Wb/bo/ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས།

From Wikimedia Incubator
< Wb‎ | bo
Wb > bo > ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས།
༅།།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས།
ཨུ་རྒྱན་གྱིས་བསྒྱུར།

(༡༩༨༤ལོའི་ཟླ་བ༥པའི་ཚེས་༣༡ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་དང༌།༢༠༠༡ལོའི་ཟླ་བ་༢པའི་ཚེས་༡༨/ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ཨུ་གྲོས་ཚོགས་ཐེངས་ཉི་ཤུ་པའི་ཐོག་(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁུངས་རང་སྐྱོང་བཅའ་ཁྲིམས་)དག་བཅོས་སྐོར་གྱི་ཆོད་དོན)གཞིར་བཟུང་ནས་དག་བཅོས་བྱས།)

དཀར་ཆགགླེང་གཞི།

ལེའུ་དང་པོ། སྤྱིའི་རྩ་དོན།

ལེའུ་གཉིས་པ། མི་རིགས་རང་སྐྱོང་ས་གནས་དང་རང་སྐྱོང་ལས་ཁུངས་སྐོར།

ལེའུ་གསུམ་པ། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་བྱེད་དབང་སྐོར།

ལེའུ་བཞི་པ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་སྐོར།

ལེའུ་ལྔ་པ། མི་རིགས་རང་སྐྱོང་ས་གནས་ཁོངས་ཀྱི་མི་རིགས་བར་གྱི་འབྲེལ་བའི་སྐོར།

ལེའུ་བདུན་པ། ཞར་བྱུང༌།

འགོ་བརྗོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཐུན་མོང་ནས་གསར་དུ་གཏོད་པའི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་ཡིན།མི་རིགས་ཀྱིས་ས་ཁོངས་རང་སྐྱོང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མར་ལེ་རིང་ལུགས་ལ་བརྟེན་ནས་རང་རྒྱལ་གྱི་མི་རིགས་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་ཤིག་ཡིན་ལ་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཞིག་ཀྱང་ཡིན།

མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རྒྱལ་ཁབ་ཀྱི་གཅིག་གྱུརགའགོ་ཁྲིད་འོགགྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་རྒྱུ་དེ་ཡིན།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་ཐོག་ནས་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གིས་མི་རིགས་སོ་སོའི་ནང་ཁུལ་གྱི་ལས་དོན་བདག་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པར་བརྩི་འཇོག་དང་འགན་སྲུང་ལེགས་པར་བྱེད་པའི་དགོངས་དོན་མཚོན་པ་དང༌།རྒྱལ་ཁབ་ཀྱིས་མི་རིགས་ཁག་བར་འདྲ་མཉམ་དང་མཐུན་སྒྲིལ། མི་རིགས་ཁག་ལྷན་དུ་དར་རྒྱས་ཕུན་སུམ་ཇེ་ཚོགས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་རྩ་དོན་མཚོན་ཡོད།

མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པ་དེའི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བརྩོན་སེམས་འདོན་སྤེལ་བྱེད་པ་དང༌།འདྲ་མཉམ།མཐུན་སྒྲིལ།རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཇེ་བཟང་དུ་སྤེལ་བ།རྒྱལ་ཁབ་གོང་བུ་གཅིག་གྱུར་སྲ་བརྟན་པོ་ཡོང་བ་བྱེད་པ༌།མི་རིགས་རང་སྐྱོང་ས་གནས་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་བཞག་གོང་ནས་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད།སླར་ཕྱིན་མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་འདིས་མུ་མཐུད་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་འདིས་རྒྱལ་ཁབ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབ་ཅན་འཛུགས་སྐྲུན་བྱེད་པའི་བྱ་རིམ་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་ཐུབ་པ་བྱ་དགོས།མི་རིགས་ས་ཁོངས་རང་སྐྱོང་དངོས་སུ་མཐའ་འཁྱོལ་བྱ་དགོས་ན་ངེས་པར་དུ་མི་རིགས་རང་སྐྱོང་ས་གནས་དག་གིས་ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་ནས་རྒྱལ་ཁབ་གྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བར་འགན་སྲུང་ཏན་ཏིག་བྱ་དགོས་པ་དང༌།ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་རིམ་པ་ཁག་གི་ལས་བྱེད་པ་དང༌།ཆེད་ལས་སྣ་ཚོགས་ཀྱི་ཡོན་ཏན་ཅན།རྩལ་ལྡན་བཟོ་པ་བཅས་འབོར་ཆེན་གསོ་སྐྱོང་བྱེད་དགོས་པ།མི་རིགས་རང་སྐྱོང་ས་གནས་ཀྱིས་ངེས་པར་དུ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་འདོན་སྤེལ་བྱས་ནས་ཧུར་བརྩོན་ཆེན་པོས་ས་གནས་དེ་གའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་བཞག་གོང་དུ་སྤེལ་ནས་རྒྱལ་ཁབ་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས་པ།རྒྱལ་ཁབ་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིར་བཟུང་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་གོང་དུ་ཇེ་འགྱོགས་སུ་སྤེལ་བར་རོགས་རམ་གང་ཐུབ་ཅི་ཐུབ་བྱས་པ་སོགས་ནི་ལག་ལེན་དངོས་ཀྱི་ཐོག་ནས་དངོས་ར་འཕྲོད་བྱུང་ཡོད།མི་རིགས་བར་གྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ནང་མི་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་ནི་གཙོ་བོ་རྒྱ་རིགས་ཆེན་པོ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས།ས་གནས་མི་རིགས་རིང་ལུགས་ལའང་ངོ་རྒོལ་བྱེད་དགོས།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང༌།མར་ལེན་རིང་ལུགས་མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཁྲིད་སྟོན་འོགམི་རིགས་རང་སྐྱོང་ས་གནས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་མཐའ་འཁྱོལ་དང༌།བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱེད་པ་དང་འབྲེལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེར་རབ་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་དུ་སྤེལ་བ་དང༌།སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང༌།སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་གོང་དུ་ཇེ་འགྱོགས་སུ་སྤེལ་བ།མཐུན་སྒྲིལ་ཆེ་ལ་དར་ཞིང་རྒྱས་པའི་མི་རིགས་རང་སྐྱོང་ས་གནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྒོ་ནས་མི་རིགས་ཁག་ཐུན་མོང་དར་རྒྱས་ཕུན་སུམ་ཚོགས་པ་ཡོང་བ་དང་མེས་རྒྱལ་འདི་བཞིན་སྟོབས་འབྱོར་དང་དམངས་གཙོ་ཤེས་རིགལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།

 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས》འདི་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་ལམ་ལུགས་ལག་ལེན་དངོས་སུ་བསྟར་བའི་གཞི་རྩའི་བཅའ་ཁྲིམས་ཡིན།

ལེའུ་དང་པོ།སྤྱིའི་རྩ་དོན།དོན་ཚན་དང་པོ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རྩ་ཁྲིམས་གཞིར་བཟུང་ནས་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ།གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་དུ་ལག་བསྟར་བྱེད་རྒྱུ།

མི་རིགས་རང་སྐྱོང་ས་གནས་རྣམས་རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་སུ་དབྱེ་རྒྱུ། མི་རིགས་རང་སྐྱོང་ས་གནས་ཁག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲལ་དུ་མི་རུང་བའི་གྲུབ་ཆ་ཡིན།

དོན་ཚན་གསུམ་པ།མི་རིགས་རང་སྐྱོང་ས་གནས་སུ་རང་སྐྱོང་ལས་ཁུངས་འཛུགས་པ་དང༌།རང་སྐྱོང་ལས་ཁུངས་ནི་རྒྱལ་ཁབ་གྱི་ས་གནས་རིམ་པའི་སྲིད་དབང་འཛིན་པའི་ལས་ཁུངས་ཞིག་ཡིན།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་རྒྱུ།

དོན་ཚན་བཞི་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩ་ཁྲིམས་ཀྱི་ལེའུ་གསུམ་པའི་ས་བཅད་ལྔ་པར་གཏན་ལ་ཕབ་པའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་འབྲེལ་རྩ་ཁྲིམས་དང་བཅའ་ཁྲིམས་འདི་དང་བཅའ་ཁྲིམས་གཞན་དག་ལས་གཏན་ལ་ཕབ་པའི་འགན་བབ་དབང་མཚམས་ལྟར་རང་སྐྱོང་བྱེད་དབང་སྤྱོད་རྒྱུ་དང༌།ས་གནས་དེ་གའི་གནས་ཚུལ་དངོས་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་རྒྱུ།

རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཆུས་དང་རྫོང་བཙུགས་ཡོད་པའི་གྲོང་ཁྱེར་གྱི་ས་གནས་ཀྱི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་འགན་དབང་སྤྱོད་རྒྱུ་དང་འབྲེལ་རང་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ།

དོན་ཚན་ལྔ་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ངེས་པར་དུ་རྒྱལ་ཁབ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་དགོས་པ་དང་ས་གནས་དེ་གར་རྩ་ཁྲིམས་དང་བཅའ་ཁྲིམས་སྲུང་བ་དང་ལག་ལེན་བསྟར་བར་ཁག་ཐེག་བྱེད་དགོས།

དོན་ཚན་དྲུག་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབ་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་གནས་ཚུལ་གཞིར་བཟུང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་མི་འགལ་བའི་རྩ་དོན་འོག་དམིགས་བསལ་གྱི་སྲིད་ཇུས་དང་བབ་བསྟུན་གྱི་བྱེད་ཐབས་ལག་ལེན་བསྟར་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་གྱི་བྱ་བཞག་གོང་དུ་ཇེ་འགྱོགས་སུ་སྤེལ་བའི་དབང་ཆ་ཡོད།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཆར་གཞིའི་ཁྲིད་སྟོན་འོག་དོན་དངོས་གཞིར་བཟུང་སྟེ་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དང་དཔལ་འབྱོར་གྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བཏང་བར་བརྟེན་ནས་མི་རིགས་ཁག་གི་དངོས་པོའི་འཚོ་བའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་རིག་གནས་ཐད་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་ས་སྤེལ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་དང་ཚན་རིག་དང་རིག་གནས་ཤེས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།

དོན་ཚན་བདུན་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་སྤྱིའི་ཁེ་ཕན་མཆོག་ཏུ་བཀུར་ནས་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་འགན་སྤྲད་རིགས་ཧུར་བརྩོན་ཆེན་པོས་བསྒྲུབ་དགོས།

དོན་ཚན་བརྒྱད་པ།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་སྐྱོང་བྱེད་དབང་སྤྱོད་པར་འགན་སྲུང་བྱ་རྒྱུ་མ་ཟད།མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དང་དགོས་མཁོར་གཞིགས་ནས་མི་རིགས་རང་སྐྱོང་ས་གནས་སུ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱ་བཞག་གོང་དུ་ཇེ་འགྱོགས་སུ་ས་སྤེལ་བར་རོགས་རམ་གང་ཐུབ་ཅི་ཐུབ་བྱེད་རྒྱུ།

དོན་ཚན་དགུ་པ།གོང་རིམ་རྒྱལ་ཁབ་ལས་ཁུངས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་བར་འདྲ་མཉམ་དང༌།མཐུན་སྒྲིལ། རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ། མི་རིགས་གང་ཞིག་ལའང་མཐོང་ཆུང་དང་གཉའ་གནོན་བྱས་མི་ཆོག མི་རིགས་བར་མཐུན་སྒྲིལ་གཏོར་བཤིག་གཏོང་བ་དང་མི་རིགས་བར་ཁ་ཕྲལ་བའི་བྱ་སྤྱོད་བཀག་བསྡོམས་བྱ་རྒྱུ།

དོན་ཚན་བཅུ་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཚང་མར་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད།རང་ཉིད་ཀྱི་ཡུལ་སྲོལ་གོམས་གཤིས་སྔར་མུས་སུ་འཛིན་པའམ་བསྒྱུར་བཅོས་བྱེད་པའི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

དོན་ཚན་བཅུ་གཅིགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་རང་དབང་ཡོད་པར་འགན་སྲུང་བྱ་རྒྱུ།

རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ་གང་རུང་དང༌།མི་སྒེར་སུས་ཀྱང་བཙན་ཐབས་ལ་བརྟེན་ནས་སྤྱི་དམངས་ལ་ཆོས་དད་བྱེད་དུ་འཇུག་པའམ་མི་འཇུག་པའི་རིགས་གང་ཡང་མི་ཆོག ཆོས་དད་ཡོད་པའི་སྤྱི་དམངས་དང་ཆོས་དད་མེད་པའི་སྤྱི་དམངས་སུ་ལའམ་མཐུང་ཆུང་བྱེད་མི་ཆོག

རྒྱལ་ཁབ་ཀྱིས་ཚུལ་དང་ལྡན་པའི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་བྱ་རྒྱུ།

སྐྱེ་བོ་སུས་ཀྱང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་སྒྲིལ་ལམ་གཏོར་བརླག་གཏོང་བ་དང༌།སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ལ་འགལ་རྐྱེན་བཟོ་བ་བཅས་བྱ་ངན་སྤེལ་མི་ཆོག

ཆོས་ལུགས་ཀྱི་ཚོགས་པ་དང་ཆོས་ལུགས་ཀྱི་ལས་དོན་ཐོག་ཕྱི་རྒྱལ་སྟོབས་ཤུགས་ཀྱི་བཀོད་པར་ཉན་མི་དགོས།

ལེའུ་གཉིས་པ། མི་རིགས་རང་སྐྱོང་ས་གནས་དང་རང་སྐྱོང་ལས་ཁུངས།

དོན་ཚན་བཅུ་གཉིས། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་གནས་སུ་ས་གནས་དེ་གའི་མི་རིགས་ཀྱི་འབྲེལ་བ་དང༌། དཔལ་འབྱོར་འཕེལ་ཚུལ་སོགས་ཀྱི་ཆ་རྐྱེན་ལ་གཞིགས་བ་དང་འབྲེལ་ལོ་རྒྱུས་ཐོག་གི་གནས་ཚུལ་དང་བསྟུན་ནས་གྲངས་ཉུང་མི་རིགས་གཅིག་གམ་ཁ་ཤས་འདུས་སྡོད་བྱེད་ཁུལ་རྨང་གཞིར་བྱས་པའི་རང་སྐྱོང་ས་གནས་བཙུགས་ཆོག

མི་རིགས་རང་སྐྱོང་ས་གནས་ནང་ལོགས་སུ་གྲངས་ཉུང་མི་རིགས་གཞན་དག་འདུས་སྡོད་བྱེད་སར་བབ་མཚུངས་ཀྱི་རང་སྐྱོང་ས་གནས་སམ་མི་རིགས་ཞང་འཛུགས་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་ཁོངས་སུ་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ཏེ་རྒྱ་རིགས་སམ་མི་རིགས་གཞན་དག་ཡོད་པའི་འདུས་དམངས་ཁུལ་དང༌།གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་གཏོགས་པར་བྱས་ཆོག

དོན་ཚན་བཅུ་གསུམ་པ།མི་རིགས་རང་སྐྱོང་ས་གནས་ཀྱིས་ནི་དམིགས་བསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས་ས་གནས་དེ་གའི་ས་མིང་དང་མི་རིགས་ཀྱི་མིང༌། སྲིད་འཛིན་གྱི་རིམ་བབ་བཅས་གོ་རིམ་ལྟར་འདོགས་རྒྱུ།

དོན་ཚན་བཅུ་བཞི་པ། མི་རིགས་རང་སྐྱོང་ས་གནས་འཛུགས་རྒྱུ་དང༌།ས་མཚམས་གཅོད་སྟངས། མཚོན་མིང་འདོགས་ལུགས་བཅས་ནི་གོང་རིམ་རྒྱལ་ཁབ་ལས་ཁུངས་ནས་འབྲེལ་ཡོད་ལས་ཁུངས་དང༌། མི་རིགས་ཀྱི་འཐུས་མི་དང་གྲོས་མོལ་ལེགས་པར་བྱས་ནས་འཆར་འགོད་བཟོས་ཐོག བཅའ་ཁྲིམས་ནང་གཏན་ཁེལ་པའི་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་རྒྱུ།

མི་རིགས་རང་སྐྱོང་ས་གནས་འཛུགས་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན༌།མེད་པར་བཟོ་བའམ་ཟླ་སྒྲིལ་བཏང་མི་ཆོག མི་རིགས་རང་སྐྱོང་ས་གནས་ཀྱི་ས་མཚམས་གཏན་ཁེལ་མཚམས་སུ་ཁྲིམས་འཁོད་གོ་རིམ་མ་བརྒྱུད་ན།གང་བྱུང་དུ་བསྒྱུར་བཅོས་བྱས་མི་ཆོགམེད་པར་བཟོ་དགོས་པ་དང་ཟླ་སྒྲིལ་བྱ་དགོས་པའམ་བསྒྱུར་དགོས་བྱུང་ཚེ་གོ་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲོས་མོལ་ལེགས་པར་བྱས་ཏེ་འཆར་འགོད་བཟོས་རྗེས་ཁྲིམས་འཁོད་གོ་རིམ་ལྟར་སྙན་སེང་ཞུ་རྒྱུ།

དོན་ཚན་བཅོ་ལྔ། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནི་རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་དང་མི་དམངས་སྲིད་གཞུང་ཡིན།

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་རང་ལས་རིམ་པ་གཅིག་མཐོ་བའི་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ལ་འགན་ཁུར་རྒྱུ་དང་འབྲེལ་ལས་དོན་སྙན་ཞུ་འབུལ་རྒྱུ།རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་བའི་རིང་ལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་ཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུ་འབུལ་རྒྱུ། མི་རིགས་རང་སྐྱོང་ས་གནས་སོ་སོའི་མི་དམངས་སྲིད་གཞུང་ཚང་མ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གཅིག་གྱུར་གྱིས་འགོ་ཁྲིད་བྱས་འོག་གི་རྒྱལ་ཁབ་གཞུང་གི་ལས་ཁུངས་ཡིན་པས་ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོ་ཁྲིད་དང་ལེན་བྱེད་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་རྩ་འཛུགས་དང་ལས་དོན་སྒྲུབ་ཕྱོགས་ནི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་སྟེ་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་གམ་གཅིག་སྤྱོད་སྲོལ་ཡིག་ནང་དུ་གཏན་འབེབས་བྱ་རྒྱུ།

དོན་ཚན་བཅུ་དྲུགམི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་འཐུས་མིའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་འཐུས་མི་ཡོད་དགོས་པ་མ་ཟད་སྲིད་འཛིན་ས་ཁོངས་དེར་གནས་བཅའ་བའི་མི་རིགས་གཞན་དག་གི་འཐུས་མིའི་ཁ་གྲངས་འོས་འཚམ་ཡང་ཡོད་དགོས། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་ཀྱི་འཐུས་མི་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་ཁ་གྲངས་དང་བསྡུར་ཚད་ནི་བཅའ་ཁྲིམས་ནང་གཏན་ཁེལ་བའི་རྩ་དོན་གཞིར་བཟུང་ནས་ཞིང་ཆེན་དང༌།རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ནས་གྲོས་ཐག་བཅད་ཐོག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོད་ལྷན་ཁང་གི་ཀྲའུ་རེན་ནམ་ཀྲའུ་རེན་གཞོན་པ་འགན་ཁུར་བའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡོད་དགོས།

དོན་ཚན་བཅུ་བདུན།རང་སྐྱོང་ལྗོངས་ཀྱི་ཀྲའུ་ཞི་དང༌།རང་སྐྱོང་ཁུལ་གྱི་འགོ་འཛིན།རང་སྐྱོང་གི་རྫོང་དཔོན་བཅས་ཀྱི་འགན་ནི་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཀྱིས་འཁུར་རྒྱུ། རང་སྐྱོང་ལྗོངས་དང༌།རང་སྐྱོང་ཁུལ།རང་སྐྱོང་རྫོང་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཁོངས་མི་གཞན་དག་གི་ནང་དུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱ་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང༌།རང་སྐྱོང་ཁུལ་གྱི་འགོ་འཛིན།རང་སྐྱོང་རྫོང་གི་རྫོང་དཔོནབཅས་ཀྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱ་རྒྱུ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང༌།རང་སྐྱོང་ཁུལ་གྱི་འགོ་འཛིན།རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱིས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་ལས་དོན་གཙོ་སྐྱོང་བྱ་རྒྱུ།

དོན་ཚན་བཅོ་བརྒྱད།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ལས་དོན་སྡེ་ཁག་གི་ལས་བྱེད་པའི་ནང་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོ་བཀོད་སྒྲིག་འོས་འཚམ་བྱ་དགོས།

ལེའུ་གསུམ་པ། རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་དབང་ཆ།

དོན་ཚན་བཅུ་དགུམི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་དེ་གའི་མི་རིགས་ཀྱི་ཆབ་སྲིད་དང༌།དཔལ་འབྱོར།རིག་གནས་བཅས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་གཏན་འབེབས་བྱེད་དབང་ཡོད།རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་དག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན།རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་དག་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་རྗེས་ནུས་པ་ཐོན་རྒྱུ་དང་འབྲེལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུ་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཡང་ཞུ་དགོས།

དོན་ཚནཉི་ཤུ། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་གྲོས་ཆོད་དང༌།ཆོད་དོན། བཀའ་རྒྱ།མཛུབ་སྟོན་བཅས་ལས་མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མི་མཐུན་པའི་རིགས་བྱུང་ན་རང་སྐྱོང་ས་གནས་ཀྱིས་གོང་རིམ་རྒྱལ་ཁབ་ལས་ཁུངས་དེར་སྙན་སེང་ཞུ་ཏེ་ཆོག་མཆན་ཐོབ་མཚམས་བབ་བསྟུན་གྱིས་ལག་བསྟར་བྱ་རྒྱུའམ་ཡང་ན་ལག་བསྟར་བྱེད་མཚམས་བཞག་ཆོག གོང་རིམ་རྒྱལ་ཁབ་ལས་ཁུངས་དེས་སྙན་ཞུ་འབྱོར་ཉིན་ནས་ཉིན་དྲུག་ཅུའི་ནང་ཚུལ་ལན་འདེབས་རྒྱུ།

དོན་ཚན་ཉེར་གཅིག།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་གི་གཏན་འབེབས་ལྟར་ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་རིགས་ཁ་ཤས་སྤྱོད་རྒྱུ་དང༌།ཐུན་མོང་དུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག

དོན་ཚན་ཉེར་གཉིས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དགོས་མཁོ་གཞིར་བཟུང་སྟེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ས་གནས་དེ་གའི་མི་རིགས་ཀྱི་ནང་ནས་རིམ་པ་ཁག་གི་ལས་བྱེད་པ་དང༌། ཚན་རིག་ལག་རྩལ་དང་ཚོང་གཉེར་དོ་དམ་སོགས་ཐད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་དང་ལག་རྩལ་ལྡན་པའི་བཟོ་པ་སྣ་ཚོགས་འབོར་ཆེན་གསོ་སྐྱོང་བྱ་རྒྱུ་དང་དེ་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་མ་ཟད། གྲངས་ཉུང་མི་རིགས་ཀྱི་བུད་མེད་གྲས་ནས་རིམ་པ་ཁག་གི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་སྣ་ཚོགས་གསོ་སྐྱོང་བྱེད་པར་དོ་སྣང་ཡང་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་སྡུད་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་སྐྱེ་བོར་ལྟ་རྟོག་འོས་འཚམ་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱི་དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་ཆེད་ལས་པ་སྣ་ཚོགས་རང་སྐྱོང་ས་གནས་འཛུགས་སྐྲུན་ལས་དོན་ཁག་ཏུ་ཞུགས་ཐུབ་པར་ལྟ་རྟོག་དང་བསྔགས་བསྐུལ་བྱས་ཆོག

དོན་ཚན་ཉེར་གསུམ།མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་ཁེལ་ལྟར་མི་སྣ་སྡུད་སྐབས་དང་ཐོག་གྲངས་ཉུང་མི་རིགས་ཀྱི་སྐྱེ་བོ་བསྡུ་དགོས་པ་མ་ཟད། གྲོང་གསེབ་དང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐྱེ་བོའི་གྲས་ནས་བསྡུས་ཀྱང་ཆོག

དོན་ཚན་ཉེར་བཞི།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་དམག་དོན་ལམ་ལུགས་དང་ས་གནས་དེ་གའི་དགོས་མཁོ་དངོས་ལ་གཞིགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་རྗེས་ས་གནས་དེ་གའི་སྤྱི་ཚོགས་བདེ་སྐྱོང་བྱེད་པའི་སྤྱི་བདེའི་དམག་དཔུང་སྒྲིག་འཛུགས་བྱས་ཆོག

དོན་ཚན་ཉེར་ལྔ་པ།རྒྱལ་ཁབ་ཀྱི་འཆར་གཞི་ཁྲིད་སྟོན་འོག་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་དང་དགོས་མཁོ་གཞིར་བཟུང་སྟེ་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་བྱེད་ཕྱོགས་དང༌།སྲིད་ཇུས།འཆར་གཞི་བཅས་བཟོ་འགོད་བྱས་ཏེ་ས་གནས་ཀྱི་རང་བཞིན་ལྡན་པའི་དཔལ་འབྱོར་འཛུགས་སྐྲུན་བྱ་བཞག་ལ་རང་ཐག་རང་གཅོད་ཀྱི་བཀོད་སྒྲིག་དང་དོ་དམ་བྱ་རྒྱུ།

དོན་ཚན་ཉེར་དྲུགམི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་རྒུན་འཁྱོངས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་བཅའ་ཁྲིམས་ནང་གསལ་གཏན་འབེབས་དང་ས་གནས་དེ་གའི་དཔལ་འབྱོར་གོང་དུ་འཕེལ་བའི་ཁྱད་ཆོས་ལ་གཞིགས་ཏེ་ཐོན་སྐྱེད་ཀྱི་འབྲེལ་བ་དང་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་ལུགས་མཐུན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གང་ཐུབ་ཅི་ཐུབ་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་དུ་གོང་དུ་སྤེལ་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང༌། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་བྱ་རྒྱུ།

དོན་ཚན་ཉེར་བདུན།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ས་གནས་དེ་གའི་རྩྭ་ར་དང་ནགས་ཚལ་གྱི་བདག་དབང་དང་སྤྱོད་དབང་གཏན་ཁེལ་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་ཐང་དང་ནགས་ཚལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུ་དང༌། ལྗོན་འཛུགས་རྩྭ་འདེབས་བྱ་རྒྱུར་སྒྲིག་འཛུགས་དང་བསྔགས་བསྐུལ་བྱ་རྒྱུ།། རྩ་འཛུགས་དང་མི་སྒེར་སུས་ཀྱང་བྱེད་ཐབས་གང་རུང་ལ་བརྟེན་ནས་རྩ་ཐང་དང་ནགས་ཚལ་གཏོར་བརླག་བཏང་མི་ཆོག རྩ་ཐང་དང་ནགས་ཚལ་དུ་རྩ་ནགས་གཏོར་བརླག་བཏང་ནས་འདེབས་ཞིང་གསར་སྤོལ་བྱས་མི་ཆོག

དོན་ཚན་ཉེར་བརྒྱད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ས་གནས་དེ་གའི་རང་བྱུང་གི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་འཆར་འགོད་གཞིར་བཟུང་ནས་ས་གནས་དེ་གས་ཐོན་སྒོ་ཕྱེ་ཆོག་པ་པའི་རང་བྱུང་གི་ཐོན་ཁུངས་རྣམས་ཚུལ་ལུགས་དང་མཐུན་པའི་སྒོ་ནས་ཐོན་སྒོ་སྔོན་འབྱེད་དང་སྔོན་སྤྱོད་བྱ་རྒྱུ།

དོན་ཚན་ཉེར་དགུརྒྱལ་ཁབ་ཀྱི་འཆར་གཞིའི་ཁྲིད་སྟོན་འོག་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་ནོར་ཤུགས་དང་དངོས་ཤུགས་དང་ཆ་རྐྱེན་གཞན་ཇི་ཡོད་ལ་གཞིགས་ནས་རང་ཐག་རང་གཅོད་ཀྱིས་ས་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་རྣམ་གྲངས་བཀོད་སྒྲིག་བྱ་རྒྱུ།

དོན་ཚན་སུམ་ཅུ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེའི་ཁོངས་སུ་གཏོགས་པའི་ཁེ་ལས་དང་བྱ་ལས་རྣམས་རང་བདག་གིས་དོ་དམ་བྱ་རྒྱུ།

དོན་ཚན་སོ་གཅིག་པ།མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་ཕྱི་ཕྱོགས་སུ་དཔལ་འབྱོར་དང་ཉོ་ཚོང་གི་བྱེད་སྒོ་སྤེལ་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་མཚམས་སུ་ཕྱི་ལ་ཕྱོགས་པའི་ཉོ་ཚོང་གྲུ་ཁ་གསར་དུ་བཏོད་ཆོག

ཕྱི་རྒྱལ་དང་ས་མཚམས་འབྲེལ་བའི་མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་རྗེས་མཐའ་ཁུལ་གྱི་ཉོ་ཚོང་བྱེད་སྒོ་སྤེལ་ཆོག

མི་རིགས་རང་སྐྱོང་ས་གནས་ཀྱིས་ཕྱི་ཕྱོགས་སུ་དཔལ་འབྱོར་དང་ཉོ་ཚོང་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ།

དོན་ཚན་སོ་གཉིས་པ། མི་རིགས་རང་སྐྱོང་ས་གནས་ཀྱི་ནོར་སྲིད་ནི་ནོར་སྲིད་རིམ་པ་གཅིག་ཡིན་ལ། རྒྱལ་ཁབ་ནོར་སྲིད་ཀྱི་གྲུབ་ཆ་ཞིག་ཀྱང་ཡིན།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལ་ས་གནས་ཀྱི་ནོར་སྲིད་དོ་དམ་བྱེད་པའི་རང་སྐྱོང་དབང་ཆ་ཡོད། རྒྱལ་ཁབ་ཀྱི་ནོར་སྲིད་སྒྲིག་སྲོལ་ལྟར་མི་རིགས་རང་སྐྱོང་ས་གནས་ལ་དབང་བའི་ནོར་སྲིད་ཀྱི་ཡོང་འབབ་རྣམས་མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་བཀོད་སྒྲིག་དང་བེད་སྤྱོད་བྱ་དགོས།

རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ནོར་སྲིད་སྒྲིག་སྲོལ་འོག་མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་ཁབ་ནས་ལག་ལེན་བསྟར་བའི་ནོར་སྲིད་གཏོང་སྤྲོད་སྤོ་བསྒྱུར་ལམ་ལུགས་ཚད་ལྡན་ཅན་ལ་བརྟེན་ནས་གོང་རིམ་ནོར་སྲིད་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་ནོར་སྲིད་ཀྱི་སྔོན་རྩིས་ནང་གི་གཏོང་སྒོའི་ཁོངས་ལ་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་བབ་བསྟུན་སྤྱད་འཐུས་ཀྱི་མ་དངུལ་ཟུར་བཅད་བྱ་རྒྱུ་དང་སྔོན་རྩིས་ནང་གི་གྲབས་དངུལ་འཇོག་གྲངས་ཀྱི་བསྡུར་ཚད་དེ་ས་ཁུལ་སྦྱིར་བཏང་པ་ལས་མཐོ་བར་འཇོག་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱེད་རིང་ཡོང་སྒོ་ཚད་ལས་བརྒལ་བྱུང་རིགས་དང་གཏོང་སྒོ་ལས་བསྲི་ཚགས་བྱས་པའི་མ་དངུལ་རྣམས་རང་མོས་ཀྱིས་བཀོད་སྒྲིག་དང་བེད་སྤྱོད་བྱ་རྒྱུ།

དོན་ཚན་སོ་གསུམ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ནས་གཏན་ལ་ཕབ་པའི་རྩ་དོན་ལ་གཞིགས་ཤིང་ས་གནས་དེ་གའི་གནས་ཚུལ་དངོས་དང་བསྟུན་ནས་ས་གནས་དེ་གའི་གཏོང་སྒོ་ཁག་གི་ཚད་གཞི་དང༌། མི་གྲངས་གཏན་ཁེལ། ལས་འགན་གྱི་གྲངས་བཅད་བཅས་བཟོ་སྐབས་ཁ་གསབ་ཀྱི་གཏན་འབེབས་དང་བྱེད་ཐབས་ཞིབ་གསལ་གཏན་ལ་ཕབ་ཆོག རང་སྐྱོང་ལྗོངས་ནས་གཏན་ལ་ཕབ་པའི་ཁ་གསབ་ཀྱི་གཏན་འབེབས་དང་བྱེད་ཐབས་ཞིབ་གསལ་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུ་དང༌། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་གཏན་ལ་ཕབ་པའི་ཁ་གསབ་ཀྱི་གཏན་འབེབས་དང་བྱེད་ཐབས་ཞིབ་གསལ་རྣམས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

དོན་ཚན་སོ་བཞི།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲལ་དོན་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱེད་སྐབས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་རྣམ་གྲངས་ལ་རྒྱལ་ཁབ་ནས་གཅིག་གྱུར་གྱིས་ཞིབ་བཤེར་ཐོག་ཆོག་མཆན་འགོད་དགོས་རིགས་ཕུད། ས་གནས་ཀྱི་ནོར་སྲིད་ཡོང་འབབ་ཀྱི་ཁོངས་སུ་གཏོགས་ཤིང་དཔྱ་ཁྲལ་སྡུད་ཐབས་ཐོག་ནས་ལྟ་རྟོག་དང་བསྔགས་བསྐུལ་བྱ་དགོས་རིགས་འགའ་ཞིག་ལ་དཔྱ་ཁྲལ་ཆག་ཡང་ངང་རྩ་ཆགས་བཏང་ཆོག རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གིས་དཔྱ་ཁྲལ་ཆག་ཡང་ངང་རྩ་ཆག་གཏོང་དགོས་རིགས་ཡིན་ཕྱིན་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་དགོས།

དོན་ཚན་སོ་ལྔ།མི་རིགས་རང་སྐྱོང་ས་གནས་ཀྱིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་ཀྱི་ཚོང་ལས་དངུལ་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡིན་རྟོན་མཉམ་ལས་རྩ་འཛུགས་བཙུགས་ཆོག

དོན་ཚན་སོ་དྲུགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་གཞིར་བཟུང་བ་དང་བཅའ་ཁྲིམས་ནང་གཏན་འབེབས་ལྟར་ས་གནས་དེ་གའི་སློབ་གསོའི་འཆར་གཞི་དང༌། རིམ་པ་དང་རིགས་མི་འདྲ་བའི་སློབ་གྲྭ་ཁག་འཛུགས་ལུགས་དང་སློབ་ཡུན།སློབ་གྲྭ་གཉེར་སྟངས། སློབ་ཁྲིད་ཀྱི་ནང་དོན། སློབ་འཁྲིད་བྱེད་པའི་སྐད་རིགས། སློབ་གྲྭ་བ་སྡུད་ཐབས་བཅས་ཐག་གཅོད་རྒྱུ།

དོན་ཚན་སོ་བདུན།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱི་སྒོ་ནས་མི་རིགས་ཀྱི་སློབ་གསོ་འཕེལ་རྒྱས་བཏང་སྟེ་ཡིག་རྨོངས་བསལ་རྒྱུ་དང༌། སློབ་གྲྭ་སྣ་ཚོགས་འཛུགས་རྒྱུ། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་རྒྱུ། རྣམ་པ་སྣ་མང་ལ་བརྟེན་ནས་མཐོ་གྲས་འབྲིང་རིམ་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་ཀྱི་ལག་རྩལ་སློབ་གསོ་་རྒྱས་གཏོང་རྒྱུ།ཆ་རྐྱེན་དང་དགོས་མཁོ་དང་བསྟུན་ནས་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་བཅས་དང༌། གྲངས་ཉུང་མི་རིགས་ཁག་གི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་འབྲོག་ཁུལ་དང་འབྱོར་པ་དབུལ་ཞིང་སྡོད་ཡུལ་ཁ་ཐོར་བའི་གྲངས་ཉུང་མི་རིགས་ཀྱི་རི་ཁུལ་དུ་སློབ་གྲྭ་ཞག་སྡོད་བྱེད་པ་དང་སློབ་གྲྭ་བར་རོགས་དངུལ་སྤྲོདཐབས་གཙོ་བོ་འཛིན་པའི་གཞུང་གཉེར་མི་རིགས་སློབ་ཆུང་དང་མི་རིགས་སློབ་འབྲིང་བཙུགས་ནས་སློབ་གྲྭ་ཡོད་པའི་སློབ་མས་འོས་འགན་སློབ་གསོ་མྱུང་རིམ་གྱི་སྦྱོང་ཚན་སྦྱངས་ཚར་བར་འགན་སྲུང་བྱ་རྒྱུ། སློབ་གཉེར་གྲོན་དངུལ་དང་སློབ་ཞུགས་རོགས་དངུལ་ས་གནས་དེ་གའི་ནོར་སྲིད་ནས་ཐག་གཅོད་རྒྱུ་དང༌། ས་གནས་དེ་གའི་ནོར་སྲིད་ལ་དཀའ་གནད་ཡོད་ན། གོང་རིམ་ནོར་སྲིད་ཀྱིས་ཁ་གསབ་བྱ་དགོས།

གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་རྒྱུ་གཙོ་བོར་འཛིན་པའི་སློབ་གྲྭ་དང་སློབ་གསོའི་སྒྲིག་གཞི་གཞན་དག་གི་ནང་ནས་ཆ་རྐྱེན་འཛོམས་རིགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་སྤྱོད་དགོས་པ་མ་ཟད། གྲངས་ཉུང་མི་རིགས་ཀྱི་སྐད་ཐོག་ནས་སློབ་ཁྲིད་ཀྱང་བྱ་དགོས། གནས་ཚུལ་ལ་གཞིགས་ཏེ་སློབ་གྲྭ་ཆུང་བའི་སློབ་རིམ་དམའ་བའམ་སློབ་རིམ་མཐོ་བ་ནས་རྒྱའི་སྐད་ཡིག་གི་སློབ་ཚན་བཙུགས་ཏེ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཁྱབ་སྤེལ་གཏོང་རྒྱུ།

མི་དམངས་སྲིད་གཞུང་རིམ་པ་ཁག་གིས་ནོར་སྲིད་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་སློབ་དེབ་དང་དཔེ་སྐྲུན་ཡིག་རིགས་རྩོམ་སྒྱུར་དང་དཔེ་སྐྲུན་ལས་ཀར་རོགས་སྐྱོར་བྱ་དགོས།

དོན་ཚན་སོ་བརྒྱད།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱིས་མི་རིགས་ཀྱི་རྣམ་པ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་རིག་དང༌། སྒྱུར་རྩལ། གསར་འགྱུར༌། དཔེ་སྐྲུན། རླུངའཕྲིན། གློག་བརྙན། བརྙན་འཕྲིན་སོགས་ཀྱི་མི་རིགས་ཀྱི་རིག་གནས་བྱ་བཞག་འཕེལ་རྒྱས་གཏོང་རྒྱུ། རིག་གནས་བྱ་བཞག་ཐད་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང༌། རིག་གནས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་བྱ་བཞག་སྣ་ཚོགས་གོང་དུ་ཇེ་མགྱོགས་སུ་སྤེལ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནས་འབྲེལ་ཡོད་སྡེ་ཚན་དང་སྡེ་ཁག་གིས་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་གྱི་དཔེ་དེབ་འཚོལ་བསྡུ་དང༌། ལེགས་སྒྲིག ཡིག་བསྒྱུར། པར་སྐྲུན་བཅས་བྱེད་པའི་སྒྲིག་འཛུགས་བྱ་རྒྱུ་དང་དེར་རྒྱབ་སྐྱོར་བྱ་རྒྱུ། མི་རིགས་ཀྱི་གནའ་ཤུགས་གནས་མཆོག་དང༌། རིག་གནས་ཤུལ་དངོས་གཙིགས་ཆེན། དེ་བཞིན་ལོ་རྒྱུས་དང་རིག་གནས་ཀྱི་གནའ་ཤུལ་གལ་ཆེ་བའི་རིགས་སོགས་སྲུང་སྐྱོབ་བྱས་ནས་མི་རིགས་ཀྱི་སྲོལ་རྒྱུས་རིག་གནས་ཕུལ་བྱུང་རྣམས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུ།

དོན་ཚན་སོ་དགུམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱིས་ས་གནས་དེ་གའི་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བའི་འཆར་འགོད་གཏན་ཁེལ་བྱས་ཏེ་ཚན་རིག་ལག་རྩལ་གྱི་ཤེས་ཡོན་ཁྱབ་གདལ་དུ་གཏོང་རྒྱུ།

དོན་ཚན་བཞི་བཅུ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཐག་རང་གཅོད་ཀྱིས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་བྱ་བཞག་འཕེལ་རྒྱས་གཏོང་བའི་འཆར་གཞི་བཟོས་ཐོག་དེང་རབས་ཀྱི་སྨན་དཔྱད་དང་མི་རིགས་ཀྱི་སྲོལ་རྒྱུན་སྨན་དཔྱད་གོང་ཏུ་སྤེལ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རིམས་ནད་དང་ཡུལ་ནད་སྔོན་འགོད་དང་ཚོད་འཛིན་གྱི་ལས་ཀ་དང་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་ཐད་ཀྱི་ལུས་ཁམས་བདེ་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།

དོན་ཚན་ཞེ་གཅིགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རང་ཚུགས་ངང་ལུས་རྩལ་བྱ་བཞག་འཕེལ་རྒྱས་དུ་གཏོང་རྒྱུ་དང་མི་རིགས་ཀྱི་སྔར་སྲོལ་ལུས་རྩལ་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་གཞི་ཇེ་ཐང་དུ་གཏོང་རྒྱུ།

དོན་ཚན་ཞེ་གཉིས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་གཞན་དག་དང་སློབ་གསོ་དང་ཚན་རིག་ལག་རྩལ། རིག་གནས་སྒྱུ་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ཐད་སྤེལ་རེས་དང་རོགས་ལས་ཧུར་ཐག་བྱ་རྒྱུ།

རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་ཀྱི་རང་སྐྱོང་ལས་ཁུལ་གྱིས་ཕྱི་རྒྱལ་དང་སློབ་གསོ་དང༌། ཚན་རིག་ལག་རྩལ། རིག་གནས་སྒྱུ་རྩལ། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ཐད་སྤེལ་རེས་བྱས་ཆོག

དོན་ཚན་ཞེ་གསུམ་པ།མི་རིགས་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གཏན་འབེབས་ལྟར་རྒྱུན་འཁོར་མི་སྣའི་སྐོར་གྱི་དོ་དམ་བྱེད་ཐབས་བཟོ་འགོད་བྱ་རྒྱུ། དོན་ཚན་ཞེ་བཞི།མི་རིགས་རང་སྐྱོང་ས་གནས་སུ་འཆར་ལྡན་བུ་བཙའ་དང་ལེགས་བཙའ་ལེགས་གསོ་བྱ་རྒྱུ་ལག་ལེན་བསྟར་ནས་མི་རིགས་ཁག་གི་མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ས་གནས་དེ་གའི་གནས་ཚུལ་དངོས་དང་གཞིགས་ཏེ་འཆར་ལྡན་བུ་བཙའ་ལག་བསྟར་བྱེད་ཐབས་བཟོ་འགོད་བྱ་རྒྱུ།

དོན་ཚན་ཞེ་ལྔ་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་བཅོས་བྱ་རྒྱུ་དང༌།སྦགས་བཙོག་དང་སྤྱི་བའི་གནོད་རྐྱེན་གཞན་དག་འགོད་སེལ་བྱས་ནས་མི་འབོར་དང༌། ཐོན་ཁུངས། ཁོར་ཡུག་བཅས་འཆམ་མཐུན་ངང་གོང་དུ་འཕེལ་ཐུབ་པ་བྱ་རྒྱུ།།

ལེའུ་བཞི་པ།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང༌།

དོན་ཚན་ཞེ་དྲུགམི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་རིམ་པ་དེའི་རིམ་པ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུས་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གིས་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་ལ་འགན་འཁུར་རྒྱུམི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལས་དོན་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་གོང་རིམ་མི་དམངས་ཁྲིམས་ཁང་གིས་ལྟ་སྐུལ་བྱ་་རྒྱུ།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་ལ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་འགོ་ཁྲིད་བྱ་རྒྱུ།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བྱེད་མི་དང་ལས་བྱེད་མི་སྣའི་གྲས་སུ་ས་ཁོངས་རང་སྐྱོང་དངོས་སུ་བྱེད་པའི་མི་རིགས་དེ་གའི་མི་སྣ་ཡོད་དགོས།

དོན་ཚན་ཞེ་བདུན།མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་རིགས་ཐོག་ནས་གྱོད་དོན་ལ་ཞིབ་གཅོད་དང་ཞིབ་དཔྱོད་བྱ་རྒྱུ། ས་གནས་དེ་གར་ཐུན་མོང་དུ་སྤྱོད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་མི་སྣ་བཀོད་སྒྲིག་ལུགས་མཐུན་ཡང་བྱ་རྒྱུ།ས་གནས་དེ་གར་སྦྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་མི་ཤེས་བའི་གཏུག་བཤེར་ཞུགས་མཁན་དེ་ཚོར་ཡིག་བསྒྱུར་འདོན་སྤེལ་བྱེད་དགོས།ཁྲིམས་དོན་གྱི་ཡིག་རིགས་རྣམས་དགོས་མཁོ་དངོས་ལ་གཞིགས་ནས་ས་གནས་དེ་གར་སྦྱི་ཁྱབ་ཏུ་སྤྱོད་པའི་ཡིག་རིགས་གཅིག་གམ་འགའ་ཞིག་ཐོག་ནས་བྲིས་ཏེ་མི་རིགས་ཁག་གི་སྤྱི་དམངས་ཚང་མར་མི་རིགས་སོ་སོའི་སྐད་ཡིག་ཐོག་ནས་གཏུག་བཤེར་དབང་ཆ་འགན་སྲུང་བྱ་རྒྱུ།

ལེའུ་ལྔ་པ། མི་རིགས་རང་སྐྱོང་ས་གནས་མི་རིགས་བར་གྱི་འབྲེལ་བ།

དོན་ཚན་ཞེ་བརྒྱད།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གིས་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པར་འགན་སྲུང་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཐུན་སྒྲིལ་བྱས་ཏེ་ཁོང་ཚོའི་བརྩོན་སེམས་སྐུལ་སློང་གང་ཐུབ་ཀྱིས་ཐུན་མོང་ནས་མི་རིགས་རང་སྐྱོང་གི་ས་གནས་འཛུགས་སྐྲུན་བྱ་རྒྱུ།

དོན་ཚན་ཞེ་དགུམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་རྣམས་ལ་ཕན་ཚུན་སྐད་ཡིག་སློབ་སྦྱོང་བྱེད་རེས་བྱ་རྒྱུའི་སློབ་གསོ་གཏོང་རྒྱུ་དང་བསྔགས་བསྐུལ་བྱ་རྒྱུ།རྒྱ་རིགས་ལས་བྱེད་པས་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱང་དགོས་ལ།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པས་རང་མི་རིགས་ཀྱི་སྐད་ཡིག་སྦྱང་བ་དང་བེད་སྤྱོད་བྱེད་པ་དང་འབྲེལ་རྒྱལ་ཡོངས་སུ་སྤྱི་ཁྱབ་ཏུ་སྤྱོད་པའི་རྒྱ་སྐད་དང་རྒྱ་ཡིག་ཚད་ལྡན་ཅན་ཡང་སྦྱང་དགོས།མི་རིགས་རང་སྐྱོང་ས་གནས་ཀྱི་རྒྱལ་ཁབ་ལས་བྱེད་པའི་གྲས་ནས་ས་གནས་དེ་གར་སྦྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་གཉིས་ཡན་བེད་སྤྱོད་ཐོགས་མེད་བྱེད་ཐུབ་མཁན་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་ལྔ་བཅུ་པ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་འདུས་སྡོད་བྱེད་པའི་གྲངས་ཉུང་མི་རིགས་གཞན་པར་སོ་སོའི་གནས་ཚུལ་དང་འཚམ་པའི་རང་སྐྱོང་ས་གནས་སམ་མི་རིགས་ཞང་འཛུགས་རོགས་བྱ་རྒྱུ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གིས་དཔལ་འབྱོར་དང༌།སློབ་གསོ།ཚན་རིག་ལག་རྩལ།རིག་གནས།འཕྲོད་བསྟེན།ལུས་རྩལ་བཅས་ཀྱི་བྱ་བཞག་གོང་དུ་སྤེལ་བར་རོགས་རམ་བྱ་རྒྱུ།

མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གར་ཐར་ཐོར་དུ་གནས་བཅའ་བའི་མི་རིགས་གཞན་རྣམས་ཀྱི་ཁྱད་ཆོས་དང་དགོས་མཁོར་ལྟ་རྟོག་བྱ་རྒྱུ།

དོན་ཚན་ང་གཅིགམི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ལ་དམིགས་བསལ་གྱི་གནད་དོན་བྱུང་རིགས་ཐག་གཅོད་བྱེད་སྐབས་ངེས་པར་དུ་དེ་ཚོའི་འཐུས་ཚབ་དང་གྲོས་མོལ་གཟབ་ལེགས་བྱ་དགོས་ལ་ཁོང་ཚོའི་བསམ་འཆར་ལ་བརྩི་འཇོག་ཀྱང་བྱ་དགོས།

དོན་ཚན་ང་གཉིས།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་གི་སྦྱི་དམངས་ཚང་མར་རྩ་ཁྲིམས་ནང་གཏན་ལ་ཕབ་པའི་སྦྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་ཐུབ་པའི་འགན་སྲུང་བྱ་རྒྱུ་དང༌།ཁོང་ཚོར་སྦྱི་དམངས་ཀྱིས་འགན་ལེན་བྱེད་དགོས་པའི་འོས་འགན་རྣམས་བསྒྲུབ་རྒྱུའི་སློབ་གསོ་ཡང་གཏོང་རྒྱུ།

དོན་ཚན་ང་གསུམ།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་མེས་རྒྱལ་ལ་དགའ་བ་དང༌།མི་དམངས་ལ་དགའ་བ།ངལ་རྩོལ་ལ་དགའ་བ།ཚན་རིག་ལ་དགའ་བ།སྤྱི་ཚོགས་རིང་ལུགས་ལ་དགའ་བ་བཅས་་ཀྱི་སྤྱིའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་དང༌།ས་གནས་དེ་གའི་མི་རིགས་ཁག་གི་སྤྱི་དམངས་རྣམས་ལ་རྒྱལ་གཅེས་རིང་ལུགས་དང༌།གུང་ཁྲན་རིང་ལུགས།མི་རིགས་སྲིད་ཇུས་བཅས་ཀྱི་སློབ་གསོ་གཏོང་རྒྱུ།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་ཚུན་ཡིད་ཆེས་དང༌།ཕན་ཚུན་སློབ་སྦྱོང༌། ཕན་ཚུན་སོ་སོའི་སྐད་ཡིག་དང༌།ཡུལ་སྲོལ་གོམས་གཤིས། ཆོས་དད་བཅས་ལ་བརྩི་འཇོག་བྱས་ཏེ་ཐུན་མོང་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཁག་གི་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སློབ་གསོ་གཏོང་རྒྱུ།

ལེའུ་དྲུག་པ།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་འགན་འཁྲིའི་སྐོར།

དོན་ཚན་ང་བཞི།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་མི་རིགས་རང་སྐྱོང་ས་གནས་ལ་འབྲེལ་བ་ཡོད་པའི་གྲོས་ཆོད་དང༌།ཆོད་དོན།བཀའ་རྒྱ།མཛུབ་སྟོན་བཅས་ཕབ་རིགས་ནི་མི་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མཐུན་དགོས།

དོན་ཚནང་ལྔ།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་གོང་ཏུ་སྤེལ་བའི་འཐབ་ཇུས་དག་ཞིབ་འཇུག་དང༌།གཏན་འབེབས། ལག་བསྟར་བཅས་བྱ་རྒྱུར་རོགས་རམ་དང་ཁྲིད་སྟོན་་བྱ་རྒྱུ་དང༌། ནོར་སྲིད་དང་དངུལ་རྩལ༌།དངོས་རྫས།ལག་རྩལ།ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ནས་མི་རིགས་རང་སྐྱོང་ས་་གནས་ཁག་གི་དཔལ་འབྱོར་དང་སློབ་གསོ།ཚན་རིག་ལག་རྩལ།རིག་གནས།འཕྲོད་བསྟེན།ལུས་རྩལ་ལ་སོགས་པའི་བྱ་བཞག་གོང་ཏུ་ཇེ་འགྱོགས་སུ་སྤེལ་རོགས་བྱེད་རྒྱུ།

རྒྱལ་ཁབ་ཀྱིས་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་མ་དངུལ་མི་རིགས་རང་སྐྱོང་ས་གནས་སུ་འཇོག་ཐུབ་པའི་ཁྲིད་སྟོན་དང་བསྔགས་བསྐུལ་བྱ་རྒྱུ།

གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་བཟོ་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁྱད་ཆོས་དགོས་མཁོར་ལྟ་རྟོག་བྱ་དགོས།

དོན་ཚན་ང་དྲུགརྒྱལ་ཁབ་ཀྱིས་གཅིག་གྱུར་གྱི་འཆར་འགོད་དང་ཚོང་རའི་དགོས་མཁོ་གཞིར་བཟུང་ནས་དང་ཐོག་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པའི་རྣམ་གྲངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ་དང༌། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་མ་དངུལ་འཇོག་རྒྱུའི་རྣམ་གྲངས་སུ་མ་དངུལ་འཇོག་པའི་བསྡུར་ཚད་དང་སྲིད་ཇུས་རང་བཞིན་ལྡན་པའི་དངུལ་ཁང་གི་དངུལ་བུན་གཏོང་བའི་བསྡུར་ཚད་བབ་བསྟུན་གྱིས་མང་དུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་བཀོད་སྒྲིག་བྱས་ནས་མི་རིགས་རང་སྐྱོང་ས་གནས་ཀྱིས་ཆ་སྒྲིག་མ་དངུལ་འཇོག་དགོས་རིགས།གནས་ཚུལ་མི་འདྲ་བར་གཞིགས་ཏེ་ཆ་སྒྲིག་མ་དངུལ་ཉུང་ཏུ་གཏོང་རྒྱུའམ་མི་དགོས་པར་བཟོ་བའི་ལྟ་རྟོག་བྱ་རྒྱུ། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཉེར་སྤྱོད་ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་འགྱུར་ཇེ་འགྱོགས་སུ་གཏོང་རྒྱུ་དང༌། ཉེར་སྤྱོད་ལག་རྩལ་དང་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་པའི་ལག་རྩལ་མཐོ་གསར་ཁྱབ་གདལ་ཤུགས་ཆེན་བྱ་རྒྱུ། ཚན་རྩལ་ཐད་ཀྱི་ཤེས་ལྡན་མི་སྣ་མི་རིགས་རངསྐྱོང་ས་གནས་སུ་ལུགས་དང་མཐུན་པར་འགྲོ་སྐྱོད་ཐུབ་པར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་བཅས་ལ་རོགས་རམ་བྱ་རྒྱུ།རྒྱལ་ཁབ་ཀྱིས་མི་རིགས་རངསྐྱོང་ས་གནས་ལ་འཛུགས་སྐྲུན་རྣམ་གྲངས་འདོན་སྤྲོད་དང་སྤོ་སྒྱུར་བྱེད་སྐབས་ས་གནས་དེ་གའི་ཆ་རྐྱེན་དང་བསྟུན་ནས་སྔོན་ཐོན་ཡིན་ལ་སྤྱོད་གོ་ཆོད་པའི་སྒྲིག་ཆས་དང་བཟོ་རྩལ་འདོན་སྤྲོད་བྱ་རྒྱུ།

དོན་ཚན་ང་བདུན།རྒྱལ་ཁབ་ཀྱིས་མི་རིགས་རངསྐྱོང་ས་གནས་ཀྱི་དཔལ་འབྱོར་གོང་ཏུ་འཕེལ་བའི་ཁྱད་ཆོས་དང་དགོས་མཁོར་གཞིགས་ཏེ་དངུལ་ལོར་གྱི་ཚོང་ར་དང་མ་རྩའི་ཚོང་ར་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱས་ནས་མི་རིགས་རངསྐྱོང་ས་གནས་ལ་དངུལ་རྩའི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེན་རུ་གཏོང་རྒྱུ། མི་རིགས་རང་སྐྱོང་ས་གནས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་རྣམ་གྲངས་དང་རྒྱལ་ཁབ་ཀྱི་ཐོན་ལས་སྐོར་གྱི་སྲིད་ཇུས་དང་མཐུན་པའི་ཁེ་ལས་ཀྱིས་ཐོན་སྒོ་འབྱེད་པ་དང་དཔལ་འབྱོར་སྣ་མང་གོང་དུ་སྤེལ་རྒྱུའི་ཐད་ཀྱི་ལུགས་དང་མཐུན་པའི་མ་དངུལ་དགོས་མཁོར་དངུལ་རྩའི་ལས་ཁུངས་ཀྱིས་གཙོ་གནད་དུ་རོགས་སྐྱོར་བྱ་དགོས།རྒྱལ་ཁབ་ནས་ཚོང་ལས་དངུལ་ཁང་གིས་མི་རིགས་རང་སྐྱོང་ས་གནས་ལ་ཡིན་རྟོན་དངུལ་བུན་གཏོང་ཚད་མཐོ་རུ་བཏང་ནས་ས་གནས་དེ་གའི་ཁེ་ལས་ཀྱི་ལུགས་མཐུན་་གྱི་མ་དངུལ་དགོས་མཁོར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུར་བསྐུལ་འདེབས་གཏོང་རྒྱུ།

དོན་ཚན་ང་བརྒྱད་པ།གོང་རིམ་རྒྱལ་་ཁབ་ལས་ཁུངས་ཀྱིས་ནོར་སྲིད་དང༌།དངུལ་རྩལ།ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་བྱས་ཏེ་ཐོན་ལས་ཀྱི་གྲུབ་ཚུལ་རིམ་འཕར་ཡོང་བར་སྐུལ་འདེད་གཏོང་བར་རོགས་རམ་བྱ་རྒྱུ།

གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་ཀྱི་དོ་དམ་མི་སྣ་དང་ལག་རྩལ་མི་སྣ་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་བྱེད་པར་འགྲོ་བའི་སྒྲིག་འཛུགས་དང་བསྔགས་བསྐུལ་བྱེད་རྒྱུ་དང་འབྲེལ་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁེ་ལས་ཀྱི་དོ་དམ་མི་སྣ་དང་ལག་རྩལ་མི་སྣ་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་སུ་ལས་ཀ་བྱེད་པར་འགྲོ་བར་ལའང་ཁྲིད་སྟོན་དང་བསྔགས་བསྐུལ་བྱེད་དགོས།

དོན་ཚན་ང་དགུརྒྱལ་ཁབ་ནས་ཆེད་སྤྱོད་མ་དངུལ་ཁག་ཟུར་བཅད་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་འཛུགས་སྤེལ་བྱ་བཞག་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱ་རྒྱུ།

རྒྱལ་ཁབ་ནི་ཟུར་དུ་བཅད་པའི་ཆེད་སྤྱོད་མ་དངུལ་ཁག་དང་སྐབས་འཕྲད་དུ་སྤྱོད་རྒྱུའི་མི་རིགས་ཀྱི་ཆེད་སྤྱོད་རོགས་དངུལ་རྣམས་སྡེ་ཁག་གིས་ཀྱང་འཐེན་འཕྲི་དང༌།བཀག་ཉར། གཞན་སྤྱོད་བཅས་བྱས་མི་ཆོག་ལ་མི་རིགས་རང་སྐྱོང་ས་གནས་ཀྱི་ནམ་རྒྱུན་གྱི་སྔོན་རྩིས་ཡོང་འབབ་ཀྱི་ཚབ་ཏུའང་བཏང་མི་ཆོག

དོན་ཚན་དྲུག་ཅུ་པ།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་ས་གནས་སུ་ཉོ་ཚོང་བྱེད་ཕྱོགས་སྐོར་གྱི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མི་རིགས་རང་སྐྱོང་ས་གནས་ཀྱི་དགོས་མཁོ་གཞིར་བཟུང་སྟེ་མ་དངུལ་འཇོག་རྒྱུ། དངུལ་རྩལ། ཁྲལ་འབབ་བཅས་ཀྱི་ཐོག་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་ཚོང་ལས་དང༌།མཁོ་སྤྲོད། སྨན་དང་སྨན་བཅོས་བཅས་ཀྱི་ཁེ་ལས་རོགས་སྐྱོར་བྱ་རྒྱུ།

དོན་ཚན་རེ་གཅིག།རྒྱལ་ཁབ་ཀྱིས་གཟིགས་སྐྱོང་གི་སྲིད་ཇུས་གཏན་འབེབས་བྱས་ཏེ་མི་རིགས་རང་སྐྱོང་ས་གནས་ཀྱིས་ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཉོ་ཚོང་བྱ་བ་སྤེལ་བར་རོགས་སྐྱོར་བྱ་རྒྱུ་དང༌། མི་རིགས་རང་སྐྱོང་ས་གནས་ཀྱི་ཐོན་སྐྱེད་ཁེ་ལས་ཀྱིས་ཕྱི་ཕྱོགས་སུ་ཉོ་འཚོང་དང་གཉེར་སྐྱོང་བྱེད་པའི་རང་བདག་དབང་ཆ་ཆེ་རུ་གཏོང་རྒྱུ།ས་གནས་ཀྱི་བཟང་ཆ་ལྡན་པའི་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེབས་བྱ་རྒྱུ། མཐའ་ཁུལ་གྱི་ཉོ་ཚོང་བྱེད་ཕྱོགས་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ།

དོན་ཚན་རེ་གཉིས།རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བ་དང་ནོར་སྲིད་ཐད་ཀྱི་ཡོང་འབབ་འཕེལ་སྣོན་བྱུང་བ་དང་ཆབས་ཅིག་གོང་རིམ་ནོར་སྲིད་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་རིམ་བཞིན་དུ་ནོར་སྲིད་ཐོག་ནས་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།སྦྱིར་བཏང་གི་རང་བཞིན་ལྡན་པའི་ནོར་སྲིད་ཐོག་ནས་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཐབས་དང༌། ཆེད་སྤྱོད་ཀྱི་རྣམ་གྲངས་ལ་དམིགས་ནས་ནོར་སྲིད་ཐོག་ནས་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཐབས།མི་རིགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཞིར་བཟུང་ནས་ནོར་སྲིད་ཐོག་ནས་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཐབས་བཅས་དང་དེ་བཞིན་རྒྱལ་ཁབ་ནས་བྱེད་ཐབས་གཞན་དག་བཟོས་རིགས་ལ་བརྟེན་ནས་མི་རིགས་རང་སྐྱོང་ས་གནས་ལ་མ་དངུལ་འཇོག་གྲངས་མང་དུ་བཏང་སྟེ་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་འགྱོགས་དང་སྤྱི་ཚོགས་ཡར་རྒྱས་ཇེ་འགྱོགས་ཡོང་བ་བྱ་རྒྱུའི་ཐད་སྤྱད་དེ་དེ་དང་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་ཧེ་བག་རིམ་བཞིན་ཆུང་དུ་གཏོང་རྒྱུ།

དོན་ཚན་རེ་གསུམ།གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་མ་དངུལ་འཇོག་རྒྱུ་དང༌།དངུལ་རྩལ།ཁྲལ་འབབ་སོགས་ཀྱི་ཐོག་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་ཞིང་ལས་དང༌།འབྲོག་ལས།ནགས་སོགས་ཀྱི་ཐོན་སྐྱེད་ཆ་རྐྱེན་དང་ཆུ་བེད་དང༌།འགྲིག་འགྲུལ།ནུས་ཁུངས།འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བར་རོགས་སྐྱོར་བྱ་རྒྱུ། མི་རིགས་རང་སྐྱོང་ས་གནས་ཀྱིས་ས་གནས་དེ་གའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་ས་གནས་ཀྱི་བཟོ་ལས་དང༌།ཞང་གྲོང་ཁེ་ལས༌།ཁེ་ལས་འབྲིང་ཆུང་བཅས་འཕེལ་རྒྱས་གཏོང་རྒྱུ་དང༌།དེ་བཞིན་གྲངས་ཉུང་མི་རིགས་ལ་དམིགས་བསལ་དུ་མཁོ་བའི་ཚོང་ཟོག་དང་སྲོལ་རྒྱུན་གྱི་ཤེས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་པར་རོགས་སྐྱོར་བྱ་རྒྱུ།

དོན་ཚན་རེ་བཞི།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་དཔལ་འབྱོར་རྒྱས་ཆེ་བའི་ས་ཁུལ་དང་མི་རིགས་རང་སྐྱོང་ས་གནས་བར་དཔལ་འབྱོར་དང་ལག་རྩལ་ཐད་རོགས་ལས་བྱེད་པ་དང་རིམ་པ་དང་ཕྱོགས་མང་པོའི་ཐད་རིགས་མཐུན་རོགས་སྐྱོར་བྱེད་པའི་སྒྲིག་འཛུགས་དང་དེར་རྒྱབ་སྐྱོར་དང་བསྔགས་བསྐུལ་བྱས་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང༌། སློབ་གསོ། ཚན་རིག་ལག་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་བཞག་གོང་ཏུ་སྤེལ་བར་རོགས་རམ་དང་སྐུལ་འདེད་གཏོང་རྒྱུ།

དོན་ཚན་རེ་ལྔ།རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་འཛུགས་སྐྲུན་བྱེད་སྐབས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱས་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་ཕན་འདོགས་ཐུབ་པའི་བཀོད་སྒྲིག་བྱས་ཐོག་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་ལྟ་རྟོག་བྱ་དགོས།རྒྱལ་ཁབ་ཀྱིས་བྱེད་ཐབས་ལ་བརྟེན་ནས་རང་བྱུང་གི་ཐོན་ཁུངས་ཕྱིར་འདྲེན་བྱེད་པའི་མིརིགས་རང་སྐྱོང་ས་གནས་ལ་ཁེ་ཕན་ཐོག་ནས་ཁ་གསབ་ངེས་ཅན་ཞིག་བྱ་རྒྱུ།

རྒྱལ་ཁབ་ཀྱིས་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཁེ་ལས་ཀྱིས་ཕན་ཚུན་གཉིས་ཕན་གྱི་རྩ་དོན་ལ་གཞིགས་ཏེ་མི་རིགས་རང་སྐྱོང་ས་གནས་སུ་མ་དངུལ་འཇོག་པར་སོང་ནས་རྣམ་པ་མང་བའི་དཔལ་འབྱོར་མཉམ་ལས་བྱེད་པའི་ཁྲིད་སྟོན་དང་བསྔགས་བསྐུལ་བྱ་རྒྱུ།

དོན་ཚན་རེ་དྲུགགོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་སྐྱེ་ཚུལ་དོམཉམ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་གལ་ཆེན་དག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཀོད་དེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས།

མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཚུལ་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་ལ་བྱས་རྗེས་བཞག་ཡོད་ན།རྒྱལ་ཁབ་ཀྱིས་ཁེ་ཕན་ཐོག་ནས་ཁ་གསབ་ངེས་ཅན་ཞིག་བྱ་རྒྱུ།

རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་འཛུགས་སྐྲུན་བྱེད་སྐབས་བྱེད་ཐབས་ནུས་ལྡན་སྤྱད་ནས་ས་གནས་དེ་གའི་འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་སུ་གཏོང་རྒྱུ།སྦགས་བཙོག་དང་སྦྱི་པའི་གནོད་རྐྱེན་གཞན་དག་འགོག་བཅོས་བྱ་དགོས།

དོན་ཚན་རེ་བདུན།མི་རིགས་རང་སྐྱོང་ས་གནས་སུ་ཡོད་པའི་གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་ལྟར་མི་སྣ་སྡུད་སྐབས་དམིགས་བཀར་གྱིས་དང་ཐོག་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་སྐྱེ་བོ་བསྡུ་དགོས།

མི་རིགས་རང་སྐྱོང་ས་གནས་སུ་ཡོད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་གྱིས་ས་གནས་དེ་གའི་རང་སྐྱོང་ལས་ཁུངས་ཀྱི་རང་སྐྱོང་དབང་ཆར་བརྩི་འཇོག་བྱ་དགོས་པ་དང༌།ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་དང༌། ས་གནས་རང་བཞིན་ལྡན་པའི་ཁྲིམས་སྲོལ་དང་སྒྲིལ་སྲོལ་རྣམས་ལ་བརྩི་སྲུང་བྱས་ཐོག ས་གནས་དེ་གའི་རང་སྐྱོང་ལས་ཁུངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས།

དོན་ཚན་རེ་བརྒྱད།མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ནས་ཡིད་མཐུན་མ་བྱས་ན་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེ་ལས་གང་ཞིག་གི་ཁོངས་གཏོགས་འབྲེལ་བ་བསྒྱུར་མི་ཆོག

དོན་ཚན་རེ་དགུ རྒྱལ་ཁབ་དང་གོང་རིམ་མི་དམངས་སྲིད་གཞུང་གིས་ནོར་སྲིད་དང༌།དངུལ་རྩལ། དངོས་ཟོག ལག་རྩལ།ཤེས་ལྡན་མི་སྣ་སོགས་ཀྱི་ཐོག་ནས་མི་རིགས་རང་སྐྱོང་ས་གནས་ཀྱི་དབུལ་ཕོངས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་ཕོངས་མི་འབོར་དག་དབུལ་ཕོངས་ལས་གནས་ལས་མགྱོགས་པོ་ཐར་ནས་འཚོ་བའི་ཆུ་ཚད་འབྲིང་རིམ་ཙམ་དུ་སླེབས་ཐུབ་པར་རོགས་རམ་བྱ་དགོས།

དོན་ཚན་བདུན་ཅུ།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱིས་ས་གནས་དེ་གའི་མི་རིགས་ཁྲོད་ནས་རིམ་པ་ཁག་གི་ལས་བྱེད་པ་དང༌།ཆེད་ལས་ཀྱི་ཤེས་ལྡན་མི་སྣ་སྣ་ཚོགས། ལག་རྩལ་ལྡན་པའི་བཟོ་པ་སྣ་ཚོགས་བཅས་འབོར་ཆེན་གསོ་སྐྱོང་བྱེད་པར་རོགས་རམ་བྱེད་རྒྱུ་དང༌།མི་རིགས་རང་སྐྱོང་ས་གནས་ཀྱི་དགོས་མཁོར་གཞིགས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་དགེ་རྒན་དང༌། སྨན་པ། ཚན་རིག་ལག་རྩལ་པ།གཉེར་སྐྱོང་དོ་དམ་བྱེད་མི་བཅས་འོས་འཚམ་ཞིག་མི་རིགས་རང་སྐྱོང་ས་གནས་སུ་ལས་དོན་སྒྲུབ་པར་གཏོང་རྒྱུ་དང༌།དེ་ཚོའི་འཚོ་བའི་ཐོབ་ཐང་ལ་ལྟ་རྟོག་འོས་འཚམ་བྱ་རྒྱུ།

དོན་ཚན་དོ་གཅིག་པ།རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་སློབ་གསོའི་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་རྒྱུ་དང༌།དམིགས་བསལ་གྱི་བྱེད་ཐབས་ལའང་བརྟེན་ནས་མི་རིགས་རང་སྐྱོང་ས་གནས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་མགྱོགས་སུ་གཏོང་རྒྱུ་དང་སློབ་གསོའི་བྱ་བཞག་གཞན་དག་འཕེལ་རྒྱས་གཏོང་བར་རོགས་རམ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱི་ཚན་རིག་དང་རིག་གནས་ཤེས་ཚད་མཐོ་རུ་གཏོང་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་མཐོ་རིམ་སློབ་གྲྭ་འཛུགས་གཉེར་བྱེད་རྒྱུ་དང༌། མཐོ་རིམ་སློབ་གྲྭར་མི་རིགས་ཀྱི་འཛིན་གྲྭ་དང་མི་རིགས་ཀྱི་གྲ་སྒྲིག་ཚན་ཁག་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་དམིགས་བཀར་རམ་གཙོ་བོར་བསྡུ་རྒྱུ་མ་ཟད། བསྡུ་ཡུལ་གཏན་ཁེལ་གྱིས་སློབ་གྲྭ་བ་བསྡུ་བ་དང་བགོ་ཡུལ་གཏན་ཁེལ་གྱིས་སློབ་གྲྭ་བ་བགོ་ཐབས་ཀྱང་སྤྱད་ཆོག མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་གྲྭ་བ་གསར་པ་སྡུད་སྐབས་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་བསྡུ་བའི་ཚད་གཞི་དང་ཆ་རྐྱེན་བབ་མཚུངས་ཀྱིས་དམའ་རུ་གཏོང་རྒྱུ། མི་འབོར་ཧ་ཅང་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མ་རྣམས་ལ་དམིགས་བསལ་གྱི་ལྟ་རྟོག་བྱ་རྒྱུ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་སློབ་གྲྭ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁྱིམ་ཚང་འབྱོར་པ་ཞན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མས་སྦྱོང་ཚན་སྦྱོང་ཚར་བར་རོགས་སྐྱོར་བྱ་དགོས།

རྒྱལ་ཁབ་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་དུ་མི་རིགས་ཀྱི་སློབ་འབྲིང་འཛུགས་གཉེར་བྱེད་པའམ་ཡང་ན་སློབ་འབྲིང་དཀྱུས་མར་མི་རིགས་ཀྱི་འཛིན་གྲྭ་འཛུགས་གཉེར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་བ་བསྡུ་ནས་འབྲིང་རིམ་སློབ་གསོ་ལག་བསྟར་བྱེད་རྒྱུ།

རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱིས་མི་རིགས་ཁག་གི་དགེ་རྒན་གསོ་སྐྱོང་དང་སྦྱང་བརྡར་བྱེད་པར་རོགས་རམ་བྱེད་རྒྱུ། རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་དགེ་རྒན་དང་དགེ་རྒན་བྱེད་པའི་ཆ་རྐྱེན་འཛོམས་པའི་མི་རིགས་ཁག་གི་སྦྱངས་ཐོན་སློབ་མ་མི་རིགས་རང་སྐྱོང་ས་གནས་སུ་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་དོན་བསྒྲུབ་པར་འགྲོ་བའི་སྒྲིག་འཛུགས་དང་བསྔགས་བསྐུལ་བྱ་རྒྱུ་མ་ཟད། ཁོ་ཚོར་བབ་མཚུངས་ཀྱི་དམིགས་བསལ་ཐོབ་ཐང་ཡང་སྤྲོད་རྒྱུ།

དོན་ཚན་དོ་གཉིས།གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་སྲིད་ཇུས་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང༌། རྒྱུན་ཏུ་མི་རིགས་སྲིད་ཇུས་དང་འབྲེལ་ཡོད་བཅའ་ཁྲིམས་བརྩི་སྲུང་ཞུ་ཚུལ་དང་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱེད་དགོས།

ལེའུ་བདུན་པ། ཞར་བྱུང༌།

དོན་ཚན་དོ་གསུམ།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འགན་བབ་དབང་མཚམས་ཀྱི་ཁྱབ་ཁོངས་སུ་བཅའ་ཁྲིམས་འདི་ལག་ལེན་བསྟར་བའི་སྲིད་འཛིན་ཁྲིམས་སྲོལ་དང༌།སྒྲིག་སྲོལ།བྱེད་ཐབས་ཞིབ་ཕྲ།ཐབས་ཤེས་བཅས་ཐ་དད་དུ་བཟོ་འགོད་བྱ་རྒྱུ།

རང་སྐྱོང་ལྗོངས་དང་ཁོངས་སུ་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གཏོགས་པའི་ཞིང་ཆེན་དང་ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱེད་ཏེ་བཅའ་ཁྲིམས་འདི་ལག་བསྟར་བྱེད་ཐབས་ཞིབ་གསལ་གཏན་འབེབས་བྱེད་རྒྱུ།

དོན་ཚན་དོ་བཞི། བཅའ་ཁྲིམས་འདི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་གྲོས་འཆམ་བྱུང་ཞིང༌། ༡༩༨༤ལོའི་ཟླ་བ༡༠པའི་ཚེས་༡ཉིན་ནས་ལག་ལེན་དངོས་སུ་ལག་ལེན་བསྟར་རྒྱུ།