང༌།། རེས་འཇོག་མེད་བ་སྐྱངས་པའི་ལམ་སྣེ་ནས།། ཤི་གསོན་བྱེ་མའི་ལ་ཁའི་འཕྲང་ལ་སླེབས།།

རྒྱུས་ཡོད་གྲོགས་ཚོས་སྐོར་བའི་བང་རིམ་གྱིས།། མི་ཚེ་ཐ་མའི་འཕྲང་ལམ་དོག་པོ་ནས།། ངུ་ངག་རོལ་ཆའི་དབྱངས་རྟ་དགུ་སྒྲིལ་གྱིས།། འཇིག་རྟེན་ཕྱི་མའི་ཡུལ་གྱི་མགྲོན་དུ་བསྐྱེལ།།

འབྱུང་འཁྲུགས་ནད་ཀྱི་ཐག་པས་མདུན་ནས་དྲུད།། སྨན་དང་ཁབ་ཀྱིས་རྒྱབ་ནས་ཕྱི་འཐེན་བྱེད།། ཤི་གསོན་སྒོ་ཆེན་བརྒལ་སའི་ཐེམ་པ་འདི།། རྒྱལ་ཕམ་དབྱེ་འབྱེད་དཀའ་བའི་གཡུལ་ས་ཞིག། ཐུན་གསུམ་མཚན་མོར་བེམ་ལུས་རགས་པ་འདི།། ཤི་གསོན་བྱེ་མའི་ལ་ཁའི་སྨན་ཁང་དུ།། གཉིད་མ་སད་ཀྱི་ངང་དུ་གནས་ན་ཡང༌།། རྣམ་ཤེས་ཁེར་འཁྱམས་གངས་ཅན་བོད་དུ་སླེབས།།

ཆང་གིས་བཟི་ནས་ར་རོར་གྱུར་པ་དང༌།། ཉོབ་ནས་གཉིད་པ་མི་ཡི་གཤིས་ཀ་ཡིན།། གསོན་པོ་ཤི་གསོན་བྱེ་མའི་ལ་ཁ་ལ།། སྐྱེལ་བའི་འཕྲིན་འདི་སྨན་པའི་མིད་ཁབ་ཙམ།།

ཤི་བོ་བཤའ་ས་གཤིན་རྗེ་ཁྲིམས་ན་ཡོད།། བསད་ནས་བཤའ་བ་དུད་འགྲོ་ལ་ཡང་ཡོད།། མ་ཤི་གསོན་པོ་བཤའ་སའི་བཤས་ར་དེ།། མགོ་ནག་འཇིག་རྟེན་མི་ཡི་སྨན་ཁང་ཙམ།།

གཤིན་རྗེ་ལས་མཁན་ཤི་བོའི་བཤན་པ་དང༌།། རིགས་ངན་རྡོལ་བ་དུད་འགྲོའི་བཤན་པ་ཡིན།། མ་ཤི་གསོན་པོ་བཤའ་མཁན་བཤན་པ་དེ།། མགོ་ནག་འཇིག་རྟེན་མི་ཡི་སྨན་པ་ཙམ།།

ཤི་ནས་རྣམ་ཤེས་བྱ་སྤུ་འཁྱམས་པའི་ཡུལ།། ངུ་འབོད་དམྱལ་ཁམས་ས་འོག་འཇིག་རྟེན་གནས།། མ་ཤི་གསོན་པོའི་ངུ་འབོད་དམྱལ་ཁམས་དངོས།། ཤི་གསོན་ཁ་བྲལ་བྱེད་སའི་སྨན་ཁང་ཙམ།། ལྟོས་དང་ཕ་གིན་ཉམ་ཆུང་བྱི་ལ་གཉིས།། བྱམས་བརྩེ་མ་དང་ལྷན་གཅིག་རྩེ་འཇོ་ལ།། ཤི་གསོན་ངེས་གཏན་མེད་པའི་ནད་པ་ཚོ།། དགའ་སྐྱོ་འདྲེས་མས་ཡིད་སྨོན་མི་འཆར་རམ།།

༡༩༩༧།༢།༢༢ ཉིན་ཧུབ་ལི་ཨ་བྷི་པ་ཌི་སྨན་ཁང་དུ་བྲིས།།


མདང་གི་སྐྱོ་སྣང༌།

ཉིན་བྱེད་འོད་སྣང་ནུབ་རིའི་རྩེ་ནས་བཞུད།། 

ཟླ་གཞོན་ཞུན་མས་ནོར་འཛིན་ཁྱོན་ལ་བྱུག། ཀུན་རྟོག་མཚོ་རླབས་འཕྱུར་བའི་འཇུག་ངོགས་ནས།། གཏི་མུག་གཉིད་ཀྱི་རྨི་ལམ་གྲོང་དུ་གཤེགས།།

ཐུན་གསུམ་གཉིད་ཀྱི་རྨི་ལམ་གྲོང་ཁྱེར་ནས།། བརྩེ་སེམས་བྱམས་ཀྱིས་སྐྱོང་བའི་ཕ་མ་དང༌།། སྙིང་སྡུག་སྤུན་མཆེད་རྣམ་པའི་ཞལ་རས་མཇལ།། མིག་ཆུ་སབ་སིབ་གདོང་པའི་ངོས་ལ་འཐོར།།

ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་ནས།། འཁྱར་འཁྱོར་གོམ་སྟབས་ལྷོ་མཐར་བསྒྱུར་བ་ནས།། ལོ་ཟླའི་ཕྲེང་བ་རིང་མོའི་སྐྱིད་སྡུག་གི། ངུ་མ་དགོད་པའི་མཇལ་འཕྲད་གཏམ་ལ་བྲེལ།། སྒྱུ་མའི་འཇིག་རྟེན་ཟླུམ་པོའི་གར་སྟེགས་ཐོག། མགོ་ནག་མི་ཡི་སྐྱིད་སྡུག་སྒྱུ་མའི་གར།། སྣ་ཚོགས་འཁྲབ་སྟོན་བྱས་པའི་རླུང་འཚུབ་ཁྲོད།། གསལ་རིག་བློ་འདི་མག་མོག་ཐལ་བས་བསྒྲིབས།།

མུན་སྟུག་སྨག་རུམ་འཐུག་པའི་ཚོར་ཀློང་ན།། ཡུན་རིང་གྱེས་བྲལ་གདུང་བའི་གློག་འོད་དང༌།། གཅིག་ཏུ་འདྲེས་པའི་དམར་ཆུང་སེམས་ཀྱི་ཁམས།། རྟོག་འཆར་སྤྲིན་ནག་གསེབ་ཏུ་འབྲུག་བཞིན་ལྡིར།།

ཕ་མ་སྤུན་དང་ཉེ་འབྲེལ་ཕ་ཡུལ་བཅས།། དྲན་པའི་བློ་ངོར་ཤར་ཐེངས་རེ་རེར་ཡང༌།། དོན་ལྔ་སྣོད་དྲུགའཁྲུག་པའི་མིག་ལམ་ནས།། རོ་དྲུག་འདུས་པའི་མིག་ཆུའི་ཆར་པ་བྲན།།

ལོ་ཟླ་ཞག་གི་ཕྲེང་བ་བགྲངས་པ་ཡི།།། དགུང་གྲངས་རི་མོ་དཔྲལ་བ་ལ་བཀོད་པའི།། བརྩེ་ལྡན་ཕ་མའི་གདོང་རིས་མཐོང་བའི་མོད།། གནོན་ཐབས་མེད་པའི་སྙིང་ཆུང་དྲག་ཏུ་ལྡིང༌།།

ཅི་སླད་གངས་ལྗོངས་རྒྱབ་ཏུ་བསྐྱུར་བ་དང༌།། བརྩེ་ལྡན་ཕ་མ་གྱེས་བྲལ་བྱུང་བའི་ཚུལ།། སེམས་པའི་མེ་ལོང་ངོས་སུ་འཆར་བ་ན།། ལོ་རྒྱུས་སྒྱུ་མའི་ཟློས་གར་ལྷམ་མེར་ཤར།། ཀྱག་ཀྱོག་ནམ་ཟླ་རིང་པོའི་ལོ་རྒྱུས་ནང༌།། ཚངས་པ་སྐྲག་ཅིང་བརྒྱ་བྱིན་འདར་བ་ཡི།། ས་གཞི་གས་ཤིང་རི་བོ་བསྙིལ་པའི་ཚུལ།། འདས་དོན་དམར་པོའི་ཁྲག་མཚོ་སྙིང་ནས་འཁོལ།།

ལགས་ཏེ་འདི་ནི་ཁ་བ་རི་བའི་ལྗོངས།། དུས་འགྱུར་མེ་སྤུངས་ཀློང་དུ་ཚུད་པ་ནས།།། བྱུང་བའི་དོན་རྐྱེན་མགོ་ཐོག་ལྷུང་བ་ལས།། ནང་མི་མི་འདོད་ཁ་བྲལ་བྱུང་བ་ལགས།།

སྐྱིད་སྡུག་གཏམ་གྱི་གདུང་དབྱངས་ལེན་བཞིན་དུ།། མཁར་རྔའི་དུས་བརྡ་རྣ་བའི་རྒྱ་སྒོར་ལྷུང༌།། སྐྱིད་མ་སྡུག་གི་རྨི་ལམ་ཞིང་ཁམས་ནས།། གྱེས་མཇལ་ཞུ་དུས་ཉིན་བྱེད་མཁའ་མཐར་འཛུམ།།

ལྟོས་དང་ཕ་གིའི་བར་བེར་ནགས་ཀློང་ན།། སྙན་འགྱུར་ཁུ་བྱུག་དབྱངས་སུ་གྱེར་བ་ཡི།། ཡིད་འོང་སྤུ་མདོག་མཛེས་པའི་བྱ་ཚོགས་འགའ།། འདབ་གཤོག་ཅི་དགར་སྐྱོད་པའི་ཟློས་གར་མཐོང༌།།

གལ་ཏེ་བདག་ཀྱང་བྱེའུ་ཞིག་ཡིན་ན།། ལྷན་སྐྱེས་གཤོག་སྒྲོས་མཁའ་མཐའ་གཤགས་བྱས་ཏེ།། གངས་རིའི་མུ་ཁྱུད་མཛེས་པའི་ཕ་ས་ལ།། ཕ་མ་མཇལ་ཁའི་སླད་དུ་ཅིས་མི་འཕུར།། ༡༩༩༧།༤།༣ ཉིན་བྲིས།


མི་ཡུལ་ནས་འཐོར་བའི་མིག་ཆུ།


དད་པའི་ཡིད་མཚོ་འཁྲུགས་པའི་མིག་ཆུ་ཡི་རྦ་རླབས།། ཉམ་ཆུང་སྨྱུགས་ཐོགས་བུ་ངས་སྙིམ་པ་ལ་བཏེགས་ཏེ།། ལྷ་ཁྱོད་དྲན་པས་གདུང་དབྱངས་གསོལ་འདེབས་ཤིག་སྒྲོགས་ན།། བརྩེ་བའི་སྤྱན་གྱིས་གཟིགས་དང་དབྱངས་ཅན་གྱི་ལྷ་མོ།།

སྐྱིད་སྡུག་སྒྱུ་མའི་གར་བཏེགས་ཟླུམ་གཟུགསཀྱི་འཇིག་རྟེན།། མགོ་ནག་འཇིག་རྟེན་མི་ཡི་ཟློས་གར་དེ་མཐོང་བས།། ཀུན་རྟོག་སྤྲིན་རླུང་འཐབ་པའི་ཚོར་སྣང་གི་ངོགས་ན།། མིག་ཆུ་དྲག་ཆར་འབབ་པའི་ཤུག་གླུ་ཞིག་ལེན་འདོད།།

ཀ་སོགས་དབྱངས་གསལ་སོ་བཞིའི་འགྱུར་ཁུག་ལ་རོལ་བའི།། ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་དང་གྱེས་ནས།། ག་སར་ངེས་མེད་སྲང་མདོའི་ཁྱི་ལྡམ་ལྟར་ཉུལ་དུས།། ང་རང་ཕ་ཡུལ་དྲན་བྱུང་གངས་དཀར་གྱི་ལྷ་མོ།།

ཅ་ཅོ་འདུ་འཛི་འཁྲུག་པའི་རྒྱུས་མེད་ཀྱི་ས་མཐར།། ཆ་ལུགས་མི་གཅིག་མི་རིགས་འདྲ་མིན་གྱི་གསེབ་ན།། ཇ་ཚབ་ཆུ་ནག་འཐུང་བའི་འཚོ་བ་ལ་རོལ་དུས།། ཉ་རྒྱས་ཟླ་ལྟར་དཀར་བའི་གངས་ལྗོངས་དེ་དྲན་བྱུང༌།། ཏ་ལའི་ལོ་མ་འཁྲིགས་པའི་ལྷོ་མཐའ་ཡི་ལྗོངས་འདིར།། ཐ་ན་གོ་བརྡ་འཕྲོད་པའི་སྐད་ཡིག་ཙམ་མི་ཤེས།། ད་དུང་ཚ་གྲངས་ནད་ཀྱིས་གཟུགས་ཕུང་ལ་བཙེས་དུས།། ན་ནིང་གྱེས་མཇལ་བྱས་པའི་ཕ་མ་ཚོ་དྲན་བྱུང༌།།

པ་ཊའི་དབྱིབས་ལྟར་འཁྱོག་པའི་རྐང་རྗེས་ཀྱི་རི་མོ།། ཕ་རོལ་རྒྱུས་མེད་མི་ཡུལ་འཐེན་པ་ནས་བཟུང་སྟེ།། བ་སོའི་ཀ་བ་བསླངས་འདྲའི་གངས་དཀར་གྱི་ལྷུན་པོ།། མ་བཅོས་སེམས་པའི་ངོས་སུ་དབང་མེད་དུ་ཤར་བྱུང༌།།

ཙ་རི་ནགས་ཀླུང་འབར་འདྲའི་ལྷོ་ཕྱོགས་ཀྱི་མཐའ་འདིར།། ཚ་བའི་རེག་པ་དམར་པོའི་མེ་རླབས་འདི་འབར་དུས།། ཛ་ཡའི་ལུང་གིས་ཟིན་པའི་བསིལ་ལྡན་གྱི་ཞིང་ཁམས།། ཝ་ལེར་ཡིད་ལ་དྲན་བྱུང་གངས་དཀར་གྱི་རི་བོ།།

ཞ་བོ་འཐིང་འཁྱོག་བྱེད་བཞིན་ལྟོ་རྗེས་ལ་རྒྱུགས་ཀྱང༌།། ཟ་འཐུང་ལྟོ་འགྲང་མེད་པའི་མི་རིགས་ཚོ་མཐོང་དུས།། འ་རེ་འུ་རེར་འཁྱམས་པའི་རྒྱལ་ཁམས་ཀྱི་བུ་ངས།། ཡ་མཚན་གངས་ལྷ་སྒེག་མོའི་ཕང་པ་དེ་དྲན་བྱུང༌།།

ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་ནས་འཐོན་ཞིང༌།། ལ་དང་ལུང་པ་བརྒལ་ནས་མི་ཡུལ་ལ་འཁྱམས་ནས།། ཤ་མེད་འབྲས་དང་རྡ་ལིའི་འཚོ་བ་ལ་རོལ་དུས།། ས་མཐོའི་གཡག་རྒོད་དར་མའི་ཚོ་ཤ་དེ་དྲན་བྱུང༌།།

ཧ་ལས་དགོས་པའི་ས་མཐའི་གནས་སྟངས་དེ་མཐོང་རྗེས།། ཧ་ཅང་སེམས་པ་སྐྱོ་བའི་ཀུན་རྟོག་གི་ཤུག་གླུ།། ཨ་མཚར་བཅོས་མའི་སྙན་ངག་རྩོམ་རིས་ཙམ་མིན་པར།། ཨ་རེ་སེམས་པའི་ཕུག་ནས་དབང་མེད་དུ་ཤོར་སོང༌།།

སྤྱི་ལོ་༡༩༩༧ ༤ ༡༥ ཉིན་བྲིས། ༼ནོར་སྡེ་༽ ཐོག་བཀོད།



རྒྱ་འདྲེ་ལྔ་ཡི་གཤིས་ཀ

མའོ་ཙེ་ཏུང༌། ངོ་ནག་བཞིན་གྱི་གཉེར་མ་མ་བསྡུས་ཤིང༌།། བཅོས་མའི་ཁོང་འཛུམ་ཤོར་ཐེངས་རེ་རེའི་སྣེར།། སྐྱེ་འགྲོ་སྟོང་གི་ཚེ་སྲོག་སྡུད་བྱེད་པའི།། ཤི་འདྲེ་མི་ཡི་སྲིན་པོ་མའོ་ཙེ་ཏུང༌།། ཀྲོའུ་ཨེན་ལན། གྲུ་བཞིའི་ཁ་སྒོ་ལྕེ་ཡི་ཁ་བཏགས་འཇམ།། དམར་ཆུང་སེམས་སུ་དུག་གི་ན་བུན་འཐིབས།། བསླུ་བྲིད་ཐག་པའི་ཞགས་ནག་གཡུགས་མཁས་པ།། ས་སྟེང་དམྱལ་བའི་ལས་མཁན་ཀྲོའུ་ཨེན་ལེ།། ཏིང་ཤོའུ་ཕེང༌། ཕྱི་གཟུགས་མི་སྡུག་དམ་བུ་ཆུང་ངུའི་ནང༌།། གཡོ་སྒྱུའི་དུག་གི་ཁྲག་མཚོ་ལྷོག་ལྷོག་ཁོལ།། གནམ་སྡེ་སྒོ་མོ་དམྱལ་བའི་བཤས་ར་ལ།། སྒྱུར་མཁས་བཤན་པ་དམར་པོ་ཏིང་ཤོའུ་ཕེང༌།། ལིའི་ཕེང༌། གཞན་འཚེ་མཆེ་བ་རྣོན་པོ་ཁྲག་གིས་སྦགས།། ཁྲམ་པའི་འཛུམ་འབག་གདོང་པའི་ངོས་སུ་གོན།། ངན་གཡོ་རྫུན་ཕྲེང་རྒྱལ་ཁམས་ཡོངས་ལ་བགྲངས།། མའོ་སྲིན་སྙིང་ལ་ཞུགས་པ་ལིའི་ཕེང་ཕྲན།། ཅང་ཙེ་མིན། མི་གསོད་བཤན་པ་སངས་རྒྱས་ལ་རྫུས་ཏེ།། ཕྱོགས་མཐའི་རྒྱལ་ཁམས་གཡོ་སྒྱུས་བསྐོར་བ་ན།། རྒོལ་རྡུང་གཏོར་ཟོར་ཆར་དུ་བསྙིལ་བའི་ཡུལ།། མ་ཤི་མི་ཡི་གསོན་འདྲེ་ཅང་ཙེ་མིན།།

སྤྱི་ལོ་༩༧ ཟླ་༤ ཚེས་༢༠ ལ་འབྲས་སྤུངས་ནས་བྲིས། ༩༩ ལོར་༼གཉན་ཆེན་ཐང་ལྷ་༽ ཐོག་བཀོད།




སེམས་ཚོར་དམར་པོ།

སྒྲིབ་བྲལ་དག་པ་མཁའ་སྤྱོད་ཞིང་ཁམས་ནས།། དབྱིངས་རིག་མི་ཕྱེད་ལྷན་སྐྱེས་བདེ་བའི་རྩལ།། དགྱེས་རྒུར་རོལ་མཛད་མཁའ་སྤྱོད་ཌཱ་ཀི་མས།། སྨིན་འཁྱོག་ཐུགས་རྗེའི་ཟུར་མིག་བདག་ལ་གཟིགས།།

སྐྱིད་སྡུག་རླུང་ནག་འཚུབ་པའི་འཇིག་རྟེན་འདིར།། དམར་པོའི་མེ་ལྕེ་མཆེད་པའི་ཟུར་ཞིག་ནས།། གངས་སེང་འདམ་དུ་བྱིངས་པའི་ལོ་རྒྱུས་འགའ།། མཐོང་ཚེ་ངུ་མ་དགོད་པའི་གཏམ་ཞིག་ཤོར།།

གངས་ལྷ་མེ་ཏོག་རྒོད་པའི་ཞིང་ཁམས་ནས།། རྣམ་ཤེས་ཁེར་འཁྱམས་ཕྱོགས་མེད་ཉུལ་བའི་ཉིན།། མེས་པོའི་རྐང་རྗེས་བཞག་པའི་གངས་སུལ་ལ།། ཕྱི་མིག་བལྟས་པས་མིག་ཆུས་ཕང་པ་བརླན།།

སྐྱིད་ན་དགོད་པའི་འཛུམ་མདངས་མཉམ་དུ་ཐོན།། སྡུག་ན་ངུ་བའི་མཆིམ་མཉམ་དུ་ཐོངས།། སྐྱིད་སྡུག་ཁུར་ཆེན་མཉམ་དུ་ཁུར་བྱས་ནས།། རྡོག་རྩ་གཅིག་ཏུ་སྒྲིལ་དང་ཆོལ་ཁ་གསུམ།།

ཅིག་ཤོས་སྡུག་ན་ཅིག་པོས་སྐྱིད་པ་དང༌།། ཅིག་ཤོས་ངུ་ན་ཅིག་ཤོས་དགོད་པ་ཡི།། ངུ་མ་དགོད་ཀྱི་སྐྱིད་སྡུག་རོལ་བ་འདི།། མཐུན་སྒྲིལ་རྩ་གཏོར་གཏོང་བའི་འགོས་ནད་ཡིན།།

འགྲོ་ན་གོམ་པའི་འདེགས་འཇོག་མཉམ་དུ་སྤོས།། སྡོད་ན་གདན་གྲལ་གོར་མོ་མཉམ་དུ་སྒྲིགས།། འགྲོ་འདུག་དམིགས་ཡུལ་གཏད་སོ་གཅིག་ཉིད་ལ།། རྡོག་རྩ་གཅིག་ཏུ་སྒྲིལ་དང་ཆོལ་ཁ་གསུམ།།

ཅིག་ཤོས་རེ་བའི་རྡོག་ཁ་ཕྱོགས་པའི་ཉིན།། ཅིག་ཤོས་ཉལ་ནས་གཉིད་པའི་རྨི་ལམ་ཟུང༌།། འགྲོ་མ་འདུག་གི་བྱིས་པའི་རྩེད་མོ་འདི།། གཞིས་བྱེས་ཁ་འཐོར་འགྲོ་བའི་གཞི་རྩ་ཡིན།།

ཕྱི་ཡི་དགྲ་ལ་ཁུ་ཚུར་མཉམ་སྒྲིམ་དང༌།། ནང་གི་གྲོགས་ལ་གྲོས་ཀ་མཉམ་སྟོན་གཉིས།། གོ་ལྡོག་རེས་འཛོལ་མེད་པར་གནང་ཤེས་ན།། མི་རིགས་ལ་རྒྱ་གནམ་དུ་འདེགས་པས་ཆོག༌།

མདུང་རྩེ་ནང་ལ་སྐོར་བའི་དཔའ་བོ་དང༌།། གུས་ཕྱག་ཕྱི་ལ་ཕུལ་བའི་སྡར་མ་གཉིས།། ཕྱི་འཇམ་ནང་དུ་རྩུབ་པའི་རྣམ་ཐར་འདི།། ལ་རྒྱའི་རྩམ་ཕུང་གཏོར་བའི་རླུང་འཚུབ་ཡིན།། ཤིག་རོ་གཡག་ཏུ་རྩིས་པའི་སྒྲོ་བཏགས་དང༌།། འབྲོང་གཡག་སྲོ་མར་འཛིན་པའི་སྐུར་འདེབས་གཉིས།། སྣང་བ་དགྲ་རུ་ལངས་པ་མིན་གྱུར་ན།། ནང་ཁུལ་དཀྲུགས་པའི་ཉེ་རིང་ཆགས་སྡང་ཡིན།།

དགྲ་ལ་འཚེ་མེད་ཞི་བ་འདོན་པ་དང༌།། གཉེན་ལ་རྡོ་དང་རྒྱུག་པའི་ཕྱག་ལས་གཉིས།། ཆོས་དང་འཇིག་རྟེན་གང་དང་མི་མཐུན་པས།། རང་དབང་རྩོད་ལེན་བྱེད་པའི་ལག་ཆ་མིན།།

བདེན་པར་བཤད་ན་རྣ་བ་འགེབས་པ་དང༌།། དངོས་པོ་སྟོན་ན་མིག་ཟུང་ཟུམ་པ་གཉིས།། ཚ་གྲང་ནད་ཀྱིས་སེམས་ཁམས་འཁྲུག་མིན་ན།། ནང་ཁུལ་ཆགས་སྡང་གདོན་གྱིས་སྨྱོས་པའི་རྟགས།།

དཔོན་ལ་ཞུ་བ་འབུལ་སའི་གོ་སྐབས་དང༌།། འབངས་ཀྱི་མི་ཚེ་བདེ་སྡུག་འཚོ་ཐབས་གཉིས།། རྩིས་མེད་རྡོག་པའི་འོག་ཏུ་བརྫིས་པ་འདི།། མགོ་ནག་འཇིག་རྟེན་མི་ཡི་ལམ་སྲོལ་མིན།།

གནས་ལུགས་མིན་པའི་འབྲོང་རྭ་ལྷུ་སྒྲིག་གིས།། གཅིག་འོག་ཅིག་ཤོས་འདུ་བའི་ཐབས་ལམ་དང༌།། ཕ་རོལ་དགྲ་ལ་ཁ་གཏོད་ལྕོག་ཐབས་གཉིས།། མ་ཉལ་རྨི་ལམ་ཞིང་གི་ལྟད་མོ་ཡིན།། ལ་རྒྱ་མི་ལ་ཤོར་བའི་མི་འཁྱམས་ཀྱི།། ནང་ཁུལ་རྨ་ཁ་འབྱིན་པའི་རྒྱུག་ཁྱི་རྣམས།། མི་གཙང་ཉ་རོ་རུལ་བས་གསོ་བ་འདི།། ཕུ་ནུ་ཁྲག་ལ་སྒྲེ་པའི་ཡོ་བྱད་ཡིན།།

ལྟོས་དང་གངས་ལ་རིང་མོའི་རྒྱབ་ལོགས་ན།། ཕ་རོལ་ཇག་ཚོགས་དམར་པོའི་རྐུན་དམག་གིས།། མེས་པོའི་གཏེར་རྫས་ཤུལ་མེད་རྐུ་བ་མཐོང༌།། ཁྱི་རྒན་བསོས་པའི་བསྲུང་བྱ་དེ་རུ་འོས།།

དམར་ན་ཁྲག་གི་ལོ་རྒྱུས་དམར་པོ་འཁྱིལ།། ནག་ན་རྐང་རྗེས་རི་མོ་ནག་པོ་འོང༌།། དམར་ནག་གཉིས་དང་བྲལ་བའི་སྲིད་ཇུས་ཤིག ། ཕ་བུ་གཉིས་ཀས་མཉམ་དུ་སྒྲུབ་ན་རན།།

ཞྭ་མོ་གོན་ན་མགོ་ལ་མཉམ་གོན་དང༌།། འཆིམ་ལྷམ་གོན་ན་རྐང་ལ་མཉམ་གོན་མཛེས།། མགོ་བདེ་དྲན་འཕྲུལ་རྣམ་ཐར་མང་དྲགས་ན།། མགོ་ལུས་ཡ་བྲལ་གྱུར་དུས་གཉིས་ཀ་འགྱོད།།

མི་ཆོས་ཁྲིམས་ལ་མཁས་པའི་ཕོ་རབ་དང༌།། མཛངས་མའི་སྤྱོད་པ་ཤེས་པའི་མོ་རབ་གཉིས།། ཡིད་གཞུང་མཛའ་མཐུན་གཅིག་ཏུ་གཞོལ་བྱས་ན།། འཇིག་རྟེན་ཁྱིམ་གཞིས་ཟིན་པ་ཆོས་ཉིད་ཡིན།། བཀའ་བླློན་ཕལ་ཆེར་སྒེར་དོན་སྒྲུབ་ལ་བྲེལ།། སྤྱི་འཐུས་ཕལ་ཆེར་ནང་ཁུལ་འཐེན་ཁྱེར་མང༌།། མི་མང་ཕལ་ཆེར་ཚོང་གི་འདུ་ལོང་གཡོ།། གཞོན་སྐྱེས་ཕལ་ཆེར་ཕན་མེད་ཕྱི་ལུགས་གཡེང༌།།

བོད་པའི་ཆབ་སྲིད་འདི་འདྲ་རང་ཡིན་ནམ།། བོད་པའི་དམངས་གཙོ་འདི་འདྲ་རང་ཡིན་ནམ།། བོད་པའི་འཚོ་ཐབས་འདི་འདྲ་རང་ཡིན་ནམ།། བོད་པའི་རིག་གཞུང་འདི་འདྲ་རང་ཡིན་ནམ།།

མེས་པོའི་ཕ་ས་ཕར་ལ་སྤྲོད་པ་དང༌།། སྒེར་གྱི་ཁེ་ཕན་ཚུར་ལ་ལེན་པ་གཉིས།། ཕ་ཁྱིམ་ཁ་འཐོར་གཏོང་བའི་གཞི་རྩའི་ཕྱིར།། ཕྱི་དགྲ་སྟོང་ལས་ནང་དགྲ་གཅིག་གིས་ཐུ།།

སྐུ་མགྲོན་དགྲ་བོ་ཁ་བཏགས་གསེབ་ན་འགྱིངས།། སྤུན་ཟླའི་མགོ་བོར་ཁྲག་གི་རྒྱ་མཚོ་འཁྱིལ།། དགྲ་གཉེན་གོ་ལྡོག་ཐེབས་པའི་འཇིག་རྟེན་འདིར།། ཕྱི་མིག་བལྟ་བསམ་རེ་བ་བདག་ལ་མེད།།

དྲང་པོའི་ལམ་སྣེ་འཁྱོག་པའི་འཇའ་ལ་ཟུག། བདེན་པའི་གཏམ་སྣེ་མཚོན་གྱི་མཇལ་དར་རྣོ།། གཡོ་སྒྱུའི་རྫུན་འཁོར་བསྐོར་བའི་འཇིག་རྟེན་འདིར།། ཕྱི་མིག་བལྟ་བསམ་རེ་བ་བདག་ལ་མེད།། ཡ་གིའི་དག་པ་མཁའ་སྤྱོད་ཞིང་ཁམས་ན།། གདོས་བཅས་ལུས་འདི་བོར་བ་མི་དགོས་པར།། བདེ་བླླག་འདྲེན་པའི་ལྷ་ཞིག་ཡོད་དོ་སྐད།། གང་དེའི་ཞལ་རས་མྱུར་བར་མཇལ་དུ་འགྲོ།།

༩༧།༤།༢༣། ཉིན་ལ་བྲིས། ༼དྲང་བདེན༽ ཐོག་བཀོད།


ང་ཚོ་ལ་དགོས་པ་ནི་རང་བཙན་གཙང་མ་ཡིན།

རྣམ་ཤེས་དུར་སའི་ཀློང་དུ་ཐིམས་པ་ཡི།། འདས་པའི་དཔའ་བོ་སྟོང་གི་ཁྲག་རྗེས་ལ།། སྨོན་ཚིག་མ་ཎིའི་གདུང་དབྱངས་མི་ཐོན་ཡང༌།། རྩིས་མེད་རྡོག་པའི་འོག་ཏུ་རྫིས་རིགས་སམ།།

རྣམ་ཤེས་མཚོན་རྩེར་གཟེར་བའི་ངུ་འབོད་གསེབ།། ད་ལྟའི་དཔའ་བོ་སྟོང་གི་དགོད་སྒྲ་ལ།། རམ་འདེགས་ཀི་སྒྲ་མཉམ་སྒྲོག་མི་ཕོད་ཀྱང༌།། སྙིང་ལ་བརྣག་པའི་དམིགས་ཡུལ་བརླགས་རིགས་སམ།།

འབྱུང་འགྱུར་གངས་ཀྱི་སེངྒེ་འབུམ་ཕྲག་གིས།། བྱུང་འདས་གངས་རིའི་དེབ་ཐེར་ཀློག་པའི་ཉིན།། ཕ་ས་དགྲ་ལ་བཏེགས་པའི་ཟུར་ཐོ་དེ།། མཐོང་ཚེ་ནོངས་འགྱོད་བཤགས་ཐབས་བྱེད་ནུས་སམ།། མེས་པོས་བཞག་པའི་གངས་རིའི་ཕ་ཁྱིམ་དེ།། དྭངས་མའི་དགྲ་ལ་མཇལ་དར་ཇི་ལྟར་ཕུལ།། རང་སྲོག་བླློས་གཏོང་ཐུབ་པའི་དཔའ་མེད་ན།། གདམས་བྱ་འདེམས་བྱེད་མང་ཡང་ཅི་ཞིག་ཕན།།

མེས་པོའི་དེབ་ཐེར་སྟོང་གི་དཔང་པོ་དང༌།། བགྲང་བྱ་སོ་ལྔའི་ཆབ་སྲིད་ལས་རིམ་སྣེ།། སྙིང་སྟོབས་བཙན་པོའི་དཔུང་གིས་འཇུ་ནུས་ན།། གངས་ཅན་རང་བཙན་སྒྲུབ་ལ་དཀའ་བ་ཅི།།

༡༩༩༧།༤།༢༣།ཉིན་བྲིས།༼དྲང་བདེན་༽ ཐོག་དཀོད།



ལས་འཕྲོ་འཇའ་ཡི་མདུད་པ།

༼ཁྱོད་ཟ་ཁང་ནང་ནས་ཐོག་མར་མཐོང་དུས།༽

ལུས་འདི་རྒྱབ་ཅོག་ཐོག་ལ་བསྙེས་ཀྱང༌།། རྣམ་ཤེས་སྤྲེའུ་སྡོད་བཟོད་མ་ཐུབ།། གཡང་གཟར་འབུམ་ལྡན་འཕྲང་གི་འགག་ཏུ།། ཁྲ་ཆུང་མིག་གིས་རྒྱང་མིག་བསྲིངས་སོང༌།། རླབས་དཀར་གྱེན་དུ་ཕྱུར་བའི་ཕ་ཁར།། གཡུ་ལྗང་མཛེས་པའི་ཁང་བཟང་གསེབ་ཏུ།། ཡིད་འཕྲོག་མཛེས་སྡུག་མེ་ཏོག་གཅིག་གིས།། འདབ་མའི་འཛུམ་མདངས་ཚུན་ལ་མངོན་འདུག །

ལུས་འདི་གདོས་བཅས་ཤ་ལས་གྲུབ་ཀྱང༌།། སེམས་པ་འདབ་ཆགས་བྱ་ལ་སྤྲུལ་ཏེ།། ཐོགས་རེག་མེད་པའི་བར་སྣང་དབྱིངས་ནས།། ལྡིང་འཁོར་གཅིག་གིས་ཕ་ཁར་སླེབས་སོང༌།།

རྣམ་ཤེས་གསེར་གྱི་སྦྲང་མའི་མཆུ་རྣོན།། འདབ་ལྡན་སྦྲང་རྩི་བཅུད་ལ་ཐིམ་སོང༌།། ཀུན་རྟོག་སེམས་པའི་དབྱིངས་ཀྱི་འགྱུར་ཁུག ། ཟིར་ཟིར་འདབ་མའི་ལམ་ནས་དྲངས་སོང༌།།

འདོད་པའི་བསིལ་རླུང་དྲག་ཏུ་གཡོ་བས།། གདོས་བཅས་ལུས་འདི་ཤིང་བལ་གྱུར་ཏེ།། རྐང་ཆུང་ཁ་ལོ་ཚད་བཀག་མ་ཐེབས།། སྔོན་མོའི་ཆུ་ལ་གདོང་ཁ་ཐེབས་སོང༌།།

ཚེ་སྲོག་སྲིན་བུ་མེ་ཁྱེར་དམར་པོ།། ངེས་མེད་རླུང་གིས་མཁའ་ལ་ཁྱེར་ཡང༌།། ཆོས་བརྒྱད་རྫུ་བག་པགས་རྩག་འོག་ཏུ།། རྔུལ་ནག་ཐིགས་པས་གདོང་རིས་བསུབས་སོང༌།། སྙོག་བྲལ་པད་མོའི་ཆུ་མཚོ་འགྲམ་ན།། ཚད་ལྡན་བླླ་མའི་མན་ངག་མེད་པའི།། ངང་པ་སེར་པོའི་རེ་བའི་གཤོག་རླབས།། དགུན་འཁྱག་ལྷགས་པའི་རུམ་ལ་འབྱར་སོང༌།།

འཁོར་གསུམ་འཁོར་བའི་ཉེས་དམིགས་འདམ་ཁྲོད།། མི་གཙང་རྫས་ཀྱི་རྐྱལ་བའི་འཛུམ་མདངས།། བསླུ་བྲིད་མིག་གི་དགའ་སྟོན་ཤར་བས།། ལན་ཆགས་བུ་ལོན་རྫོགས་མཐའ་བྲལ་སོང༌།།

ཟླུམ་གཟུགས་གོ་ལའི་འཇིག་རྟེན་འདི་ནས།། རེ་གདུང་འཇའ་ཡི་ཞགས་པ་འགུག་ཀྱོག། སུ་ལ་འཕངས་ཀྱང་ཟིན་པ་མི་འདུག། གཏད་སོ་མེད་པ་མཁའ་ལ་ཐིམས་སོང༌།།

ལས་འཕྲོ་དར་གྱི་མདུད་པ་དམར་པོས།། ཁྱོད་དང་ང་གཉིས་མཉམ་སྦྲེལ་མ་བྱས།། ལས་དབང་ལྷ་ཡིས་བྱིན་པའི་ལང་ཚོ།། བླླ་གོས་འོག་ཏུ་རིན་ཐང་རྫོགས་སོང༌།།

དབུ་ལ་གནག་སྣུམ་སྐྲ་ལོ་མི་ལྡན།། བྲང་ན་འདོད་པའི་འོ་འཛིན་མ་མཆིས།། སྐུ་ལ་དགའ་བའི་ཁང་ཁྱིམ་མེད་ཀྱང༌།། སྲེད་པའི་བྱེའུ་ཁྱོད་སར་དེངས་སོང༌།། མི་མངོན་དག་པ་མཁའ་སྤྱོད་དབྱིངས་ནས།། དྲུག་ཅུ་རྩ་བཞིའི་སྒྱུ་རྩལ་ཤེས་པའི།། ཞིང་སྔགས་ལྷན་སྐྱེས་མཁའ་འགྲོའི་ཕོ་ཉས།། བདག་ལ་འདྲེན་པའི་དར་ཐག་མི་དགོས།།

ཕྱི་མའི་ལམ་ལ་ཆས་པའི་ཉིན་མོར།། ཤི་གསོན་བྱེ་མའི་ལ་ཁའི་འཕྲང་ནས།། བར་དོར་ལོངས་སྤྱོད་རྫོགས་པའི་ཀཱ་ཡ།། འགྲུབ་པའི་རྟེན་འབྲེལ་ཁྱོད་ལ་བཅོལ་ཡོད།།

སྐུ་ཐུགས་ཟུང་དུ་འཇུག་པའི་དབྱིངས་ནས།། སྒྱུ་རྩལ་རྒུན་ཆང་དམར་པོའི་བྲོ་བ།། ལྷན་ཅིག་དགའ་བཞིའི་དཔལ་ལ་རོལ་ནས།། ཁ་སྦྱོར་དག་པའི་ཞིང་ལ་སྙེགས་འགྲོ།།

འབྲས་སྒོ་མང་ཟ་ཁང་ནང་ཁ་ཐུག་༩༧།༦།༡༠ ཉིན་གྱི་སྔ་དྲོར་བྲིས། ༢༠༠༥ལོར་ལྷོ་ཕྱོགས་བཀའ་བརྒྱུད་དུས་དེབ་ཅིག་གི་ཐོག་བཀོད།

ལོ་གསར་གྱི་ཆེད་བརྗོད།

ཚེ་དང་བསོད་ནམས་དཔལ་དང་འབྱོར་པའི་ལྷ།། ལྷ་ཡི་ལྷ་གཅིག་ཨརྱཱ་ཏཱ་རེ་མ།། མ་ལྟར་བཀུར་ནས་གུས་པས་ཕྱག་བྱས་ཏེ།། ཏེ་པོ་སྤྲོ་བའི་ལོ་འདིའི་ཆེད་བརྗོད་འབྲི།། ལྷ་བསངས་མེ་སྤུངས་རྟ་གདོང་རི་ལྟར་འབར།། བཻཌཱུའི་བསང་དུད་སྤྲིན་པ་ཇི་བཞིན་འཐིབས།། ཀི་བསྭོ་ལྷ་རྒྱལ་དབྱར་གྱི་རྔ་ལྟར་ལྡིར།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

གྲོ་སོ་ཕྱེ་མ་གངས་ཀྱི་རི་ལྟར་སྤུངས།། མཆོད་སྤྲིན་རྒྱ་མཚོའི་རྦ་རླབས་དགུང་ལ་བརྩེགས འཚམས་འདྲིའི་ཤིས་ཚིག་གཡས་འཁྱིལ་དུང་ལྟར་སྙན།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

ཇ་ཆང་འོ་མའི་མཆོད་ཡོན་མཚོ་ལྟར་འཁྱིལ།། ཤ་མར་འཐུད་ཀྱི་ཞལ་ཟས་རི་ལྟར་བསྒྲིགས།། དཀར་གསུམ་མངར་གསུམ་ཟས་ཀྱི་སྤྲིན་ཕུང་འཁྲིགས།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

མི་ཆེན་དཔོན་པོ་སྡེ་བཞིའི་དབུ་འཕངས་མཐོ།། བླ་ཆེན་སྤྲུལ་སྐུ་ཆོས་ཀྱི་མཛད་འཕྲིན་རྒྱས།། ཡུལ་ཁམས་བདེ་བའི་སྐྱིད་ཀྱི་ཉི་མ་ཤར།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

སྟག་ཤར་རླུང་རྟ་དབྱར་གྱི་མཚོ་བཞིན་དར།། དམན་ཤར་ལང་ཚོ་ཡར་ངོའི་ཟླ་ལྟར་རྒྱས།། རྒན་བྱིས་བདེ་བའི་ལུས་ཁམས་བྲག་བཞིན་བརྟན།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།། རྟ་རྒྱུག་བྲོ་འཁྲབ་ནམ་མཁའི་གློག་ལྟར་རྩེན།། སྣ་ཚོགས་རྒྱན་གོས་དབང་པོའི་གཞུ་ལྟར་བཀྲ།། སྙན་པའི་གླུ་གཞས་ཁུ་བྱུག་དབྱངས་ལྟར་འཇེབས།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

ཕྱི་ན་གནམ་ལོ་གསར་པའི་ཚེས་བཟང་འཛུམ།། ནང་ན་སེམས་ཁམས་བདེ་བའི་ཟླ་བ་གསལ།། བར་ན་འབྱུང་བ་མཉམ་པའི་འཕྲོད་སྦྱོར་བཟང༌།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

མི་ཡུལ་འཁྱམས་པའི་དུས་ཚོད་ཉུང་དུ་ཕྱིན།། རང་ཡུལ་ལོག་པའི་དུས་མགོ་དེ་རིང་ཚེས། ། དྲོ་སྐྱིད་དཔྱིད་ཀྱི་ཉི་མ་ཀླད་ནས་ཤར།། གནམ་ལོ་གསར་པའི་དགའ་སྟོན་ཨེ་མ་ཧོ།།

དེ་སྐད་གནམ་ལོ་གསར་པའི་ཆེད་བརྗོད་ཀྱི།། རབ་བྱེད་ཚིག་གི་མེ་ཏོག་ཕྲེང་བ་འདི།། བྱང་རྒྱུད་གངས་རིའི་ཁྲོད་ཀྱི་སྙན་ངག་པ།། འཇིགས་མེད་མིང་པས་ཤར་མར་སྤེལ་བ་དགེ།།

སྤྱི་ལོ་༡༩༩༨།༣།༢༧།སློབ་གྲར་གནམ་ལོ་གསར་ཚེས་ཀྱི་ཆེད་བརྗོད་ཅེས་པའི་རྩོམ་རྒྱུགས་སྐབས་ཞོར་དུ་ཁ་ཐུག་ཤར་མར་བྲིས་པའོ།།



དྲན་སྐུལ་སྒོ་ཁྱིའི་ངུ་སྒྲ།


རྒྱལ་ཡུམ་མྱུར་སྐྱོབ་ཀྱི་དཔའ་མོ།། ཟུང་འཇུག་དགའ་བཞི་ལ་རོལ་བའི།། ལྷ་གཅིག་གྲུ་འཛིན་གྱི་ཞིང་མགོན།། ཐུགས་རྗེའི་སྤྱན་ཞགས་ཤིག་གཟིགས་རོགས།།

སྒྱུ་མའི་འཇིག་རྟེན་གྱི་འཕྲུལ་ལ།། དོན་དམ་སྙིང་པོ་དང་བྲལ་ཡང༌།། ཀུན་རྫོབ་སྣང་ཕྱོགས་ཀྱི་རྟེན་འབྱུང༌།། ཟློག་མེད་རླུང་འཚུབ་ཀྱི་གསེབ་ན།།

གངས་ལྷ་མེ་ཏོག་གི་ཞིང་ཁམས།། བ་མོའི་མཆེ་འོག་ཏུ་ཚུད་དུས།། འདབ་ཕྲེང་ཕྱོགས་མཐའ་རུ་འཁྱམས་པའི།། གངས་རིའི་ལས་དབང་དེ་སྐྱོ་བ།།

སྐྱིད་སྡུག་འཁྲུལ་སྣང་གི་གར་སྟེགས།། སྒྱུ་མའི་ཟློས་གར་གྱི་སྒྱུ་རྩལ།། གོ་ལྡོག་རི་མོ་ལ་འཕྱོན་དུས།། སྨྱུག་རྩེའི་ངུ་སྒྲ་འདི་ཤོར་སོང༌།། གཞན་དོན་སྤྲུལ་པ་ལ་རོལ་བའི།། རྒྱལ་སྲས་བླླ་སྤྲུལ་ཚོའི་མདུན་ཅོག ། བསྔོ་རྟེན་གླེགས་བམ་ལྟར་བརྩིགས་དུས།། ཤི་བོའི་རྣམ་ཤེས་དེ་ཨེ་གཟིགས།།

མང་མོས་རྐུབ་སྟེགས་ཀྱི་ཐོག་ནས།། དབང་ཆེན་སྐུ་ངོ་ཚོའི་མདུན་ཅོག། རེ་བའི་ཁ་བཏགས་ཀྱིས་བཀང་དུས།། འབངས་ཀྱི་བདེ་སྡུག་དེ་ཨེ་གཟིགས།།

འདུས་སྡེ་རྒྱ་མཚོ་ཡི་གྲལ་མགོ།། གདན་སའི་མཁན་པོ་ཚོའི་མདུན་དུ།། བསྟན་པའི་ཁུར་ཆེན་རེ་འགེལ་དུས།། བཤད་སྒྲུབ་འཆད་མཉན་དེ་ཨེ་གཟིགས།།

རིག་པའི་གཞུང་ལུགས་ཀྱི་བསྟི་གནས།། སློབ་གྲྭའི་དབུ་འཛིན་ཚོའི་ཕྱག་ཏུ།། སྐྲ་སེར་སྤྲེལ་དེབ་རེ་སྣམས་དུས།། རང་སྐད་འཁྲུལ་མེད་དེ་ཨེ་ཤེས།།

དུས་རབས་ཤེས་ཡོན་ལ་མཁས་པའི།། མཐོ་རིམ་སློབ་གྲྭ་ཚོའི་འཕོངས་འཚོས།། ལས་ཞབས་རྐུབ་སྟེགས་ཐོག་བཞག་དུས།། མི་རིགས་ལ་རྒྱ་དེ་ཨེ་མཁྱེན།། བླློ་ཁོག་རྒྱ་སྟག་ལས་ཆེ་བའི།། དུས་རབས་ཕོ་གསར་ཚོའི་མདུན་ལམ།། གསོད་རྐུན་འཕྲོག་གསུམ་ལ་གཞོལ་དུས།། ཡབ་མེས་མ་ཛངས་སྤྱོད་དེ་ཨེ་མཁྱེན།།

ལང་ཚོའི་མེ་ཏོག་གི་སྡུག་གུ། སྙིང་སྡུག་མཛེས་མ་ཚོའི་རྐུབ་རྩར།། མི་རིགས་འདྲ་མིན་ཀུན་འཚང་དུས།། རིགས་རྒྱུད་གཙང་བཙོག་དེ་ཨེ་གཟིགས།།

སྣང་བ་ནམ་མཁའ་དང་འདྲེས་པའི།། ཕོ་གཞོན་མོ་གཞོན་ཚོའི་ཞབས་རྟིང༌།། ཌན་སི་གར་སྟེགས་ཐོག་བསྒྱུར་དུས།། ཕ་སའི་བཙོན་ཁང་དེ་ཨེ་མཁྱེན།།

གླིང་གའི་ཐུགས་སྤྲོ་ལ་གཡེང་བའི།། གཞུང་ཞབས་སྐུ་ངོ་ཚོའི་མདུན་ཅོག། མཱ་ཅང་ས་ཕག་ལྟར་བརྩིག་དུས།། གཞིས་བཞུགས་བཙོན་པ་ཚོ་ཨེ་དྲན།།

འབྱོར་མེད་ལྷག་བསམ་གྱིས་ཕྱུག་པའི།། ཉམ་ཆུང་གསར་འབྱོར་ཚོའི་དམིགས་ཡུལ།། ཕྱི་གླིང་སྒོར་མོ་ལ་བརྗེ་དུས།། ཕ་སའི་གནས་སྟངས་དེ་ཨེ་དྲན།། ཤེས་བྱའི་བྱང་ཐང་ལ་ཉུལ་བའི།། དུས་རབས་མཁས་པ་ཚོའི་སྨྱུག་རྩེ།། ཕལ་སྐད་ཁྭ་ཏ་ལྟར་འཕུར་དུས།། ཕ་མེས་བླླ་སྲོག་དེ་ཨེ་མཁྱེན།།

སྟོབས་འབྱོར་ནོར་རྫས་ཀྱིས་ཕྱུག་པའི།། འབྱོར་ལྡན་ཁྱིམ་བདག་ཚོའི་བང་མཛོད།། འདོད་རྒུའི་ཡོ་བྱད་ཀྱིས་བཀང་དུས།། ཕ་སའི་མུ་གེ་དེ་ཨེ་མཁྱེན།།

མ་འོངས་སོན་རྩ་ལ་རེ་བའི།། དུས་རབས་སློབ་གྲྭ་ཚོའི་མདུན་ཅོག། ཕྱི་རྒྱལ་སློབ་དེབ་ཀྱིས་བཀང་དུས།། རང་གི་སྐད་ཡིག་དེ་ཨེ་མཁྱེན།།

སྐྲ་སེན་གང་མོས་སུ་འཇོག་པའི།། དུས་རབས་གཞོན་སྐྱེས་ཚོའི་ལུས་ལ།། གང་བྱུང་མང་བྱུང་ཀུན་གོན་དུས།། རང་གི་ཆ་ལུགས་དེ་ཨེ་མཁྱེན།།

ཆོས་གོས་རྣམ་གསུམ་གྱིས་མཛེས་པའི།། རབ་བྱུང་བཙུན་པ་ཚོའི་མིག་འབུར།། འདི་སྣང་སྲིད་པ་ལ་འཕེན་དུས།། སྡོམ་པའི་བཅས་མཚམས་དེ་ཨེ་མཁྱེན།། ངེས་མེད་ས་མཐའ་ལ་འཁྱམས་པའི།། རིས་མེད་བོད་པ་ཚོའི་སེམས་པ།། ཀླད་མེད་སྒེར་དོན་ལ་འཕྱན་དུས།། རང་བཙན་གཙང་མ་དེ་ཨེ་དྲན།།

སྟོན་པ་གཅིག་ཉིད་ལས་ཆད་པའི།། གསར་རྙིང་ཆོས་པ་ཚོའི་བར་དུ།། གྲུབ་མཐའི་འཁོན་འཛིན་ལ་སྐྱོན་དུས།། གསུང་རབ་འགལ་མེད་དེ་ཨེ་མཁྱེན།།

སྤྲེལ་སྲིན་ཁུ་ཁྲག་ལས་གྲུབ་པའི།། ལྷོད་མེད་བོད་རིགས་ཚོའི་ནང་ཁུལ།། ཆོལ་གསུམ་དུག་ཚོ་ལྟར་འཁྲུག་དུས།། ཆིག་སྒྲིལ་གསོས་སྨན་དེ་ཨེ་དྲན།།

རང་དབང་སྐྱར་གསོ་ལ་སྨན་པའི།། དྲན་གསོ་ཉེར་གསུམ་གྱི་གཏམ་འདི།། དམར་ཆུང་སྙིང་ཁྲག་དང་བསྲེས་ནས།། སོར་བཅུའི་འདབ་མ་ལ་བཏེགས་ཡོད།།

མི་ཕོག་ཁྱི་མཇེ་ལ་མདུད་པ།། ཐེབས་བསམ་སེམས་ངོགས་ན་མེད་དེ།། གཟུར་གནས་བླློ་ལྡན་ཚོའི་ཐུགས་དབྱིངས།། དྲན་པའི་སྐུལ་འདེད་དུ་འགྱུར་ངེས།། ལྷོ་ཕྱོགས་ནས་༩༧།༧།༢༩ ལ་བྲིས། ༩༨ ལོར་༼གཉན་ཆེན་ཐང་༽ ལྷ་ཐོག་བཀོད།


ཤམ་ཐབས་གསར་པ།

ཤ་ལྤགས་ཆགས་དབྱིབས་རྣམ་པ་མེད་ན་འཇིག་རྟེན་མི་ཡི་མཐོང་ཆུང་དང༌།། ལྷན་པ་དགུ་བརྩེགས་ལུས་ལ་གོན་ན་སྒོ་ཁྱི་གཏུམ་པོས་སྡང་ཡོང་ཞེས།། ཡར་ཐོད་སྐྲ་གཉེར་རི་མོ་བསགས་པའི་གནའ་རབས་རྒན་པོའི་ཉམས་མྱོང་དེ།། བདེ་ཆེན་ཐར་ལམ་བགྲོད་དུས་མིན་ཡང་འཇིག་རྟེན་འདི་ན་དགོས་ངེས་ཤིག།

ཁ་རྩངས་ཞོགས་པར་ཤམ་ཐབས་གོན་དུས་ཨང་མདོ་ཕྱི་ལ་དོན་འདུག་ཅེས།། འཕྱ་སྨོད་དགོད་སྒྲའི་མདའ་མཚོན་བུ་ཡུག་སྒྲ་འཛིན་བུ་གའི་ལམ་དུ་ཟུག། ཉིན་གུང་གཟུགས་པོ་ཁྲུས་ལ་ཞུགས་རྗེས་བརླ་ཤ་ཕྱི་ལ་དོན་འདུག་ཅེས།། ཡང་སྐྱར་ཁྲེལ་དགོད་རི་ལུང་ཁེངས་དུས་ང་ཡི་སེམས་པ་སྐྱོ་ལྷང་ལྷང༌།།

སྐྱེས་དུས་གཅིག་པུར་སྐྱེས་པའི་ཉིན་ནས་འཆི་དུས་གཅིག་པུར་མ་ཤི་བར།། བཅོས་མའི་ངོ་ཚ་སྦས་པའི་སླད་དུ་བཅོས་མའི་གོས་ཀྱིས་བསྟིམས་ན་ཡང༌།། ཁྲེལ་དང་ངོ་ཚའི་ཚུལ་ཁྲིམས་གོས་མེད་འཆལ་སྤྱོད་བག་མེད་འཕྱན་པ་དག ། འཕྱ་སྨོད་བྱས་ན་འོས་ཤིང་འཚམས་མོད་ཚངས་སྤྱོད་གྲྭ་པ་འཕྱ་དོན་ཅི།།

དུ་ཀུ་ལ་ཡི་གོས་བཟང་གོན་ཀྱང་ངོ་ཚའི་གོས་དང་མི་ལྡན་ན།། འཇིག་རྟེན་ཕལ་བའི་མིག་ལམ་མཛེས་ཀྱང་འཕཊ་ཆེན་དམ་པ་ཁྲེལ་བའི་རྒྱུ།། ཟད་རྙིང་གྱུར་པའི་ཤམ་ཐབས་རལ་ནས་གསང་བ་ཕྱི་ལ་དོན་ན་ཡང༌།། སྐྱེ་བོ་དམ་པས་སྨད་པ་འོང་ཞེས་དོགས་པའི་སྒྲོ་འདོགས་བདག་ལ་མེད།། མཚོན་མདངས་ཡལ་བའི་རྙིང་སོང་གོས་དེ་ང་ཡི་ལུས་ལ་གོན་ཐེངས་རེར།། སྣང་བ་ཨ་སྔོན་དགུང་ལ་བཏེགས་པའི་ལོ་གཞོན་གྲྭ་བ་སྐོར་གཅིག་གིས།། རྣམ་རྟོག་སྲིན་པོའི་དུར་ཁྲོད་ནང་དུ་མཐོང་ཆུང་འདྲེ་མོ་ངུ་ན་ཡང༌།། མི་ཡི་རི་མོ་ནང་ན་ཡོད་ཕྱིར་ང་རང་སྤོབས་པ་ཤོར་དོན་མེད།།

ནང་གི་རི་མོ་འབྲི་བྱེད་པུར་རྩེ་འབྱར་བྱེད་སྤྱིན་གྱིས་སྦགས་ན་ཡང༌།། ཕྱི་ཡི་ཤུགས་སྐོགས་མཛེས་པའི་རི་མོར་སྙིང་པོའི་དོན་དུ་འཛིན་པའི་བུ།། ཁྱོད་ཚོས་ཚོས་མདོག་སྨུག་འོད་འཐབ་པའི་ཤམ་ཐབས་གསར་པ་གོན་མཛོད་དང༌།། ཕྱི་མཛེས་རིཊ་མཐུན་གྲོཊ་པོ་དག་གིས་བསྔགས་བརྗོད་རོལ་མོ་འཁྲོལ་བར་ངེས།།

ཕྱི་ཡི་ཚོན་རིས་མཛེས་པ་བཀྲ་བས་ནང་གི་རིན་ཐང་ཉོ་ནུས་ན།། ཨུ་དུམ྄ཝ་རའི་མདངས་ལས་མཛེས་པའི་རིན་གོང་ཅན་གྱི་གྲྭ་ཆས་གོས།། སྲ་མཁྲེགས་གོར་མོ་རྡོ་ལ་བསྐོན་ནས་འཆིང་བྱེད་དར་གྱིས་བཅིངས་མཛོད་དང༌།། ཉིན་མཚན་ཤེས་བྱའི་ཁོར་ཡུག་ཉུལ་བའི་ངལ་གསོ་ཅིས་ཀྱང་ཐོབ་པར་ངེས།།

ད་དུང་ལུས་ལ་དྲི་བཟང་གཏོར་ཞིང་གདོང་ལ་པོ་ཊ་བྱུགས་གནང་སྟེ།། མི་ཚོགས་ཁྲོད་དུ་ཕོ་མིན་མོ་མིན་ཡ་མ་ཟུང་གི་ཟློས་གར་དང༌།། བླླ་གོས་འོག་གི་སྒྱུ་རྩལ་གསར་པས་ནག་ཚོང་ལས་ལ་འཇུག་མཛོད་དང༌།། ཉི་མ་འཁྱོལ་ཐབས་སྐྱིད་པའི་འཚོ་བ་འདོད་པ་བཞིན་དུ་རེག་པར་ངེས།།

མ་བརྡར་རྭ་རྩེ་གཞན་ལས་རྣོ་བའི་འབྲོང་རྒོད་དར་མའི་སེམས་ཁམས་དང༌།། མ་གཞོག་ལོང་བུ་སྒོར་མོར་འཁྱིལ་བའི་ཅང་ཤེས་རྟ་ཕོའི་གོམ་འགྲོས་གཉིས།། མ་བྱུཊ་གཡུ་མདངས་མངོན་པར་རྒོད་པའི་སྤང་ལྗོངས་གཅིག་ཏུ་གནས་ན་ཡང༌།། མ་བཅོས་གཉུག་མའི་སེམས་ཀྱི་མདུན་ལམ་ཤར་དང་ནུབ་ཀྱི་ཁྱད་པར་ཆེ།། སྐུ་རབས་མང་པོར་བསགས་འཇོགས་བྱས་པའི་བླླ་བྲང་ཕྱུག་པོའི་ལྡེ་མིག་དང༌།། ཕྱི་གླིང་སྒོར་མོའི་ཆར་པ་འབེབས་མཁན་འབྱོར་ལྡན་སྦྱིན་བདག་མེད་ན་ཡང༌།། ཐང་གོས་གཅིག་གི་རིན་ཐང་འཇལ་བའི་ཧིན་རྡུའི་ཤོག་གུའི་སྒོར་མོ་འགའ།། རྙིང་སོང་སྟོད་འགག་སྤར་ཁུག་ནང་དུ་ཉིན་ཐོ་འབྲི་དེབ་གསེབ་ན་མཆིས།།

ཕྱི་ནང་རི་མོ་གོ་ལྡོག་ཐེབས་པའི་དུས་རབས་འདི་ཡི་སྤྱི་ཚོགས་ནང༌།། ཟབ་རྒྱས་ཤེས་བྱའི་གཞུང་ལུགས་སློབ་ནས་ལྟོ་སྐྱ་གོས་ཧྲུལ་བརྟེན་པ་ལ།། བསྟོད་པའི་རོལ་མོ་འཁྲོལ་བའི་ཚབ་ཏུ་དམོད་ཚིག་ལྐོག་མདའ་འཕེན་པའི་འཕྲུལ།། སྐྱེ་བོ་ཕལ་བའི་རང་གཤིས་ཡིན་ཀྱང་བསམ་ན་སེམས་ཀྱིས་བཟོད་ཐབས་བྲལ།།

དེ་སླད་ཡུལ་དང་དུས་ལ་བསྟུན་ནས་སྐྱུགས་དྲི་བྲོ་བའི་སྤྱི་ཚོགས་འདིར།། བྱིས་པའི་ཁྲོད་དུ་བྱིས་པའི་སེམས་ཁམས་དབུ་མ་མི་འཛིན་ཀ་མེད་ཀྱིས།། དཔེ་མཛོད་ཁང་གི་ཚོང་ཁང་ནང་ནས་རས་ཆ་མེ་ཊ་འགའ་ཉོས་ཏེ།། དུས་རབས་འཚེམ་བཟོ་འཁོར་ལོའི་རྒྱུད་ནས་ཐང་གོས་གསར་པ་འདི་ཉིད་བཙེམས།།

དེ་རིང་མི་ཚོགས་འཁྲིགས་པའི་གསེབ་དུ་ཐང་གོས་གསར་པ་ཞིག་གོན་ནས།། ཅིས་ཀུང་སྨྱོན་པའི་སྒྱུ་རྩལ་ལམ་ནས་འཁྱར་མ་འཁྱོར་གྱིས་བགྲོད་པ་ན།། རྒྱུན་ལྡན་མིན་པའི་གོས་ལ་གཟིགས་ནས་འགའ་ཞིག་སླར་ཡང་གད་མོ་ཤོར།། ངུ་མ་དགོད་ཀྱི་འཚོ་བའི་གཟུགས་ཤིག་བདག་སེམས་མེ་ལོང་ངོས་སུ་ཤར།།

གསར་རྙིང་གྲྭ་ཆས་གང་ཞིག་གོན་ཀྱང་སྒྱུ་ལུས་ཟག་ཕུང་རགས་པ་འདིས།། ཡི་རང་དང་བ་འདྲེན་པའི་མི་ཞིག་ད་ཕན་མིག་ལམ་མ་འཆར་བས།། ཕྱིན་ཆད་འཇིག་རྟེན་གྲུ་ཟུར་འདི་ནས་བདག་ལ་བཅོས་མིན་བརྩེ་དུང་གིས།། དགོད་སྒྲའི་འཛུམ་གྱིས་བསུ་བའི་མི་ཞིག་ནམ་ཡང་ཡོང་བསམ་རེ་བ་མེད།། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་ནས་༩༧།༤།༣༠ སློབ་གྲྭའི་གླིང་ཁའི་ཉིན་བྲིས། ༢༠༠༥ ལོར་༼རྩོམ་རིག་གི་གྲུ་ཁ་༽ འདོན་ཐེངས་གསུམ་པའི་ཐོག་བཀོད།

གངས་སུལ་དུ་བཞག་པའི་རྐང་རྗེས་དམར་པོ།

ཉིན་བྱེད་དམར་པོ་ནུབ་རིར་ཡོལ་དུས་མུན་པའི་རུ་མཚོན་མཁའ་ལ་གཡོ།། གངས་དང་རྫ་སུལ་ཆུ་རླུང་འགྲམ་ན་མེས་པོའི་ལ་རྒྱ་རྩོད་པ་ཡིས།། ཚེ་སྲོག་དམར་པོ་མཁའ་ལ་ཐིམ་པའི་སྔོན་གཤེགས་དཔའ་བོ་ཁྱུ་གཅིག་གིས།། ཐུན་གསུམ་མཚན་མོའི་སྨག་རུམ་ཀློང་ནས་ཟླ་བའི་འོད་ལ་རེ་སྒུག་བྱེད།།

ས་མཐའི་ཁང་ཆུང་ཧྲུལ་པོའི་ནང་དུ་གསལ་མ་གསལ་གྱི་གློག་སྒྲོན་འོག། སྔོན་གཤེགས་དཔའ་བོའི་རྣམ་ཤེས་ཞུགས་པའི་ལོ་རྒྱུས་དམར་པོའི་སྙན་ངག་ཀློག། མདོ་ཁམས་ཀོང་ཡུལ་ལྟེ་ཁྲག་འཕོས་པའི་མེས་པོ་གཉའ་ཁྲི་བཙན་པོ་ཡི།། ཞབས་སྐྱེས་རྡུལ་རྗེས་ཐད་ཀར་བསྙེཊ་པའི་མདོ་ཁམས་དཔའ་བོའི་སྙིང་སྟོབས་གསལ།།

འབྲོང་རྒོད་དར་མའི་རྭ་རྩེ་ཟུང་ནས་དམར་པོའི་མེ་ལྕེ་མཁའ་ལ་མཆེད།། གངས་སེང་དཀར་མོའི་གད་རྒྱངས་རེ་རེས་མཐོ་བརྗིད་གངས་རིའི་གཟི་མདངས་སྐྱེད།། མདོ་ཁམས་དཔའ་བོའི་ཀི་སྒྲ་རེ་རེས་མཐའ་དམག་དམར་པོའི་སྙིང་རྩ་འབྱིན།། འདས་དོན་འཁྱོག་པའི་རྐང་རྗེས་རིང་མོ་གངས་དཀར་སེམས་ཀྱི་ངོས་ལ་འགོད།།

མཚམས་སྤྲིན་དམར་པོ་འཕྲེད་དུ་གཏུབས་པའི་ལྷ་བསངས་དུ་སྤྲིན་དཀར་པོའི་གསེབ།། ཀི་སྭོ་ལྷ་རྒྱལ་འབྲུག་སྟོང་རྒོད་པས་བོད་སྲུང་དགྲ་ལྷའི་དབུ་འཕངས་བསྟོད།། སྤྲེལ་སྲིན་འདུས་པའི་ཡབ་མེས་རུས་ཀྱི་ཤ་ཞེན་མེ་དཔུང་འབར་བའི་ཀློང༌།། མཐའ་དམག་དམར་པོའི་བུད་ཤིང་བསྲེགས་པའི་ཐལ་བའི་ཕུང་པོ་མཁའ་ལ་འཐོར།། རྒྱ་མཚོ་དཀྲུགས་ཤིང་རི་བོ་འགད་པའི་ཞེ་དགུའི་འཕོ་འགྱུར་དམར་པོའི་འོག། སྨུག་པོ་ལྡོང་གི་རྒྱུད་ནས་ཆད་པའི་གེ་སར་དཔའ་བོའི་རྗེས་བསྙེགས་ཏེ།། སྨུག་ལོང་ཁྲོད་དུ་ཀི་སྒྲའི་འབྲུག་དང་རྣོ་ལྕགས་མཚོན་གྱི་གློག་འོད་གཉིས།། གཅིག་ཏུ་འགྲོགས་ནས་མི་སྲུན་མཐའ་དམག་ནམ་མཁའི་སྐར་ཚོགས་ས་ལ་བསྙིལ།།

སྙིང་སྟོབས་མེ་ལྕེ་མཁའ་ལ་མཆེད་ཀྱང་གོ་མཚོན་བུད་ཤིང་རྫོགས་པའི་ཉིན།། ཝ་སྐྱེས་རྒྱལ་པོའི་རྐང་སྟེགས་མདུན་དུ་སེངྒེའི་པུས་མོ་སར་བཙུགས་ཏེ།། གངས་ཅན་འཛིན་མའི་མཐའ་མཚམས་སྲུང་སླད་མཚོན་ཆའི་གསོལ་རས་དགོས་ཞུས་ཀྱང༌།། རྒྱལ་རབས་ལྗང་ཁུའི་མཇུག་མའི་གསེབ་ནས་ས་དབང་ཆེན་པོས་མིན་ཞེས་གླེང༌།།

ལོ་རྒྱུས་མེས་པོའི་ལུས་ཟུངས་བདུན་གྱི་ཟངས་ཁྲག་དམར་པོ་གཅིག་ན་ཡང༌།། མགོན་མེད་དཔའ་བོ་རྒྱབ་ཆད་ལུས་པའི་མདོ་ཁམས་ས་ཡི་ལྟེ་བ་དེ།། ཕུ་ནུ་བཙན་པོས་ནང་ནས་བོར་ཞིང་དམར་པོ་དགྲ་བོས་ཕྱི་ནས་རྒོལ།། མང་སྣེ་ཉུང་གིས་བརྟེན་ཐབས་མེད་པའི་ལོ་རྒྱུས་དམར་པོའི་ཁྲག་མཚོ་འཁྱིལ།།

ལུག་ལྤགས་གྱོན་པའི་རི་སྤྱང་དམར་པོས་རྣོ་ངར་མཆེ་བ་སྦས་དང་ལྷན།། སླུ་འབྲིད་བཅུ་བདུན་ཞི་བའི་མཆིད་མོལ་ཀླད་མེད་བྱིས་པའི་སྐེ་ལ་གཡོགས།། རྒྱལ་ཁབ་བཙོངས་པའི་འཚོང་དཔོན་རེ་རེའི་གཅེས་ནོར་སྦས་པའི་དཀོར་མཛོད་ན།། རྒྱ་དངུལ་དཀར་པོའི་དོ་རྩིག་གསེབ་ཏུ་བྱི་བ་རྒྱུག་པའི་གསེང་ཙམ་མེད།།

བཅོས་མའི་མཛུམ་གྱི་སྨིག་སྒྱུའི་ཁྲོད་ནས་ཕ་དང་དགྲ་བོ་གོ་ནོར་ཏེ།། དཱ་ཡོན་དཀར་པོའི་དྲག་ཆར་ཁྲོད་ནས་ཕ་གསོད་དགྲ་བོ་ཕ་ལ་བརྩིས།། བསུབ་མེད་ཁྲག་གི་ལོ་རྒྱུས་དམར་པོ་མེ་མདའི་ཁ་ནས་བྲིས་པའི་དུས།། ནོངས་འགྱོད་ངུ་འབོད་མིག་ཆུའི་རྦ་རླབས་ཡར་ཀླུང་གཙང་པོའི་རྒྱུན་དང་འགྲོཊ།། དེ་ཚེ་རྒྱ་སྟག་རིས་སུ་བསྙེགས་པའི་ཨ་འབྲུག་དཔའ་བོའི་རུ་མཚོན་འོག། གཡོལ་མེད་རྒྱ་མཚོའི་རླབས་དང་འགྲོཊ་པའི་བསྟན་སྲུང་དང་བླླངས་དམག་དཔུང་གིས།། ཚེ་སྲོག་རྣམ་ཤེས་ཕངས་མེད་བཏང་སྟེ་ཤ་ཁྲག་རུས་པའི་ཟམ་ཆེན་ཐོག། གངས་ཅན་ལྷ་གཅིག་པད་དཀར་འཆང་བའི་ཞབས་སེན་འཁོར་ལོའི་རེ་ཁཱ་བཀོད།།

བྱེས་འབྱོར་སྤུན་ཟླ་ཀླུང་བཞིའི་རྡུལ་ལ་ཚེ་སྲོག་གཉིས་པའི་ལེགས་སྐྱེས་སྟེར།། རྒྱལ་བསྟན་ཆབ་སྲིད་སླར་གསོའི་ཐབས་ལམ་མི་ཤིགས་བྲག་རི་དགུང་ལ་བརྩེགས།། ཕ་རོལ་དམར་པོའི་མེ་དཔུང་འབར་བའི་ཆུ་མིག་བརྒྱ་རྩའི་དམག་གི་སྡེའི།། གྲགས་དཀར་སྙན་པའི་རྦ་རླབས་ཟེགས་མ་ཕྱོགས་མེད་འཛམ་གླིང་ཁྱོན་ཀུན་འཐོར།།

འོན་ཀྱང་ལོག་སྨོན་རུ་ཏྲ་ནག་པོའི་ཆོ་འཕྲུལ་རླུང་ནག་འཚུབས་མའི་གསེབ།། མུན་ཁྲོད་དུག་གི་མཚོན་ཆ་རྣོན་པོས་ཕུ་ནུའི་སྙིང་ལ་རྨ་ཁ་འབྱིན།། ཕོ་བླླ་བཙོངས་པའི་ཤོག་འཆལ་འགའ་ཞིག་གཏད་སོ་མེད་པར་མཁའ་ལ་ཁྱེར།། དགྲ་དཀྲུགས་གཉེན་སྡང་སྤྲེལ་རྒན་མང་པོས་གདོད་མའི་མི་ལ་ཅོ་འདྲི་བྱེད།།

སྤྲེལ་ཚའི་རིགས་ཀྱི་མཐུན་ལམ་ཚེ་སྲོག་ཆག་གྲུམ་ཤོར་བའི་ཉིན་མོ་དེར།། རུས་ཀྱི་སྙིང་ཁྲག་སྙིང་ལ་ཞུགས་པའི་འཕགས་ཡུལ་རྒྱལ་སའི་ལྟེ་བ་ནས།། མཐིང་མདོག་རྨི་ལམ་རྒྱང་རིང་བསྐྲད་པའི་ཕོ་རྒོད་དཔའ་བོ་ཁྱུ་གཅིག་གིས།། སྔོན་གཤེགས་དཔའ་བོའི་མཛད་རྗེས་གསལ་བྱེད་ཉི་ཟླའི་སྒྲོན་མེ་དགུང་ལ་བཏེགས།།

སྔོན་གཤེགས་འདས་པའི་དཔའ་བོ་རྣམ་པའི་ཚེ་སྲོག་མཁའ་ལ་ཐིམ་ན་ཡང༌།། གངས་ཅན་བསྟན་སྲིད་སླར་གསོའི་མཛད་རྗེས་ཏི་སེ་གངས་རི་ལས་མཐོ་ཞིང༌།། སྙན་གྲགས་རླབས་ཀྱི་འཕྲེང་བའི་བང་རིམ་ཞི་བདེའི་རྒྱ་མཚོ་ལས་ཟབ་པའི།། གཟི་བརྗིད་འོད་སྟོང་ཕྱོཊ་བརྒྱར་འབར་བའི་ལོ་རྒྱུས་ཉི་མས་མཁའ་མཐར་མཛེས།། ས་ཆེན་འདི་ཉིད་ཤོག་གུར་བསྒྱུར་ཏེ་རྒྱ་མཚོ་ཡོད་ཚད་སྣག་ཚར་བྱས།། ནགས་ཀླུང་ཀུན་གྱིས་སྨྱུ་གུར་བྱས་ནས་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ།། སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས་ཕྱུངས་དབྱངས་རྟ་དགུ་སྒྲིལ་སྙན་ཚིག་གིས།། བྲག་རི་མཐའ་དག་གླེགས་བམ་བསྒྱུར་ཀྱང་བསྟོད་པའི་བརྗོད་གཞི་རྫོཊ་མཐའ་བྲལ།། ༡༩༩༧ ་༦ ༡༦ ཉིན་བྲིས། ༼དྲང་བདེན་༽ ཐོག་བཀོད།


གསང་བ་ཡེ་ཤེས་མཁའ་འགྲོ།

དག་པ་མཁའ་སྤྱོད་ཀྱི་ཞིང་ནས།། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ།། བརྒྱད་གཉིས་མཛེས་རྫོགས་ཀྱི་ལང་ཚོས།། ཟུང་འཇུག་དགའ་བཞི་ཞིག་སྩོལ་སྐད།།

སྒྲིབ་བྲལ་རྗེན་གཅེར་གྱི་མཛེས་སྐུ།། ཉམས་བརྒྱའི་སྒེག་འཛུམ་གྱི་རྟ་བྲོས།། ཡར་གིན་འོག་མིན་གྱི་ཞིང་ཁམས།། འཁྲིད་པའི་ས་མཁན་ཞིག་མཛད་སྐད།།

མཆོག་གི་མཛེས་ལྡན་གྱི་དབང་མོའི།། གློག་ལྟར་མཉེན་ལྕུག་གི་གར་གྱིས།། ཨེ་ཝཾ་ལྷན་སྐྱེས་ཀྱི་དགའ་སྟོན།། ལས་འཕྲོའི་སྣོད་ལྡན་ལ་སྩོལ་སྐད།། འདབ་བརྒྱད་ཙིཏ་ྟ་ལ་གནས་པའི།། ཀ་དག་སྤྲོས་བྲལ་གྱི་དགའ་མས།། འོད་ལྔའི་རྩེ་འཇོ་ལ་རོལ་བའི།། ཟུང་འཇུག་ལྟད་མོ་ཞིག་སྟོན་སྐད།།

གསང་ཆེན་མྱུར་ལམ་ལ་བརྒྱུད་ནས།། བདེ་ཆེན་དག་ཞིང་ལ་འདོད་ན།། མཚན་ལྡན་བླླ་མ་ཡི་དྲུང་ནས།། དབང་བཞིའི་བརྡ་ཐབས་ཤིག་དགོས་སྐད།།

སྙིགས་དུས་ཚེ་གཅིག་གི་རྟེན་ལ།། ཟུང་འཇུག་ཁ་སྦྱོར་གྱི་རྒྱལ་སར།། བགྲོད་པའི་འཇུག་ངོགས་ཀྱི་ཉེ་ལམ།། བླླ་མེད་རྒྱུད་སྡེ་རང་ཡིན་སྐད།།

དྲན་ཤེས་བག་ཡོད་ཀྱི་ཀྱོ་བས།། དབང་དུས་ཁས་བླླངས་ཀྱི་དམ་ཚིག། མིག་གི་འབྲས་བུ་ལྟར་སྲུང་ན།། དངོས་གྲུབ་རྩ་བ་དེ་ཚུགས་སྐད།།

མ་དག་སྐྱེ་ཤི་དང་བར་དོ།། དག་པའི་སྐུ་གསུམ་དུ་སྦྱོང་པའི།། བསྙེན་སྒྲུབ་གསེར་འགྱུར་གྱི་མན་ངག༌། རྩེ་གཅིག་སྒྲུབ་པ་ཞིག་དགོས་སྐད།། སྨིན་བྱེད་བསྐྱེད་རིམ་གྱི་མཐུ་ལས།། ཐ་མལ་སྣང་ཞེན་ཀུན་འཇོམས་ནས།། གང་སྣང་ལྷ་སྐུ་རུ་འཆར་ན།། རྣམ་བཞིའི་འཕྲིན་ལས་དེ་འགྲུབ་སྐད།།

ཕྲ་རགས་རྣལ་འབྱོར་གྱི་ལམ་ནས།། ཐུན་མོང་གྲུབ་པ་བརྒྱད་ཐོབ་རྗེས།། ཐུན་བཞིའི་རྣལ་འབྱོར་གྱི་ཀྱོ་བས།། རྫོགས་རིམ་རྟོགས་པ་དེ་འདྲེན་སྐད།།

སྙིང་གི་རྩ་མདུད་ཀྱི་དཔལ་བེའུ།། རླུང་སྔགས་རྡོ་རྗེ་ཡིས་བཀྲོལ་ན།། རོ་རྐྱང་རྩ་འདབ་ཀྱི་རྒྱུ་བ།། རྩོལ་མེད་ལྷུག་པ་རུ་གྲོལ་སྐད།།

འདབ་བརྒྱད་སྙིང་ཐིག་གི་དབུས་ན།། ཨེ་ཝྃ་ལྷན་སྐྱེས་ལ་རོལ་བའི།། དྷུ་ཏིའི་དམིགས་པ་ལ་གཏད་ན།། སྐུ་གསུམ་ལག་མཐིལ་དུ་ཡོད་སྐད།།

གཟུང་འཛིན་སྒྲིབ་བྲལ་གྱི་དབུ་མ།། དཔེ་དོན་འོད་གསལ་ལས་བྱུང་བའི།། སྐུ་ལྔའི་བདག་ཉིད་དེ་འདོད་ན།། དཀའ་ཐུབ་བརྩོན་པ་ཞིག་དགོས་སྐད།། རིགས་བརྒྱའི་ཁྱབ་བདག་གི་མགོན་པོའི།། མི་སློབ་ཟུང་འཇུག་གི་ཕྱག་རྒྱ།། ཡུན་ཐུང་ཚེ་གཅིག་ལ་འདོད་ན།། བླླ་མེད་ཐེག་པ་རང་དགོས་སྐད།།

དབང་ཕྱུག་བརྒྱད་ལྡན་ལས་དཀོན་པའི།། མྱུར་ལམ་བླླ་མེད་ཀྱི་ཐེག་པ།། ལན་ཅིག་མཇལ་དུས་ཀྱི་སྐལ་བཟང༌།། དོན་ལྡན་ཉམས་ལེན་ཞིག་དགོས་སྐད།།

སྒོམ་པ་སྟོང་གཟུགས་ཀྱི་ལྷ་སྐུ།། སེམས་ཉིད་རྗེན་འཆར་དུ་རེ་ཡང༌།། ལས་རླུང་བྱང་ལྟོས་ཀྱི་ཕུག་པར།། ཉམས་རྟོགས་ཉི་འོད་ཀྱིས་མ་རེག།

ད་ནངས་མཚམས་སྒོ་ནས་ལངས་ཏེ།། རི་གསུམ་འདུས་མདོ་ལ་ཉུལ་བས།། ཞིང་སྔགས་ཕོ་ཉ་དང་འདྲ་བའི།། ཆུ་ལེན་ན་ཆུང་ཞིག་མཇལ་བྱུང༌།།

ཞོགས་པའི་ཉི་རྡུལ་ལ་འཐུང་བའི།། དྭངས་གཙང་མཚེའུ་ཡི་འགྲམ་ནས།། དུང་ཟླ་མཚོ་འགྲམ་ནས་འཛུམ་པའི།། སྣང་བ་རྗེན་པ་ཞིག་སྟེར་བྱུང༌།། སྨིན་འཁྱོག་ཟུར་མིག་གི་ལྐོག་མདའ།། དམར་ཆུང་སེམས་ངོགས་སུ་ཟུག་པས།། གསོ་བྱེད་སྨན་པ་ཞིག་བཙལ་ཀྱང༌།། ཕན་པའི་སྨན་ཐུན་ཞིག་མ་རྙེད།།

དེ་རིང་མི་ཚོགས་ཀྱི་ཁྲོད་ནས།། གཟུར་མེད་གདོང་ཁ་ལ་ཐེབས་སོང༌།། བརྩེ་དུང་ཁོག་པ་ནས་འཕྱུར་ཡང༌།། སྙིང་གཏམ་ངག་སྒོ་ནས་མ་ཐོན།།

སྲོད་དུས་སྨག་རུམ་གྱི་མཚན་ལྗོངས།། བེམ་གཟུགས་རྫ་ཁང་དུ་སྡོད་ཀྱང༌།། སེམས་པ་ཁོ་མོ་ལ་ཤོར་ནས།། གཉིད་ཀྱི་ལྟད་མོ་ལ་ཆས་སོང༌།།

ཟིན་མེད་འཇའ་རིས་ཀྱི་ཐག་པ།། ཐོགས་མེད་ནམ་མཁའ་ནས་འཕྱང་བྱུང༌།། མཐིང་མདོག་རྨི་ལམ་གྱི་ནང་ནས།། བདེ་ཆེན་ཞིང་ཁམས་ལ་སླེབས་སོང༌།།

ཟག་མེད་བདེ་ཆེན་གྱི་ཞིང་ནས།། སྙིང་སྡུག་ཌཱ་ཀི་ནི་མཇལ་ནས།། སྙིང་གཏམ་ཚིག་རྐང་གསུམ་ཞུས་པས།། གཅིག་སེམས་གཅིག་ཉིད་ལ་ཐིམ་སོང༌།། འདོད་པའི་སྒྱུ་རྩལ་ལ་མཁས་པའི།། ཞིང་སྔགས་ལྷན་སྐྱེས་ཀྱི་ཕོ་ཉས།། རྡོ་རྗེའི་གར་སྟབས་ལ་རྩེན་འདྲའི།། སྒྱུ་མའི་མཛེས་སྡུག་ཅིག་ངོམས་སོང༌།།

གཟུང་འཛིན་སྒྲིབ་གཡོགས་དང་བྲལ་བའི།། རྗེན་པའི་སྟོང་གཟུགས་ཀྱི་ནུ་འབུར།། ཟུང་འཇུག་དགའ་བཞི་ལ་སྐུལ་བའི།། དབང་བཞིའི་བརྡ་རྟགས་དང་འདྲ་བྱུང༌།།

བདེན་གཉིས་རོ་གཅིག་ཏུ་འདྲེས་པའི།། ཟུར་གསུམ་ཉིས་རྩེགས་ཀྱི་ཆོས་འབྱུང༌།། དམར་སྐྱའི་དགའ་འཁྱིལ་གྱི་གཡོན་སྐོར།། འདབ་བརྒྱད་ཀེ་ས་ར་རྒྱས་འདུག།

སྐྱེ་ཤི་བར་དོ་ཡི་འཁོར་བ།། སྐུ་གསུམ་ལམ་འབྲས་ལ་བསྒྱུར་བའི།། ཟུང་འཇུག་གོ་འཕང་གི་ཉེ་ལམ།། བླླ་མེད་ཟབ་གསང་གི་རྒྱུད་སྡེ།།

སྒྱུ་ལུས་ཟག་མེད་ལ་སྒྱུར་ཐབས།། སད་རྨིས་གཉིད་གསུམ་ལ་སྦྱངས་པས།། རྨི་ལམ་ལོངས་སྐུ་ཡི་ཞིང་ནས།། ཌཱ་ཀིའི་སྣང་བརྙན་ལ་འཁྱུད་སོང༌།། སྲབ་འཇམ་མཆུ་འདབ་ནས་བབས་པའི།། བདུད་རྩིའི་འགྲམ་ཆང་ལ་རོལ་བཞིན།། སྒྱུ་ལུས་བདེ་དྲོད་ལ་སྦྱར་བས།། ཟུང་འཇུག་བདེ་བ་དེ་སྟེར་བྱུང༌།།

སྤྲོས་མེད་རང་སྣང་གི་དབྱིངས་ནས།། འཛིན་མེད་རང་སེམས་ཀྱི་མཁའ་འགྲོ།། སྒྲིབ་མེད་རང་རིག་གི་གར་སྟབས།། གཉིས་མེད་རང་ངོ་རུ་འཕྲོད་བྱུང༌།།

སྤྱི་ལོ་༩༧ བོད་ཟླ་༡༠ ཚེས་༢༥ ལ་རྨི་ལམ་ཞིག་གིས་རྐྱེན་བྱས་ཏེ་བདེ་ཆེན་ཉེ་ལམ་གྱི་བླླ་མའི་རྣལ་འབྱོར་སྔོན་དུ་བཏང་ནས་ཁ་ཐུག་སུག་རིས་སུ་སྤེལ།། ༩༩ ལོར་༼རྩམ་པ་༽དུས་དེབ་ཐོག་བཀོད།།



འཆར་སྒོ་ཐོལ་བྱུང་མ།


དགྲ་ལ་འཛུམ་པའི་སོ་དཀར་བསྟན་པ་དང༌།། གཉེན་ལ་ངོ་ནག་གཉེར་མ་སྡུད་པའི་གདོང༌།། འདི་ནི་ཐ་ཤལ་སྐྱེ་བོའི་རང་གཤིས་ཏེ།། དམ་པ་རྣམས་ཀྱིས་དུག་བཞིན་སྤང་པའི་གནས།།

དྲིན་ཅན་ལག་པ་རྡོ་རྡུང་བྱེད་པ་དང༌།། མི་ངན་སྐྱེ་བོའི་འཕོངས་ཚོས་བལྡག་པ་གཉིས།། མི་ལུས་ཁྱི་ལས་ལོད་པའི་རྣམ་ཐར་ཕྱིར།། འཇིག་རྟེན་ཡ་རབས་སྐྱེ་བོའི་སྤང་བྱ་ཉིད།།

བཟང་ལན་ངན་གྱིས་འཇལ་བའི་ཆོ་ག་དང༌།། ཇ་ལན་གཅིན་པས་བསབ་པའི་མགྲོན་སྟོན་གཉིས།། འཇིག་རྟེན་མ་རབས་སྐྱེ་བོའི་རང་བཞིན་ཏེ།། སྲོག་ལ་བབ་ཀྱང་འབད་པས་སྲུང་བར་གྱིས།།

ཕ་མ་བཙོན་དུ་འཇུག་པའི་དྲིན་ལན་དང༌།། འབངས་སྡེ་མུ་གེས་མནར་བའི་ཆབ་སྲིད་མཁན།། དམ་པའི་ཆོས་དང་འཇིག་རྟེན་གཉིས་ཀ་ལ།། འགལ་བ་ཡིན་ཞེས་སྐྱེས་བུ་དམ་པས་གསུངས།།

རང་མཐོང་འུད་ཀྱིས་ནམ་མཁར་ལྡིང་བ་དང༌།། གཞན་ཕྱོགས་ཁྱད་བསད་གོམས་པའི་མཆིལ་ཞགས་གཉིས།། བསམ་མེད་སྨྱོན་པའི་ཁྲོད་དུ་མཛེས་ན་ཡང༌།། དཔྱོད་ལྡན་མཁས་པའི་ངོ་ཚ་བྱེད་པའི་གནས།།




དུང་པའི་མཚམས་འཕྲིན། སློབ་མ་ྔ་ཁ སྨན་ཁང་དུ་སྡོད་པ་ལ་ཕུལ་བ།

སྣ་ལྔའི་འཇའ་ཚོན་དང་འགྲོགས་པའི།། སྤྲིན་བྲལ་ཟླ་གཞོན་ལྟར་མཛེས་པའི།། སྒྲ་ལྡན་མཚོ་བྱུང་གི་ལྷ་མོ།། ཞབས་སེན་སྤྱི་བོ་ལ་བཀོད་ནས།། ལང་ཚོའི་པད་དཀར་གྱི་འདབ་མ།། གཞན་དབང་ལས་རླུང་གིས་དེད་པའི། བཞིན་བཟང་སློབ་མ་དེའི་སྙན་ལ།། འཚམ་འདྲིའི་ཞུ་འཕྲིན་ཞིག་ཕུལ་འདོད།། བརྩོན་པའི་གོམ་འགྲོས་ཀྱི་རླུང་ཤུགས།། ཤེས་བྱའི་བྱང་ཐང་ལ་ཉུལ་བའི།། འགྲོས་ལྡན་ལྕང་ཤེས་ཀྱི་རྟ་ཕོ།། རིག་པའི་ཚེར་སྐད་ལ་སྐད་ལ་རོལ་དུས།། ལས་རླུང་སྤྲིན་ནག་གི་འདབས་མ།། མུན་པའི་བསླུ་དྲིད་ལ་བསྐྱེལ་བའི།། སྐྱེས་སྦྱོང་བང་རྩལ་གྱི་ཁ་ལོ།། ནད་འབུའི་ཚད་བཀག་རང་བྱས་སྐད།། ཁྱོད་རང་བརྟག་དཔྱད་ལ་ཕེབས་པའི།། འཁྱར་འཁྱོར་རྐང་རྗེས་ཀྱི་རི་མོ།། གཞིས་གྲོང་གསུམ་པ་ལ་འཐེན་དུས།། སེམས་ཁམས་སྤྲིན་ནག་གིས་བསྟིམས་སོང༌།། དུང་སེམས་མེ་སྤུངས་ཀྱི་རེག་པས།། དོན་ལྔ་སྣོད་དྲུག་ཀུན་འཚིགས་ཀྱང༌།། གཞན་དབང་སླུ་དྲིད་ཀྱི་ཞགས་པས།། གློད་པའི་གོ་སྐབས་ཤིག་མ་ཐོབ།། དེ་རིང་སློབགྲྭ་ལ་སོང་ཡང༌།། རྣམ་ཤེས་སྨན་ཁང་ལ་ཤོར་སོང༌།། སེམས་མེད་བེམ་གཟུགས་ཀྱི་ལུས་འདིས།། གཞན་ལ་ཕན་ཐབས་ཤིག་མི་འདུག། དཔྱིད་གསུམ་སྤང་ཁ་ནས་བཞད་པའི།། གཞོན་ལུས་མེ་ཏོག་གི་འདབ་མ།། དུས་མིན་ཐན་པ་ཡིས་བཅོམ་འདི།། འདུས་བྱས་འཇའ་ཚོན་གྱི་རི་མོ།། རྟག་བརྟན་ཐེར་ཐུག་གཅིག་མིན་པས།། སྐྱེ་འཇིག་ཟློས་གར་ལ་རྩེན་ཀྱང༌།། གར་མཁན་ནད་འབུ་དེ་སྐྱོ་བ།། རྒྱ་བོད་དབྱིན་གསུམ་གྱི་སྐད་ཡིག། སློབ་པའིར་བ་དེ་བཞག་སྟེ།། ནད་འབུའི་དབང་བསྒྱུར་གྱི་་འོག་ནས།། སྨན་ཁང་བསྟེན་དགོས་དེ་སྐྱོ་བ།། ལྷོད་མེད་བརྩེ་དུང་གི་གཏོད་སོ།། ནམ་མཁའི་འཇའ་རིས་ལྟར་ཡལ་སོང༌།། ལས་དབང་རྨི་ལམ་གྱི་མུན་ཁྲོད།། སྒྱུ་མའི་ཆོ་འཕྲུལ་འདི་སྐྱོ་བ།། ཟོ་བཟང་ཚུལ་ལྡན་གྱི་བུ་ཁྱོད།། ཐུགས་སེམས་ཕམ་དགོས་རང་མི་འདུག། བརྩེ་མེད་ནད་འབུ་ཡི་དཔུང་ཚོགས།། རིང་མིན་ཐལ་བ་བཞིན་བརླག་ངེས།། བཀྲ་ཤིས་ཡར་ངོ་ཡི་ཟླ་བ།། ནམ་མཁའི་སྤྲིན་གསེབ་ནས་འཛུམ་དུས།། སྒྲ་གཅན་ཁ་ནང་ནས་ཐར་བའི།། དུང་ཟླ་སློབ་གྲྭ་ལ་འཆར་ངེས།། རེས་གཟའ་ཟླ་བ་ཡི་དགུང་མོར།། འཚམས་འདྲི་ཡོང་སྙིང་རང་བྲོ་ཡང༌།། གདོས་བཅས་ཁང་བཟང་གི་ཐག་པས།། དབང་མེད་དུས་ཚོད་ཀུན་བཅིངས་སོང༌།། དགེ་སློབ་བརྩེ་དུང་གི་དར་ཐག། ནམ་ཡང་གློད་ཐབས་རང་མི་འདུག། ཉམ་ཆུང་འཇིགས་མེད་ཀྱི་འཕྲིན་འདི།། སྐྱོ་བའི་མིག་ཆུ་དང་བསྲེས་ཡོད།། སྐུ་གཟུགས་འཕྲོད་བསྟེན་དང་མཉམ་དུ།། ཐུགས་སེམས་བདེ་བོ་རང་གནང་དང༌།། འབྱུང་འགྱུར་ནད་གཞི་ཡི་སྨུག་སྤྲིན།། གཏད་སོ་རང་ས་རུ་ཞི་ངེས།།




ཁོར་ཡུག་སྲུང་སྐྱོབ་ཀྱི་དགེ་མཚན་གླེང་པ་ལྷག་ བསམ་དུང་གི་སྒྲ་དབྱངས།

སྒྲོ་གདུགས་རྩེན་པའི་རྨ་བྱ་དང་ནི་ཡིད་འོང་ངང་མོའི་རོལ་རྩེད་ཀྱིས།། ཤིས་པ་སྒྲུབ་པའི་ས་ར་སྭ་སྟིའི་རླབས་ཕྲེང་ཕྱུར་བའི་མཚོ་འགྲམ་ན།། རིག་བྱེད་སྙན་པའི་གདངས་ཀྱི་འགྱུར་ཁུག་བཻཌཱུའི་རྒྱུད་མངས་ལ་རྩེན་པའི།། ཚངས་སྲས་མ་ཁྱོད་དེ་རིང་བདག་ལ་སྙན་འགྱུར་སྨྲ་བའི་ཤིས་པ་སྒྲུབས།།

འཇིག་རྟེན་ཆགས་པའི་ཁོར་ཡུག་ཅེས་བྱ་ཕྱི་ཡི་འབྱུང་བཞིའི་ཆ་ལག་དང༌།། ནང་གི་ཁམས་དྲུག་འདུས་པའི་སྲོག་ལྡན་རིས་མེད་འགྲོ་བ་མཐའ་དག་སྟེ།། འདི་ཀོ་ཚོགས་པའི་རྟེན་འབྱུང་རང་གཤིས་འཇིག་རྟེན་འཁོར་བའི་སྣོད་བཅུད་ཁྱོན།། ཕུན་ཚོགས་ཤིས་པའི་དགེ་མཚན་བསྐྲུན་ན་ཁོར་ཡུག་སྲུང་སྐྱོབ་འདི་ཉིད་གལ།།

དེ་སླད་རྣམ་དག་དམ་པའི་ཆོས་དང་ཁམས་གསུམ་འཁོར་བའི་འཇིག་རྟེན་ཟུང༌།། གང་ལ་བལྟས་ཀྱང་ནད་བརྒྱ་སྨན་གཅིག་ཁོར་ཡུག་གཙང་མའི་དགེ་མཚན་ནི།། ནམ་མཁའི་མཐའ་དང་རྒྱ་མཚོའི་གཏིང་ལྟར་བྱིས་པ་བདག་འདྲས་བརྗོད་ནུས་མིན།། དེ་ལྟ་ན་ཡང་རང་གི་ནུས་པས་གང་ཤེས་སྦྱར་བར་སུ་ཡིས་བཤུང༌།།

མི་གནས་མྱང་འདས་དབྱིངས་སུ་བགྲོད་པའི་སྦྱོར་བའི་ཆོས་ཀྱི་དང་པོ་རུ།། ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཚུལ་འདི་ཐར་པའི་སྲོག་རྩ་བསྐྲུན་པའི་སླད།། ཉམས་དགའི་དབེན་གནས་ཕན་ཡོན་ལྔ་ལྡན་གནས་ཁང་བྱི་དོར་བྱེད་དགོས་ཞེས།། ཐུབ་པའི་སྡེ་སྣོད་ཀུན་གྱི་ཕྱི་མོ་དམ་ཆོས་འདུལ་བའི་གཞུང་དུ་གསུངས།། བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ།། བྱང་ཆུབ་ལྗོན་པའི་ཤིང་གི་དྲུང་དུ་མངོན་སངས་རྒྱས་པའི་ཚུལ་སྟོན་པའང༌།། སྟོང་དང་རྟེན་འབྱུང་ལྟ་བའི་རྣམ་བཞག་སྒོམ་པར་འདོད་པའི་གདུལ་བྱ་ཚོར།། ཁོར་ཡུག་གཙང་མའི་གནས་ལ་བསྟེན་ཅེས་མི་སྨྲའི་གསུང་གི་གདམས་ཚིག་གཅིག།

འོག་མིན་བདེ་ཆེན་དག་པའི་ཞིང་དང་སུམ་རྩེན་ལྷ་ཡི་ཞིངཁམས་ན།། བཀོད་ལེགས་དབྱིབས་མཛེས་ལྟ་ན་སྡུག་པའི་རི་ཀླུང་ལྗོན་པའི་ནགས་ཚལ་དང༌།། བྱ་དང་རི་དྭགས་བག་ཕེབས་རྒྱུ་བའི་ངོ་མཚར་དགའ་སྟོན་རོལ་བའི་གཏེར།། ཅི་བདེར་སྤྱོད་པ་ཁོར་ཡུག་གཙང་མའི་དགེ་མཚན་ཉིད་ལས་བྱུང་བ་ལགས།།

སྔོན་བྱོན་འཕགས་ཡུལ་དྲང་སྲོང་ཆེན་པོ་རྒྱས་པ་དང་ནི་གྲོག་མཁར་དང༌།། གངས་ཅན་བོད་ཀྱི་རིགས་སུ་འཆང་བའི་ཁུ་རྔོག་འབྲོམ་ལ་སོགས་པས་ཀྱང༌།། དབེན་པའི་ནགས་སུ་བསམ་གཏན་སྒྲུབ་ན་ཁོར་ཡུག་གཙང་མ་དགོས་སོ་ཞེས།། མགྲིན་པའི་རོལ་དབྱངས་མཉམ་དུ་སྡེབ་པའི་ལེཊ་བཤད་གཏམ་གྱི་གླེཊ་བམ་མང༌།།

རོ་དྲུག་འདུས་པའི་ཟས་ཀྱི་བཅུད་དང་སྲབ་འཇམ་གོས་བཟང་ཐོན་པའི་ཁུངས།། ལ་ྟན་མིག་ལ་དང་བ་འདྲེན་ཞིང་སྡོད་ན་གྲིབ་བསིལ་སྣུམ་པོ་སྦྱིན།། རིགས་་དང་རྣམ་གྲངསབགྲང་མཐའ་མེད་པའི་གཡུ་ལོ་ལྗོན་པའི་ནགས་ཀླུང་ནི།། སྲོག་ལས་གཅེས་པས་འདེབས་འཛུཊ་གནང་བ་ཁོར་ཡུག་གཙང་མའི་སྲོག་རྩ་ཉིད།།

རྣམ་བཀྲ་འཇའ་ཡི་སྒྲོ་གཤོག་མཉེན་ཞིང་སྙན་འཇེབས་མགྲིན་པའི་རྫ་རྔ་ཅན།། ཡིད་འོང་རྣམ་གྲངས་བགྲང་ལས་འདས་པའི་བྱ་དང་བྱེའུའི་རྩེ་དགའི་རྟེན།། དངུལ་དཀར་ཀྱོ་བའི་མཆེ་སྡེར་རབ་འབར་འཇིགས་རུང་སྟག་གཟིག་དོམ་དྲེད་དང༌།། རྩྭ་གཟན་ཉམ་ཆུང་རི་དྭགས་ཀུན་ཀྱང་ཁོར་ཡུག་གཙང་མའི་ནགས་ཀླུང་སྟེན།། འགྲོ་བ་མི་ཡི་སྲོག་གི་རྟ་ཕོ་མཁའ་རླུང་གཙང་མའི་འགྲོ་འོང་དང༌།། རྣམ་ཤེས་མགྲོན་པོས་མ་བཏང་བར་དུ་གང་ལ་སྡོད་པའི་ས་གཞི་ནི།། མི་གཙང་དྲི་མས་སྦགས་བཙོག་མི་བྱེད་འབྲོང་རྒོད་དར་མའི་རྔ་རྩི་བཞིན།། འཇིག་རྟེན་ཟླུམ་པོའི་ཁོར་ཡུག་འདི་ཉིད་སྲུང་སྐྱོབ་བྱེད་པ་ཤིན་ཏུ་གལ།།

འཛམ་གླིང་མཛེས་རྒྱན་ཐོགས་མེད་ཞབས་ཀྱིས་མི་ལོ་ཧྲིལ་པོ་བཅུ་གཉིས་ལ།། བྱམས་མགོན་སྒྲུབ་པའི་ངལ་བ་བསྟེན་ཀྱང་ནང་གི་ཁོར་ཡུག་བྱམས་བརྩེ་དང༌།། ཕྱི་ཡི་གཙང་སྦྲ་ཞན་པའི་དབང་གིས་མཆིལ་སྣབས་གང་བྱུང་གཡུགས་པ་ལས།། མི་ཕམ་མཇལ་བ་རིང་དུ་འགྱངས་ཞེས་སྔོན་བྱོན་མཁས་པའི་གསུང་ལས་བྱུང༌།།

དམར་ནག་མེ་ལྕེ་འབར་བའི་ཀློང་ན་མི་གཙང་རྫས་ངན་བསྲེགས་པ་ལས།། ཁམ་ནག་དུ་སྤྲིན་འཁྲིགས་པའི་ཞགས་ནག་ནམ་ཁའི་དབྱིངས་སུ་བརྐྱངས་བྱས་ཏེ།། མཁའ་དབུཊ་གཙང་མའི་སྲོག་རྩ་འཕྲོག་བྱེད་ནད་རིམས་དུག་གི་དྲག་ཆར་གྱིས།། འགྲོ་བའི་སྲོག་རྩ་འབྱིན་པར་བྱེད་འདི་ཁོར་ཡུག་སྲུང་སྐྱོབ་མེད་པའི་སྐྱོན།།

སྒང་གཤོང་མངོན་ལྐོག་ས་མཚམས་མེད་པར་གཅིན་དང་རྟུག་པའི་ཚོམ་བུ་བཀྲ།། བརྣག་ཁྲག་སྐྱུཊ་ཞག་མཆིལ་སྣབས་ལ་སོགས་མི་གཙང་གད་སྙིཊ་གང་སར་བསྐྱུར།། རོ་མྱག་འདམ་དང་དྲི་ངན་སྦགས་པའི་ལྗན་ལྗིན་དག་ནི་གང་སར་འཁྱིལ།། འགྲོ་བའི་སྲོག་ལ་གཟན་པའི་འཕྲུལ་འདི་ཁོར་ཡག་སྲུང་སྐྱོབ་མེད་པའི་སྐྱོན།།

སྨན་དང་ཤིང་གི་ནགས་ཀླུང་ཕལ་ཆེར་སྔགས་པའི་རལ་པ་བཞིན་དུ་བྲེགས།། ས་འོག་གནས་པའི་གཏེར་རྫས་མཐའ་དག་ཕྱི་ས་ཁུངས་བུ་ཇི་བཞིན་བྲུས།། སྲོག་ལ་གཟན་པའི་དུག་རྫས་མང་པོ་དམྱལ་བའི་ཁྲོ་ལྕགས་ཇི་བཞིན་བཞུ།། འཇིག་རྟེན་ཆག་འཇིག་གནས་ལ་སྐྱེལ་འདི་ཁོར་ཡུག་སྲུང་སྐྱོབ་མེད་པའི་སྐྱོན།། སྔོན་བྱོན་དམ་པའི་གསུང་གི་དྲིན་གྱིས་ཁོར་ཡུག་ལྷ་ཡུལ་ལྟར་མཛེས་མོད།། ད་ནི་གླིང་ལྔ་ཟླུམ་པོའི་ཁྱོན་འདི་གད་སྙིགས་བསགས་པའི་འཇིག་རྟེན་དང༌། རིང་མིན་ནད་མཚོན་མུ་གེའི་བསྐལ་བས་འཛམ་གླིང་དུར་ཁྲོད་འགྱུར་ཉེན་པས།། མགོ་ནག་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་བག་ཡོད་བྱེད་པའི་དུས་ལ་བབས།།

དེ་ལྟར་སྣོད་བཅུད་འཇིག་རྟེན་འཁོར་བ་ཡུན་རིང་གནས་དང་མི་གནས་ཀྱི།། བླླངས་དོར་ལེགས་ཉེས་་གང་ལ་ཐུག་པ་ཁོར་་ཡུག་སྲུང་སྐྱོབ་ལས་བརྩོམས་པའི།། རྗོད་བྱེད་གཏམ་གྱི་ཕྲེང་བ་རིང་པོ་སྙན་ཚིག་གསེར་གྱི་ཕྲ་ཚོམས་ཅན།། ཁོ་བོའི་སོར་རྩེ་འདབ་མའི་འཕྲུལ་གྱིས་འཁྱག་འཁྱོག་ཡི་གེའི་རིས་སུ་སྤེལ།།

འཇིག་རྟེན་མགོན་པོའི་ཁྲི་ཡི་མདུན་སར་མ་ཎིའི་འགྲེལ་བཤད་བྱེད་པ་དང༌།། གངྒཱ་མཛའ་མོ་འཕྱོ་བའི་འགྲམ་ན་བ་ཚྭའི་ཁྲོན་པ་བརྐོ་བ་ལྟར།། མཁས་པའི་མདུན་སར་བླླུན་པོའི་འཆལ་གཏམ་དགོས་མེད་ངག་ཏུ་གྱུར་སོང་ན།། སྙིང་ནས་འཆགས་སོ་ལེགས་ཆ་མཆིས་ཚེ་གཙུག་ལག་རྒྱ་མཚོའི་རྟེན་དུ་འབུལ།།







གབ་ཚིག


ཀུན་གྱི་རྐང་པའི་འོག་ཏུ་བརྫིས་བྱེད་ཀྱང༌།། ཀུན་ཀྱང་གནས་པའི་གཞི་རྟེན་ལྷུར་བླླངས་པ།། ཀུན་ཏུ་མི་ཤིགས་སྲ་ཞིང་མཁྲེགས་པ་ཡི།། ཀུན་བཟོད་མིང་གིས་བསྙད་པའི་བུ་མོ་གང༌།།

གྲང་ན་སྲ་མཁྲེགས་ལྕགས་ཀྱི་སྲོག་ཁམས་འཛིན།། ཚ་ན་རལ་པའི་ལན་བུ་མཁའ་ལ་བསྙེགས།། རྟག་ཏུ་བརླན་གཤེར་རང་བཞིན་མི་འདོར་བར།། ཉལ་ནས་འགྲོ་བའི་སྨིན་ལེགས་མ་དེ་གང༌།།

གནོད་སེམས་མེད་པར་དངོས་ཀུན་སྲེག་ཅིང་ཟ།། ཕན་སེམས་མེད་ཀྱང་དྲོད་ཀྱི་འདོད་པ་སྟེར།། ཟླུམ་གཟུགས་གོ་ལའི་ངོས་ཀྱི་སྣོད་བཅུད་ཁྱོན།། བརྟེན་པའི་རང་བྱུང་འབྱུང་བའི་དངོས་དེ་གང༌།།

གཟུགས་མེད་ཀུན་གསལ་དབྱིངས་དང་འཛིན་མའི་ཁྱོན།། རྐང་མེད་ཕྱོགས་རྣམས་ཀུན་ཏུ་དལ་གྱིས་རྒྱུ།། བརྟན་མེད་གཡོ་བའི་རང་གཤིས་མི་འདོར་བ།། སེམས་མེད་དྲི་ཡི་ཅང་ཤེས་དེ་གང་ལགས།། སྣང་བྱེད་ཉི་ཟླའི་རྣ་ཆ་རེས་ཀྱིས་འདོགས།། སྐབས་འགར་རྒྱུ་སྐར་ནོར་བུའི་དོ་ཤལ་འཕྱངས།། དཀར་ནག་སྤྲིན་གྱི་སྨད་གཡོག་ལྷབ་ལྷུབ་གཡོ།། བཻཌཱུ་བཞིན་བཟང་མཛེས་པའི་བུ་མོ་གང༌།།

མཚན་དུས་གཅིག་པུར་བགྲོད་པ་ལ་ཞེད་ནས།། རྒྱུ་སྐར་བྱེ་བའི་དབུས་ནས་འཛུམ་པའི་མོད།། ཆུ་གཏེར་དགའ་བའི་རླབས་ཀྱི་ཟེགས་མའི་ཆུ།། གྱེན་དུ་འཕྱུར་བའི་བྱེད་པོ་དེ་གང་ཞིག།

སྲོད་དུས་དབྱིག་འཛིན་དགའ་མའི་མཛེས་སྐུ་ལ།། དུས་རབས་གློག་གི་ཕྲེང་བས་བརྒྱན་པ་ན།། མ་བཟོད་སྔོ་བསངས་བུ་མོའི་རང་ལུས་ལ།། འོད་ལྡན་མུ་ཏིག་བྱེ་བས་བརྒྱན་པ་གང༌།།

མཐོན་པོའི་དཔོན་ཆེན་ཕེབས་ཀྱང་མི་སྒུར་ཞིང༌།། མཛེས་མའི་གྲུ་མོ་བསྙས་ཀྱང་མི་ཆགས་པར།། གདུང་ལྕམ་ཚོགས་པའི་ཁང་བཟང་གྲུ་བཞིའི་ནང༌།། རྟག་ཏུ་ལང་ནས་སྡོད་པའི་བུ་དེ་གང༌།།

གབ་ལན། ས་ཆུ་མེ་རླུང༌། ཉི་ཟླ་སྐར་གསུམ། ཀ་བ་བཅས་ཡིན། ༡༩༩༧།༧ ལ་བྲིས། ༡༩༩༩ ལོར་༼ནོར་ལྡེ་༽ཐོག་བཀོད།།



འཆར་སྣང༌།

ཡར་གིན་ཨ་སྔོན་གནམ་འདི་མཐོ་ཐག་རང་ཆད་དེ།། མར་གིན་དོག་མོའི་ས་ལ་རྡུང་རྡེག་དེ་གོམས་པས།། སྐྱིད་སྡུག་མི་མཉམ་འཇིག་རྟེན་འཁོར་བ་ཡི་ཚུལ་འདིར།། དཔོན་གཡོག་གོ་རིམ་བཙན་པོའི་འདུ་ཤེས་དེ་སྐྱོ་བ།།

རང་གི་འདོད་པའི་ལམ་ལ་དབུ་མ་རུ་སེམས་ཏེ།། གཞན་ལ་ཁྱད་གསོད་གོམས་པའི་ལུང་རིགས་ཀྱི་ཕྲེང་བ།། ཕྱོགས་ལྷུང་བླླུན་པོའི་བུ་ཡི་རྣ་བ་རུ་སྙན་ཡང༌།། གཟུར་གནས་མཁས་པས་བལྟས་ན་རང་མཚང་ལས་མི་འདུག།

ཆགས་བྲལ་ཁ་ནས་སྨྲས་པའི་ལེགས་བཤད་དེ་སྙན་ཡང༌།། སྲེད་པའི་གདོང་རིས་དམར་བའི་རང་མདངས་ཤིག་བསྟན་ཚེ།། ཁ་བཤད་དོན་ཐོག་མེད་པའི་རང་མཚང་དེ་མཐོང་ནས།། ཡིད་ཆེས་གཏད་སོ་འཕེར་བའི་གྲོགས་པོ་ཞིག་མ་རྙེད།།

ཚིག་སྤྱི་སྒྲོ་འདོགས་གཅོད་པའི་རྩོད་ངག་ལ་བྱང་ཡང༌།། གཞུང་དོན་འཁྲུལ་མེད་བཤད་དུས་དགུན་དུས་ཀྱི་ཁུ་བྱུག། ངེས་དོན་གཏན་ལ་འབེབས་པའི་མན་ངག་དེ་མེད་དུས།། ཐལ་སྐམ་རིགས་པའི་ལམ་ལ་ཡིད་ཐང་ཞིག་ཆད་སོང༌།།

རང་གི་སྐད་ཡིག་རིག་པ་རྒྱབ་ལོགས་སུ་བཞག་ནས།། གཞན་ལུགས་སྐད་ཡིག་འབད་པས་ཉིན་མཚན་ལ་བརྩོན་པའི།། ཕྱི་མཛེས་ནང་སྟོང་ཅན་གྱི་བོད་རིགས་ཀྱི་གཞོན་སྐྱེས།། མཐོང་ཚེ་ངུ་མ་དགོད་པའི་སྣང་བ་ཞིག་ཤར་བྱུང༌།།

༩༧ལོར་མོན་གྷོ་གཞིས་ལས་ཁང་དུ་བྲིས། ༢༠༠ ལོར་༼ནོར་ལྡེ་༽ ཐོག་བཀོད།




རྣམ་ཤེས། ༼ཕ་སའི་བཙོན་ཁང་ནས་འབྱོར་བའི་འཕྲིན་ཡིག་གཅིག་གི་སྡོམ་ཚིག༽

ལྷ་གཅིག་ཚངས་སྲས་ཀྱི་སྒེག་མོས།། བཻཌཱུའི་རྒྱུད་མངས་དེ་གཡོར་དང༌།། འཆི་ཁའི་རེ་གདུང་གི་གླུ་ཞིག། དེ་རིང་བཙོན་པ་ངས་ལེན་འདོད།།

གདུང་དབྱངས་ངུ་འབོད་ཀྱི་རྒྱང་གླུ།། འདི་ན་ཉན་མཁན་ཞིག་མེད་ཀྱང༌།། དེ་ན་གསན་མཁན་ཞིག་ཡོད་པས།། སྨྲེ་ངག་དབྱངས་རྟ་འདི་ཕུལ་འདོད།། ཡར་ཐོག་སྐལ་བཟང་གི་ཉིན་མོར།། གངས་རིའི་དབུ་རྩེ་ནས་འབུད་པའི།། གཡས་འཁྱིལ་དུང་དཀར་གྱི་སྒྲ་དབྱངས།། བཀྲ་ཤིས་སྤྲིན་གསེབ་ནས་ལྡིར་མྱོང༌།།

ཕ་སའི་རི་རྩེ་ནས་འཐུལ་བའི།། ལྷ་བསང་སྤྲིན་དཀར་གྱི་འདབ་མ།། ཨ་སྔོན་གནམ་མཐོངས་སུ་ལྡིང་དུས།། དགྲ་ལྷའི་དབུ་འཕངས་རང་མཐོ་སོང༌།།

མ་ཎིའི་དབྱངས་རྟ་ལ་བསྐྱོན་པའི།། ཡིད་ཆེས་གསོལ་འདེབས་ཀྱི་གདུང་དབྱངས།། མ་བཅོས་སེམས་ཁམས་ནས་གྱེས་པས།། བདེ་ཆེན་དག་ཞིང་ལ་སྨོན་སོང༌།།

གངས་ལྷ་མེ་ཏོག་གི་ཞིང་ཁམས།། རྫོགས་ལྡན་གར་སྟེགས་ལ་རྩེན་དུས།། ཤར་མཐའི་སླུ་བྲིད་ཀྱི་སྨིག་སྒྱུས།། རི་སྐྱེས་ཚེ་སྲོག་ལ་གཟན་སོང༌།།

ལས་རླུང་སྤྲིན་ནག་གི་བང་རིམ།། རྨོངས་གཉིད་རྡོག་སྣེ་ལ་དཀྲི་དུས།། ངུ་འབོད་ལོ་རྒྱུས་ཀྱི་རོལ་དབྱངས།། ཉེར་དགུའི་སྨག་རུམ་དང་འདྲེས་སོང༌།། དབང་ཕྱོགས་འདྲེ་སྲིན་གྱི་མེ་ལྕེ།། གངས་ལྷའི་ཕང་པ་ལ་འབར་དུས།། མིག་ཆུའི་སྐྱིད་སྡུག་གི་གཙང་ཆབ།། ཕྱོགས་མཐའི་འཛམ་གླིང་ལ་གྱེར་སོང༌།།

ལངྐའི་དུར་ཁྲོད་ཀྱི་གནས་དེར།། མའོ་སྲིན་མཆེ་བ་ཡི་ཀློང་དུ།། དཔའ་བོ་སྟོང་ཕྲག་གི་གསོན་སྙིང༌།། ནུབ་ཁའི་དགུང་ཟས་ལ་ཆས་སོང༌།།

དཔའ་བོའི་སྙིང་ཁྲག་གི་ལོ་རྒྱུས།། གངས་འདབས་རྐང་རྗེས་ལ་ཕབ་དུས།། གངས་རིའི་རྨོ་རྨོ་ཡི་ངུ་ཆུས།། གངས་ཐང་ཁྲག་མཚོ་རུ་གྱུར་སོང༌།།

གངས་རིའི་ཚེ་སྲོག་གི་སྙིང་ནོར།། རྣམ་ཤེས་བྱེའུ་ལ་རྫུས་ཏེ།། ངེས་མེད་ལྷོ་མཐའ་རུ་གྱར་དུས།། གངས་རིའི་ལས་དབང་དེ་སྐྱོ་བ།།

རི་སྤྱང་འདུར་རྒྱུག་གི་ངུར་སྒྲས།། ཁ་ཆུ་བ་མོ་ཡི་རེག་པས།། གངས་ལྷ་མེ་ཏོག་གི་འཛུམ་མདངས།། ནམ་མཁའི་འཇའ་རིས་ལ་བསྟིམས་སོང༌།། གཟིགས་དང་གཤིན་ཡུལ་གྱི་གྲོང་ཁྱེར།། མི་ཡུལ་འཕོས་པ་དང་འདྲ་བའི།། ཁྲིམས་སའི་བཙོན་ཁང་གི་བཤས་རར།། བསམ་ན་བཟོད་ཐབས་ཤིག་ཨེ་འདུག།

གསོན་དང་ངུ་འབོད་ཀྱི་དམྱལ་ཁམས།། བྱང་རྒྱུད་གངས་སུལ་དང་འདྲེས་པའི།། ཁྲག་དང་མིག་ཆུ་ཡི་ནམ་ཟླ།། ཐོས་ན་བཟོད་ཐབས་རང་ཨེ་འདུག།

དགྲ་སྡེའི་གཡེམ་དཀྲུག་གི་འོག་ནས།། ཕ་སའི་སྤུན་མཆེད་ཀྱི་ནང་དམེ།། མུ་གེ་བར་བསྐལ་གྱི་ལོ་རྒྱུས།། དྲན་ན་བཟོད་ཐབས་རང་མི་འདུག།

ཉེར་དགུའི་མུན་སྨག་ལ་སུན་ནས།། ཞོགས་ཀའི་ཉི་ཟེར་ལ་སྒུག་ཡོད།། རྗེས་བརྩེ་དྲོ་སྐྱིད་ཀྱི་འོད་ཞགས།། རྒྱ་མཚོའི་རྦ་རླབས་བཞིན་བསྲིངས་རོགས།།

ཐུགས་བསྐྱེད་ཏིང་འཛིན་གྱི་ཀློང་ནས།། བདེན་ཚིག་རྣོ་ལྕགས་ཀྱི་ཐོག་ཆར།། དགྲ་སྡེའི་ཐེའུ་རང་གི་མགོ་བོར།། འཕེན་པའི་དུས་ཐོག་རང་སླེབས་འདུག།

འཇིགས་རུང་བཙོན་ཁང་འདིའི་དུར་སར།། ཟུངས་ཁྲག་ས་གཞི་ལ་ཐིམས་ཀྱང༌།། རེ་བའི་རྣམ་ཤེས་ཀྱི་ལྷག་མ།། ཞུ་ཡིག་འདི་ཉིད་ལ་བསྟིམས་ཡོད།།

རྒྱལ་ས་ཧུབ་ལིར་༩༧།༡༠།༢༠ ཉིན་བྲིས།། ༢༠༠༡ ༼ནོར་འོད་༽ ཐོག་བཀོད།




ངའི་སློབ་གྲྭ།

མཚན་དཔེའི་ཟླ་ཞལ་འཛུམ་པའི་སྒྲ་ལྡན་ལྷ།། སྙན་འཇེབས་བཻཌཱུའི་རྒྱུད་མངས་བདག་ལ་སྩོལ།། དེ་རིང་གུས་པས་རང་གི་སློབ་གྲྭ་ལ།། བསྔགས་བརྗོད་དྲི་ཟའི་པི་ཝང་ཅུང་ཟད་འཁྲོལ།།

འཆི་མེད་ལྷ་ཡི་གྲོང་ཁྱེར་གནམ་མཐོངས་ནས།། ཛམ་བུ་ནཱ་དའི་གླིང་དུ་འབབ་པ་ལྟར།། མིག་གི་བདུད་རྩིའི་དཔྱིད་དུ་སྨིན་པ་འདི།། གུས་པའི་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཡིན།། འདི་ཡི་རྒྱབ་ན་ཀླ་ཀློའི་བཀའ་བཀོད་མེད།། མདུན་ནས་སློབ་ཡོན་རུག་མཁན་རྩིས་པ་མེད།། ལྐོག་ནས་ཉེར་རྟོག་བྱེད་མཁན་སྐོར་སྲུང་མེད།། འདི་ནི་རང་དབང་དམངས་གཙོ་སློབ་གྲྭ་ལགས།།

འདས་པའི་ལོ་རྒྱུས་སྲེག་པའི་མེ་ལྕེ་མེད།། ད་ལྟའི་ཉི་འོད་སྒྲིབ་པའི་སྤྲིན་ནག་མེད།། མ་འོངས་མདུན་ལམ་འགོག་པའི་བཀག་རྡོ་མེད།། སློབ་གྲྭ་འདི་ནི་རང་དབང་སོན་རྩ་ལགས།།

ཕྱི་མའི་མདུན་ལམ་འགེབས་པའི་རླུང་འཚུབ་མེད།། ད་ལྟའི་ཆོས་བརྒྱད་ཆང་གི་སྐྱུར་རྩི་མེད།། ཚུལ་འཆོས་ཟོག་པའི་མ་ཎིའི་འདོན་སྒྲ་མེད།། སློབ་གྲྭ་འདི་ནི་ཆོས་ཀྱི་སོན་རྩ་ལགས།།

ཕྱི་གླིང་སྒོར་མོ་འདྲེན་པའི་ཚོང་པ་མེད།། སྐྲ་སེར་སླུ་འབྲིད་བྱེད་པའི་སྤྲེའུ་མེད།། སྐྲ་ནག་མཛེས་མ་འགུག་པའི་སྒྱུ་རྩལ་མེད།། སློབ་གྲྭ་འདི་ནི་རིག་གཞུང་སོན་རྩ་ལགས།།

ལྷག་བསམ་གཅེས་ནོར་བྲལ་བའི་སློབ་སྤྱི་མེད།། གཙུག་ལག་གནས་ལ་རྨོངས་པའི་སློབ་རྒན་མེད།། མདུན་ལམ་དོན་གཉེར་བྲལ་བའི་སློབ་ཕྲུག་མེད།། སློབ་གྲྭ་འདི་ནི་ཤེས་ཡོན་སོན་རྩ་ལགས།། དེ་ལྟར་སྐྱིད་པའི་རང་གི་སློབ་གྲྭ་ལ།། དགག་ཕྱོགས་ཚིག་རྒྱན་འཁྱོག་པའི་གནམ་རུ་ལས།། བསྟོད་ཚིག་བདེན་པའི་ཚིག་གི་ཉག་ཕྲན་འདི།། སོར་རྩེ་སྒྱུ་མའི་འཕྲུལ་གྱིས་འཕངས་པ་དགེ།།

༡༩༩༨།༦ པའི་ནང་སློབ་ཕྲུག་ཚོའི་རྩོམ་རིག་འགྲན་བསྡུར་སྐབས་དཔེ་མཚོན་དུ་བྲིས།


ངའི་སློབ་གྲྭ།

སྨྱུག་ཐོགས་བྱེ་བའི་མགྲིན་པའི་འོ་མཚོ་ལ།། རྩེན་མཁས་སྒྲ་ལྡན་ལྷ་ལ་གུས་བཏུད་ནས།། གཙུག་ལག་རིག་གནས་རྒྱ་མཚོའི་ཕྲེང་བའི་མཛོད།། རང་གི་སློབ་གྲྭའི་ཆེ་བ་མདོ་ཙམ་བརྗོད།།

ལྟོས་དང་གཡུ་ལོས་མཛེས་པའི་ལྗོན་གསེབ་ན།། བཀོད་ལེགས་ལྟ་ན་སྡུག་པའི་ར་བ་དེར།། ཡིད་འོང་ལྷུན་ཆགས་མཛེས་པའི་ཁང་ཁྱིམ་དག། ཚར་དུ་དངར་འདི་ང་ཡི་སློབ་གྲྭ་ཡིན།།

ཕྱི་ན་དུས་རབས་ཐོག་རྩེག་ཁང་བཟང་མཐོ།། ནང་ན་རྐུབ་ཀྱག་མདུན་ལྕོག་བསྟར་ཆགས་བསྒྲིགས།། མདུན་ན་སྐད་ཡིག་སློབ་དེབ་སྣ་ཚོགས་སྤུངས།། འདི་ནི་ཉམ་ཆུང་བུ་ངའི་སློབ་གྲྭ་ཡིན།། ལྟ་ན་དང་བ་འདྲེན་པའི་སྤྱོད་ལམ་མཛེས།། ཉན་ན་སྐད་ཡིག་སྣ་ཚོགས་རྣ་བར་སྙན།། དྲིས་ན་ཤེས་བྱའི་དཀའ་གནད་འགྲེལ་བར་མཁས།། འདི་ནི་ཉམ་ཆུང་བུ་ངའི་སློབ་གྲྭ་ཡིན།།

མཁས་མཁས་བོད་དབྱིན་རྒྱ་ཡི་སློབ་དགེ་ཚོས།། ཟབ་ཟབ་གཙུག་ལག་རིག་པའི་གཞུང་ལུགས་ཀུན།། སྙན་སྙན་གསུང་གི་ཁུ་བྱུག་སྒྲོག་པའི་ཞིང༌།། འདི་ནི་ཉམ་ཆུང་བུ་ངའི་སློབ་གྲྭ་ཡིན།།

རང་གི་རིག་གཞུང་རྨང་གཞིར་འཛིན་པ་དང༌།། གཞན་གྱི་ཤེས་ཡོན་ལེགས་ཆ་བསྡུས་པ་གཉིས།། གཅིག་གྲོགས་གཅིག་ཏུ་བརྟེན་པའི་རླབས་ཆེན་དཔལ།། འདི་ནི་ཉམ་ཆུང་བུ་ངའི་སློབ་གྲྭ་ཡིན།།

སྐྲ་སེར་ཡུལ་དུ་བསྐྱོད་པའི་ཟམ་ཆེན་དང༌།། སྐྲ་ནག་མཛེས་མ་འགུག་པའི་ལྕགས་ཀྱུ་གཉིས།། རིན་ཆེན་ཨ་སྒོར་འདྲེན་པའི་ཕོ་ཉ་གསུམ།། མ་ཡིན་འདི་ནི་རང་བཙན་སོན་རྩ་ལགས།།

ཆོས་སྲིད་ལུགས་ཟུང་འདེགས་པའི་སེང་ཁྲི་དང༌།། རང་དབང་རྩོད་ལེན་བྱེད་པའི་རལ་གྲིའི་སོ།། འབྱུང་འགྱུར་མདུན་ལམ་བསུ་བའི་མཇལ་དར་ཏེ།། སློབ་གྲྭ་འདི་ཡི་ཆེ་བ་བརྗོད་ལས་འདས།། དེ་ལྟར་རང་གི་སློབ་གྲྭའི་ཆེ་བ་ནི།། བྱིས་པ་བདག་འདྲའི་བརྗོད་པས་རྫོགས་མཐའ་བྲལ།། གང་ཞིག་དྲན་པའི་བསྟོད་པའི་ཟུར་ཆ་ཙམ།། དཀར་གཙང་ཤོག་བུ་ངོས་སུ་སྤེལ་བ་དགེ།

༡༩༩༨།༦། སློབ་ཕྲུག་ཚོའི་རྩོམ་རིག་འགྲན་བསྡུར་སྐབས་དཔེ་མཚོན་དུ་བྲིས།


རང་བཙན་ལེན་ན་ལེན་རན་འདུག

ཨ་མདོ་ཁམས་པས་སྟོང་བཤད་བྱེད་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རེ་ཁམས་པས་ཁུ་ཚུར་འཕྱར་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཇོ་དབུས་པས་སྤྲེལ་ལེད་འཁྲབ་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རྒན་སྤྲེ་འུའི་མི་རྒྱུད་རྣམ་པས་རང་བཙན་ལེན་ན་ལེན་རན་འདུག།

ཨ་ཁུ་སྟོན་པས་བསྟན་བཤིག་འཁྲབ་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ནེ་དགོན་པས་བསྒྲིགས་འཛུགས་བཞག་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཁུ་འབྲུག་པས་གྲུབ་རྟགས་བསྟན་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཡུས་ཨ་མྱེས་མ་ཎི་བགྲང་ནས་རང་བཙན་ལེན་ན་ལེན་རན་འདུག།

ཨ་མ་བཞག་སྟེ་མི་ཡུལ་འཁྱམས་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཕའི་མི་རྒྱུད་སེམས་ལ་བཞག་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་མེས་ཡང་མེས་ཁ་ནས་བཤད་དེ་རང་བཙན་ལེན་ན་ལེན་རན་འདུག། ཨ་ཕྲུག་འཁྱམས་པོ་ས་མཐར་སྡོད་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རིའི་གསང་སྤྱོད་ཆུ་བཀྲུས་བཏང་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རིའི་ཝི་སར་རུམ་དུ་བཅུག་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་སྒོར་ལྗང་ཁུས་དངུལ་ཁུག་རྒྱང་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་རིའི་ཡུལ་དུ་མི་ཚེ་སྐྱེལ་ནས་རང་བཙན་ལེན་ན་ལེན་རན་འདུག།

ཨ་ལགས་མཁས་པས་ཆོས་ཚོཊ་བཙུཊ་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཕོ་དར་མས་རྫིག་པོ་འཁྲབ་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཅེ་མཛེས་མས་སྐུ་སྨད་བཙོང་ནས་རང་བཙན་ལེན་ན་ལེན་རན་འདུག། ཨ་ཞང་ཕྱུག་པོས་ནག་འཚོང་རྒྱབ་ནས་རང་བཙན་ལེན་ན་ལེན་རན་འདུག།

༡༩༩༨ལོའི་སློབ་གྲྭའི་ལོ་རྒྱུགས་སྐབས་རྩེད་མོའི་ཚུལ་དུ་བྲིས་པ་དུས་ཕྱིས་ལྟ་དུས་གོ་རྒྱུ་ཅུང་ཟད་འདུག་བསམ་ནས་བཀོད།








ནོར་འོད་ལ་ཕུལ་བའི་ཐོག་མའི་ཤིས་ཚིག

གང་ཞིག་བསྟེན་ན་རིག་བྱེད་རྒྱ་མཚོའི་གཏེར།། རྩོལ་མེད་མགྲིན་པའི་རྒྱ་ལས་འཇོ་མཛད་པའི།། སྒྲ་ལྡན་ལྷ་དེས་ཚེ་རབས་ཕྲེང་བ་ཀུན།། རྗེས་བཟུང་ཀུན་དགའི་ཤིས་པ་སྒྲུབས་དང་ཀྱེ།།

འདི་ན་ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི།། དཔལ་ལྡན་ཀུན་ཡིད་འཕྲོག་པའི་ནོར་གླིང་ནས།། ནོར་འོད་ཅེས་བྱའི་དུས་དེབ་གསར་པ་ཞིག། སྤེལ་བའི་གཏམ་འདིར་ཤེས་ལྡན་སུ་མི་མགུ།

ཆོས་རིག་རྩ་བ་ཚུགས་པའི་མུ་ཁྱུད་བརྟན། སྨྲ་ངན་མགྲིན་པ་གཅོད་པའི་རྩིབས་སྟོང་རྣོ།། དཔལ་ལྡན་མཁས་རྒུའི་གསང་བ་བདེ་ཆེན་གྱི།། ནོར་འོད་འདི་ནི་འཁོར་ལོ་རིན་ཆེན་དངོས།།

རྔམས་ནག་མི་ཡུལ་འཕྱུར་བའི་རྒྱ་མཚོ་ནས།། སྟོབས་ལྡན་དེད་དཔོན་མཁས་པ་ཁྱུ་གཅིག་གིས།། འདྲེན་པའི་འོད་སྣང་ཕྱོགས་བརྒྱར་སྤྲོ་བ་ཡི།། ནོར་འོད་འདི་ནི་ནོར་བུ་རིན་ཆེན་དངོས།། བཅད་ལྷུག་སྤེལ་མའི་ལང་ཚོ་དར་ལ་བབས།། ཕུན་ཚོགས་སྡེ་བཞིའི་སྲོག་གི་རྩ་བ་བརྟན།། སྒྲ་དོན་སྙན་ཚིག་ནོར་བུའི་རྒྱན་གྱིས་སྤུད།། ནོར་འོད་འདི་ནི་བཙུན་མོ་རིན་ཆེན་དངོས།།

ཆོས་རིག་རྩ་བ་ཚུགས་པའི་མདུན་གྲོས་མཁན།། ལེགས་ཉེས་སྟངས་འཛིན་མཁས་པའི་རྣམ་དཔྱོད་ཟབ།། སྡེ་བཞིའི་ཁོར་ཡུག་གཟིགས་པའི་སྤྱན་ཞགས་ཡངས།། ནོར་འོད་འདི་ནི་བླློན་པོ་རིན་ཆེན་དངོས།།

ཆོས་དང་ཆོལ་ཁ་ཀུན་ལ་ལྟ་སྟངས་མཉམ།། གཞན་ཕན་སྙིང་སྟོབས་དཔལ་གྱི་ལུས་སྟོབས་རྫོགས།། ཡིག་རྨོངས་རྒུད་པའི་འདམ་ཚལ་འཇོམས་མཛད་པའི།། ནོར་འོད་འདི་ནི་གླང་པོ་རིན་ཆེན་དངོས།།

རྩོམ་རིག་མགྲོན་པོའི་སྨྱུ་གུའི་སྒ་སྲབ་འོག ། འཛད་མེད་ཤེས་བྱའི་བྱང་ཐང་ཡངས་པོ་ལ།། ཉམས་འགྱུར་གོམ་པའི་རླུང་ཤུགས་བསྟེན་པ་ཡི།། ནོར་འོད་འདི་ནི་རྟ་མཆོག་རིན་ཆེན་དངོས།།

ཆོས་དང་རིག་གཞུང་གོམས་པའི་སྲོལ་བཟང་ལ།། ལོག་པར་འཕྱན་པའི་རྒོལ་བའི་དཔུང་ཚོགས་ཐོག ། སྨྱུ་གུའི་མཚོན་ཆར་ཕབ་པའི་ཁ་ལོ་བ།། ནོར་འོད་འདི་ནི་དམག་དཔོན་རིན་ཆེན་དངོས།།

གཞན་གཞུང་མཆིང་བུར་འགྲམ་ཆུ་མི་ལྡང་ཞིང༌།། རང་གཞུང་འདོད་འཇོ་ཡིད་བཞིན་བསམ་འཕེལ་ནོར།། ཟ་འོག་གོས་ཀྱི་ཤམ་བུའི་རྒྱལ་མཚན་རྩེར།། བཀོད་པས་ནོར་འོད་ཕྱོགས་བརྒྱར་འབར་གྱུར་ཅིག །

དེ་སྐད་བསྔགས་པའི་ཚིག་གི་རབ་བྱེད་འདི།། ཚིག་རྒྱན་འཁྱོག་པའི་མཛེས་རྩལ་མ་ངོམས་པར།། ཀུན་དགའི་གཏམ་བཟང་རྣ་བར་ལྷུང་མ་ཐག ། ཐོལ་བྱུང་ཀློང་ནས་ཤར་མར་སྤེལ་བ་དགེ ། ༡༩༩༨ ལོར་བྲིས། ༡༩༩༩ ལོའི་༼ནོར་འོད༽ཐོག་བཀོད།








མན་ཇུག་ཊི་ལའི་མཐོང་ཐོས། ཆང་ཁང༌། རྒུན་ཆང་མངར་མོའི་བྲོ་བ་རེ་རེས་ཕྱོགས་མེད་མགྲོན་པོའི་འགྲམ་ཆུ་ལྡང༌། ཆང་ཁང་རེ་རེའི་སྒོ་ཡི་འགྲམ་ན་བསླུ་བྲིད་མཁས་པའི་ཆང་མ་རེ།། རོ་དྲུག་འདུས་པའི་ཆང་གིས་མྱོས་པའི་མི་རིགས་འདྲ་མིན་སྣ་ཚོགས་ཀྱིས།། དགའ་སྐྱོ་འདྲེས་མའི་སྨྱོ་ལབ་གཏཾ་གྱིས་ཁོར་ཡུག་ཟླུམ་པོའི་ལྷིང་འཇཌ་འཕྲོག། གཞང་ཁང༌། དཀྱུས་རིང་མིག་གི་བསླུ་ཞགས་རེ་རེས་ཕོ་གཞོན་དར་མའི་སེམས་ཁམས་འཆིང༌།། བརླ་དང་ནུ་མ་རྗེན་པར་བསྟན་པས་འཇིག་རྟེན་གསུམ་གྱི་བརྟན་པ་འཕྲོག། གཞང་ཁང་བུ་མོའི་འདོད་བརྩེ་འཕྲུལ་གྱིས་ཕྱོཊ་སྐྱོད་མགྲོན་པོའི་དངུལ་ལོར་དང༌།། རྩ་ཁམས་དྭངས་མའི་རྒྱུན་དང་ལྷན་ཅིག་ཉིན་མཚན་ཁྱད་པར་མེད་པར་འཇིབས། སྦག་ཁང༌། ཁྲག་དང་རྔུལ་ཆུས་བསགས་པའི་དངུལ་དངོས་ཐོབ་ཤོར་རྩོད་པའི་སྡིངས་ཆའི་འགྲམ།། ལྗན་ལྗིན་ཁྲོད་ན་སྐྱག་སྦྲང་བཞིན་དུ་རྒན་བྱིས་དར་མས་འཚང་ཀ་བྱེད།། ཁྲི་དང་འབུམ་གྱི་ཐོབ་ཤོར་སྣེ་ནས་རྡོ་དང་རྒྱུག་པའི་འཁྲུག་འཛིངས་ཀྱིས།། ང་དང་ཁྱོད་ཅེས་རྩོད་པའི་རྦ་རླབས་རྒྱུན་མར་འཕྱུར་བའི་སྦག་ཁང་མང༌།། ནག་ཚོང་ཁང༌། སྟག་གཟིག་དོམ་གྱི་ལྤགས་དང་རུས་པ་གླ་རྩི་ཉལ་ཐ་ཌོར་ལ་དང༌།། ལི་མ་གཏེར་མའི་གསེར་སྐུུ་རྩ་ཆེན་ཞལ་ཐང་རྙིང་པའི་ཚོང་འགྲེམས་ཀྱིས།། སྒོ་དང་སྒེའུ་ཁུང་ལྕགས་དྲས་བསྐོར་བའི་མདོ་སྦུག་གསུམ་ལྡན་ཁང་བའི་ནང༌།། དམར་ཆུང་སྲོག་དང་ཁེ་ཚོང་བསྡོས་ཏེ་མུན་པའི་འཇིག་རྟེན་ཉུལ་བའི་ཞིང༌།། ༡༩༩༩།༡༠།པའི་༼ནོར་ལྡེ་༽ཐོག་བཀོད། མན་ཇུག་ཊི་ལའི་སྙན་ངག

༼ཁ་རྩངས་ཡང་བསྐྱར་ལྡི་ལིར་སླེབས་དུས་གཞོན་ནུ་མ་ཁྱོད་སླར་ཡང་མཇལ]

(T.L ལ་ཕུལ་བ།

དྷ་སར་ཐེངས་འགར་གཤེགས་པའི་འབབ་ཚུགས་མན་ཇུག་ཏྲི་ལའི་གྲོང་སྡེ་ན།། ཐོག་བརྩེཊ་ལྔ་ལྡན་ནོར་གླིང་མགྲོན་ཁང་སྡོད་ཞག་ཐེངས་འགར་བྱས་པའི་སྐབས།། ཀཻ་ལ་ཤ་ཡི་ཟ་ཁང་ནང་དུ་ཐུག་པ་འཐུང་མཁན་ཐེངས་འགར་སོང༌།། གཟུཊ་མེད་ལས་དབང་བཙན་པོའི་གསེབ་ནས་གཞོན་ནུ་མ་ཞིག་མིག་ལམ་འཆར།།

ཐེངས་གཅིག་མཇལ་བའི་ལོ་རྒྱུས་མ་གཏོགས་སྦུག་གི་ཆ་རྒྱུས་ཅི་ཡང་མེད།། ཐུག་པའི་རིན་གོང་བརྩི་བ་ཙམ་ལས་སྐད་ཆའི་འབྲེལ་བ་གང་ཡང་མེད།། ཕན་ཚུན་བལྟས་ནས་གད་མོ་ཙམ་ལས་བརྩེ་དུང་མཚོན་བྱེད་ཅི་ཡང་མེད།། ཁ་རྩངས་ཡང་སྐྱར་ལྡི་ལིར་སླེབས་དུས་གཞོན་ནུ་མ་ཁྱོད་སླར་ཡང་མཇལ།།

དམར་ཆུང་སེམས་ཀྱི་བུ་ཆུང་ལང་ཤོར་འཕུར་ལྡིང་གཅིག་གིས་ཁྱོད་སར་ལྡིང༌།། ཐུག་པའི་བྲོ་བ་མྱོང་ཁུལ་བྱས་ནས་ཕོར་བའི་ཟུར་ནས་ཁྱོད་ལ་བལྟས།། འདོད་བརྩེ་གཏམ་གྱིས་མཚམས་སྦྱོར་བྱེད་པའི་གཏམ་བརྗོད་སྙན་པོ་མི་ཤེས་ཀྱང༌།། ཚུར་ལ་འཛུམ་ཙམ་བྱས་པའི་ལན་དུ་ཕར་ཡང་གད་མོ་ཅུང་ཟད་ཤོར།།

དགེ་འདུན་ཆོས་འཕེལ་ཆང་གིས་བཟི་ན་རང་བྱུང་སྙན་ངག་ལྷུན་གྱིས་བརྡོལ།། ཉམས་དང་རྟོཊ་པས་སེམས་རྒྱུད་འདེཌ་དུས་མི་ལའི་མགུར་དབྱངས་གཞན་ལས་སྙན།། འདོད་བརྩེ་འཕྲུལ་གྱིས་སྙིང་ཁམས་འཕར་ན་ན་གཞོན་དར་མས་ལང་ཚོ་ངོམས།། བེ་རི་སྨྱོན་པའི་སེམས་ལ་འཐད་ན་སྙན་ཚིག་རི་མོ་ལོས་འབྲི་ལགས།། ཝིས་ཀི་ཨ་རག་ཁ་གཅོད་ཕྱེས་ནས་རྟོག་བཟོའི་ཞིང་ཁམས་འགྲིམས་པ་དང༌།། མལ་བློ་རོ་ཡི་ཐ་མག་འཐེན་གིན་སྒྱུ་རྩལ་འཚོ་བ་ལ་ཞུགས་ན།། སྡོམ་པའི་མགོ་བོ་རྨས་སྐྱོན་ཤོར་ཕྱིར་གསོལ་ཇ་ཀབ་གང་འཐུང་ཞོར་དུ།། སེམས་ཚོར་དམར་པོ་མདུན་དུ་གཤོམ་པའི་སྙན་ངག་དམར་པོ་འབྲི་འདོད་སྐྱེས།།

ནག་ནོག་དྲི་མའི་སྐྱོན་གྱིས་མ་གོས་ཞལ་རས་ཟླ་བ་དཀར་པོའི་ངོས།། ཐོ་རེངས་སྐར་ཆེན་ལས་ཀྱང་གསལ་བའི་མ་འདྲེས་རྣམ་པར་བཀྲ་བའི་མིག། གནག་སྣུམ་འཁྱོག་པའི་སྨིན་མའི་འོག་ནས་ཟུར་མིག་བརྡ་ཐབས་གློག་ལྟར་མཛེས།། དབྱིབས་མཛེས་རྣ་བའི་བུ་ག་ཟུང་དུ་འོད་མདངས་འཁྱུག་པའི་རྣ་རྒྱན་མཛེས།།

མཛེས་མཚོན་ལིབ་སི་མ་བཀུས་ན་ཡང་རང་བྱུང་དམར་བའི་མཆུ་སྒྲོས་ནི།། ཅུང་ཟད་འཛུམ་པའི་བསྲུབ་ཀ་དག་ལས་དཀར་གསལ་སོ་ཡི་ཕྲེང་བ་མཛེས།། སྐྲ་རྩི་ནག་པོ་མ་བྱུག་ན་ཡང་ཕོ་རོག་དོ་ཁ་དང་འདྲ་བའི།། གནག་སྣུམ་སྐྲ་ཡི་ལན་བུ་ནག་པོ་རྐེད་པ་ཡན་ཆད་སིལ་མར་ཁེབས།།

གཡས་འཁྱིལ་དུང་གི་རི་མོ་གསལ་བའི་དཀར་མཛེས་མགྲིན་པ་མཉེན་ཞིང་སྲོང༌།། དཀར་འཇམ་ཕྱག་གི་སོར་མོ་དག་ནི་འཁྲི་ཤིང་གསར་པའི་ལྕུག་ཕྲན་བཞིན།། དུས་རབས་མཛེས་ཚོན་ནེལ་པོ་ལི་ཤས་སེན་མོའི་འོད་མདངས་མངོན་པར་མཚེར།། བླྷེ་ལོ་སེ་ཡི་སྟོད་གཡོག་འོག་ནས་ཟླུམ་རྒྱས་ནུ་མའི་གཟུགས་བརྙན་འབུར།།

མ་བཅོས་སྐེད་སྐབས་ཕྲ་ཞིང་ལྡེམ་པས་རང་བྱུང་གར་གྱི་སྒྱུ་རྩལ་རྫོགས།། ལྟེ་བ་ཟབ་ཅིང་འཕོང་གི་ཤ་རྒྱས་སྨན་ཤར་དར་མའི་ལང་ཚོ་སྨིན།། སྲབ་འཇམ་དར་གྱི་སྨད་གཡོག་ནག་པོས་མཁྲེགས་ཟླུམ་བརླ་ཡི་ཕྱེད་ཙམ་སྒྲིབ།། བ་སོ་ཀ་བ་མཉམ་དུ་གཤིབས་འདྲའི་དཀར་འཇམ་བྱིན་པའི་གཞོན་ཤ་རྒྱས།། རིང་ཐུང་ཆ་ཚད་སྦོམ་ཕྲ་མཉམ་པའི་སྐུ་དབྱིབས་སྨྱུག་མ་གསར་པ་བཞིན།། ལྷམ་མཐིལ་རྟིང་ཀ་ཞོ་གསུམ་ཡོད་པའི་དུས་རབས་མཛེས་མའི་ཞབས་ཕྱགས་བསྣཾས།། རད་མོ་ཀོ་ཏྲི་ཕྱག་ཏུ་བསྣམས་ནས་གཟུགས་མཐོང་གློག་འཕྲིན་ལྟ་བའི་ཞོར།། ཇ་ཐུག་མོག་མོག་ཤ་ཚལ་སོགས་ཀྱི་རིན་གོང་ལེན་པའི་རྩིས་ཀྱིས་བྲེལ།།

ཉེས་ལྟུང་ཆར་བཞིན་འབེབས་པར་འདོད་ན་གཟུཊ་མཛེས་གར་ཡོད་ལྟོས་ཤིག་ཅེས།། བཀའ་ཆེན་བླ་མའི་ཞལ་གདམས་རིང་མོས་དྲན་གསོ་ཐེངས་གཅིག་གཏོང་པ་དང༌།། འཆར་ཡན་སེམས་ལ་ཚད་བཀག་ཐེབས་ཏེ་གཟུགས་མཐོང་གློག་འཕྲིན་ལྟ་ཁུལ་གྱིས།། དལ་གཅིག་སྡོད་རྗེས་ག་ལེར་ལངས་ནས་ཇ་རིན་སྤྲོད་དེ་ཕྱི་ལ་ལོག།

འཁྱར་མ་འཁྱོར་གྱི་གོམ་སྟབས་བསྒྱུར་ཏེ་ནོར་གླིང་མགྲོན་ཁང་ནང་དུ་བསྐྱོད།། རང་བྱུང་ཚ་བས་ཕྱི་ནས་གདུང་ཞིང་འདོད་རྩེ་སེམས་ཀྱིས་ནང་ནས་བསྲེགས།། སེམས་ཁམས་དམར་པོ་དྲག་ཏུ་ལྡིང་ཞོར་ཀུ་ལར་གློག་སྒོ་དལ་གྱིས་ཕྱེས།། བསམ་གཞིགས་སྣེ་མོ་ཕྱིར་དྲན་ཞིག་གིས་སེམས་ཀྱི་འཆར་སྒོ་སླར་ཡང་ཕྱེས།།

སྲོང་བཙན་སྒམ་པོས་ཀོང་ཇོའི་དོན་དུ་མི་ལོ་བདུན་ལ་རྒྱ་དང་འཛིངས།། ར་མ་ཎ་ཡིས་སི་ཏཱ་རྩོད་ནས་ལང་ཀ་མགྲིན་བཅུ་མདའ་ཡིས་བསད།། ནོར་བཟང་རྒྱལ་པོས་ཡིད་འཕྲོག་ལྷ་མོ་དྲི་ཟའི་འཇིག་རྟེན་ཚུན་ཆད་འཚོལ།། གེ་སར་རྒྱལ་པོས་འབྲུག་མོའི་དོན་དུ་ཧོར་སྡེ་རྩ་མེད་ཤུལ་བརླགས་བཏང༌།།

སྐྱེས་ཆེན་དམ་པའི་གྲལ་ལ་བཞག་པའི་སྔོན་བྱོན་རྒྱལ་པོ་དེ་དག་གིས།། ན་ཆུང་མཛེས་མ་རེ་རེའི་དོན་དུ་མི་བསད་ཁྲག་སྦྱོར་བྱས་པ་དེར།། དམོད་ཚིག་མཆིལ་ཞགས་འཕེན་རྒྱུ་བཞག་ནས་ད་ལྟའི་བར་དུ་མི་ཚོགས་ཁྲོད།། བསྔགས་རྗོད་རོལ་མོ་འཁྲོལ་བའི་ངང་ནས་ལྷ་སྒྲུང་གཏམ་རྒྱུད་རིང་དུ་བཏང༌།། གཞོན་ནུ་དོན་འགྲུབ་ལང་ཚོ་དར་དུས་བཙུན་མོ་ལྔ་བརྒྱ་ལོངས་སུ་སྤྱོད།། ཚངས་དབྱངས་རྒྱ་མཚོས་གསེར་ཁྲི་གཡུག་ནས་ལྷ་སའི་ཞོལ་གྱི་ཆང་མ་བསྟེན།། དགེ་ཆོས་མཁས་པས་སྡོམ་པ་དོར་ནས་ཁ་ཆེ་བུ་མོའི་མག་པ་བྱས།། ལིང་ཧྲན་པོ་ཡིས་བརྩེ་དུང་དོན་དུ་གཅེས་པའི་རང་སྲོག་གཏའ་མར་བཞག།

ཨོ་རྒྱན་པདྨས་མཚོ་རྒྱལ་འཁྱུད་ནས་ཟུང་འཇུག་དགའ་བཞིའི་བྲོ་བ་མྱོང༌།། མི་ཕམ་བཙུན་པས་ཆོས་གོས་འོག་ནས་འདོད་པའི་བསྟན་བཅོས་རྩོམ་ཆོག་ན།། ཉམ་ཆུང་བདག་འདྲས་ན་ཆུང་མཛེས་མའི་ལང་ཚོའི་རིན་ཐང་བརྗོད་པ་ལ།། འདོད་པའི་ཁམས་ཀྱི་འདོད་པའི་བྲན་གཡོག་མགོ་ནག་མི་ཡིས་འཕྱ་དོན་ཅི།།

དངོས་མཐོང་རྗེན་པའི་གཏམ་རྒྱུད་གསར་པ་སྒྱུ་རྩལ་ཚོན་རྩིས་གཡོགས་བྱས་ཏེ།། ཚོར་བའི་སྲོག་གི་གསོན་ཉམས་ལྡན་པའི་སྙན་ཚིག་འགའ་ཞིག་འབྲི་བའི་སླད།། ན་ཆུང་བུ་མོའི་ལང་ཚོའི་འཕེལ་ཁར་བལྟ་བ་ཙམ་གྱིས་ཉམ་ཆུང་ངའི།། རྩ་བཞི་ཆང་ལྔའི་སྲུང་སྡོམ་ཁྲིམས་དང་འགལ་བའི་ཉེས་པ་འོང་དོན་ཅི།།

དེ་སླད་ད་ནི་འདོད་བརྩེ་གཏམ་གྱི་རྒུན་ཆང་མངར་མོ་ལ་ཆགས་པའི།། ཕོ་སྐྱེས་དར་མ་ཁྲི་མ་འབུམ་གྱིས་ཡི་རང་མེ་ཏོག་འཐོར་བའི་སླད།། འདོད་རྒུའི་ཚིག་སྦྱོར་གཏམ་ལ་ཆགས་པའི་གཞོན་ནུ་རིག་བྱེད་སྨྲ་བ་ཚོའི།། དམར་ཆུང་སེམས་ཀྱི་འདོད་པ་སྐོང་སླད་ཚོར་བའི་རྣམ་ཤེས་བཙལ་དགོས་སྙམ།།

ངོ་མཚར་གཏམ་གྱི་བརྗོད་གཞི་འཚོལ་སླད་ཡང་བསྐྱར་ཟ་ཁང་ནང་དུ་འོང༌།། གསོལ་ཇ་མངའ་མོ་འཐུང་བའི་ཞོར་དུ་སྒོ་ལྔའི་དབང་པོ་ཁྱོད་ལ་ཕྱོགས།། སྒོ་ཡི་འཁྲིས་ཀྱི་སྟེགས་བུ་དེ་ནས་ཟས་རིན་ལེན་པས་བྲེལ་བའི་ཞོར།། གུས་ཚུལ་ཉམས་ཀྱིས་མགོ་བོ་གུག་ནས་ཅུང་ཟད་འཛུམ་པའི་འཚམས་འདྲི་གནང༌།། ད་ནི་ཁྱོད་ལ་ཞིབ་ཏུ་བལྟས་པས་ལང་ཚོའི་རིན་ཐང་དངོས་སུ་མཐོང༌།། ད་ནི་ཁྱོད་ལ་ཞིབ་ཏུ་ཉན་པས་སྙན་འཇེབས་དབྱངས་ཀྱི་འགྱུར་ཁུག་ཐོས།། ད་ནི་ཁྱོད་ལ་ཞིབ་ཏུ་བསམ་པས་བརྩེ་དུང་སེམས་ཀྱི་རིན་ཐང་ཤེས།། ད་ནི་བདག་གི་རིག་པའི་ཁྱེའུ་འགོག་ཐབས་མེད་པར་སླར་ཡང་ཤོར།།

ཚན་རིག་མཁས་པའི་རྒྱང་ཤེལ་ནང་ནས་འཇིག་རྟེན་ཟླུམ་པའི་སྣང་བརྙན་མཐོང༌།། ཆོས་ལུགས་པ་ཚོས་རྟོག་བཟོའི་ཀློང་ནས་འཛམ་གླིང་གྲུ་བཞི་ལེབ་མོར་སྨྲ།། ལས་དབང་རྟོག་པའི་འཆར་སྒོ་འདི་ལ་སུས་ཀྱང་ཚད་བཀག་མི་ནུས་པས།། ཁྱོད་ཉིད་ནམ་མཁའི་ལྷ་ནས་བབས་པའི་ལྷ་མོ་མཐོང་ཡང་འོས་པ་ལགས།།

གནག་སྣུམ་དབུ་སྐྲ་ཉག་མ་རེ་རེས་དྲང་སྲོང་ཡིན་ཡང་སེམས་པ་གཡོ།། ཟུར་མིག་ཀྱཽ་བའི་ལྐོག་མདའ་རེ་རེས་སྙིང་གི་བུ་ཆུང་ཐལ་གྱིས་འབིགས།། ཟླུམ་རྒྱས་ནུ་མའི་གཡོ་འགུལ་རེ་རེས་འཁོར་འདས་བླ་འོག་བསྒྱུར་ལ་ཁད།། སྐེད་སྐབས་ལྡེམ་འཁྱུག་སྒྱུ་རྩལ་རེ་རེས་ཕོ་སྐྱེས་དར་མའི་སྙིང་ཁམས་དཀྲུགས།།

འདོད་བརྩེ་ལོངས་སྤྱོད་རྐུན་མའི་ཟས་བཞིན་ལྐོག་ཏུ་སྤྱོད་པའི་བོད་པ་ཚོས།། མཛེས་དང་མི་མཛེས་རྣམ་པའི་ཁྱད་པར་གདོང་པ་ཙམ་ལ་བལྟས་བྱས་པས།། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ཚོར་བའི་དགའ་སྟོན་མ་མྱོང་བར།། རང་བྱུང་མཛེས་མའི་ལུས་ཀྱི་རིན་ཐང་པགས་རྩག་ནང་དུ་རྫོགས་པ་མང༌།།

ལྡི་ལི་ཚ་བའི་གྲོང་ཁྱེར་ནང་དུ་པགས་རྩག་གོན་པའི་ལུགས་སྲོལ་མེད།། དེ་སླད་ཁྱོད་ཀྱི་ཕྲ་ལྡེམ་སྐུ་ཡི་ལང་ཚོའི་ཆེ་བ་དངོས་སུ་མཐོང༌།། སྨྲ་བརྗོད་རང་དབང་ཡོད་པའི་ཡུལ་དུ་ངག་སྒོ་སྡོམ་པའི་དགོས་པ་མེད།། དེ་སླད་ཁྱོད་ཀྱི་སྙན་འཇེབས་གསུང་གི་འགྱུར་ཁུག་རྗེན་པ་དངོས་སུ་ཐོས།། སྣང་ས་འོད་འབུམ་སྐྱེ་གཟུགས་ཡག་ཀྱང་ཁྱོ་ག་གཡུག་ནས་རི་ལ་བྲོས།། ཡིད་འཕྲོག་ལྷ་མོའི་གཏམ་བརྒྱུད་སྙན་ཡང་ལྷ་སྒྲུང་རྟོག་བཟོའི་རི་མོ་ཙམ།། ཨ་ཅེ་འབྲུག་མོ་གཡེར་གྲགས་ཆེ་ཡང་མགོ་ཡང་བྱས་པའི་ལོ་རྒྱུས་མང༌།། དེ་སླད་གྲགས་ཅན་མཛེས་མ་ཕལ་ཆེར་ཡིད་སྨོན་ཤོར་བསམ་བདག་ལ་མེད།།

ཤྲིའ་དཱེ་ཝི་རྣམ་པ་མཛེས་ཀྱང་གློག་བརྙན་ཙམ་ལས་ལྟ་མྱོང་མེད།། ལ་ཏཱའི་དྲུག་འགྱུར་གླུ་དབྱངས་སྙན་ཡང་སྒྲ་ཐག་ཙམ་ལས་གོ་མྱོང་མེད།། ཀ་ཤི་མ་ཡི་སྒྱུ་རྩལ་མཁས་ཀྱང་འདྲ་པར་ཙམ་ལས་མཐོང་མྱོང་མེད།། མཐོང་ཐོས་རྗེན་པའི་རང་ཉམས་མཇལ་བའི་མཚོན་གཞི་གསར་པ་ཁྱོད་ཉིད་ཙམ།།

སྔོན་ཆད་ཁོ་བོ་རྒྱ་གར་མཛེས་མའི་རིན་ཐང་ཁོ་ན་ལ་ཆགས་ཏེ།། བོད་པའི་ན་ཆུང་བུ་མོ་དག་གི་ལང་ཚོའི་རིན་ཐང་ལྟ་མྱོང་མེད།། ད་རེས་ཁྱོད་ཀྱི་མགོ་ཡི་སྐྲ་ནས་རྐང་པའི་སེན་མོའི་བར་བལྟས་པས།། གདོང་དམར་བོད་ཀྱི་བུ་མོའི་རིགས་ལའང་མཛེས་མའི་མཚོན་གཞི་ཡོད་པར་ཤེས།།

གླིང་དཀར་སྟོད་ཀྱི་ཨ་ཅེ་འབྲུག་མོ་རྟ་རྒྱུགས་རྒྱལ་འཇོག་བྱེད་པའི་དུས།། ཕར་འགྲོ་གོམ་པས་རྟ་བརྒྱ་རིན་ཞིང་ཚུར་འོང་གོམ་པས་མཛོ་བརྒྱ་རིན།། ཁྱོད་ཀྱི་ལྡེམ་འཁྱུག་གོམ་པའི་སྟངས་སྟབས་འཕགས་ཡུལ་སྙན་ངག་སྨྲ་བ་ཚོས།། ཉམས་ཞིབ་ཚོར་བའི་ཀློང་ནས་བབ་པའི་གླང་ཆེན་དར་མའི་འགྲོས་དང་མཚུངས།།

དམར་ཆུང་སྙིང་གི་སྡུག་གུ་མ་ཁྱོད་སྙིང་གི་བདུད་རྩིར་སྨིན་ན་ཡང༌།། གྲྭ་ཆས་དམར་པོ་ལུས་ལ་གོན་ནས་ཁྱོད་མཚན་དྲི་སྟབས་མི་བདེ་བས།། བྷི་ཧ་གཡོག་པོ་ཆུང་ཆུང་དེ་ལ་སྤྱིར་བཏང་ཟོལ་གྱིས་དྲིས་པ་ལས།། གང་ཁྱོད་མཚན་གྱི་བཀྲ་ཤིས་རི་མོ་རྣ་བའི་དགའ་སྟོན་དཔལ་དུ་བྱིན།། མ་ཇུག་ཏྲི་ལའི་མཛེས་མའི་ཡང་རྩེ་ཨ་ཅག་བཀྲ་ཤིས་ལྷ་མོ་ལགས།། ཨ་རོ་ཁམས་པས་ཁ་དང་ལག་པས་ངོ་དགའ་སྤྲོ་ལོད་མི་ཤེས་པས།། ཁྱོད་ལ་བསྟོད་པའི་བརྗོད་ཚིག་འདི་ཀོ་ངོ་དགའ་མཚོན་བྱེད་མ་ལགས་ཏེ།། རང་བྱུང་ལང་ཚོའི་རིན་ཐང་བརྗོད་ཞོར་རྩོམ་རིག་སྒྱུ་རྩལ་དར་ཆེད་ལགས།།

ཕྱི་བསྡད་བོད་པའི་བུ་མོ་ཕལ་ཆེར་ཁྲེལ་གཞུང་ངོ་ཚ་ཤིན་ཏུ་ཆུང༌།། ཁ་སྦྱོར་རྐུབ་གཡུགས་ཞབས་བྲོ་ཁྲབ་ན་ཕྱི་རྒྱལ་བུ་མོའི་ལད་ཟློས་ཤེས།། ཤེས་ཡོན་འཇོན་ཐང་སྲས་ལ་གཞལ་དུས་ལུས་སྨད་བཙོང་རྒྱུའི་ཕྱག་ལས་ཙམ།། བརྩེ་དུང་མདུད་པ་ཁ་ནས་རྒྱབ་ཀྱང་སེམས་པ་ནམ་མཁའི་འཇའ་ལྟར་གཡོ།།

མ་ཇུག་ཊི་ལའི་བུ་མོ་ཕལ་ཆེར་ཁྲེལ་གཞུང་ངོ་ཚ་དེ་བས་ཆུང༌།། ཕ་མའི་མདུན་དུ་མཁྲིག་གཏམ་བཤད་རྒྱུར་སྤུ་རྩེ་ཙམ་ཡང་ཞེད་སྣང་མེད།། ཁྱོ་གའི་འཁྲིས་ནས་རང་ལུས་བཙོང་བ་ལུང་པའི་གོམས་སྲོལ་ཡིན་སྣང་ཤར།། ཆང་རག་ཐ་མག་འདྲ་མིན་འཐུང་ནས་ར་བཟི་བྱེད་མཁན་བུ་མོ་མང༌།།

ཁྱོད་ནི་རྒྱ་གར་ཡུལ་དུ་སྐྱེས་ཤིང་མན་ཇུ་ཏྲི་ལར་སྡོད་ན་ཡང༌།། ཕྱི་སྡོད་བུ་མོའི་ལང་ཤོར་སྤྱོད་པས་ཅུང་ཟད་ཙམ་ཡང་མ་གོས་པར།། ཕ་དང་མ་ལ་གུས་ཞབས་ཆེ་ཞིང་སྤུན་དང་ཚ་བོར་བྱམས་སྐྱོང་མཁས།། ཁྲེལ་གཞུང་ངོ་ཚའི་གོས་བཟང་འོག་ནས་ཡ་རབས་སྤྱོད་པའི་ལང་ཚོ་དར།།

ཕོ་བརྒྱའི་ཡིད་དབང་འགུག་པར་ནུས་ཀྱང་ཀྲོག་ཀྲོག་བྱས་པའི་ལོ་རྒྱུས་མེད།། མོ་བརྒྱའི་སྙིང་རླུང་ལྡང་བར་ནུས་ཀྱང་དྲེགས་པའི་ང་རྒྱལ་ཁྱོད་ལ་མེད།། རྒྱུན་དུ་ཟ་ཁང་ནང་ལ་བསྡད་ནས་ཕ་མས་མངགས་པའི་ཕྱག་ལས་གནང༌།། རྒན་གཞོན་དར་མ་སུ་འདྲ་སླེབས་ཀྱང་འཛུམ་ཅུང་བསྟན་ནས་སྣེ་ལེན་བྱེད།། ད་ཕན་བདག་གིས་མཐོང་མྱོང་ཡོད་པའི་བཙན་བྱོལ་བོད་ཀྱི་བུ་མོའི་ཁྲོད།། འགའ་ཞིག་རྣམ་པ་ལྷ་ལྟར་མཛེས་ཀྱང་སྤྱོད་པའི་རང་མཚང་འདྲེ་ལས་ངན།། ཁ་ཅིག་གདོང་རིས་ཤིན་ཏུ་མཛེས་ཀྱང་སྐུ་གཟུགས་སི་ལན་ཌ་བཞིན་སྦོམ།། ལ་ལ་མཛེས་མའི་མཚན་ཉིད་ཚང་ཡང་བརྩེ་དུང་སེམས་ཀྱི་རིན་ཐང་མེད།།

ཕྱི་སྡོད་སྤྲེལ་ཚའི་བུ་མོ་ཀུན་གྱིས་བཀྲ་ཤིས་ལྷ་མོ་ཁྱོད་ཉིད་ཀྱི།། གནག་སྣུམ་དབུ་སྐྲའི་ཉག་མ་གཅིག་ལའང་འགྲན་པའི་སྤོབས་པ་མི་ལྡན་པས།། ཟླ་ཞལ་ཨུཏྤལ་མིག་ཡངས་མ་ཁྱོད་སྙན་ངག་པ་ངའི་སྨྱུག་རྩེ་ནས།། སྒྱུ་རྩལ་གཏམ་གྱི་བརྗོད་གཞིར་རྙེད་པས་བདག་ཀྱང་སྐལ་བ་བཟང་སོང་ལགས།།

སོར་རྩེ་གསུམ་གྱིས་སྨྱུ་གུ་ཐོགས་ནས་སྙན་ངག་འདྲ་མིན་བྲིས་མྱོང་ཡང༌།། གཞོན་ནུ་མ་ཡི་ལང་ཚོའི་རིན་ཐང་བརྗོད་བླའི་སྲོག་ཏུ་བཟུང་བྱས་ནས།། འདོད་བརྩེའི་སྙན་ཚིག་འདི་འདྲ་རིང་མོ་ད་ལྟའི་བར་དུ་འབྲི་མྱོང་མེད།། འདི་ཀོ་མཛེས་མའི་ཡང་རྩེ་ཁྱོད་ལ་སྙིམ་པའི་མེ་ཏོག་ཟོལ་གྱིས་བཏེགས།།

གདོང་དམར་བོད་ཀྱི་རིགས་སུ་སྐྱེས་པའི་མན་ཇུག་ཏྲི་ལའི་ཕོ་གསར་ཚོ།། པཱ་ཇ་བྷ་ཛའི་འཆལ་མོ་ཚོ་ལ་མགོ་བོ་འཁོར་ནས་མ་བསྡད་པར།། ཀཻ་ལ་ཤ་ཡི་ཟ་ཁང་ནང་གི་ཨ་ཅག་བཀྲ་ཤིས་ལྷ་མོ་ལ།། ཚེ་སྲོག་དམར་པོའི་རིན་ཐང་གཞལ་ནས་མཇལ་ཁ་ཞུ་ས་མྱུར་བར་རྒྱུགས།།

མཐོང་ན་མིག་གི་བདུད་རྩིར་སྨིན་ཞིང་བསམ་ན་སེམས་ཀྱི་འདོད་པ་འཇོ།། ཐོས་ན་འགྱུར་ཁུག་གསུང་དབྱངས་སྙན་ཞིང་འགྲོག་ན་བྱམས་བརྩེའི་འཇུག་པ་ཡངས།། མ་བཟང་བུ་མོའི་རིགས་ལས་ཆད་པའི་མཛེས་མ་འདི་འདྲ་དང་མཉམ་དུ།། འཇིག་རྟེན་མདུན་མའི་ལས་ལ་འཇུག་ན་མི་ཚེ་དོན་དང་ལྡན་པ་དངོས།། གལ་ཏེ་བདག་ཀྱང་ཐུབ་པའི་བཅོས་མཚམས་ར་བ་འདིའི་ནང་མེད་པ་དང༌།། ཨ་རིའི་གསང་སྤྱོད་ཆུ་བཀྲུས་གཏོང་མཁན་ཕྱི་རྒྱལ་ཡུལ་དུ་འགྲོ་མྱོང་ན།། ལྷོད་མེད་བརྩེ་སེམས་ཞགས་པ་དམར་པོས་ཁྱོད་ཉིད་དམ་དུ་བཅིངས་བྱས་ཏེ།། གོ་ལ་ཟླུམ་པོའི་ཡང་སྟེང་འདི་ནས་དཔུང་གདོང་མཉམ་གཤིབ་ལོས་བྱེད་ལགས།།

འོན་ཀྱང་བདག་ནི་བྱིས་པའི་དུས་ནས་དབྱངས་ཅན་ལྷ་མོས་བསླུ་བྲིད་ཀྱིས།། རྒྱ་བོད་ཤེས་བྱ་རིག་པའི་ཀློང་ནས་ཤོག་སྨྱུག་ཙམ་ཞིག་གཏད་བྱས་ཏེ།། ལང་ཚོའི་ཉམས་དང་འབྱོར་པའི་རིན་ཐང་ཕལ་ཆེར་མི་མངོན་དབྱིངས་སུ་བསྡུས།། དེ་སླད་ཁྱོད་ཀྱི་བརྩེ་བའི་མིག་ཞགས་བདག་ལ་འཕེན་བསམ་རེ་བ་མེད།།

ཁྱོད་ཀྱི་མིག་ཆུའི་ཤ་འོད་འཐབ་པའི་དུང་བའི་ཟླ་ཟེར་འཛུམ་ན་ཡང༌།། ཁོ་བོའི་ལུས་ཀྱི་ཆོས་གོས་འདི་ཉིད་ཕུད་བསམ་སེམས་ཀྱི་ཟུར་ན་མེད།། དེ་སླད་འཇིག་རྟེན་མི་ཡུལ་འདི་ནས་ཁྱོད་དང་ང་གཉིས་རིང་ན་ཡང༌།། ཕྱི་མ་དག་པ་མཁའ་སྤྱོད་ཞིང་ནས་མཇལ་བའི་སྨོན་ལམ་བཏབ་ཆོག་ལགས།།

སྟོང་དང་རྟེན་འབྱུང་སླུ་བ་མེད་པས་རྟེན་འབྲེལ་ཟབ་མོ་མཚོན་པའི་སླད།། ཁྱོད་མཚན་བཀྲ་ཤིས་རྟགས་ཀྱིས་མཛེས་པའི་དྲི་མེད་ལྷ་དར་དཀར་པོ་འདི།། ཁྱོད་ཀྱི་མགུལ་བར་ཐེངས་གཅིག་འཐེན་ནས་ཏི་སེ་གངས་རིའི་རྩེ་ལ་སྐྱེལ།། དཔའ་ཆེན་ཁྲག་འཐུང་བདེ་མཆོག་ཡབ་ཡུམ་གསང་གསུམ་མཉེས་པའི་རྟེན་དུ་བཏེཊ།།

ནམ་ཞིག་ཚེ་ཡི་འདུ་བྱེད་ཕྲ་མོ་སྟོང་པའི་དབྱིངས་སུ་བསྡུས་པའི་ཚེ།། འོད་གསལ་མ་བུའི་རང་ངོ་འཕྲོད་དེ་སྐྱེ་ཤི་བར་དོ་འཁོར་བའི་རྒྱུན།། དག་པའི་སྐུ་གསུམ་ལམ་དུ་བསྒྱུར་བའི་ཐུན་བཞིའི་རྣམ་འབྱོར་མངོན་གྱུར་ཏེ།། མཁའ་སྤྱོད་དགའ་མའི་འཛུམ་ཞལ་དམར་པོ་མངོན་སུམ་མཇལ་བའི་སྨོན་ལམ་ཞུ།། སྤྱི་ལོ་༢༠༠༠ ཟླ་བ་ ༥ ཚེས་ ༢༥ ལ་ལྡི་ལི་ནས་བྲྀས། ༢༠༠༣ལོར་༼རྩོམ་པ༽་ཐོག་བཀོད།

གྱེས་མཇལ།

མཚན་ཚོགས་ཞབས་བྲོ་འཁྲབ་དུས་ངོ་ཤེས་པའི།། ཁྱོད་རང་ཡང་སྐྱར་ཐེངས་གཅིག་མཇལ་བསམ་ནས།། སུམ་བཅུའི་དུས་དྲན་སྐབས་སུ་མི་ཚོགས་ཁྲོད།། ཇི་ཙམ་བཙལ་ཀྱང་ཁྱོད་རང་མཇལ་མ་བྱུང༌།།

གངས་ལྗོངས་རང་དབང་བདེན་མཐའ་སེལ་བའི་ཆེད།། ཞི་བའི་གོམ་བགྲོད་བྱེད་པའི་ལམ་བུ་ལ།། ཁྱོད་ཉིད་འཚོལ་བའི་ཕྱིར་དུ་སོང་ན་ཡང༌།། གང་ཁྱོད་མཇལ་བའི་སྐལ་བ་ཐོབ་མ་བྱུང༌།།

ལྡི་ལི་ཟས་བཅད་ངོ་རྒོལ་བྱེད་པའི་སྐབས།། ཁྱོད་ཉིད་མཇལ་བའི་རེ་བ་བྱས་ན་ཡང༌།། སྐུ་ལུས་དྲི་མ་ཙམ་ཡང་མ་མཐོང་བས།། ཡིད་ཐང་ཆད་ནས་སྐྱོ་བས་ཉིན་ཤས་བསྐྱལ།།

ཁ་རྩངས་ལྡི་ལི་དོན་གཅོད་ཁང་གི་འགྲམ།། ལག་ཁྱེར་སེར་པོ་བཟོ་ས་འཚང་ཀའི་ནང༌།། མ་མཇལ་ཡུན་རིང་སོང་བའི་སྙིང་སྡུག་ཁྱོད།། ཐེངས་གཅིག་མཇལ་བའི་སྐལ་བ་ཐོབ་བྱུང་ལགས།།

དེ་རིང་ཨ་རི་གཞུང་ཚབ་ཁང་གི་ནང༌།། ཝི་ས་བཟོ་སར་སླར་ཡང་ཐེངས་གཅིག་མཇལ།། སྔོན་ཆད་ཁྱོད་དང་ཁྱོད་ཀྱི་ལང་ཚོ་ལ།། དུང་བའི་གཏམ་རྒྱུད་ཐེངས་གཅིག་ཕྱིར་ཀློག་བྱས།།

བོད་དོན་ངེས་འབྱུང་སྐྱེས་པའི་སྙིང་སྡུག་ལགས།། ཨ་རི་ཐར་བར་འཛིན་པའི་བོད་མོ་ལགས།། ཁྱོད་ཀྱིས་དྲན་རྟེན་གནང་བའི་ཚིགས་ཁེབས་འདི།། དེ་རིང་བདག་གིས་ཁྱོད་ལ་ཕྱིར་འབུལ་བྱེད།།

སྤྱི་ལོ་༢༠༠༠ ཟླ་བ་་ ༤ ཚེས་༢༠ལ་པོ་ཏཱ་ལའི་མགྲོན་ཁང་དུ་བྲིས། ༢༠༠༡ལོར་༼ནོར་ལྡེ་༽ཚགས་པ་ཐོག་བཀོད།



མན་ཇུག་ཊི་ལའི་རྒྱུས་སྟོན།

༼ཆོས་སྒྲོན་ཟ་ཁང་ནང་དུ་འགྲོ་མི་ཉན།༽

བཙན་བྱོལ་བོད་པ་སྤྱི་དང་གྲྭ་བ་ཚོ།། ཨ་རི་ཧོང་ཀོང་ཐེ་ཝན་སིངྒ་པུར།། ངྷ་ས་བལ་བོད་གང་དུ་ཕེབས་ན་ཡང༌།། རྒྱལ་ས་ལྡི་ལིར་མི་འགྲིམས་ཐབས་མེད་ཡིན།། ཕན་ཚུན་འགྲོ་བསྐྱོད་བྱེད་པའི་བོད་པ་ཚོ།། ཁྱེད་ཅག་ཤེས་འཇོན་ཉམས་མྱོང་ལྡན་ངེས་ཀྱང༌།། ལྡི་ལི་མན་ཇུག་ཏྲི་ལའི་གྲོང་སྡེ་ཡི།། མགྲོན་ཁང་ཟ་ཁང་ཆ་རྒྱུས་ང་རང་ཆེ།།

རྒྱལ་ས་ལྡི་ལི་རྙིང་པའི་གྲོང་མཐའ་ན།། མ་ཇུག་ཏྲིག་ལ་ཞེས་བྱའི་གྲོང་སྡེ་ནང༌།། ནུ་འབུར་ཟུར་ནས་སྟོན་པའི་ཆང་མ་དང༌།། རོ་དྲུག་བྲོ་བ་མྱོང་སའི་ཆང་ཁང་ཡོད།།

སྐུ་རྟེན་ནག་འཚོང་རྒྱག་སའི་ཚོང་ཁང་དང༌།། དངུལ་གྱི་ཐོབ་ཤོར་རྩོད་ས་སྦག་ཁང་དང༌།། འདོད་པའི་རྩེ་འཇོ་རོལ་ས་གཞང་ཁང་སོགས།། ཡ་མཚན་ལྟད་མོ་འདྲ་མིན་མཐོང་རྒྱུ་ཡོད།།

ཁྱེད་རང་འདི་ཕྱིའི་རྒྱུ་འབྲས་རྣམ་བཞག་དང༌།། དངུལ་ཁུག་སྟོང་པའི་ཉེས་དམིགས་ཤེས་པ་དང༌།། འཇིག་རྟེན་ཡ་རབས་བརྩི་འཇོག་བྱེད་འདོད་ན།། ཁང་པ་དེ་དག་ནང་དུ་འཛུལ་མི་ཉན།།

ཐོག་བརྩེགས་བདུན་བརྒྱད་ཡོད་པའི་མགྲོན་ཁང་དང༌།། རྒྱ་བོད་ཟས་སྣ་འཛོམས་སུའི་ཟ་ཁང་དང༌།། ཨི་སི་ཏྲི་ཏྲི་གཏང་སའི་ཁང་པ་སོགས།། བཟོ་བཀོད་མཛེས་པའི་ཁང་ཁྱིམ་དུ་མ་ཡོད།། ཕྱོགས་བསྐྱོད་མགྲོན་པོ་ཁྱིམ་ནས་དོན་པ་དང༌།། མགྲོན་ཁང་ཟ་ཁང་ཞལ་པར་ཁང་གསུམ་ལ།། འབབ་ཚུགས་བྱས་ནས་མི་འགྲོ་ཐབས་མེད་པས།། ཁང་པ་དེ་ཚོ་ཅིས་ཀྱང་ངོས་ཟིན་དགོས།།

རྣམ་རྒྱལ་རབ་གསལ་བཀྲིས་བདེ་ལེགས་དང༌།། ཐོག་མེད་ས་སྐྱ་གངས་ཅན་སེར་བྱེས་གཡག།། ཀུན་བཟང་སྤང་སྣ་རྒྱུད་སྟོད་ཀི་རྟི་བྱེས།། ཆ་ཕྲེང་དཔལ་འབྱོར་གླིང་དང་སྒྲོལ་མ་འབྲུག།

དབང་ལྡན་རླུང་རྟ་ཀུན་དགའ་ཤམ་བྷ་ལ།། རྙིང་མ་སྒོ་མང་ཏྲེ་ཧོར་བླཽ་གསལ་གླིང༌།། པོ་ཏཱ་ལ་དང་ཨི་སྒྲ་ཟླ་བཟང་སོགས།།། རིན་གོང་ཆེ་ཆུང་མགྲོན་ཁང་འདྲ་མིན་ཡོད།།

ཁྱེད་རང་དངུལ་ཁུག་སྲབ་མཐུག་དང་བསྟུན་ནས།། ཨེ་སི་ཀུ་ལར་ཁྲུས་ཁང་རང་འགྲིགས་སོགས།། གང་དུ་འདོད་པ་དེ་ན་བཞུགས་མཛོད་དང༌།། དེ་དག་ཚད་ལྡན་བརྩི་སའི་མགྲོན་ཁང་ཡིན།།

མགྲོན་ཁང་རེ་ནང་ཟ་ཁང་རེ་རེ་ཡོད།། གཞན་ཡང་ཏྲི་ཏྲི་རིན་ཆེན་ཕུར་སྒྲོན་དང༌།། ཀཻ་ལ་ཤ་སོགས་ཟ་ཁང་དུ་མ་ཡོད།། ཁྱེད་རང་གང་དུ་ཕེབས་ཀྱང་རུང་བ་ཡིན།། འོན་ཀྱང་ཨི་སྒྲ་མགྲོན་ཁང་ནང་ཡོད་པའི།། ཆོས་སྒྲོན་ཟ་ཁང་ནང་དུ་ཕེབས་མི་ཉན།། མན་ཇུག་ཏྲི་ལར་ཆོས་སྒྲོན་མང་དྲགས་པས།། ཁོང་ལ་ཟ་ཁང་ཆོས་སྒྲོན་ཞེས་སུ་འབོད།།

སྤྱིར་ན་ཟ་ཁང་དེའི་ནང་ཟས་གོང་ཆེ།། སྒོས་སུ་རྒྱུས་མེད་མགྲོན་པོ་སླེབས་པའི་ཚེ།། རི་སྤྱང་སྔོན་པོ་ཤ་ལ་རྔམས་བཞིན།། མགོ་བསྐོར་གཏང་ནས་ཟས་གོང་ལྡབ་ལོག་ལེན།།

ང་ཡང་ཟ་ཁང་དེའི་ནང་ཐེངས་གཅིག་སོང༌།། ཞོགས་ཟས་ཇ་དང་བག་ལེབ་སྒོ་ང་ལ།། མགོ་བསྐོར་བཏང་ནས་ཧིན་སྒོར་གཅིག་བརྒྱ་བླངས།།། དེ་ནས་བཟུང་སྟེ་ཞེན་པ་གཏིང་ནས་ལོག།

ཆབ་མདོ་གྲྭ་བ་ཞིག་གིས་ཟ་ཁང་འདིར།། ཤ་ཙོང་སྔོ་ཚལ་འདྲེས་མའི་ཤ་བག་ལེབ།། གྲངས་ཀ་གསུམ་ཙམ་ཟོས་པའི་རིན་པ་ལ།། ཧིན་སྒོར་དྲུག་ཅུ་ཐམ་པ་བླངས་ཞེས་ཐོས།།

ཉེ་ཆར་བྲག་གཡབ་ཕོ་གསར་ཞིག་ས་ནས།། གྲང་ཚལ་སྡེར་མ་གང་གི་རིན་པ་ལ།། ཧིན་སྒོར་སུམ་ཅུ་ཐམ་པ་བླངས་ཞེས་ཐོས།། དེ་དང་དེ་འདྲའི་ལོ་རྒྱུས་ཤིན་ཏུ་མང༌།། ཕྱོགས་བསྐྱོད་གནང་མཁན་སྐྱ་སེར་ཕོ་མོ་ཚོ།། རྒྱུས་མེད་དབང་གིས་ཟ་ཁང་དེར་སླེབས་ན།། ཕྱིན་ཆད་སྲོག་ལ་ཐུག་ཀྱང་མི་འགྲོ་ཞེས།། དམ་བཅའི་གནའ་ཚིག་མི་བཞག་ཀ་མེད་འོང༌།།

ཨེ་སི་ཏྲི་ཏྲི་དང་ནི་ལོ་ཀོལ་དང༌།། ཕེག་སེ་གཏང་སའི་ཁང་པ་འདྲ་མིན་ཡོད།། དེ་དག་གང་ནས་ཞལ་པར་གཏོང་ན་ཡང།།། རིན་གོང་ཆེ་ཆུང་དེ་ཙམ་ཧེ་བག་མེད།།

ཨ་རི་དབྱིན་ལེན་སུད་སི་ཐེ་ཝན་སོགས།། ཤར་ནུབ་རྒྱལ་ཁབ་གང་དུ་བསྐྱོད་ན་ཡང༌།། གནམ་གྲུ་རི་ལི་བྷ་སི་ལ་སོགས་པའི།། ལག་ཁྱེར་བཙོང་ས་གྲོང་སྡེ་འདིའི་ནང་ཡོད།།

དགེ་ཆོས་རིག་པས་རྒྱལ་མཐའ་བསྐོར་བའི་སྐབས།། མན་ཇུག་ཏྲི་ལའི་གྲོང་སྡེ་འདི་ཆགས་མེད།། དེ་སླད་ཁོ་བོས་གོ་སླ་ཉན་བདེའི་ཆེད།། རྒྱུས་སྟོན་འདི་ཉིད་གསར་འབྲི་བྱས་པ་ལགས།།

ཕྱོགས་བསྐྱོད་གནང་མཁན་བོད་རིགས་སྤུན་ཟླ་ཚོ།། རྒྱལ་ས་ལྡི་ལི་བརྒྱུད་ནས་ཕེབས་དགོས་ན།། རྒྱུས་སྟོན་གཏམ་འདིར་མཐོང་ཆུང་མ་གནང་བར།། ཞིབ་ཏུ་གཟིགས་དང་ཁྱོད་ལ་ཕན་ཐོགས་ཡོད།། ༢༠༠༠།༥།༣ ཉིན་ལྡི་ལི་མན་ཇུག་ཏྲི་ལར་བྲིས། ༢༠༠༡ལོར་༼གཉན་ཆེན་ཐང་ལྷའི་༽གསར་ཤོག་ཐོག་བཀོད།

རྒྱ་བལ་ཐེངས་གཅིག་བསྐོར་བའི་དྲན་ཐོ།

ཀ་ན་ར་ནས་ངྷ་རམ་ས་ལ་རུ།།

ཁ་བ་རི་པའི་རྩོམ་རིག་ཚོགས་འདུ་སླད།། ག་ལེར་སོང་བའི་མཐོང་སྣང་རྗེན་པའི་ཚུལ།། ང་རང་དེ་རིང་དྲན་ཐོ་འབྲི་འདོད་བྱུང༌།།

ཅ་ཅོ་འདུ་ལོང་འཁྲུགས་པའི་ཧུབ་ལི་ནས།། ཆ་རྒྱུས་མེད་པའི་རི་ལིའི་ནང་འཛུལ་ཏེ།། ཇ་ཡེ་ཟེར་ཚད་ལག་ནས་ཇ་འཐུང་ཞོར།། ཉ་རེ་ཉོ་རེ་བྱས་ནས་དལ་གྱིས་སོང༌།།

ཏཱ་ལའི་ལོ་མའི་སྣོད་ཀྱི་ཁ་ལག་དང༌།། ཐ་མག་བྷི་རི་འཚོང་མཁན་འཚང་ཀའི་ཐོག། ད་དུང་མ་ནིང་མང་པོའི་སློང་སྒྲའི་ཁྲོད།། ན་དྷ་ར་སོགས་ས་ཚུགས་དུ་མ་བརྒལ།།

པ་སངས་མདོག་ལས་དཀར་བའི་རྒྱ་རིགས་དང༌།། ཕ་མེས་རིགས་རུས་གཙང་བའི་རྗེ་རིགས་དང༌།། བ་ཕྱུགས་ལྷ་རུ་རྩི་བའི་བྲམ་ཟེ་དང༌།། མ་རབས་དམངས་རིགས་འདྲེས་མའི་མི་རིགས་མང༌།། ཙ་ཀོ་ར་ལྟར་འཛེར་པའི་ཡུལ་སྐད་དང༌།། ཚ་འཇམ་བསྣོལ་མ་འཐབ་པའི་ཡུལ་སྐད་གཉིས།། ཛ་ཡའི་གནས་མཆོག་ཡུལ་གྱི་དབུས་སྐད་སོགས།། ཝ་ལེ་ཝོ་ལེ་འདྲེས་པའི་སྐད་ཡིག་མང༌།།

ཞྭ་ལུགས་གོམ་སྟབས་མི་གཅིག་ཁ་ཁ་དང༌།། ཟ་འཐུང་གོམས་སྲོལ་མི་འདྲ་སོ་སོའི་ཁྲོད།། འ་རེ་འུ་རེ་ངང་དུ་སོང་བ་ལས།། ཡ་མཚན་ལྡི་ལི་གསར་པའི་གྲོང་མཐར་སླེབས།།

ར་ལུག་ལས་ཀྱང་སྐད་ལ་རྨོངས་པའི་ཕྱིར།། ལ་དྭགས་ངྷ་རམ་ས་ལའི་བར་དུ་ཡང༌།། ཤ་ཁྲག་ལས་ཀྱང་གཅེས་པའི་ཧིན་སྒོར་བརྒྱ།། ས་མཐའི་རི་ཤལ་བ་ལ་སྤྲོད་དགོས་བྱུང༌།།

ཧ་ཅང་འཁྲུག་པའི་མན་ཇུ་ཊི་ལ་ནས།། ཨ་སྒོར་སློང་སའི་སྦྱིན་བདག་མ་ཡིན་པའི།། ཨ་རིའི་རྨོ་མོ་ཞིག་དང་གྲོས་བྱས་ཏེ།། ཧ་ལམ་མཚན་མོ་གཅིག་གིས་ངྷ་སར་སླེབས།།

ཀརྨ་མཆོག་སྤྲུལ་དམིགས་བསལ་མཇལ་ཁ་ཐོབ།། ཁ་ཙམ་མིན་པར་མི་ཕྱེད་དད་པའི་ངང༌།། ག་དུས་ཡིན་ན་སྐྱབས་འཇུག་གནང་དགོས་ཞེས།། ང་རང་གང་ཤེས་ཞུ་བ་ལྷུག་པོར་ཕུལ།། ཅ་ལག་རྔན་པ་མགྲོན་ཁང་ནང་ལུས་ཀྱང༌།། ཆ་རྒྱུས་དེ་ཙམ་མེད་པའི་སྦི་རིར་ཕྱིན།། ཇ་ཁང་ཞིག་ནང་སུང་ཇ་སློབ་གྲྭ་འགར།། ཉ་ཉུང་འདྲེས་མའི་བསླབ་བྱ་རྒྱག་ཁུལ་བྱས།།

ཏ་ལའི་དབྱིབས་འདྲའི་མེ་ལོག་གྷ་ཇི་ནས།། ཐ་རེ་ཐོར་རེ་གྲོང་སྡེ་འགའ་བརྒལ་ནས།། ད་ལྟར་སཱ་ར་མཐོ་སློབ་གྲགས་པ་དེར།། ན་གཞོན་དུ་མའི་མཉམ་དུ་ཚོགས་འདུར་ཞུགས།།

པ་སངས་ལྟར་དཀར་མེས་པོའི་རྒྱལ་རབས་དང༌།། ཕ་རོལ་དམར་པོ་རྒྱ་ཡི་འཁྱོག་བརྗོད་གཉིས།། བ་ལ་ཛ་བཞིན་འཛིང་པའི་འགལ་འདུ་རྣམས།། མ་ལུས་གཙང་སེལ་དགོས་པའི་གྲོས་ཆོད་བཞག།

ཙ་ཀྲའི་འཕྲུལ་ལྡན་མོ་ཊའི་ནང་ཞུགས་ནས།། ཚ་བ་གཞན་ལས་ཆེ་བའི་ལྡི་ལི་གྲོང༌།། ཛ་ལང་སྤྱོད་ལྡན་མ་ཇུག་ཊི་ལ་བར།། ཝ་ལེར་མཚན་མོ་གཅིག་ལ་ཏག་ཏག་སླེབས།།

ཞ་ཡིག་ལྟར་འཁྱོག་སྲང་ལམ་འདྲ་མིན་ནང༌།། ཟ་ཁང་མགྲོན་ཁང་སྦག་ཁང་ཆང་ཁང་སོགས།། འ་རེ་འུ་རེ་འདྲ་མིན་སྣ་ཚོགས་ཀྱིས།། ཡ་མཚན་སྒྱུ་མའི་འཁྲབ་སྟེགས་དངོས་འདྲ་མཐོང༌།། ར་བ་གངས་ཅན་ལྗོངས་ནས་གཉེན་འཕྲད་དུ།། ལ་ལུང་དུ་མ་བརྒལ་ནས་སླེབས་པ་ཡི།། ཤ་ཁྲག་གཅིག་པའི་སྤུན་མཆེད་སྲིང་མོ་གང༌།། ས་མཚམས་བརྒལ་ནས་བལ་ཡུལ་བསྐྱལ་མཁན་སོང༌།།

ཧ་ཅང་བཙན་པའི་རྒྱ་བོད་ས་མཚམས་སུ།། ཧ་ཅང་བདུད་མོ་འདྲ་བའི་བསྐོར་སྲུང་འགས།། ཨ་ཅེ་མཛེས་མ་ཁ་ཤས་མ་གཏོགས་པ།། ཨ་ཕོ་འགྲུལ་པའི་ལག་ནས་དངུལ་དངོས་འཕྲོག།

ཀ་ཋི་མ་ཊི་གྲོང་ཁྱེར་ཆེན་པོའི་ནང༌།། ཁ་དོག་དཀར་སེར་དམར་ནག་མི་རིགས་ཚོགས།། ག་རེ་འདོད་འདོད་དངུལ་གྱིས་བྱེད་པ་ཡི།། ང་ཆེ་ཁོ་ཆེའི་ཚོང་པ་མང་པོ་མཐོང༌།།

ཅ་ལག་རྙིང་པ་ཕྱི་རྒྱལ་ཡུལ་དུ་བཙོང༌།། ཆ་ལུགས་གོས་གསར་ཉིན་རེ་ཉིན་རེར་བརྗེ།། ཇ་ཆང་ཤོ་སྦག་འདོད་བརྩེ་ནག་ཚོང་སོགས།། ཉ་དང་ཉུང་མ་འདྲེས་པའི་ལྟད་མོ་མཐོང༌།།

ཏཱ་ལའི་བླླ་མའི་བཀའ་ལ་རྩི་མཁན་དང༌།། ཐ་ཤལ་ལོག་པའི་ལམ་ལ་འགྲོ་མཁན་གཉིས།། ད་དུང་མང་ཉུང་དབྱེ་ཐག་མི་ཆོད་པས།། ན་མིན་འཆི་མིན་བོད་བའི་ལོ་རྒྱུས་མང༌།། པ་སངས་ཉིན་མོར་གཉན་ཆེན་ཐང་ལྷའི་ནང༌།། ཕ་གཅིག་ལྟ་བུའི་གྲོགས་པོ་ཀླུ་སྨྱོན་ས།། བ་དང་བེའུ་བཞིན་ཐུག་འཕྲད་བྱེད་བསམ་ཡང༌།། མ་རབས་གྲོགས་པོ་ཞིག་གིས་བཀག་འགོག་བྱས།།

ཙ་རི་བསྐོར་བའི་དཀའ་ལས་མ་བསྐྱོན་ཀྱང༌།། ཚ་བའི་ཡུལ་ནས་ཐམས་ཅད་མཁྱེན་པ་མཇལ།། ཛ་ཡེའི་གནས་མཆོག་སྐོར་བའི་སྲིང་མོ་གང༌།། ཝ་བཞིན་ས་མཐར་མ་བཞག་བོད་དུ་བརྫངས།།

ཞྭ་གོས་རྒྱུ་ནོར་ཚོང་རྫས་ཕར་ཙམ་ཞོག། ཟ་འཐུང་འགྲོ་གྲོན་འདང་མིན་ཙམ་ཞིག་བྱས།། འ་ཆད་འུ་ཐུག་རྣམ་འགྱུར་ཁོ་ན་ཡིས།། ཡ་མེད་རྒྱ་བལ་ས་མཚམས་འཕྲང་ལམ་བརྒལ།།

ར་ཛའི་གྲོང་ཁྱེར་ལྡི་ལི་ནས་རྒྱུད་དེ།། ལ་ཐུར་མེད་པའི་རྒྱ་ཐང་ཡངས་པོ་ལ།། ཤ་ཁྲག་མིན་པའི་ལྕགས་ཀྱི་འཕྲུལ་འཁོར་ནང༌།། ས་མཐའི་ཧུབ་ལི་འབབ་ཚུགས་ནང་དུ་སླེབས།།

ཧ་ཅང་ཆ་རྒྱུས་ཡོད་པའི་ཧུབ་ལི་ནས།། ཨ་རིའི་གློག་བརྙན་ཞིག་ལ་ལྐོག་ནས་བལྟས།། ཧ་ལས་དགོས་པའི་འཕྲུལ་རིགས་མང་མཐོང་བས།། ཨ་ཨ་བསམ་ནས་ཡིད་སྨོན་གཏིང་ནས་སྐྱེས།། ཀི་ཤར་སྒྲོག་ནས་ཁུ་ཚུར་མི་འཕྱར་ཡང༌།། ཁུ་བོའི་ལ་རྒྱ་འཚོལ་བའི་བུ་ཞིག་གིས།། གེ་སར་ལྷ་སྒྲུང་ལྟ་བུ་མ་ཡིན་པར།། ངོ་མ་བྱུང་བའི་ཟུར་ཐོ་བཀོད་པ་ལགས།། ༢༠༠༠།༦།༢༥།ཧུབ་ལི་ནས་བྲིས། ༼ལྷོ་མཐའི་ཁ་བ་༽འདོན་ཐེངས་གཉིས་པའི་ཐོག་བཀོད།


ཁྱོད་སྙིང་ནས་དྲན།

ཀ་ར་ལས་ཀྱང་མངར་བའི་མཆུ་སྒྲོས་དང༌།། ཁ་བ་ལས་ཀྱང་དཀར་བའི་ཞལ་རས་དེ།། ག་དུས་ཡིན་ན་བརྗེད་ཐབས་མི་འདུག་ཅེས།། ང་ཡིས་ཁྱོད་ལ་དྲན་པའི་འཕྲིན་འདི་ཞུ།།

ཅ་ལག་འདྲ་མིན་ཁྲོམ་ར་མང་བ་དང༌།། ཆ་མེད་འགྲུལ་པ་འཛོམས་ས་བལ་པོའི་ཡུལ།། ཇ་ཁང་ལྡི་ལིར་བཞག་ནས་བསྐྱོད་པ་ཡི།། ཉ་རྒྱས་ཟླ་བཞིན་མ་ཁྱོད་སྙིང་ནས་དྲན།།

ཏ་ལའི་ནགས་ཀླུང་འཁྲིགས་པའི་ལྷོ་མཐའ་ནས།། ཐ་སྙད་རིག་གནས་སྨྲ་བའི་སྨྱུག་ཐོགས་ངས།། ད་ཆར་འཁོར་བའི་ཉེས་དམིགས་ཤེས་ན་ཡང༌།། ན་ཆུང་སྡུག་གུ་མ་ཁྱེད་སྙིང་ནས་དྲན།། པ་ཏྲའི་དབྱིབས་ལྟར་འཛིངས་པའི་མི་ཚེ་ནང༌།། ཕ་མས་འགོག་ནུས་མིན་པའི་བརྩེ་དུང་མདངས།། བ་སོ་ལས་ཀྱང་དཀར་བའི་ཚུལ་དྲན་ནས།། མ་བཅོས་ཡིད་འོངས་མ་ཁྱོད་སྙིང་ནས་དྲན།།

ཙ་རི་ལྟ་བུའི་གཡང་གཟར་མི་ལྡན་ཞིང༌།། ཚ་གྲང་དྲོད་མཉམ་བལ་པོའི་གྲོང་ཁྱེར་དུ།། ཛ་ཡའི་གནས་ལ་མཆོད་མཇལ་གནང་བ་ཡི།། ཝ་ལེར་ཡིད་འཕྲོག་མ་ཁྱེད་སྙིང་ནས་དྲན།།

ཞྭ་སེར་ཅོད་པན་འཆང་བའི་ཆོས་ལུགས་དང༌།། ཟ་བྱཻད་སེང་དར་འཕྱར་བའི་སྲིད་གཞུང་ལ།། འ་འུར་ཙམ་མིན་ཞབས་འདེབས་ཞུ་ཞོར་དུ།། ཡ་མཚན་སྙིང་སྡུག་མ་ཁྱོད་སྙིང་ནས་དྲན།།

ར་བ་གངས་རི་བརྒལ་བའི་མི་ཡུལ་གྱི།། ལ་ལུང་གཞན་དུ་བརྩེ་དུང་མྱུ་གུ་སྨིན།། ཤ་ཁྲག་ལུས་ཀྱི་འབྲེལ་བ་མེད་ན་ཡང༌།། ས་མཐའི་མིག་ཡངས་མ་ཁྱོད་སྙིང་ནས་དྲན།།

ཧ་ལོ་ཡུ་ནན་འབོད་པའི་དབྱིན་མོ་དང༌།། ཨ་ར་སྐྱ་སུག་སྐྱེས་པའི་ཧིན་མོ་ཚོས།། ཧ་རེ་ཧོ་རེས་འགྲན་པར་མི་ནུས་པའི།། ཨ་རེ་བཞིན་མཛེས་མ་ཁྱོད་སྙིང་ནས་དྲན།། དྲན་ཞིང་དྲན་ཞིང་དུང་བའི་སྙན་ཚིག་བྲིས།། བྲིས་ཤིང་བྲིས་ཤིང་སེམས་ཀྱི་འཕར་རྩ་ལྡིང༌།། ལྡིང་ཞིང་ལྡིང་ཞིང་འཕྲིན་འདི་སྐྱེལ་བར་སོང༌།། སོང་ཞིང་སོང་ཞིང་བརྩེ་མདངས་སླར་ཡང་རྒྱས།།

བཀྲ་ཤིས་དཔལ་གྱིས་མཛེས་པའི་མིག་ཡངས་མ།། རྐུན་ལུང་ཆ་བརྒྱད་ཇག་པའི་ཞིང་ཁམས་ནས།། སྐྱོན་མེད་ལྷ་ནས་བབ་པའི་ལྷ་མོ་བཞིན།། གྲོང་ཁྱེར་འདིའི་ནང་སླར་ཡང་མྱུར་བར་ཕེབས།།

༢༠༠༠།༦།༢ ཉིན་ལྡི་ལི་ནས་བྲིས། ༼དྲང་བདེན༽ གསར་ཤོག་ཐོག་བཀོད།




བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།

བླ་ཆེན་འགའ་ཞིག་ཨ་རིེར་ཕེབས་དུས།། རྒྱལ་བའི་སྐུ་ལ་མཚན་སྨད་ཞུ་དུས།། འཛམ་བུ་གླིང་ལ་སྔོ་ལོ་འཕྱར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། སྤྱི་པའི་རྐུབ་ཀྱགས་འཚང་ཀ་བྱེད་དུས།། སྤྱི་པའི་ལས་ཀ་འཐུས་ཤོར་གཏོང་དུས།། སྤྱི་པའི་རྒྱུ་ནོར་ཧམ་ཟོས་བྱེད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

སྐུ་དྲག་མཐོན་པོས་རྒྱལ་ཁབ་བཙོང་དུས།། ཚོང་པ་རྒྱག་པས་གསེར་སྐུ་བཙོང་དུས།། ལྷ་ལྕམ་མཛེས་མས་རང་ལུས་བཙོང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

སློབ་དགེ་མཁས་པས་ར་གཟི་བྱེད་དུས།། སློབ་ཕྲུག་བུ་མོས་ན་ལེ་ལེན་དུས།། སློབ་གྲྭའི་ཡིག་ཚད་དངུལ་གྱིས་ཉོ་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཨ་ལགས་སྤྲུལ་སྐུ་མག་པ་འགྲོ་དུས།། ཨ་ཁུ་དགེ་བཤེས་སྐྱ་སར་བབ་དུས།། ཨ་ནེ་མཛེས་མའི་ནུ་མ་འབུར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཨ་རིའི་ཝི་ས་དངུལ་གྱིས་ཉོ་དུས།། ཨ་རིའི་རྒྱལ་ཁབ་ལྷ་ཡུལ་རྩི་དུས།། ཨ་རིའི་ཌོ་ལར་ནོར་བུར་རྩི་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། རྨོངས་དད་བྲག་གི་རྫོང་གོག་བརྩིགས་དུས།། ཉིན་མཚན་མེད་པར་གཉིད་ལ་ཡུར་དུས།། རྨི་ལམ་ནང་དུ་ལྷ་ཡུལ་སླེབས་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

མངོན་སུམ་བསྟན་ན་མིག་ཟུང་བཙུམས་དུས།། ལྐོག་གྱུར་བཤད་ན་རྣ་བ་བཀབ་དུས།། རྫུན་གྱི་ཁུང་བུ་བདེན་པར་འཛིན་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

དངོས་ཡོད་གནས་ལུགས་ཁྱད་བསད་བྱེད་དུས།། དངོས་མེད་ལྷ་མཆོད་འདྲེ་རྡུང་བྱེད་དུས།། རྗེས་ལུས་ཐེབས་ཀྱང་སྔོན་འཐོན་རློམ་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

དབང་ཆེན་དཔོན་པོས་ལྐོག་བརྔན་ཟ་དུས།། དབང་ཆ་བེད་སྤྱོད་ལོག་པར་གཏང་དུས།། དབང་མེད་ཉམ་ཆུང་རྡོག་རྫིས་གཏོང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཁྱོ་ག་ཤི་ནས་ཞག་གསུམ་ལེན་དུས།། ཁྱོ་ཡན་འཚོལ་ནས་ཆང་ས་རྒྱག་དུས།། ཁྱོ་དགུ་འགྲིམས་པའི་ལྟད་མོ་མཐོང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། ལོ་བརྒྱད་བྱིས་པས་མ་ཅང་རྩེ་དུས།། ལོ་བཅུ་བུ་མོས་དགའ་རོགས་སྒྲིག་དུས།། གསེར་སྐུ་བཙོང་ནས་སྦག་སྦག་ཞོན་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

བུ་སྤུན་ནངཁུལ་ལག་འཛིངས་བྱེད་དུས།། ཕ་མའི་རྒྱུ་ནོར་ཧ་ཐོབ་བྱེད་དུས།། སྤུན་མཆེད་ནང་མིའི་བརྩེ་བ་བརླགས་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

སྦི་ཨར་མང་པོ་ཞབས་ཏག་རྒྱག་དུས།། ཆང་ཁང་བུ་མོ་པང་ལ་ཉལ་དུས།། བཟའ་ཟླ་བུ་ཕྲུག་སེམས་ལ་བརྗེད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཝི་སི་ཀི་ཡི་ཨ་རག་བཏུང་དུས།། མ་ཧཕོ་རོ་ཡི་ཐ་མག་འཐེན་དུས།། ནང་འཁྲོལ་གློ་བ་ནག་པོ་ཆགས་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཀ་ཁ་མི་ཤེས་བརྒྱད་སྟོང་ཀློག་དུས།། གོས་ཐུང་གོན་ནས་གྲོང་ཆོག་འགྲོ་དུས།། ཕྲེང་བ་བགྲང་ནས་མོ་ལུང་གནང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། ཤིང་ནགས་གསེབ་ནས་རང་བཙན་འབོད་དུས།། ཆང་ཁང་ནང་དུ་ལ་རྒྱ་བཤད་དུས།། བཟའ་ཟླའི་སྟེང་ལ་དཔའ་རྟགས་བཞག་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

དབྱིན་སྐད་ཤེས་ན་མཁས་པ་རྩི་དུས།། རྒྱ་སྐད་བཤད་ན་འཇོན་པོ་རྩི་དུ།། རང་སྐད་རྒྱག་ན་ལྐུགས་པ་རྩི་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

བྱ་ཤ་ཉ་ཤའི་གསོལ་སྟོན་ཕེབས་དུས།། གཞུང་སྒོ་རྒྱབ་ནས་ལྟག་སྒོ་ཕྱེ་དུས།། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཆག་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཆོས་ཁྲིའི་ཐོག་ནས་ཆོས་མིན་གསུང་དུས།། ཆོས་གོས་གོན་ནས་ཆང་རག་འཐུང་དུས།། ཆོས་ཁྲིམས་དར་གྱི་མདུད་པ་ཞིག་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ལྷ་རམས་དགེ་བཤེས་ལག་ཁྱེར་བཞེས་དུས།། རྣམ་དབྱེ་གཉིས་བཞིའི་ཁྱད་པར་རྨོངས་དུས།། གཏོང་ཡིག་ཙམ་ཡང་འབྲི་ཤེས་མེད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། གཞུང་ལས་ཁང་དུ་གཉིད་ཀྱོག་རྒྱག་དུས།། གཞུང་གི་ལས་ཀ་འཐུས་ཤོར་གཏོང་དུས།། གཞུང་གི་ཟླ་ཕོག་ཆད་མེད་ལེན་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

དམངས་གཙོའི་རྩ་ཁྲིམས་ཁ་ལ་ཁུར་དུས།། དམངས་ཀྱི་ཐོབ་ཐང་རྩིས་མེད་གཏང་དུས།། དམངས་ཀྱིརེ་བ་རླུང་ལ་བསྐུར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཁ་ནས་དམངས་གཙོའི་བཀའ་སློབ་གནང་དུས།། ཁོག་ཏུ་རང་གཙོ་ལྟ་བ་འཛིན་དུས།། ཁ་ཞེ་འགལ་བ་ལྟག་སྤྲོད་བྱེད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཉིན་མོར་ལྷ་ཁང་མཇལ་ཁ་འགྲོ་དུས།། མཚན་མོ་སྒེ་ཁུངས་ནང་ནས་འཛུལ་དུས།། རྩ་ཆེན་གསེར་སྐུ་རྐུ་མ་ཤོར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཕ་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།། དབུ་སྐྲ་བཞག་ནས་དྷ་ས་ཉུལ་དུས།། བོད་མོ་བཞག་ནས་དབྱིན་མོ་དེད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། རང་བཙན་གཙང་མ་མེད་ཀྱང་འགྲིགས་དུས།། སྤྲོད་མཁན་མེད་ཀྱང་གདམས་ཁ་བསྐོར་དུས།། གཞུང་དམངས་གཉིས་ཀ་གཉིད་ལ་ཡུར་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཆོས་སྡེ་ཆེན་པོར་དགེ་བཤེས་གཏོང་དུས།། ཆོས་པ་བྱས་ནས་བྱ་བྲལ་ཕེབས་དུས།། ཆོས་ཚོགས་བཙུགས་ནས་ཆོས་ལོག་བཤད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

སྐྲ་ནག་བུ་མོའི་ལང་ཚོ་རྒྱས་དུས།། སྐྲ་སཻར་རྒན་པོའི་རྐུབ་རྩར་རྒྱུག་དུས།། ཨེ་ཚི་ན་ཚས་རང་སྲོག་ཕུང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཆོས་དང་རིག་གཞུང་ཁ་ནས་བཤད་དུས།། ཆོས་མིན་བྱ་བ་ལྐོག་ནས་བྱེད་དུས།། ཆོས་དང་འཇིག་རྟེན་གཉིས་ཀར་འགལ་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཆོས་གོས་གོན་ནས་ཆོས་པ་རྫུས་དུས།། ནག་ཚོང་རྒྱབ་ནས་ནག་མོ་འཛག་དུས།། རང་བཙན་བཤད་ནས་རང་དོན་སྒྲུབ་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། རང་ཡུལ་དགྲ་བོའི་ལག་ཏུ་ཤོར་དུས།། རང་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།། རང་ཡུལ་བརྗེད་ནས་མི་ཡུལ་བསྡད་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

མཐོ་སློབ་ལག་འཁྱེར་ཕྱག་ལ་བསྣམས་དུས།། གཞུང་ཞབས་བསྡད་ནས་གཞུང་ལས་གནང་དུས།། དག་ཆ་མེད་པའི་ཕྱག་བྲིས་འབྲི་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

སྐྱབས་རྟེན་བསྔོ་རྟེན་རྐུ་མ་བྱེད་དུས།། འབྱོར་ལན་རྫུན་མས་མགོ་བསྐོར་གཏོང་དུས།། གཞུང་དམངས་གཉིས་ལ་ཞབས་འདྲེན་ཞུས་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།

ཨ་མདོ་མཁས་པས་སྟོང་བཤད་བྱེད་དུས།། ཨ་རེ་ཁམས་པས་ཁུ་ཚུར་འཕྱར་དུས།། ཨ་ཇོ་དབུས་པས་སྟོང་བསམ་གཏོང་དུས།། བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།། ༢༠༠༠ལོ་ཡས་མས་ལ་བྲིས། ༼གཉན་ཆེན་ཐོག་ལྷ༽ གསར་ཤོག་ཐོག་བཀོད། མ་ཟིན་ཐ་ཐོར་ཞིག་འདུག་པ་དེར་ཉེ་ཆར་ཚིགས་བཅད་ཁ་ཤས་གསར་དུ་བསྣན།



སེམས་ཀྱི་རྨ་ཁ།


རྒྱང་རིང་བོད་ལ་བཞུགས་པའི།། སྙིང་སྡུག་གངས་རིའི་ལྷ་མོ།། མདང་དགོང་རྨི་ལམ་ཞིང་ནས།། སླར་ཡང་ཐེངས་གཅིག་མཇལ་བྱུང༌།།

མཚོན་ཆའི་ཆར་པ་འབབ་ཀྱང༌།། ལུས་ལ་གནོད་པ་མ་བྱུང༌།། འདས་དོན་བསམ་གཞིགས་ཤིག་གིས།། སེམས་ལ་རྨ་ཁ་བཟོས་བྱུང༌།

མཚོན་ཆས་གཤགས་པའི་རྨ་ཁ།། སྨན་པས་གསོ་ཐབས་འདུག་ཀྱང༌།། གཟུགས་མེད་སེམས་ཀྱི་རྨ་ཁ།། སྨན་གྱིས་གསོ་ཐབས་མི་འདུག།

མཛེས་སྡུག་ཡིད་འཕྲོག་ལྷ་མོའི།། བརྩེ་དུང་སེམས་ཀྱི་ཟླ་འོད།། ཉིན་མཚན་ཁྱད་པར་མེད་པ།། བདག་ལ་འཆར་བ་གནང་རོགས།། བྱང་བརྒྱུད་གངས་རིའི་ཕང་ནས།། ངེས་མེད་ལྷོ་མཐར་འཁྱམས་པའི།། བདག་མེད་བུང་བའི་རྣམ་ཤེས།། ཁྱོད་ཀྱི་སྙིང་གར་ཐིམ་སོང༌།།

རི་སྤྱང་དམར་པོའི་མཆེ་འོག། གཅེས་པའི་སྲོག་ལ་གཟན་ནས།། མི་ཡུལ་ལུང་པར་ཉུལ་ཀྱང༌།། གངས་ལྷ་སེམས་ནས་བོར་མེད།།

འཁྱར་འཁྱོག་ནམ་ཟླ་རིང་མོའི།། སྐྱིད་སྡུག་གཏམ་གྱི་ཕྲེང་བ།། ངུ་མ་དགོད་ཀྱི་གླུ་འདི།། ལྷོ་མཐའི་ཕྱོགས་ནས་ཕུལ་ཡོད།།

སྙིང་སྡུག་གངས་ལྷ་སྒེག་མོའི།། བརྩེ་དུང་གངས་རིའི་མིག་ཆུ།། ཏི་སེ་གངས་ཀྱི་རི་ནས།། གངྒཱའི་ཆུ་ལ་སྐུར་རོགས།།

ལྷོ་མཐའི་ཚ་བའི་ཀློང་ནས།། གངྒཱ་མཛའ་མོའི་ཞལ་ཆབ།། ཐེངས་གཅིག་འཐུང་རྒྱུ་བྱུང་ན།། བསམ་དོན་དེ་གས་རྫོགས་སོང༌།། སྤྱི་ལོ་༡༩༩༨༼ཕ་ཡུལ་༽འདོན་ཐེངས་བཅུ་གཉིས་པའི་ཐོག་བཀོད།


ཀྱེ་ཨ་ཅག་ལགས།

མཐོ་རིམ་སློབ་གྲྭ་ཐོན་པའི།། ཨ་ཅག་ཤེས་ཡོན་ཆེན་པོ།། ཤེས་བྱ་ཡོན་ཏན་ཡོད་ན།། བོད་སྐད་གཙང་མ་རྒྱག་ཤོག།

དབུ་སྐྲ་སིལ་ལི་བཞག་མཁན།། ཨ་ཅག་རྣམ་པ་ཡག་པོ།། གཟུགས་དང་རྣམ་པ་ཡོད་ན།། ཁྱོ་ག་བོད་པ་ལེན་ཤོག།

རྟིང་ཀ་ཙོག་ཙོག་གོན་མཁན།། ཨ་ཅག་སྐུ་གཟུགས་བདེ་པོ།། ཉམས་དང་སྒྱུ་རྩལ་ཡོད་ན།། བོད་པའི་ཞབས་བྲོ་འཁྲབ་ཤོག།

ཁ་ལ་དམར་རྩི་བྱུག་མཁན།། ཨ་ཅག་དང་འདོད་ཚ་བོ།། གསུང་སྐད་སྙན་པོ་ཡོད་ན།། བོད་གཞས་གཙང་མ་ཐོང་ཤོག། ནུ་འབུར་ཟུར་ནས་བཏོན་མཁན།། ཨ་ཅག་ཀྲོག་ཀྲོག་ཚ་བོ།། མི་རིགས་ལ་རྒྱ་ཡོད་ན།། ཕྱི་རྒྱལ་ཕེབས་རྒྱུ་གཡུགས་ཤོག།

འཇའ་མ་ཐུང་ཐུང་གོན་མཁན།། ཨ་ཅག་མཛེས་ལྡན་ལྷ་མོ།། ཁྲེལ་དང་ངོ་ཚ་ཡོད་ན།། སྐུ་སྨད་བཙོང་རྒྱུ་གཡུགས་ཤོག།

གོས་ཐུང་ཁྲ་ཁྲ་གོན་མཁན།། ཨ་ཅག་ཁྲ་ཆིལ་དགུ་ཆིལ།། སྐྱེས་པ་ཕོ་དང་འདྲ་ན།། གཅིན་པ་ལངས་ནས་ཐོང་ཤོག།

༡༩༩༩ ལོར་སློབ་གྲྭ་ནས་བྲིས། ༢༠༠༡ལོར་༼སྤྱི་ཚོགས་མེ་ལོང་༽ ཐོག་བཀོད།


དྲན་གདུང༌།

ལྟ་ན་མིག་ལ་མཛེས་པ།། བསམ་ན་སེམས་ལ་དགའ་བ།། གངས་ཅན་ལྷ་ཡི་ཞིང་ཁམས།། བུ་ངས་སེམས་ལ་དྲན་བྱུང༌།། མཇལ་ན་དད་པ་སྐྱེས་ཞིང༌།། དྲན་ན་བྱིན་རླབས་འབྱུང་བའི།། ལྷ་ས་ཇོ་ཤཀ་རྣམ་གཉིས།། བུ་ངས་སེམས་ནས་དྲན་བྱུང༌།།

སྒྲ་བསྒྱུར་ལོ་པཎ་འཛོམས་ས།། མེས་དབོན་རྣམ་གསུམ་འཛོམས་ས།། བསམ་ཡས་ཆོས་སྡེ་ཆེན་པོ།། བུ་ངས་སེམས་ནས་དྲན་བྱུང༌།།

འཇམ་དབྱངས་མི་ཡི་རྣམ་འཕྲུལ།། གོང་མ་རྣམ་ལྔའི་གདན་ས།། དཔལ་ལྡན་ས་སྐྱའི་ཆོས་གྲྭ།། བུ་ངས་སེམས་ནས་དྲན་བྱུང༌།།

མཁས་གྲུབ་བྱེ་བའི་འབྱུང་གནས།། བཤད་སྒྲུབ་བསྟན་པ་དར་ས།། གདན་ས་སེར་འབྲས་དགའ་གསུམ།། བུ་ངས་སེམས་ལ་དྲན་བྱུང༌།།

བསྐྱེད་རྫོགས་སྔགས་ཀྱི་ལམ་ནས།། ཚེ་གཅིག་སངས་རྒྱས་སྒྲུབ་ས།། གསང་ཆེན་རྒྱུད་གྲྭ་རྣམ་གཉིས།། བུ་ངས་སེམས་ནས་དྲན་བྱུང༌།།


མེས་དབོན་རྣམ་གསུམ།

མིའུ་གདུང་དྲུག་ནས་ཆད་པའི།། བོད་རིགས་སྤུན་ཟླ།། ཡ་ཐོག་བསྐལ་པ་རིང་མོའི་ནང་ལ།། ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱུང་ཡོད།། མེས་དབོན་ཆོས་རྒྱལ་སྲོང་བཙན་སྒམ་པོས།། ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ་བཞག་སྟེ།། སྟོང་སྡེ་དྲུག་ཅུའི་དམག་དཔུང་བསྒྲིགས་ནས།། འཛམ་གླིང་སུམ་གཉིས་དབང་བསྒྱུར་གནང་ཡོད།།

མིའུ་གདུང་དྲུག་ནས་ཆད་པའི།། བོད་རིགས་སྤུན་ཟླ།། ཡ་ཐོག་བསྐལ་པ་རིང་མོའི་ནང་ལ།། ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱུང་ཡོད།། ཁྲི་སྲོང་ལྡེའུ་བཙན་ཁྲོས་པའི་དམག་གིས།། ཤར་ཕྱོགས་རྒྱ་ནག་ཐང་གི་རྒྱལ་པོ།། གསེར་འབྲུག་སྡེ་ལྔའི་ཁྲི་ལས་ཕབ་ནས། སྤུར་རྒྱ་བོད་ཀྱིས་དབང་བསྒྱུར་གནང་ཡོད།།

མིའུ་གདུང་དྲུག་ནས་ཆད་པའི།། བོད་རིགས་སྤུན་ཟླ།། ཡ་ཐོག་བསྐལ་པ་རིང་མོའི་ནང་ལ།། ཆོས་རྒྱལ་མེས་དབོན་རྣམ་གསུམ་བྱུང་ཡོད།། ཆོས་རྒྱལ་མེས་དབོན་ཁྲི་རལ་བཙན་པོའི།། སྟོབས་འབྱོར་མངའ་ཐང་ལྷ་དང་མཉམ་ཞིང༌།། རྒྱ་བོད་རང་ས་སོ་སོར་སྐྱིད་པའི།། ས་མཚམས་མི་འགྱུར་རྡོ་རིང་བསླངས་ཡོད།།











གབ་ཚིག་ཚན་པ་བརྒྱད།

དམར་ཡག་སྟག་གི་དགེ་རྒན།། ཁྲ་ཡག་གཟིག་གི་ཨ་ཞང༌།། ཙི་ཙི་རྒྱ་བོའི་ཁྲིམས་དཔོན།། བང་མཛོད་འགྲམ་གྱི་སྒོ་སྲུང༌།།

ཕྱི་མིའི་ཐོག་ལ་རྫིག་རྫིག་གཏོང་མཁན།། ནང་མི་ཡོང་དུས་དགའ་བསུ་ཞུ་མཁན།། སྐེ་ལ་ལྕགས་ཐག་སྔོན་པོ་གོན་མཁན།། ཉིན་མཚན་དུས་དྲུག་སྒོ་སྲུང་སྡོད་མཁན།།

ལུས་ཆུང་ཡང་གླང་ཆེན་ཨ་ཞང་གྲགས།།། ཟས་བཙོག་ཀྱང་རང་ཤ་རིན་ཐང་ཆེ།། མཆུ་འཁོར་ལོ་རྣོན་པོས་ས་གཞི་སློག། གཉིད་ཟ་ཉལ་དགའ་བའི་ཨ་ཕོ་ཧོར།།

ཁ་དབང་མེད་ལྕགས་སྒྲོག་དམ་པོས་བཅིངས།། རྐུབ་དབང་མེད་ལྕག་ཚན་ཚ་བོས་བྲབས།། འདུག་དབང་མེད་གོམ་འགྲོས་འཁོར་ལོ་བསྐཽར།། སྐྱེ་ཕོ་ལུས་ལེན་པའི་ལས་ངན་མ།། རྐེད་པ་སྤུ་ཉག། ལྟོ་བ་སྒྱེ་མོ།། མིག་མེད་ལོང་བ།། དཔུང་བསྒྲིགས་ན་སེངྒེའི་བུ་ཡང་ཐུལ།།

མགོ་ཨ་ར་ར།། རྐང་ཨ་ཆུ་ཆུ།།། སྐེ་ཨ་ཚ་ཚ། །ཐག་སྣེ་འཛིན་པའི་བུ་ཆུང༌།།

ཁྲག་དང་ཆུ་སེར་ལྐོག་འཇིབས་བྱེད།། ཉམ་ཆུང་ཤིག་ལ་ངན་ཁག་བཀལ།། ཤ་འཕག་བགོ་འཕག་བྱེད་ནས་རྒྱུག། དུད་འགྲོ་ཁྱི་ཡི་སྤུ་གསེབ་གབ།།

དགོས་པའི་ལུས་ལ་རུས་པ་མེད།། མི་དགོས་ལུས་ལ་ལག་པ་དྲུག། སྐྱེ་སའི་ཁྲག་དང་ཆུ་སེར་འཇིབས།། པགས་ཚག་གསེབ་ཏུ་གནས་ཚང་འཆའ།།

གབ་ལན། ༡ ལི་ལི། ༢ སྒོ་ཁྱི། ༣ ཕག ༤ རྟ། ༥ གྲོག་མ། ༦ ཕུར་པ། ༧ ལྗི་བ། ༨ ཤིག ༡༩༩༩།༥།༡༢། ཉིན་འཛིན་བརྒྱད་པའི་ནག་པང་ཐོག་གབ་ཚིག་གི་རྩོམ་དཔེར་བྲིས།



གབ་ཚིག་ལྡེའུའི་རྩེད་འཇོ།

མ་རིག་མུན་པ་འཐིབས་པའི་སྨག་རུམ་ནས།། སེམས་པའི་སོ་ནམ་མཁས་པའི་འདུ་བྱེད་ཀྱིས།། འདེབས་པའི་ས་བོན་ཆུ་ལུད་དང་འཕྲད་ནས།། རིགས་བཞིའི་ཞིང་སར་སྨིན་པའི་ལྗང་ལོ་གང༌།།

རབ་དཀར་ཁ་བའི་ལང་ཚོ་མགོ་ལ་སྨིན།། འཛམ་བུའི་ས་ཁྲའི་རི་མོ་གདོང་ན་གསལ།། དཔའ་བོའི་གནམ་རུ་ལུས་ལ་འཕོས་པ་ཡི།། བཞི་པའི་ས་ཚུགས་སླེབས་པའི་མགྲོན་པོ་གང༌།།

དཀར་ནག་ཆུ་འཛིན་འཁྲིགས་པའི་ལྡིང་ཁང་ནས།། གློ་བུར་གློག་གི་ཟློས་གར་རྩེན་པ་ན།། བཞི་བརྒྱ་རྩ་བཞིའི་ཐོག་སེར་དྲག་འཚུབ་སྟེ།། གདོས་བཅས་བྲག་རི་གདུང་བས་མནར་བྱེད་གང༌།།

མཐོན་པོའི་དཔོན་དང་དམའ་བའི་འ་རི་དྲ།། ཆེ་བའི་གཉིས་འཐུང་ཆུང་བའི་འབུ་སྲིན་ཡན།། ཐོབ་དང་གོ་ས་དཔལ་དང་འབྱོར་ལྡན་ཀུན།། ཐམས་ཅད་ཐུན་མོང་འཇུག་པའི་ལམ་བུ་གང༌།།

སྨག་ཆེན་མུན་པའི་ཧ་ལ་ནག་པོ་ལས།། སྐྲུན་པའི་སྡུག་བསྔལ་གསུམ་གྱི་ཟུག་ངུ་ཡིས།། འགྲོ་རྣམས་རང་དབང་མེད་པར་མནར་བྱེད་པའི།། ཚ་གྲང་ནད་ལྟར་ཤེས་པར་བྱ་བ་གང༌།།

ལས་དང་ཉོན་མོངས་རླབས་ཕྲེང་དགུང་ལ་བརྩེགས།། འཇིགས་རུང་སོ་ཅན་ཆུ་སྲིན་མང་པོས་གཙེས།། སྲིད་གསུམ་འཁོར་བའི་ན་ཀྲའི་གྲོང་ཁྱེར་ཆེ།། བྱེད་པོ་མི་སྲུན་གདེངས་ཅན་དབང་པོ་གང༌།།

བརྒྱད་ཁྲི་བཞི་སྟོང་རུ་བསྟར་བསྒྲིགས་པ་ཡིས།། བདུད་སྡེ་ཡན་ལག་བཞི་པའི་དཔུང་ཚོགས་ཀྱི།། ཀུན་ཉོན་མུན་པའི་གཡུལ་ངོ་ལས་གྲོལ་བའི།། རྟག་བརྟན་འདུས་མ་བྱས་པའི་ཆོས་དེ་གང༌།། ༼ནོར་འོད་༽ཐོག་བཀོད།






སྙིང་ཁམས་ཀྱི་འཕར་སྒྲ།

༼རྩོམ་རིག་ལ་མོས་པའི་སློབ་མ་པྲ་ན ལ་འདོམས་པ།༽

རྒྱ་མཚོའི་རླབས་སྒྲ ངང་པའི་གཤོག་སྒྲ ཨེ་མ། སྲིད་པའི་རང་བྱུང་གི་རོལ་དབྱངས། ཅི་འདྲ་སྙན་ཞིང་ཅི་འདྲ་འཇེབས་པ། འདི་ནི། ང་ཚོ་ལ་བཏེགས་པའི་དྲིལ་བརྡའི་ཁྲི་ཆེན་ཞིག འོན་ཀྱང༌། སྙན་འཇེབས་ཀྱི་རོལ་དབྱངས་འདི། སེམས་ཁམས་ལ་མྱོང་མཁན་ནི། ཉིན་མོའི་སྐར་མ་དང༌། དགུན་ཁའི་མེ་ཏོག་བཞིན། ཆེས་ཉུང་བ་ང་ཡིས་ཤེས། གང་ལྟར་ཡང༌། གངས་ལྗོངས་ནི་གླུ་གཞས་གྱི་རྒྱ་མཚོ་ཡིན། བྷོ་ཊ་ནི་སྙན་ངག་གི་མི་རིགས་ཡིན། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་བསྟོད་བསྔགས་ཀྱི་རོལ་དབྱངས་འདི། ང་ཚོས་འཛིན་དགོས་ལ། ང་ཚོས་སྐྱོང་དགོས། ང་ཚོའི་སྙིང་ཁམས་ཀྱི་འཕར་སྒྲ་འདི་སྙན་ངག་ལ་ཐིམ་ན། ད་གཟོད་གངས་ཅན་པའི་ཚེ་སྲོག་ལ་སྨོན་པའི། ཞབས་འདེབས་ཀྱི་གཞུང་ལམ་དེ་རྙེད་པ་ཡིན། ༡༩༩༨ ལོར་བྲིས།

གངས་འདབས་ཀྱི་རྣམ་ཤེས།

༼དུས་རབས་རོལ་དབྱངས་པ་གྲགས་ཅན་ཡ་དུང་ལ་ཕུལ་བ།༽

ཐོག་སེར་གྱི་བུ་ཡུག་ཁྲོད། ཡབ་མེས་ཀྱི་བང་སོ་འཐོར་བའི་མཚན་མོ་དེར། ཝ་མོའི་ངུར་འདུར་དང་རི་སྤྱང་གི་མཆེ་བའི་གསེབ། གངས་སུལ་དུ་བབ་པའི་རྣམ་ཤེས་ཤིག་གངས་འདབ་དེར་འཚར་ལོངས་བྱུང༌། ཁ་བའི་འདབ་མ་རེ་རེ་དང་འགྲོགས་པའི། གངས་སུལ་གྱི་རོལ་དབྱངས། གངས་དཀར་ལྷ་མོའི་ཕང་པ་བརླན་པའི། སྙིང་ཁྲག་དང་མིག་ཆུའི་རླབས་རིས། ཡོད་ཚད་འགྱུར་ཁུག་ལ་དྲངས་ཏེ། ལྡོམ་བུའི་སེམས་པ་དང་གངས་རིའི་བརྩེ་གླུ། ཐང་དཀར་རྒོད་པོ། མི་རིགས་ཀྱི་བླླ་སྲོག་ལ་འཐམས་པའི་སྒྱུ་རྩལ། མཐོ་སྒང་གི་ལ་རྒྱ་དང༌། གངས་རིའི་ཚེ་སྲོག་ཡོད་ཚད་ནས་ཡོད་ཚད་གསོ་བའི་རོལ་དབྱངས་ཀྱི་བདུད་རྩི་སྟེ། གངས་ཐང་ནས་གྱེས་པའི་དུས་རབས་ཀྱི་རོལ་དབྱངས་དང༌། རོལ་དབྱངས་པ་ཡ་དུང་ལགས། ཁྱོད་ཀྱིས། གངས་འདབས་དང་རྡོ་ཁང་ནས་གྱེས་པའི་མཐོ་སྒང་གི་རྐང་རྗེས་རེ་རེ་བཞིན། པི་ཝང་རྒྱུད་དྲུག་དང་པ་ཁི་སོ། རྔ་ཅོང༌། གཡོ་དྲིལ་རོལ་དབྱངས། ཇེ་ཐང༌། ད་དུང ་༌། འབུད་རྡུང་དཀྲོལ་གསུམ་གྱི་འགྱུར་ཁུག་ནས་བསུས་ཏེ། མཐོ་སྒང་གི་འཇིག་རྟེན་འདིར། ཚེ་སྲོག་གི་ཟུངས་ཁྲག་བསྐྲུན། ཁྱོད་ཀྱིས་གྱེར་འདོན་བྱས་པའི་གླུ་དབྱངས་ཀྱི་དགོད་སྒྲ་རེ་རེས། མདུན་བསྐྱོད་ཀྱི་གོམ་ཁ་སྔོན་དུ་བསྒྱུར་བའི། རམ་འདེགས་ཀྱི་སྐུལ་མ་གསར་པ་རེ་བསྣན། ཀྱེཧཡབ་མེས་ཀྱི་དུར་ས་ལ་འཐམས་ཤིང༌། དུར་ས་ནས་གྱེར་བའི་དུས་རབས་ཀྱི་རོལ་དབྱངས་དང༌། རོལ་དབྱངས་པ་ཡ་དུང་ལགས།

༩༧།༤།༣༠ མོན་གྷོ་སློབ་གྲྭར་བྲིས།


རེ་འབོད།

༼རང་གི་སློབ་མ་པྲ་ན་ལ་གདམས་པ།༽

དགའ་སྡུག་གི་ཟིལ་ཆར། མིག་ཆུ་དང་སྙིང་ཁྲག མི་རིགས་ཀྱི་ལ་རྒྱ། ཡོད་ཚད་ནས་ཡོད་ཚད་ཀྱིས་སྦྲུམ་པའི་སྨྱུག་རྩེའི་ཟློས་གར། རྩེན་དང༌། ཟླུམ་གཟུགས་ཀྱི་སྒྱུ་མའི་གར་སྟེགས་འདིའི་ཐོག འཁྱུག་ཅིག རྙོག་འཛིང་གི་རླུང་འཚུབ་འདིའི་ཁྲོད། དབྱངས་ཅན་མའི་པི་ཝང༌། དགེ་ཆོས་ཀྱི་བསིལ་ཆང༌། ཋེ་ཀོར་གྱི་སྨྱུག་རྩེ། ཧུན་ཐན་མུན་གྱི་མིག་ཆུ། ཀོ་མོ་རོ་ཝོའི་གླུ་སྒྲ ཡོད་ཚད་གཅིག་ཏུ་བསྡུས་པའི་རོལ་དབྱངས་ཀྱི་ཟིལ་ཆར། ཕོབས་དང༌། བདེ་སྡུག་གི་ཚོར་བའི་ཀློང་ནས། ཁྲག་རིས་འཐེན་པའི་འཇིག་རྟེན་འདིར། སྐྱུགས་དྲི་བྲོ་བའི་འཇིག་རྟེན་འདིར། ཕོབས་ཤིག ཅིས་ཀྱང་ཕོབས་ཤིག ༩༧ ༤ ༡༩ སློབ་གྲྭའི་རྒྱུགས་སྤྲོད་སྐབས་བྲིས། སྤྲིན་པ་དམར་པོ།

ཉི་འོད་ཀྱིས་བཙེས་པའི་སྤྲིན་པ་དམར་པོ། ཁྱོད་ནི། མཐོ་སྒང་གི་གངས་སུལ་བཞིན། ཅི་འདྲའི་དམར་བ། བརྗེད་མི་ཐུབ་ཅིང་དྲན་མི་ཕོད་པའི་མཚན་ལྗོངས་དེར། གློག་དམར་དང་ཐོག་སེར་གྱི་བུ་ཡུག་ཁྲོད། འབྲོང་རྒོད་ཁྱུ་གཅིག་གི་རྨིག་རྗེས་དམར་པོ། གངས་ཐང་དང་སེམས་ཁམས་ལ་ཕབ་པའི་དྲན་རྟེན་ཟླུམ་པོ།

ཉི་འོད་ཀྱིས་བཙེས་པའི་སྤྲིན་པ་དམར་པོ། ཁྱོད་ནི། མཐོ་སྒང་གི་གངས་སུལ་བཞིན། ཅི་འདྲའི་དམར་བ། མི་ཚོགས་ཁྲི་འབུམ་གྱི་ཟུངས་ཁྲག་ཐིམ་པའི་རས་ཡུག་དམར་པོས། མཐོ་སྒང་གི་གངས་རི་བསྟིམས་པའི་མཚན་མོ་དེར། ཨ་ཕའི་ཞབས་རྗེས་ཕབ་པའི་ཁྲག་དམར་གྱི་རི་མོ་འཁྱར་འཁྱོག

ཉི་འོད་ཀྱིས་བཙེས་པའི་སྤྲིན་པ་དམར་པོ། ཁྱོད་ནི། མཐོ་སྒང་གི་གངས་སུལ་བཞིན། ཅི་འདྲའི་དམར་བ། རླུང་དམར་དང་ཐལ་བས་གངས་རི་གཡོགས་དུས། ཡབ་མེས་ཀྱི་ཚེ་སྲོག་སྲེག་པའི་མེ་ལྕེ་དམར་པོ། ཀྱག་ཀྱོག་གི་ནམ་མཁའི་མགྱོགས་རིས། ཉི་འོད་ཀྱིས་བཙེས་པའི་སྤྲིན་པ་དམར་པོ། ཁྱོད་ནི། མཐོ་སྒང་གི་གངས་སུལ་བཞིན། ཅི་འདྲའི་དམར་བ། ཁྱོད་ཀྱིས་དྲན་པའི་སྒོ་གླེགས་ལ་སྐོམ་རྡུང་བྱེད་དུས། ཁྱོད་ཀྱིས་ཚོར་འདུའི་བུ་མོ་ལ་མིག་བརྡ་འཕེན་དུས། བརྗེད་མི་ནུས་པའི་ལོ་རྒྱུས་ལ་གསོན་ཤུགས་འཕར་ཞིང༌། དྲན་མི་ཕོད་པའི་མཚན་ལྗོངས་ལ་གློག་འོད་མཆེད་སོང༌། ༩༩།༦།༦། ལ་མོན་གྷོ་ནས་བྲིས།


བོད་་་་་་་་་ རྨི་ལམ།

མུན་ནག་དང་གློག་འོད་འཐབ་པའི་མཚན་ལྗོངས། ཡིག་དྲུག་གིས་འཐེན་པའི་ས་ཡ་དྲུག་གི་རྐང་ལམ། ཅི་འདྲའི་ཀྱག་ཀྱོག་མང་བ་ཞིག མདུན་ལྗོངས་ཀྱི་བྲག་འཕྲང་དེར། བགྲང་བྱ་བཞི་བཅུའི་ཁུར་པོ་བརྩེགས། རྨི་ལམ་དང་འཁྲུལ་སྣང་གསེབ་ནས། འཚེ་མེད་དང་ཞི་བའི་རེ་སྙེགས་ལ་འཐམས། འཇའ་འོད་དང་རྨི་ལམ་ལ་གཟིགས་དང༌། ཅི་འདྲའི་ལྐོག་གྱུར་མ་ཡིན་པའི་ལྐོག་གྱུར་ཞིག ང་ཚོས་ད་དུང་མིག་བཙུམ་དགོས་སམ། ང་ཚོས་ད་དུང་རྣ་བ་འགེབས་དགོས་སམ། ༢༠༠༠ཟླ་༧ཚེས་༡༡ ལ་སློབ་གྲྭར་བྲིས།


ཁྱི་རྒན།

ཁ་རྩང ། ཁྱོད་ཀྱིས་མགོ་ཐོག་ལ་རྭ་ཅོ་བཙུགས་ནས་འགྲོ་དུས། ཀུན་གྱིས་ཁྱོད་རང་ཤ་བ་རེད་ཅེས་གླེང༌། དེ་རིང ༌། ཁྱོད་ཀྱིས་རྐུབ་ལ་རྩམ་སྐྱ་བྱུགས་ནས་འགྲོ་དུས། ཀུན་གྱིས་ཁྱོད་རང་དགོ་བ་རེད་ཅེས་གླེང༌། སང་ཉིན ། ཁྱོད་ཀྱིས་རྔ་མ་ཕྲ་བོ་དེ་སྒྱིད་ཁུག་ལ་སྦས་ནས་འགྲོ་དུས། ཀུན་གྱིས་ཁྱོད་རང་ཁྱི་རྒན་ཞིག་ཡིན་པ་ར་ཕྲོད། ༢༠༠།༢།༢།བྲིས།

ཁྱོད ་ང༌།

ན་ནིང༌། ཁྱོད་ཀྱིས་ངའི་མགོ་ཐོག་ལ། རྐང་པ་བརྫིས་ནས་ཕེབས་སོང༌། ད་ལོ། ཁྱོད་ཀྱིས་ངའི་སྒལ་པ་ལ། གཅིན་སྐྱག་བཏང་ནས་ཆས་སོང༌། སང་གནངས། ཁྱོད་ཀྱིས་ངའི་རྐུབ་ཤ་ལ། ལྕེ་བལྡགས་བྱས་ནས་རྒྱུགས་ཤིག

རྫོང་དཀར་བུ་མོ། ༼ྡ་ཏྲ ལ་ཕུལ་བའི་འཕྲིན་ཡིག༽

འདུ་ལོང་དང་རླུང་འཚུབ་ཀྱི་གཡབ་མོ་ཁྲོད། གྲོང་གསེབ་དང་གྲོང་བརྡལ་ན། ཆེ་ཆུང་མི་མཉམ་པའི་རྐང་རྗེས་ཟུང་གཅིག ལས་དབང་དང་རྐྱེན་ངན་གྱི་སྨུག་ལོང་ཁྲོད། བསླུ་བྲིད་དང་འཛུམ་མདངས་ཀྱི་དྲ་རྒྱའི་ནང༌། འཇམ་རྩུབ་མི་མཉམ་པའི་སྐད་གདངས་ཟུང་གཅིག ཀ་རི་དང་རི་ཤལ་གྱི་འདུ་ལོང་ཁྲོད། ཆ་མེད་དང་རྒྱུས་མེད་འཛོམས་སའི་མགྲོན་ཁང་དེའི་ནང༌། ཆ་མི་སྙོམས་པའི་སྙིང་ཆུང་ཟུང་གི་འཕར་སྒྲ། ཀྱེ་རྫོང་དཀར་བུ་མོ། འཛུམ་ཆུང་གི་དགོད་སྒྲ་དེ་ཅི་འདྲའི་སྙན་པ་ཞིག བརྩེ་མདངས་ཀྱི་ཐག་པ་དེ་ཅི་འདྲའི་རིང་པ་ཞིག ལས་རླུང་གི་ཞགས་ཐག་དེ་ཅི་འདྲའི་དམ་པ་ཞིག ཀྱེ་རྫོང་དཀར་བུ་མོ། སྡོམ་གསུམ་གྱི་བྲག་རྫོང་འདི་མཁྲེགས་དྲགས་སོང༌། ཤམ་ཐབས་ཀྱི་མཐའ་ལྕགས་འདི་མཐུག་དྲགས་སོང༌། དེའི་ཕྱིར། དུངས་པའི་མིག་ཆུ་སྙིང་ཁོང་ན་འཁྱིལ་བཞིན། མི་ཁའི་བུ་མོའི་ཁ་དམག་ལ་སྐྲག་ནས། ཕྱི་མིག་དང་འཁྲེང་སེམས་འདི་ཁྱོད་ལ་བཞག་ནས། ཀྱག་ཀྱོག་གི་འཁྱོག་ལམ་དེ་ནས། ཁྱོད་ལ་གྱེས་མཇལ་ཞུ། ཀྱེ་རྫོང་དཀར་བུ་མོ།

༢༠༠།༨།༢༡།ཧུབ་ལི་ནས་བྲིས། ༼བག་གསར་ཚགས་པར་༽ཐོག་བཀོད། 



བོད་ལྷ་འདྲེ་མང་བའི་རི་གྲོང༌།

ང་ལྷ་འདྲེ་མང་བའི་རི་གྲོང་དེ་ནས། ལྷ་འདྲེ་བཀའ་ཐང་གི་གླེགས་བམ་ཀློག་ཞོར་དུ་ཕྱིན། ངའི་མིག་ལམ་དུ་གྱེར་འོང་བ་ནི། འཇའ་འོད་དང་མུན་པ་གང་ཡང་མིན་པའི་འཇིག་རྟེན་ཞིག། རི་འདབས་ཀྱི་ཆུ་ཕྲན་དེ་ཐེངས་གཅིག་འཐུང་བས། ཡབ་མེས་ཀྱི་ཞལ་ཆབ་དང་མིག་ཆུ་འདྲེས་པའི་བྲོ་བ་ཞིག། ཀྱག་ཀྱོག་གི་རྐང་རྗེས་མང་བའི་གྲོང་འདབས་དེ་ནས། ངས་ཞབས་རྗེས་ཀྱི་ཁྲག་རིས་ལ་གྲངས་ཀ་བརྩིས། མཐོ་སྒང་གི་ལབ་ཙེ་སྔས་སུ་བྱས་ནས། ངས་རྨི་ལམ་གྱི་འཇིག་རྟེན་གཞན་ཞིག་འཚོལ། གནས་དེ་ན་ཁ་བ་སྔར་བཞིན་འབབ་ཅིང༌། གནས་དེ་ན་གངས་རིའི་གཟི་བྱིན་འབར། གནས་དེ་ནས་རྒྱ་བོད་ཀྱི་རྨ་ཁ་ལ་ན་ཟུག་འབྱིན། ངས་རྨ་ཁའི་ན་ཟུག་བཙིར་བཞིན་གནས་དེར་གྱེས་མཇལ་བྱས། ལྷ་འདྲེ་མང་བའི་རི་གྲོང་དེ་ནས། ངས་སླར་ཡང་ལྷ་འདྲེ་བཀའ་ཐང་གི་གླེགས་བམ་ཀློག




སེམས་ཁོང་གི་ཟླ་བ།

༼གྲོགས་པོ་ རྒ་ྔ་ ཀྱི་ཚབ་བྱས་ནས ཅ་ཅ ལ་བྲིས་པ།༽

སྤྲིན་དཀར་གྱི་བང་རིམ་གཏོར་ནས་མཁའ་མཐར་འཛེགས། རྒྱུ་སྐར་གྱི་ཚོམ་བུའི་དབུས་ནས་མཛེས་སྡུག་ངོམས། འཕེལ་འགྲིབ་ཀྱི་ཞན་ཆ་མེད་པའི་དུང་ཟླ་དཀར་པོ། ཐོགས་རེག་མེད་པའི་བར་སྣང་ནས་དལ་གྱིས་ཕེབས་དང༌། མུན་ནག་གིས་སྒྲིབ་པའི་མཚན་ལྗོངས་ཀྱི་འཇིག་རྟེན་ལ། དཀར་གསལ་གྱི་འོད་སྣང་སྩོལ་དང༌། ཚ་གདུང་གིས་གཟིར་བའི་མི་ཡུལ་གྱི་འཇིག་རྟེན་འདིར། བསིལ་ཟེར་གྱི་བདུད་རྩི་གནོངས་དང༌། བརྩེ་དུང་གིས་སྨྱོས་པའི་གཞོན་ནུ་ལ། ཕྱི་མིག་གི་འཛུམ་མདངས་སྲིངས་དང༌། ད་དུང་་་་་་་་་་༌།

ཀྱེ། ཉེ་འགྲམ་ན་ཡོད་པའི་ངའི་སེམས་ཁོང་གི་ཟླ་བ་ལགས། ཁྱོད་ཀྱིས། ལས་དབང་དང་བརྩེ་དུང་གི་གླེགས་བམ་ཀློག་མྱོང་ངམ། ཁྱོད་ཀྱིས། ཕོ་གཞོན་སྙིང་ལ་ན་ཟུག་སྐྲུན་པའི་གཏམ་རྒྱུད་ཐོས་མྱོང་ངམ། ཁྱོད་ཀྱིས། མོ་གཞོན་སྙིང་རླུང་ལྡང་བའི་གཏམ་རྒྱུད་གཟིགས་མྱོང་ངམ། ཀྱེ། ངའི་སེམས་ཁོངགི་ཟླ་བ་སྟེ། ཅ་ཅ་ལགས། ངོ་ཚ་དང་འཛེམ་ཟོལ་གྱི་སློག་རྩག་གོན་པ་ནས། ཕོ་གཞོན་དར་མའི་སྙིང་ཁམས་ཀྱི་བརྩེ་དུང་ལ་ཕམ་ཉེས་ཐེབས། འདོད་བརྩེའི་སྨྲ་བརྗོད་ལ་ཚད་བཀག་ཐེབས་པ་ནས་བཟུང༌། སྙན་ངག་པའི་སེམས་ཁམས་ལ་ཆག་གྲུམ་ཤོར།

ཀྱེ། ངའི་སེམས་ཁོང་གི་ཟླ་བ་ལགས། སྟོན་ལྗོངས་ཀྱིས་ཁྱོད་ལ་གཡབ་མོ་བྱེད་ཀྱི་འདུག་ ད་ནས། མཆོངས་ཤོག ཤ་ཁྲག་གདོས་བཅས་ཀྱི་གཟུགས་པོའི་བྲང་སྲུབ་ནས། འཛེམ་ཟོལ་དང་འདྲ་ཆག་གི་སྤྲིན་གོས་དབྲལ་ནས། ལས་དབང་དང་མུན་པའི་ཐེམ་པ་བརྒལ་ནས། རང་དབང་དང་ནམ་མཁའི་རྒྱ་ཁྱོན་དེ་ནས། བརྩེ་དུང་དང་རྒྱ་མཚོའི་ཟབ་མཚམས་དེ་ནས། མཆོངས་ཤོག མཆོངས་ཤོག ཅིས་ཀྱང་མཆོངས་ཤོག ཀྱེ་་་་་ ངའི་སེམས་ཁོང་གི་ཟླ་བ་ལགས།

༢༠༠།༤།༡༥།ལྡི་ལི་མ་ཇུ་ཊི་ལར་བྲིས།





འཇའ་ཚོན།

དབྱར་སྐྱེས་ཀྱི་རྔ་བསང་དལ་བུར་ལྡིང་ཞིང་སྤྲིན་གྱི་མེ་ཏོག་ཟིལ་ཟིལ་དུ་འཇོ་བ་ལས། ཆུ་འཛིན་གྱི་འཕོན་པོ་རྣམས་གླང་པོའི་འགྲོས་ལྟར་ཕན་ཚུན་དལ་བུར་རྒྱུ་བའི་གསེབ་ནས་ཉིན་བྱེད་ཀྱི་འོད་མདངས་དང་འཐབ་པ་ལས། བཻཌཱུརྱའི་མེ་ལོང་གཡའ་དག་པ་ལྟར་དྭངས་ཤིང་གལ་བའི་ནམ་མཁའི་དབྱིངས་སུ། ཁ་དོག་སྔ་ལྔ་འདུས་པའི་རི་མོ་ཡིད་དུ་འོང་བ་ཞིག་ཤར་འོང༌། ང་རང་ཆུང་བྱིས་པའི་སྐབས་སུ་ཡིད་དུ་འོང་བའི་རི་མོའི་འོད་ཞགས་རིང་མོ་དེ་ལ་འཇུས་ནས། ཨ་མེས་དང་ཡང་མེས་ཚོའི་ཞལ་སྒོ་ནས་ཐོན་པའི་ལྷ་ཡུལ་དང༌། བདེ་བ་ཅན་གྱི་ཞིང་ཁམས་ལ་འགྲོ་བར་འདོད་མྱོང་ལ། ཉི་མ་དང་ཟླ་བ། རྒྱ་གར་དང་རྒྱ་ནག་སོགས། ནམ་མཁའི་དབྱིངས་ནས་བལྟ་བར་འདོད་ནས། བྲག་འཕྲང་དང་ཆུ་འཕྲང་ལ་མ་འཛེམས་པར་ཐེངས་མང་པོ་བརྒྱུགས་མྱོང༌། འོན་ཀྱང་ཁ་དོག་སྣ་ལྔ་འདུས་པའི་འོད་ཞགས་གུག་པོ་དེའི་མདུན་དུ་སླེབས་མ་མྱོང་ལ། ལག་པས་རེག་ས་ནི་དེ་བས་ཐོབ་མ་མྱོང༌། དུས་ཕྱིས་ང་རང་ཆེན་པོར་གྱུར་དུས། དེ་ནི་ཉི་འོད་དང་ཆར་རྒྱུན་འཐབ་པའི་རྟེན་འབྲེལ་ལས་གྲུབ་ཅིང་མིག་ལམ་དུ་མཛེས་པ་མ་གཏོགས། ལག་ཏུ་རེག་རྒྱུ་མེད་པའི་འཇའ་ཚན་ཡིན་པ་ད་གཟོད་ར་འཕྲོད་བྱུང༌།

༼རྩམ་པ༽་དུས་དེབ་ཐོག་བཀོད།



ལྷུག་རྩོམ་ཚན་པ་གཉིས།

༡ དོན་དངོས་ཀྱི་དཔང་རྟགས། ལོ་རྒྱུས་ཀྱིས་བྱིན་པའི་མཉན་འཕྲང་གི་མེ་དཔུང་དམར་པོའི་གསེབ་གངས་སུལ་གྱི་རོལ་དབྱངས་སྙན་པོའི་ཚེ་སྲོག་གི་རྒྱུན་ཐག་ཡོངས་རྫོགས་འཇའ་འོད་ལ་ཐིམ་པའི་མཚན་གཞུང་གི་ཐུན་མཚམས་དེར། སྟོན་སྐར་གྱི་མེ་ཁྱེར་ཆུང་ཆུང་ཞིག་གི་འོག གློག་རྒྱུག་གི་གཞུར་སྒྲ་དང་ལྕགས་སྒྲོག་གི་སིལ་སྒྲའི་བར་ནས་མཐོ་སྒང་གི་རླུང་བསིལ་གྱིས། དཀར་གཙང་གི་སྨ་ར་རིང་པོ་དལ་བུར་སྐྱོད་བཞིན་སྨྱུག་ཐོགས་དཔའ་བོ་རྒན་པོ་ཚོས་ཨ་མེས་དང་ཡང་མེས་རྒན་པོའི་གདོད་མའི་གླུ་དབྱངས་ཀྱི་འགྱུར་ཁུག་གི་རྒྱུན་ཐག་འཐུད་པ་ལ་བརྟེན་ནས། གངས་སུལ་གྱི་ཁུ་བྱུག་མང་པོའི་མགྲེན་མདུད་གྲོལ་ཏེ་དབྱར་གཞུང་གི་འཛུམ་ཞལ་འགུག་པའི་གླུ་སྒྲ་གང་སར་གྱེས། མིག་ཆུ་དང་སྙིང་ཁྲག་ལས་འཕོས་པའི་སྙིང་ཁམས་ཀྱི་འཕར་སྒྲ་རེ་རེས་མ་འོངས་པའི་མདུན་སྐྱོད་ཀྱི་གོམ་སྒྲ་ལ་རམ་འདེགས་མཛད་པའི་གཞིས་བཞུགས་ཀྱི་སྨྱུག་ཐོགས་དཔའ་བོ་རྣམས་ནི། ང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་ཚེ་སྲོག་གསོན་པོ་སྦྱིན་པའི་ལོ་རྒྱུས་ཀྱི་དཔང་པོ་ཡིན།

༢ དུས་དེང་གི་མདུན་ལམ།

ལོ་རྒྱུས་ཀྱི་དཀྱོགས་མཚམས་དང༌། དུས་ཀྱི་འགྱུར་འགྲོས་ལས་འཕོས་པའི་འཇིག་རྟེན་གསར་པ་ཞིག་མདུན་དུ་མངོན་ཞིང༌། གོ་ལའི་འཁོར་ཤུགས་ཀྱིས་བྱིན་པའི་དུས་རབས་ཀྱི་གཞོན་སྐྱེས་རྣམ་པའི་ཀླད་རྡུལ་ནང༌། མིག་སྔར་མཐོང་ཆོས་ལས་གྲུབ་པའི་དྲི་རྟགས་ཀྱི་ལྕགས་ཀྱུ་གུག་པོ་འདི་འཁོར་ཐེངས་རེ་རེར། རང་ཉིད་བོར་ནས་གཞན་ལ་འགྲམ་ཆུ་ལྡང་བའི་སྟོང་བསམ་གྱི་ཉིན་མོ་རེ་རེ་བཞིན། དུས་རབས་ཀྱི་རྒྱབ་ལྗོངས་ལ་གཟིགས་མོར་འདོད་པའི་སྟོང་བསམ་གྱི་རྨི་ལམ་རེ་རེ་རྨིས་ནས། ནམ་ཞིག་རང་ཉིད་ཀྱི་སྨྲ་ར་དཀར་པོ་འཆི་བདག་གི་འཇམ་རླུང་བསིལ་པོས་དལ་བུར་བསྐྱོད་པ་ན། ད་གཟོད་སུས་ཀྱང་ཐེ་གཏོགས་མི་ནུས་པའི་རྨི་ལམ་གྱི་ཞིང་ཁམས་དེ་ནས་སད་པར་ངེས་ཀྱང༌། སྐབས་དེར་འདུས་བྱས་ཀྱི་བསླུ་ཞགས་རིང་མོ་ལས་ཚེ་སྲོག་གི་འབྲོང་རྒོད་འཆོལ་ཐབས་མེད།
 གངས་སུལ་ནས་རྒྱང་རིང་དུ་གྱེས་ཤིང༌།  འཇའ་ཚོན་གྱི་ཞིང་ཁམས་ལ་འཐམ་པའི་འཇིག་རྟེན་གྱི་གྲུ་ཟུར་དེ་ན།  སྤྲེལ་སྲིན་གྱི་ཟུངས་ཁྲག་འདྲེས་པའི་སྣ་ཉག་ཁྱུ་གཅིག་གི་གོམ་ཁའི་རྐང་རྗེས་ནི། མེས་པོའི་རྣམ་ཤེས་དང་རང་ཉིད་ཀྱི་བླླ་སྲོག་ལ་འཁོན་པའི་གསུབ་མེད་ཀྱི་དཔང་རྟགས་ཤིག་མ་རེད་དམ། 

༼རྩམ་པ་༽དུས་དེབ་ཐོག་བཀོད།


འཁྲབ་སྟོན་པ།

ཐེངས་གཅིག་མང་ཚོགས་འཛོམས་པའི་འཁྲབ་སྟོན་ཞིག་གི་ཐོག་སྒྱུ་རྩལ་ལ་བྱང་ཆུབ་པའི་འཁྲབ་སྟོན་པ་འགའ་ཞིག་གིས་ཉམ་འགྱུར་ཁྱད་དུ་ཞུགས་པའི་ཡབ་མེས་ཀྱི་ཟློས་གར་ངོ་སྤྲོད་དང་འབྲེལ་འཁྲབ་སྟོན་གྱི་མགོ་ཚུགས་བྱུང༌། ཟློས་གར་བས་ཐོག་དང་པོར་མེས་པོའི་རྣམ་ཤེས་ཞུགས་པའི་མིག་ཡིད་རྣ་བའི་དགའ་སྟོན་གྱི་རོལ་ཆ་རྡུང་བྱུང༌། མང་ཚོགས་ཀྱི་གསེབ་ལྟད་མོ་བ་སུམ་ཆ་གཉིས་ཀྱིས་སྒྱུ་རྩལ་དེ་མི་མཛེས། ཞེ་ནག་གི་བསླུ་བྲིད་རེད་ཟེར་སྐད་ཅོ་བརྒྱབ་སོང༌། ཟློས་གར་བས་སླར་ཡང་མེས་པོའི་སྙིང་སྟོབས་ལས་འཕོས་པའི་མིག་ཡིད་རྣ་བའི་དགའ་སྟོན་གྱི་ཟིལ་ཆར་གཉིས་པ་ཞིག་འབེབས་བྱུང༌། ལྟད་མོ་བ་གསུམ་ཆ་གཉིས་ཀྱིས་དེ་མི་ཡག །སྤྲོ་ཐུང་བའི་རྣམ་འགྱུར་འདུག་ཅེས་འུར་སོང༌། འཁྲབ་སྟོན་པའི་སླར་ཡང་མེས་པོའི་ཚེ་སྲོག་ལས་ཆད་པའི་མིག་ཡིད་རྣ་བའི་སྦྲང་རྩི་གསུམ་པ་ཞིག་ལྡུད་བྱུང༌། ལྟད་མོ་བ་སུམ་ཆ་གཉིས་ཀྱིས་དེ་མི་ལེགས། ང་རྒྱལ་གྱི་གཡའ་འདུག་ཟེར། འཁྲབ་སྟོན་འུ་ཐུག་སོང༌། ལུས་ཀྱི་སྒྱུ་རྩལ་སྐྲ་སེར་དང༌། ངག་གི་སྒྱུ་རྩལ་སྤྲེལ་སྐད། ཡིད་ཀྱི་སྒྱུ་རྩལ་ཌ་མ་རུ་ལ་བསྒྱུར་ཏེ། གར་བཏེགས་ཐོག་ཡ་མ་ཟུང་གི་རྣམ་འགྱུར་སྣ་ཚོགས་བསྟན་ནས་འཁྲབ་བྱུང༌། ལྟད་མོ་བ་ཀུན་དགའ་ཚོར་དང་སྤྲོ་སྣང་གིས་ལག་པས་ཐལ་མོ་གདབས་སོང༌། ང་རང་གཅིག་པུ་སུན་སྣང་གི་མགོ་བོ་ནང་དུ་ལྷུང་སོང༌། ང་དང་ང་རང་གི་རིགས་མཐུན་འགའ་ཞིག་ཡོད་སྲིད་མོད། ལྟད་མོ་དེ་མི་ལེགས་ཞེས་ཇི་ཙམ་བརྗོད་ཀྱངརིན་ཐང་མེད་པའི་གྲོག་མའི་འབོད་སྒྲ་དེ་སུས་ཀྱང་གོ་མི་སྲིད། སྤྱི་ལོ་༡༩༩༦ལོར་ལྷོ་ཕྱོགས་མོན་གྷོ་གཞིས་གྲོང་གསུམ་པའི་སྨན་ཁང་དུ་བྲིས།


གངས་རིའི་ཁྲག་རྗེས། ༼མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་༤༡་འཁོར་བའི་དུས་དྲན་ལ་ཕུལ་བ།༽

ལོ་དེར་ཤར་མཐའི་སྤྱང་ཚོགས་ཀྱི་སུག་པས་་གངས་རིའི་ཕང་པ་ལ་ཀྱག་ཀྱོག་གི་རི་མོ་བྲིས་ཤིང༌། རླུང་འཚུབ་ཀྱིས་གཡོ་བའི་དར་ཆ་དམར་པོས་སྔོ་བསངས་མའི་བཞིན་རས་ཡོངས་སུ་སྒྲིབ། ལོ་དེར་བྱང་ཐང་གི་སྨིག་རྒྱུའི་བསླུ་བྲིད་ཀྱིས་གངས་སུལ་གྱི་རི་སྐྱེས་ལ་ཚེ་སྲོག་གི་ཆག་གྲུམ་བྱིན་ཅིང༌། འབྲོང་གཡག་གི་སུག་པ་བཅིངས་ནས་རྫ་འཕྲང་གི་སྐེད་པ་བཅད། ལོ་དེར་བོད་རྒྱའི་ཡིག་སྣོད་ནང་དོན་ཚན་བཅུ་བདུན་གྱི་ཡིག་འབྲུས་འཚང་ཀ་བྱེད་ཅིང༌། སྐུ་ངོ་ཚོའི་བང་མཛོད་ནང་དྭ་ཡོན་གྱི་ཆར་པ་འབབ། དུས་དེ་ནས་གངས་རིའི་ཤར་མཐའི་སྟག་རྒོད་ཁྱུ་གཅིག་གིས་འཛུམ་དྲུག་དང་མཆེ་སྡེར་ངོམས་ཤིང༌། གངས་སུལ་གྱི་གདོད་མའི་ཚེ་སྲོག་འཚོལ་བའི་ཆེད་ལྷོ་བྱང་གི་རི་སུལ་ཉུལ། འཚུབ་མ་དམར་པོས་གང྄ས་སུལ་གྱི་དར་ཆ་དམར་པོ་ཚལ་བུར་གཤགས་པའི་མཚན་མོ་དེར། གཅེས་སྲོག་གི་རིན་ཐང་མི་བརྩི་བའི་ཕོ་རྒོད་ཁྱུ་གཅིག་གིས་དཔའ་དམ་ཟུང་གི་རུ་དར་སེར་པོས་མུ་མེད་ཀྱི་ནམ་མཁའ་སྒྲིབ། ལོ་དེར་ལྕཊ་ཚ་གྲུ་གུ་ཐང་གི་དཔའ་བོའི་འདུ་འཛོམས་ཀྱི་གཟི་རྔམས་རེ་རེས་རྒྱ་དཔོན་ཚོས་ཐ་མག་གིས་དུ་བས་ཚོཊ་ཁང་སྒྲིབ་ཅིང༌། སེམས་ཁྲལ་གྱི་མིག་ཆུས་གྲོས་ར་བརླན། དུས་དེ་ནས་རྡོ་མཁའ་སུམ་མདོ་དང༌། འུ་ཡུག་འཛོམ་ཐང༌། སྙེ་མོ་དཀར་ཁོང༌། ད་དུང་་་་་་༌། རི་ཆུ་གངས་བྲག་བསྣོལ་མ་འཐབ་པའི་གཡུལ་སར་ཚེ་སྲོག་གི་རིན་ཐང་གཏའ་མར་གཞག་ནས་ཤར་མཐའི་སྤྱང་ཚོགས་ཀྱི་ཟུངས་ཁྲག་བཞིབས། དུས་དེ་ནས་དགྲ་བོའི་ངུ་སྒྲས་གནམ་ས་དབྲལ་ཞིང་རྣམ་ཤེས་འཁྱམས་པོའི་རླུང་འཚུབ་ཀྱིས་བར་སྣང་བསྟིབས། ཟུངས་ཁྲག་གིས་ས་གཞི་བརླན་པའི་དུར་ས་ནས་དཔའ་བོའི་མཚན་སྙན་གྱི་གླུ་སྒྲ་གང་སར་འཕུར། དུས་དེ་ནས་ཤ་ཁྲག་གི་ཟམ་ཆེན་ལེབ་མོའི་ཐོག་ཞི་བདེའི་དེད་དཔོན་གྱི་ཞབས་སོར་དལ་གྱིས་བསྒྱུར་ཞིང༌། གངས་རིའི་ལྷ་དམག་སྐབས་དེ་དུས་ཀྱི་གཞུང་དམག་ཚོས་མེ་མདའ་དང་གོས་ཐུང་མཉམ་དུ་དྲུད་ནས་མི་ཡུལ་གྱི་འཇིག་རྟེན་ཉུལ། ཀྱེ་ཀྱེ། བྱུང་འདས་ཀྱི་དཔའ་བོ་ཚོ། ཁྱོད་ཚོས་བཞག་པའི་ཁྲག་རྗེས་ཀྱི་རི་མོ་ནི་ཅི་འདྲའི་རིང་བ་ཞིག ཁྱོད་ཚོས་བཞག་པའིགཡུལ་སའི་དགོད་སྒྲ་ནི་ཅི་འདྲའི་སྙན་པ་ཞིག ཀྱེ་ཀྱེ། གངས་ལྗོངས་ཀྱི་དཔའ་བོ་ཚོ། ཁྱོད་ཚོས་བཞག་པའི་དུར་སའི་རྐང་རྗེས་ནི་ཅི་འདྲའི་དམར་བ་ཞིག ཁྱོད་ཚོས་བསླངས་པའི་ལོ་རྒྱུས་ཀྱི་རྡོ་རིང་ནི་ཅི་འདྲའི་བརྟན་པ་ཞིག ཀྱེ་ཀྱེ། སྔོན་གཤེགས་ཀྱི་དཔའ་བོ་ཚོ།

སྤྱི་ལོ་ ༡༩༩༧ ཋ༦ ཋ༡༦ཋ ཉིན་༼དྲང་བདེན་༽ཐོག་བཀོད།






ཐུགས་རྗེ་ཆེ་ཞུ། ༼གངས་ལྷ་སྒེག་མོའི་སྤྱན་ཆབ་༽འདི་བཞིན་དཔེ་སྐྲུན་གྱི་འགྲོ་གྲོན་ཡོངས་རྫོགས་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་སླེ་ལུང་རྗེ་དྲུང་སྐུ་ཕྲེང་བཅུ་གཅིག་པ་ད་ལྟ་དབྱིན་ལན་གནས་བཞུགས་བསྟན་འཛིན་ཕུན་ཚོགས་བློ་ལྡན་གྱིས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དེ་བཞིན་དེབ་ཆུང་འདི་ཉིད་གློག་ཀླད་དུ་འཇུག་མཁན་དང་ཞུ་དག་གནང་མཁན་སོགས་འབྲེལ་ཡོད་ལྟོས་བཅས་ཀུན་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།