Wb/bo/ཇི་ནང་པ་ཇི་ལྟར་བྱུང་ཚུལ། བེ་རི་འཇིགས་མེད་དབང་རྒྱལ།

From Wikimedia Incubator

< Wb | bo
Jump to: navigation, search

ཇོ་ནང་པ་ཇི་ལྟར་བྱུང་ཚུལ།

བེ་རི་འཇིགས་མེད་དབང་རྒྱལ།


ཇོ་ནང་པ་ཇི་ལྟར་བྱུང་ཚུལ་ནི། ཡུ་མོ་མི་བསྐྱོད་རྡོ་རྗེ་བྱ་བ་དང་པོ་རྣལ་འབྱོར་པ་དང༌། ཕྱིས་རབ་ཏུ་བྱུང་བའི་མཚན་ལ་དད་པའི་རྒྱལ་པོ་ཞེས་པ་དེ་ཉིད་ལས་བརྒྱུད་པ་ཡིན་ཏེ། འདི་ཉིད་ཀྱིས། སོག་འདུལ་འཛིན་དང༌། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ། སྒྲོ་སྟོན་གནམ་བརྩེགས་སོགས་སྐྱེས་ཆེན་དུ་མའི་ཞབས་པད་རིང་དུ་བསྟེན་ཏེ། མཚན་ཉིད་ཐེག་པ་དང༌། དུས་ཀྱི་འཁོར་ལོ་དང༌། དཔལ་གསང་བ་འདུས་པ་སོགས་ཀྱི་རྒྱུད་འགྲེལ་འགའ་ཞིག་ཀྱང་གསན་ཏེ་ཉམས་བཞེས་མཛད་པས་ཉམས་རྟོགས་འཕེལ། གཞན་སྟོང་གི་ལྟ་བ་ཐུགས་ལ་འཁྲུངས། མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་ཤིང༌། བྱ་རོག་དང་སྐྱ་ཀར་སྤྲུལ་ནས་གང་སར་འཕུར་བ་སོགས་གྲུབ་པའི་རྟགས་དང་མཁས་པའི་ཡོན་ཏན་གཉིས་ཀས་གྲགས་པ་འབར་བས་འཕྲིན་ལས་འཕེལ། དུས་འཁོར་གྱི་རྒྱུད་འགྲེལ་སོགས་ཀྱི་རྩོམ་ཆོས་ཀྱང་དུ་མ་ཡོད་སྐད། དེའི་སློབ་མ་ཤིན་ཏུ་མང་པོ་བྱུང་བའི་ཁྲོད་ནས་གཙོ་བོ་ནི་སྲས་དྷརྨེ་ཤྭ་ར་སྟེ། འདིས་རང་གི་ཡབ་མི་བསྐྱོད་རྡོ་རྗེ་ལ་མངའ་བའི་མན་ངག་ཀུན་གསན། དབུས་གཙང་མཁས་པ་དུ་མར་བསྟེན་ནས་དབུ་ཚད་དང་དུས་འཁོར་གསང་འདུས་སོགས་ལ་སྦྱངས་པ་རྩལ་དུ་ཐོན། མཁྱེན་རབ་ཤིན་ཏུ་ཆེ་བས་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས། མདོ་སྔགས་ཀྱི་རྩོམ་ཆོས་ཀྱང་དུ་མ་སྤེལ། སློབ་ཚོགས་མང་དུ་འདུས་པ་ལས་གཙོ་བོ་ནི་རང་གི་གདུང་སྲས་ནམ་མཁའ་འོད་ཟེར་ཏེ། དེ་ནས་རིམ་པ་བཞིན་སློབ་མ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཏེ། འདི་ཉིད་ཀྱིས་ཀུན་མཁྱེན་ཆོས་སྐུ་འོད་ཟེར་སོགས་མཁས་གྲུབ་ཚད་ལྡན་མང་པོའི་ཞབས་པད་ཡུན་དུ་བསྟེན་ནས་མདོ་སྔགས་གཉིས་ཀ་དང༌། ལྷག་པར་དུས་འཁོར་དང་གསང་བ་འདུས་པའི་རྒྱུད་འགྲེལ་དང༌། སྒོས་སུ་གཞན་སྟོང་ལྟ་བའི་བཞེད་སྲོལ་གྱི་འཆད་མཉན་སྤེལ་ཏེ་སློབ་མ་མང་དུ་བསྐྱངས། སྦྱོར་དྲུག་གི་འབྲུ་འགྲེལ་སོགས་རྩོམ་ཆོས་དུ་མ་སྤེལ། ཇོ་མོ་ནང་དུ་གདན་ས་ཕྱག་བཏབ་ཏེ་དགེ་འདུན་གྱི་སྡེ་བཙུགས། དེ་ནས་བཟུང་བརྒྱུད་པ་འདི་ཉིད་ལ་གདན་ས་གང་དུ་བཏབ་པའི་ས་གནས་ཀྱི་མིང་ཆོས་བརྒྱུད་ལ་ཐོགས་ཏེ་ཇོ་ནང་པ་ཞེས་གྲགས་པ་འདི་ཉིད་བྱུང་པ་ཡིན་ནོ།།འདིས་སློབ་མ་ཤིན་ཏུ་མང་པོ་བསྐྱངས་བའི་ནང་ནས་གཙོ་བོ་ནི་བྱང་སེམས་རྒྱལ་བ་ཡེ་ཤེས་ཡིན་ལ། དེ་ནས་རིམ་བཞིན་མཁས་བཙུན་ཡོན་ཏན་རྒྱ་མཚོ་དང༌། ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་ལ་བརྒྱུད་པ་སྟེ། འདིས་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་བླླ་མ་སུམ་ཅུ་ལྷག་ཙམ་བསྟེན་ནས་དབུ་ཚད་དང༌། བྱམས་ཆོས་འདུལ་མཛོད་སོགས་མཚན་ཉིད་ཐེག་པའི་གཞུང་ལུགས་ཀུན་ལ་གཞན་དྲིང་མེད་པའི་མཁས་པར་སྦྱངས་ཏེ་དབུས་གཙང་གི་ཆོས་སྡེ་རྣམས་སུ་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་བླླ་ན་འབར། སྔགས་རྒྱུད་སྡེ་བཞིའི་གདམས་པའི་མན་ངག་དང་དབང་ལུང་མཐའ་ཡས་པ་གསན། ཕྱིས་ཇོ་མོ་ནང་དུ་ཕེབས་ཏེ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལས་དཔལ་དུས་ཀྱི་འཁོར་ལོས་གཙོས་ཡི་དམ་རྒྱུད་སྡེ་དུ་མའི་དབང་དང་མན་ངག་རྒྱ་ཆེར་ཞུས་པས་རྒྱུད་ཡོངས་སུ་སྨིན། དེ་ནས་བཟུང་ཇོ་ནང་བའི་ཆོས་བརྒྱུད་ལ་ཞུགས། སྒོམ་པའི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། ཡི་དམ་གྱི་ལྷ་དུ་མས་ཞལ་གཟིགས་པ་དང༌། མཆིམས་ནམ་མཁའ་གྲགས་པས་སྤྱན་རས་གཟིགས་སུ་མཇལ། ཉེར་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་པའི་དབྱངས་སུ་མཐོང༌། སྐུའི་བཀོད་པ་མི་འདྲ་བ་གསུམ་དུས་གཅིག་ཏུ་བསྟན་པ་སོགས་གྲུབ་པའི་ཆོ་འཕྲུལ་ཡ་མཚན་པ་དུ་མ་བསྟན། མདོ་སྔགས་སྤྱི་དང༌། ལྷག་པར་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་དང༌། གཞན་སྟོང་ཆེན་པོའི་ལྟ་བ་རྩལ་དུ་བཏོན་ནས་གསུངས་པས་སློབ་མ་སྟོང་ཕྲག་དུ་མ་འདུས། ཇོ་ནང་གི་གདན་ས་མཛད་དེ་སྐུ་འབུམ་ཆེན་པོ་སོགས་གསར་བཞེངས་མཛད། གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པའི་རི་ཆོས་ངེས་དོན་རྒྱ་མཚོ་མཛད་དེ་གྲུབ་མཐའི་རྐང་བཙུགས། ལྟ་བ་འདི་ཉིད་དགོངས་པར་མི་འབབ་པའི་ས་སྐྱ་བའི་མཁས་པ་དུ་མ་རྩོད་པས་ཕམ་ནས་འདི་ཉིད་ཀྱི་སློབ་མར་གྱུར་པ་སོགས་འཆད་རྩོད་རྩོམ་པ་དང༌། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་གངས་ཅན་མཁས་པ་སུས་ཀྱང་འགྲན་དུ་མེད་པའི་རྣམ་ཐར་བསྐྱངས། དེའི་སློབ་མ་ཤིན་ཏུ་མང་པོ་བྱོན་པའི་ཁྲོད་ནས་གཙོ་བོ་ནི་ལོ་ཙཱ་བ་བློ་གྲོས་དཔལ་བ་དང༌། ས་བཟང་མ་ཏི་པབྲསྤྱ༣་ཏ། པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས་ཡིན་ཞིང༌། འདི་དག་ཐོག་མར་གཞན་སྟོང་ཐུགས་ལ་མ་བབས་ནས་རྩོད་པར་སོང་བ་ཕྱིས་ནས་རྩོད་པས་ཕམ་པ་དང་སློབ་མ་བྱས་པ་ཡིན་ནོ།།རྗེ་ཙོང་ཁ་པ་ཆེན་པོས་ཀྱང་པཎ་ཆེན་ཕྱོགས་རྒྱལ་པ་ལས་དཔལ་དུས་ཀྱི་འཁོར་ལོ་དང༌། ཉ་དབོན་པ་ལས་བྱམས་ཆོས་གསན་མྱོང་ཞིང༌། གངས་རིའི་ལྗོངས་འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོས་བརྒྱུད་ལ་ཇོ་ནང་པ་འདི་ཉིད་ཁོ་ན་བཀྲིན་ཤིན་ཏུ་ཆེ་བ་ཡིན་ནོ།།ཟི་ལུང་པཎ་ཆེན་ཤཱཀྱ་མཆོག་པ་དང༌། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་ཡང་སྐུ་ཚེ་སྨད་ལ་གཞན་སྟོང་ཆེན་པོའི་ལྟ་བ་འདི་ཉིད་ལ་ཞུགས་པར་སྣང་ཞིང༌། ཕྱིས་ཇོ་ནང་ཀུན་དགའ་གྲོལ་མཆོག་དང༌། དེའི་སྐྱེ་སྤྲུལ་ཇོ་ནང་ཏཱ་ར་ནཱ་ཐ་༡༥༧༥༡༦༣༤ཞེས་མདོ་སྔགས་རིག་གནས་བཅས་པར་མཁས་པའི་ཕ་མཐར་སོན་ཞིང༌། འཕགས་ཡུལ་གྱི་ལོ་རྒྱུས་སྨྲ་བ་ལ་ད་ལྟའི་རྒྱ་གར་བའི་ལོ་རྒྱུས་ཞིབ་འཇུག་སྨྲ་བ་ཚོས་ཀྱང་ཁུངས་སུ་བགྲང་བ་སོགས་མཁས་པའི་ཡོན་ཏན་དང༌། བཙུན་པའི་སྤྱོད་པ། བཟང་པོའི་འཕྲིན་ལས་གསུམ་ག་མཉམ་དུ་འགྲོགས་པའི་སྐྱེས་བུ་དམ་པ་དེ་ཉིད་ཀྱིས་ཇོ་ནང་པའི་བསྟན་པ་བསྐྱར་གསོ་མཛད་ནས་འཆད་མཉན་གྱི་སྲོལ་རྒྱ་ཆེར་སྤེལ། ཇོ་ནང་པའི་ལྟ་སྤྱོད་ཀྱི་རྨང་བཙུགས་པའི་ལེགས་བཤད་ཀྱི་རྩོམ་ཆོས་དུ་མ་མཛད་པ་དང༌། སྔར་གྱི་དཔེ་རྙིང་མང་པོ་པར་སྐྲུན་མཛད་པ་སོགས་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེར་བསྐྱངས། ཆོས་རྒྱུན་འཛིན་པའི་སློབ་ཚོགས་ཀྱང་མང་དུ་འཕེལ་བས། གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱར་ནས་གཙུག་ལག་ཁང་གསར་བཞེངས་མཛད་པ་བཅས་བཤད་སྒྲུབ་ལས་གསུམ་གྱིས་ཆོས་བརྒྱུད་འདི་ཉིད་རྒྱ་ཆེར་སྤེལ་ཡང༌། མི་རིང་བར་ཀར་སྲིད་ལ་ཕམ་ཉེས་ཐེབས་པ་དང༌། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་ཆོས་སྡེ་འདི་ཉིད་དགེ་ལྡན་པར་བསྒྱུར་ཏེ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས་ཏེ་ད་ལྟའི་བར་དུ་གནས། ཆོས་བརྒྱུད་འདིའི་གསུང་རབ་ཕལ་ཆེ་བ་ཞིག་ནི་འབྱུང་བ་བཞི་པོ་ཅི་རིགས་ལ་ཐིམ་ནས་འཇའ་ལུས་སུ་གྱུར། སྟབས་ལེགས་པ་ཞིག་ལ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པའི་གཞུང༌། རི་ཆོས་ངེས་དོན་རྒྱ་མཚོའི་འཕྲིན་ལས་ཀྱི་མཇུག་རྔ་མ་བསྡུས་པར་ད་ལྟར་ཡང་མཇལ་དུ་ཡོད་པ་ནི་ལུང་རིགས་ཀྱི་སྤྱན་དཀྱུས་རིང་བའི་མཁས་པ་ཚོས་གཟུ་བོར་གནས་པའི་བློས་དགག་སྒྲུབ་ཀྱི་རྩེད་འཇོ་རོལ་ནས་གང་ཞིག་འཐད་པར་སྒྲུབ་པའི་དཔྱད་གཞི་མེད་ཐབས་མེད་པ་ཞིག་ཏུ་སྣང་ངོ༌།།(ཕྲན་ཨ་རི་ཨིན་ཌི་ཨ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཡོད་པའི་སྐབས་IU དཔེ་མཛོད་ཁང་ནས་རི་ཆོས་ངེས་དོན་རྒྱ་མཚོ་ཐོག་མར་མཇལ་བྱུང༌། དང་པོ་དེ་ཙམ་དོ་སྣང་མེད་པས་ལྟད་མོ་ལྟ་བ་ཙམ་བྱས་པས། ཡིད་དབང་མེད་དུ་འཕྲོག་ནས་ཉིན་ཁ་ཤས་རིང་བཀླགས་པས་མཛད་པ་པོའི་བྱིན་རླབས་དང་ཐུགས་བསྐྱེད་འདྲ་ཡིན་ནམ། དེ་ནས་བཟུང་རི་ཆོས་ནི་རི་ཆོས་རང་རེད། དངོས་གནས་དམ་པའི་ལྷ་ཆོས་བྱས་ནས་དབེན་པའི་རི་ཁྲོད་འགྲིམས་ན་ཆོས་དཔེ་འདི་ལྟ་བུ་ལས་གཞན་དགོས་རྒྱུ་གང་ཡང་མི་འདུག་བསམ་པ་ཞིག་བྱུང༌།) ཆོས་བརྒྱུད་འདིས་འཛིན་པའི་གཞན་སྟོང་ཆེན་པོའི་ལྟ་བ་ལ། བུ་སྟོན་རིན་ཆེན་གྲུབ་དང༌། དགེ་སློང་སྒྲ་ཚད་པ། དཔལ་ལྡན་ས་སྐྱ་བའི་མཁས་པ་དུ་མ་དང༌། རྗེ་ཙོང་ཁ་པ་ཡབ་སྲས་སོགས་གངས་རིའི་ཁྲོད་ཀྱི་མཁས་པ་ཕལ་ཆེ་བས་དགག་གཞག་རྒྱ་ཆེར་གནང་པར་མ་ཟད། བདག་རྟག་པའི་མཐར་ལྟ་བའི་གངས་ཅན་ཀྱི་མུ་སྟེགས་པ་ཞེས་ཤིན་ཏུ་བརྙས་ཤིང་སྨད་པར་མཛད་དེ། ལུང་རིགས་ཀྱི་རྩལ་རྫོགས་པའི་ཕྱོགས་སྔ་ཕྱིའི་བསྟན་འཛིན་ཀྱི་སྐྱེས་ཆེན་སྟག་སེང་ཁ་འཐབ་པ་ལྟ་བུའི་གསེབ་ཏུ་བདག་དང་བདག་འདྲ་བས་ཕྱོགས་སྔ་ཕྱི་གཉིས་ཀ་ལ་བསྟོད་པའི་རྒྱ་གླིང་དང་སྨད་པའི་རྭ་དུང་གཉིས་ཀ་གཏོང་རྒྱུའི་སྤོབས་པ་རྡུལ་ཕྲན་ཙམ་ཡང་མེད་པས། ཆོས་ཀྱི་བརྒྱུད་པའི་བྱུང་རིམ་ཙམ་ཞིག་བཀོད་པ་ལགས་ཏེ། ཆོལ་གསུམ་ཁོངས་སུ་དཔལ་ཇོ་ནང་བའི་ངེས་དོན་སྒྲུབ་རྒྱུད་ཀྱི་བསྟན་པའི་གནས་གཞིའི་དགོན་སྡེ་ཁག་ཅིག་གི་མཚན་ཐོ་ཙམ་བཀོད་ན། ཇོ་ནང་རི་ཁྲོད་ཆེན་མོ། བྲག་ཀ་ཆེན་དགོན། ཤོང་ཆེན་བཙུན་དགོན། བཙུན་དགོན་རིན་ཆེན་སྟེང༌། བཙུན་དགོན་ལྷ་ཤིང་ཤིག བཙུན་དགོན་ཐེག་མཆོག་གླིང༌། ཀེ་ལེམ་སྒྲུབ་ཁང༌། ཕུག་པོ་ཆེ་སྒྲུབ་ཁང༌། མི་འགྱུར་དགོན། བྲག་ནོར་དགོན། དགོན་གསར་དགོན། ཐུབ་པ་དགོན། མཚོ་སྔོན་དགོན། གཟན་གེ་དགོན། ཞི་བ་དགོན། རྟའུ་དགོན་ཤར། འཛམ་ཐང་བསམ་སྒྲུབ་ནོར་བུའི་གླིང༌། ཆོས་ཐང་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང༌། བྱ་ཡུལ་དགོན། ཀ་ཐོག་དགོན། ས་དམར་དཔལ་རྩེ་དགོན། སྒར་བ་ཡག་མདོའི་དགོན། ཡུལ་བའི་དགོན། ཚྭ་ཁའི་དགོན། དགོན་པ་ལ་ཁ་དགོན་ཐུབ་བསྟན་བཤད་སྒྲུབ་གླིང༌། བཀྲ་ཤིས་ལྷ་རྩེ་དགོན། འཛམ་ངོའི་དགོན། འཛམ་ངོའི་བཙུན་དགོན། ཆོས་རྗེ་རྟོགས་ལྡན་དགོན། ར་ཤུག་རི་ཁྲོད། དར་ལྔའི་རི་ཁྲོད། འབྲིམ་ཤར་རི་ཁྲོ་ཅ། དགེ་འཕེལ་རི་ཁྲོད། གླང་བོའི་རི་ཁྲོད། མཛི་སྲིབ་བཀྲ་ཤིས་དགོན། པཱ་ལ་དགོན། ཁང་གསར་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང༌། བླྷོ་ཝཾ་རོའི་དགོན། ཙག་དགེ་བ་དགོན། དཔལ་བཀྲ་ཤིས་སྒང༌། ཡ་མདའི་དགོན། ཡོ་མདའི་དགོན། ཤུའུ་མདའི་དགོན། སྣར་མདའ་དགོན། མཛའ་འགོའི་དགོན། རྒྱལ་ཁ་རྟག་བརྟན་བཀྲ་ཤིས་དགོན། ལྷར་ཡག་དགོན། ས་ར་དགོན། དར་སྐུ་དགོན། རྡོའི་ཥ་དགོན། ལྕམ་མདའ་ཐུབ་བསྟན་ངེས་དོན་ཆོས་འཁོར་གླིང༌། ཉིན་ཡོས་ཇོ་ནང་དགོན། བསྭེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང༌། འབྲོག་དགེའི་དགོན་ངེས་དོན་བསམ་འགྲུབ་གླིང༌། རྩི་ནང་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང༌། ཨ་དཔའ་དགོན། ཐར་མོ་དགོན་བཀྲ་ཤིས་ཕུན་ཚོགས་གླིང༌། ཕྱུག་ཚང་བཱཻ་རོའི་དགོན། ལུང་འཁྱོག་བཙུན་དགོན། ལུང་སྐྱ་དགོན་ངེས་དོན་མི་འགྱུར་བདེ་ཆེན་གླིང༌། མདོ་ལས་དགོན་ངེས་དོན་ཆོས་འཁོར་གླིང༌། གཙང་ཞོལ་དགོན་ངེས་དོན་གཞན་སྟོང་གླིང༌། གཙང་གོང་མ་དགོན་ངེས་དོན་བསམ་འགྲུབ་གླིང༌། མགར་བྲག་དཀར་དགོན། ཆུ་ནག་དགོན། གཙང་ཞོལ་དཀར་ཚག་དགོན། ལྡོང་གཡང་དགོན། ཨ་སྐྱོང་ཡར་ཐང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང༌། གླིང་འབུད་དགོན་བཅས་ཡོད་པར་གསལ། བོད་ཀྱི་བསྟན་སྲིད་ལ་ཕམ་ཉེས་བྱུང་རྗེས། སིམ་ལར་སངས་རྒྱས་ཆོས་གླིང་དང༌། ཉེ་ཆར་ལ་དྭགས་སུ་ཇོ་ནང་བའི་དགོན་སྡེ་ཆུང་ངུ་ཞིག་གསར་བཞེངས་མཛད་པ་གོ་ཐོས་ཙམ་ལས་རྒྱས་པ་ནི་འབྲིར་མ་སྤོབས་སོ།།