User:Jigmeberi

From Wikimedia Incubator

--Jigmeberi (talk) 07:26, 22 November 2014 (UTC)བེ་རི་འཇིགས་མེད་ཀྱི་རྩོམ་རིགས་དཔེ་ཚོགས། ༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ། །

བང་རིམ་དང་པོ། རབ་ཏུ་མ་བྱུང་བའི་དུས་ཀྱི་རྟོགས་པ་བརྗོད་པ།

ཨོཾ་བདེ་ལེགས་སུ་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་ 【1】སྙན་དངགས་ 【2】བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ། ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། ཕྲིན་ལས་རླབས་ཕྲེང་ཕྱོགས་བཅུར་གཡོ། ། དམིགས་མེད་སྙིང་རྗེས་ཀུན་ནས་བརླན། ། ཡོན་ཏན་རིན་ཆེན་དུ་མའི་གཏེར། ། ཐུབ་དབང་གངས་ཅན་མཚོ་དེ་རྒྱལ། ། (མཐའ་དག་གཟུགས་རྒྱན་དང་འདྲེས་པའི་ཤིས་བརྗོད) དགེ་ལེགས་ཤར་རིའི་རྩེ་ནས་མངོན་བྱུང་ཀུན་ཏའི་མཛེས་པ་རབ་ཏུ་འཛིན། ། མཚན་དཔེའི་འོད་དཀར་དྲ་བ་འཁྱུག་ཅིང་མི་ཤེས་མུན་པའི་གོ་སྐབས་འཕྲོག ། ཐུགས་རྗེའི་བསིལ་ཟེར་ཀུན་ལ་སྙོམས་ཤིང་ཕན་བདེའི་རི་བོང་རྟགས་ཀྱིས་མཚན། ། བདུད་རྩིའི་འོད་གཏེར་དབྱངས་ཅན་ལྷ་མོས་བདག་བློའི་ཀུ་མུད་རིང་དུ་སྐྱོངས། །(ཤིས་བརྗོད་དང་འདྲེས་པའི་ལྡན་པའི་གཟུགས་རྒྱན) གང་གི་གྲགས་པའི་པད་རྫིང་དུ། ། བདག་ཡིད་གཉིས་འཐུང་སོང་གྱུར་པས། ། བྱང་ཆུབ་ཐུགས་ཀྱི་གཏེར་གྱུར་དེའི། ། བསྔགས་པ་བརྗོད་ལ་སྤྲོ་བར་གྱུར། །(ལྡན་པའི་གཟུགས་རྒྱན) འདབ་བཟང་འདབ་མའི་ཤུགས་ནི་བསྐྱོད་པ་ཡིས། ། མཁའ་ལ་མཁའ་ཡི་མཐའ་ནི་འཚོལ་བ་ལྟར། ། བདག་གིས་བདག་ཉིད་ཆེན་པོའི་ཡོན་ཏན་རྣམས། ། བརྗོད་ཀྱང་བརྗོད་པའི་ཡུལ་ལས་འདས་མོད་ཀྱང་། །(ཐོག་མ་དང་བར་དུ་ཡོད་པའི་བར་དུ་ཆོད་པའི་སྒྲ་རྒྱན) རབ་བརྟན་དང་བའི་གསེར་གྱི་གཞིར། ། ཕུལ་བྱུང་ཚིག་དོན་རྒྱན་གྱིས་མཐོ། ། བྱིན་རླབས་གཟི་འོད་ལྷམ་མེ་བ། ། རྟོགས་བརྗོད་ལྷུན་པོ་བསྐྲུན་པར་བྱ། །(མཐའ་དག་གཟུགས་རྒྱན) གང་ཞིག་མཐོང་ན་དད་ལྡན་དང་བའི་སྤུ་ལོང་གཡོ། ། རློམ་པས་ཁེངས་རྣམས་གདོང་ནི་ས་ལ་དུད་པར་བྱེད། ། ཕྲག་དོག་ཅན་རྣམས་ཡིད་ནི་ཚེར་མའི་མལ་ན་ཉལ། ། གཟུར་གནས་རྣམས་ཀྱིས་གྲགས་བའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་། །(བྱ་བ་ཐོག་གསལ) དེ་དག་མཁས་པའི་དགའ་སྟོན་མཆོག ། སྙན་དངགས་དག་གི་ཡོན་ཏན་ཡིན། ། དེ་ཕྱིར་སྙན་དངགས་སྦྲང་རྩིའི་རོས། ། བློ་གསལ་བུང་བའི་དགའ་སྟོན་བྱ། །(རྒྱུ་རྒྱན) གང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ནོར་བུ་ལ་དབང་འབྱོར་པ་ནི། དགེ་བའི་བཤེས་གཉེན་གྱི་དེད་དཔོན་གྱིས་ཡོངས་སུ་ཟིན་པ་རྣམས་འབའ་ཞིག་ལ་ཡིན་པས། དེའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་བཤེས་གཉེན་བཟང་པོ་བཙལ་བ་དང་། དེ་དག་གི་རྣམ་པར་ཐར་པ་ལ་ཡང་མོས་པར་བྱའོ། ། དེ་ཡང་འདིར་རྣམ་པར་དག་པའི་མཁྱེན་པ་ནི་ནམ་མཁའ་ལྟར་མཐའ་ཡས། དམིགས་པ་མེད་པའི་ཐུགས་རྗེ་ནི་ཆུ་བོ་ལྟར་རྒྱུན་ཆད་མེད། དཀོན་མཆོག་གསུམ་དང་བླ་མ་ནི་ཅོད་པན་ལྟར་གཙུག་ཏུ་འཁུར། སྐྱེ་བོའི་ཚོགས་མཐའ་དག་ལ་ནི་རྒྱུ་མེད་པར་མཉེས་བཞིན་པའི་ཆོས་ཀྱི་རྗེ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་ཞི་བ་དང་རྗེས་སུ་མཐུན་པའི་རྣམ་བར་ཐར་བ་འབའ་ཞིག་ལས་བརྩམས་ཏེ་ཆེ་ལོང་ཙམ་ཞིག་བརྗོད་པར་བྱའོ། ། དྲི་ཞིམ་རྒྱས་པའི་འདབ་བརྒྱ་དང་། ། འབྲས་བུས་དུད་པའི་རྐང་འཐུང་དང་། ། དམ་པ་རྣམས་ཀྱི་མཛད་པ་ཡིས། ། ཡིད་རབ་དད་པར་མི་འགྱུར་སུ། །(བྱ་བ་མཐའ་གསལ་གྱི་རྒྱན) དེ་ལ་བདག་ཉིད་ཆེན་པོ་འདིའི་རིགས་ནི་ཐམས་ཅད་མཁྱེན་པ་ཞི་བ་འཚོ་【3】ཞེས་ཉི་ཟླ་ལྟར་གྲགས་པ་དེ་ལ། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ 【4】གྱི་བློན་པོ་སད་མི་མི་བདུན་【5】ལ་སོགས་པ་རབ་ཏུ་བྱུང་བ་མཛད་པའི་ནང་ནས། རླངས་ 【6】ཁམས་པ་གོ་ཅ་【7】ཞེས་བྱ་བའི་ལོ་ཙཱ་བ་དེའི་རིགས་ཡིན་ཏེ། དེ་ནས་རིམ་པར་བརྒྱུད་པ་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་སྤྱན་སྔ་རིན་པོ་ཆེ། 【8】རྒྱལ་བ་རིན་པོ་ཆེ། 【9】བཅུ་གཉིས་རིན་པོ་ཆེ།【10】སྤྱན་སྔ་གྲགས་ཡེ་བ།【11】 སྤྱན་སྔ་གྲགས་རིན་པ【12】འོ། ། སྤྱན་སྔ་གྲགས་ཡེ་བའི་གཅུང་པོ་དཔོན་རིན་ཆེན་སྐྱབས་【13】པའི་སྲས། སྤྱན་སྔ་གྲགས་པ་རྒྱལ་མཚན་པ།【14】སྤྱན་སྔ་གྲགས་ཤེ་བ། 【15】 ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པ།【16】དཔོན་བསོད་ནམས་བཟང་པོ【17】་བ་དང་བཞི་ལས་དཔོན་བསོད་ནམས་བཟང་པོའི་སྲས། གུ་ཤྲཱི་ཆེན་པོ་འཇམ་དབྱངས་པ།【18】དྲུང་ཤཱཀྱ་རིན་ཆེན་པ།【19】དཔོན་རིན་རྡོར་བ་【20】དང་གསུམ་མོ། ། དེ་ལ་དཔོན་རིན་རྡོར་བ་ནི་བདག་ཉིད་ཆེན་པོ་འདི་ཡི་ཡབ་དང་། ཡུམ་ནི་ཟིན་ཟ་བཀྲ་ཤིས་སྐྱིད་ཅེས་པའོ། ། ཡབ་ཡུམ་གཉིས་ཀའང་ངོ་ཚ་དང་ཁྲེལ་ཡོད་ཀྱི་གོས་ཀྱིས་ནི་དཀྲིས། རང་བཞིན་གྱི་དབང་པོ་རྣམས་ནི་དུལ། དད་པ་དང་གཏོང་བའི་ནོར་གྱིས་ནི་འབྱོར། ཡ་རབས་ཀྱི་སྤྱོད་ཚུལ་གྱི་མཚམས་ལས་མི་འདའ་བ་ཞིག་གོ་།ཡབ་ཡུམ་དེ་གཉིས་ལས་བལྟམས་པའི་ཚུལ་ནི། ལུག་གི་ལོ་ལ་ལྷུམས་སུ་ཞུགས་【21】ཤིང་དེའི་ཚེ་ཡུམ་ལ་འང་ཉི་མ་ཤར་བ་ལན་མང་དུ་རྨིས་པ་དང་། མངལ་བཟུང་བའི་ཚེ་ནའང་བདེ་བ་ལ་རེག་པར་གནས་པ་ཤ་སྟག་བྱུང་ངོ་། ། ཚངས་པ་གསེར་གྱི་སྒོ་བཞི་དང་། ། གཞོན་ནུ་ཡིས་ནི་ཨུ་མ་དང་། ། དོན་གྲུབ་ཀྱིས་ནི་སྒྱུ་འཕྲུལ་བཞིན། ། ཡུམ་ནི་མངལ་གྱི་ཁུར་གྱིས་མཛེས། །(མང་བའི་དཔེ) དེ་ནི་མངལ་ན་གནས་ན་ཡང་། ། དེ་ཡིས་ཉེས་པའི་སྐབས་མེད་དེ། ། འདམ་གྱི་དབུས་ན་འདབ་སྟོང་ཅན། ། དག་ཅིང་དྲི་མ་བྲལ་བ་བཞིན། །(དངོས་དཔེ) བརྩེ་བས་དྲངས་པའི་རབ་དཀར་སྨོན་ལམ་གྱིས། ། སྲིད་པར་སྐྱེས་ཀྱང་སྲིད་ལ་མི་གནས་པའི། ། ཐབས་ནི་ཁོ་བོ་གཅིག་པུ་ལ་ཡོད་ཅེས། ། ཁེངས་པར་མི་རིགས་རྒྱལ་སྲས་ཀུན་གྱི་ཡིན། །(རབ་རྟོག་གི་དཔེ) དེ་ལྟར་ཟླ་བའི་གྲངས་རྫོགས་པ་ན་མེ་ཕོ་སྤྲེའུའི་ལོ་【22】ཧོར་ཟླ་【23】བཞི་པའི་ཡར་ཚེས་བཅུ་གསུམ་གྱི་ཉི་མའི་དཀྱིལ་འཁོར་ཤར་མ་ཐག །དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོ་【24】དང་འདབ་ཆགས་པ་དགོན་གསར་དུ། ཁྱེའུ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་མགོ་གདུགས་ལྟར་རྒྱས་པ། དཔྲལ་བའི་དབྱེས་ཆེ་བ་ཞིག་བཙས་པར་གྱུར་ཏོ། ། དྲི་ཡི་གཞོན་པས་གོ་སྐབས་ཕྱེ་བ་ཡི། ། སྤྲིན་རུམ་ནས་འཐོན་རྒྱུ་སྐར་བདག་པོ་བཞིན། ། མངལ་གྱི་ཁྲོད་ནས་རབ་མཛེས་གཞོན་ནུའི་སྐུ། ། མཚན་བཟང་ཆ་ཤས་ཡོངས་སུ་རྫོགས་པར་འཁྲུངས། །(དངོས་དཔེ) ཟླ་ཞལ་ཨུཏྤལ་མིག་ལྡན་པའི། ། གསེར་གྱི་ས་འཛིན་ལྷུན་པོ་ཞིག ། གལ་ཏེ་འཇིག་རྟེན་འདིར་རྙེད་ན། ། དེ་དང་ཁྱོད་ནི་མཚུངས་པར་འགྱུར། །(རྨད་བྱུང་གི་དཔེ) བྱམས་པ་ཡིད་ལ་རྟག་ཏུ་ཉལ་པ་དང་། ། མཁྱེན་པ་ཤེས་བྱ་ཀུན་ལ་འཕྲོ་བ་གཉིས། ། སྐབས་གསུམ་ས་འཛིན་ལ་ནི་མ་མཆིས་པས། ། སྲིད་ཀྱང་ཁྱོད་ཀྱི་དཔེ་རུ་རུང་མ་ཡིན། །(དགག་པའི་དཔེ) དེ་ལྟར་བཙེས་ནས་གདུགས་བཅུ་གཉིས་འདས་པ་ན། གདན་གཅིག་གི་བརྟུལ་ཞུགས་ལ་གནས་པའི་ཚེགས་ཆེན་པོའི་དགེ་འདུན་རྣམས། དགོན་གསར་དུ་སྤྱན་དྲངས་ནས། དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོ་དང་། རྗེ་བཙུན་མ་སྒྲོལ་མ་ལ་ཞག་བདུན་གསོལ་བ་བཏབ་པའི་ཚེ། མཁན་ཆེན་བསོད་དབང་པས་ཡུམ་གྱི་པང་པ་ན་ཁྱེའུ་ཞིག་འདུག་པ་ལ་འོད་དཀར་པོ་སུམ་བསྒྲིལ་ཅིག་ཟུག་འདུག་པ་ནུབ་གསུམ་དུ་རྨིས་པ་ན་ཁྱེའུ་འདི་ལ་ངོ་མཚར་བ་ཅིག་འོང་བར་འདུག་ཅེས་གསུངས་སོ། ། དེ་ལྟར་སྐུ་འཁྲུངས་པ་ན་ལྟས་ཁྱད་པར་ཅན་དུ་མ་བྱུང་ཞིང་། མཚན་ཡང་བྱང་ཆུབ་རྡོ་རྗེ་ཞེས་བཏགས་སོ། ། དེ་ནས་དགུང་ལོ་བཞི་སོང་བ་【25】དང་། ཀློག་ཡིག་ལ་སྦྱངས་པས་རིང་པོར་མི་ཐོགས་པར་ཐུགས་སུ་ཆུད་ཅིང་སྦྱངས་པའི་གནས་དེ་རྣམས་མཐར་སོན་པར་གྱུར་ཏོ། ། སྙིང་རྗེ་ཆ་ལ་རིང་ནས་གོམས་པའི་ཡིད། ། སྙིང་པོ་མེད་པའི་ཡུལ་ལ་དགའ་མི་འགྱུར། ། མང་ཐོས་བག་ཆགས་སེམས་ལ་གོམས་རྣམས་ཀྱིས། ། མང་པོའི་ཤེས་བྱ་ཤེས་པར་དཀའ་བ་མིན། །(རྐང་བཞིའི་ཐོག་མར་ཡོད་ཅིང་།་ཕྱེད་སྔ་ཕྱི་རིགས་མི་གཅིག་པའི་བར་དུ་ཆོད་པའི་ཟུང་ལྡན) ཆུ་སྲིན་འབྱུང་གནས་ལྟ་བུར་ཟབ་པའི་ཐུགས། ། གཞན་ཕན་བསྒྲུབ་ལ་པད་འདབ་བཞིན་དུ་མཉེན། ། འགྲོ་བའི་མིག་གི་བདུད་རྩིའི་ཟླ་བ་སྟེ། ། གཞོན་ནུ་འཁྲུངས་པས་འགྲོ་ནི་མགོན་དང་བཅས། །(རབ་སྤེལ་རྒྱན) དེ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་【26】རྩ་འགྲེལ་གྱི་ཚིག་ཐུགས་ལ་བཟུང་ཞིང་། ཉིད་ཀྱི་གཅེན་པོ་རྒྱལ་སྲས་གྲགས་རིན་པའི་དྲུང་དུ་གསན་སྦྱོང་མཛད་པས། རྒྱུད་དོན་རྣམས་ཁོང་དུ་ཆུད་པར་མཛད་དོ། །

དགུང་ལོ་བཅུ་གཉིས་པ་གཞེས་པ་ན། སྤྱན་སྔ་བསོད་གྲགས་པ་དང་ཐབས་ཅིག་【27】ཏུ་བྱོན་ནས། ལུག་ལོ་【28】ཟླ་བ་གསུམ་པའི་ཡར་ཚེས་བདུན་ལ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པའི་ཞབས་ལ་གཏུགས་ཏེ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་ཡང་གྲགས་པ་བྱང་ཆུབ་ཅེས་བཏགས་ཤིང་། སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པས་ཕག་མོ་བརྡ་བཞིའི་【29】སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་མཛད་དོ། ། ཉི་མ་དེ་ཉིད་ནས་ཆོས་དྲུག་གི་ཁྲིད་【30】ཀྱི་དབུ་བཙུགས་ཤིང་། ཚེས་དགུའི་ཉིན་འདུས་པ་རྒྱ་མཚོའི་དབུས་སུ་རྒྱུད་ཀྱི་རྒྱལ་པོ་འཆད་པའི་དགའ་སྟོན་ཕུལ་དུ་བྱུང་བ་མཛད་ནས། ཟླ་བ་ཕྱེད་དང་གཉིས་ལྷག་ཙམ་གྱི་བར་དུ་སྐལ་བར་ལྡན་པའི་གདུལ་བྱ་དཔག་ཏུ་མེད་པ་ཆོས་དང་ཟང་ཟིང་གི་དགའ་སྟོན་གྱིས་ཚིམ་པར་མཛད་དོ། ། དེ་ནས་ལོ་དེའི་ཟླ་བ་ལྔ་པ་【31】ལ་ཆོས་གྲྭ་ཆེན་པོ་རྩེས་ཐང་【32】དུ་བྱོན་ནས་སྡེ་སྣོད་འཛིན་པ་ཆེན་པོ་མང་པོ་ཞིག་ལ་སླར་ཡང་། དཔལ་བརྟག་པ་གཉིས་པ་གསུངས་པས་ཐམས་ཅད་ཀྱི་ཐུགས་ཚིམ་ཞིང་དད་པའི་ས་བོན་ཀུན་ན་བརྟས་པར་གྱུར་ཏོ། ། གང་གི་མཁྱེན་པའི་བྱ་ལམ་དུ། ། རྒྱུད་དོན་འོད་སྟོང་ལྷང་ངེར་གསལ། ། གདངས་སྙན་གསུང་གི་ཚ་ཟེར་གྱིས། ། འགྲོ་བའི་ཉེས་ཚོགས་ཚང་ཚིང་སྲེག །(ལྡན་པའི་གཟུགས་རྒྱན) རིགས་ཀྱིས་མཐོ་ཡང་ཁེངས་དང་བྲལ། ། ལང་ཚོ་ལྡན་ཡང་དུལ་བར་གནས། ། གཞོན་ཡང་རྒན་པོའི་བློ་གྲོས་ཅན། ། དེ་ཡིས་གཞན་ཡིད་ཅིས་མི་འཕྲོག །(གཞི་གཅིག་གི་བྱ་བ་འགལ་བའི་རྒྱན) ལེགས་ཚོགས་བདུད་རྩིའི་གཏེར་ཆེན་ལས་འཁྲུངས་པའི། ། ཁྱོད་སྐུ་མཚན་མོའི་མགོན་འདི་མཐོང་བ་ན། ། དྲི་མས་གོས་ཤིང་སེམས་ཀྱི་གཏོང་བ་ཡིས། ། རི་བོང་ཅན་ལ་བལྟ་བའི་གོ་སྐབས་བཅོམ། །(སྦྱར་བའི་འགོག་པ) ནམ་ཡང་བྲི་བ་མ་མཆིས་པའི། ། ཁྱོད་ཀྱི་ཡོན་ཏན་དཀྱིལ་འཁོར་ལ། ། ནག་ཕྱོགས་ལ་ནི་ཟད་འགྱུར་བའི། ། ཟླ་བས་ཇི་ལྟར་འགྲན་པར་ནུས། །(དགག་པའི་དཔེ) དེ་ནས་གུ་ཤྲཱི་ཆེན་པོས་【33】དགོན་གསར་དུ་རིགས་བསྐྲུན་པའི་ཞལ་ཏ་མཛད་པ་【34】ན།གཞོན་ནུ་འདི་སྐྱེ་བ་དཔག་ཏུ་མེད་པར་ཚངས་པར་སྤྱོད་པ་ལ་གོམས་ཤིང་། ཁྱིམ་འཁོར་བའི་རྒྱ་མཚོ་ལ་ཉེས་དམིགས་ཀྱི་རྣམ་པར་མཐོང་བས་ཐུགས་ཤིན་ཏུ་མ་བདེ་བར་གྱུར་ཏོ། ། དེའི་ཚེ་གལ་གྱིས་འཆུས་ཀྱང་【35】འདོད་པའི་དོན་མ་གནང་བས་ལན་གཅིག་དང་གཉིས་སུ་འབྱོན་དགོས་པ་བྱུང་ཡང་འདོད་པའི་རྣམ་པར་རྟོག་པ་ཅུང་ཟད་ཀྱང་མ་སྐྱེས་ཏེ། གཞན་དུ་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནམ་ཞིག་ན་རྙེད་པར་འགྱུར་སྙམ་དུ་ཡིད་ལ་བྱེད་ཅིང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པའི་ཁྲིམས་གྲོགས་དང་བཅས་པ་ཁོ་ནར་གནས་པ་མཛད་དོ། ། དེའི་ཚེ་གཞོན་ནུ་འདི་ཡི་ཡིད་ལ་འདི་ལྟ་བུའི་བསམ་པ་རྣམས་སྐྱེས་པར་སེམས་སོ། ། སྙིང་རྗེའི་ཆུ་ཡིས་ཡིད་ཀྱི་བཞིན་རས་ཀྱི། ། ཞེ་སྡང་དྲི་མ་དག་པར་མ་བྱས་ན། ། གསེར་གྱི་བུམ་པར་བླུགས་པའི་དྲིས་བསྒོས་ཆུས། ། གདོང་གི་དྲི་མ་དག་ལ་དགོས་པ་ཅི། །(མངོན་གྱུར་འགོག་པའི་རྒྱན) བློ་དང་ལྡན་པ་རྣམས་ཀྱི་ངོ་ཚའི་གོས། ། ཚུལ་ཁྲིམས་ཡིན་གྱི་དུ་ཀཱུ་ལ་ཡིས་མིན། ། མགྲིན་རྒྱན་ལེགས་བཤད་ཡིན་གྱི་དོ་ཤལ་མིན། ། གཙུག་རྒྱན་བླ་མ་ཡིན་གྱི་ནོར་བུས་མིན། །(བསྙོན་དོར་གཟུགས་རྒྱན) འཚོ་བའི་སྲོག་ནི་སྤྲིན་ལྟར་མི་གཡོ་ཞིང་། ། འབྱོར་ཚོགས་རྒྱུད་པའི་ཉེས་པས་མི་རྫི་ལ། ། དབང་ཕྱུག་མཁའ་བཞིན་རྟག་ཏུ་མི་འགྱུར་ན། ། འདོད་པ་སྤྱོད་ལ་དགའ་བར་སུ་མི་འགྱུར། །(འབྱུང་འགྱུར་འགོག་པའི་རྒྱན) དེ་ལྟ་ན་ཡང་སྲིད་པའི་དཔལ། ། གློག་ཕྲེང་གཞོན་ནུའི་བྲོ་གར་བཞིན། ། གཡོ་བར་མཐོང་ནས་དེ་ཡི་ཡིད། ། འདོད་ལ་ཆགས་དང་བྲལ་བར་གྱུར། །(ཆོས་དཔེ) དེ་ནས་ཞི་བའི་ཕན་ཡོན་ལ་ནི་ཤིན་ཏུ་དགའ། འཁོར་བའི་སྐྱོན་ལ་ནི་རྒྱབ་ཀྱིས་ཕྱོགས། ཁྱིམ་གྱི་གཏམ་ལ་ནི་མི་སྨྲ་བའི་བརྟུལ་ཞུགས་དང་ལྡན། དབེན་པའི་བསྔགས་པ་ལ་ནི་ཡིད་རབ་ཏུ་རངས་པར་གྱུར་པའི་གཞོན་ནུ་དེ་ཡི་དམ་བརྟན་པོ་ལ་གནས་པར་རིག་ནས་སྤྱན་སྔ་གྲགས་ཤེ་བ་དང་། འཇམ་དབྱངས་བུ་ཤྲཱི་བ་དང་། སྐུ་ཞང་རྫིང་ཕྱི་བ་【36】རྣམས་བཀའ་བགྲོ་བ་མཛད་ནས་གཞོན་ནུ་དེ་གངས་རིའི་ཁྲོད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་ན་མངོན་པར་མཐོ་ཞིང་མཐའ་ཡས་པའི་ཡོན་ཏན་དུ་མའི་གཏེར་ཆེན་པོ་འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་【37】ཞེས་ཡོངས་སུ་གྲགས་པ་དེའི་རྒྱལ་ཚབ་ཏུ་དམིགས་ཏེ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དཔལ་མཐའ་རྩའི་དབེན་གནས་【38】སུ་བཏང་བར་གྱུར་ཏོ། ། སློང་ལ་དཔག་བསམ་ལྗོན་པ་ཚ་བས་གདུངས་ལ་བསིལ་གྲིབ་དང་། ། ལམ་གོལ་རྣམས་ལ་ལམ་སྟོན་རབ་རིབ་ཅན་ལ་མིག་སྨན་ལྟར། ། སྲིད་པའི་དགོན་པར་འཁྱམས་པ་རྣམས་ཀྱི་སྐྱབས་གཅིག་དམ་ཆོས་སུ། ། ཡང་ཡང་ཡིད་ལ་བྱས་པ་དེ་ནི་ཞི་བའི་ནགས་སུ་གཤེགས། །(མང་བའི་དཔེ) རིང་ནས་སྨོན་པའི་རང་གི་འདོད་པའི་དོན། ། འགྲུབ་པར་མཐོང་ཚེ་གཞོན་ནུའི་བཞིན་གྱི་མདངས། ། ཟླ་ཟེར་འཐུངས་པའི་ཀུན་ཏའི་ཚལ་བཞིན་དུ། ། འཛུམ་དཀར་འོད་ཀྱིས་ལྷམ་མེར་བྱས་པར་གྱུར། །(ཆོས་དཔེ) ཨིནྜ་ནི་ལའི་སྟོད་གཡོགས་མཛེས། ། མརྒད་འཁྱུག་པའི་རྐང་སྟེགས་ཅན། ། གྲུབ་པ་དུ་མས་བསྟེན་པ་ཡི། ། ས་འཛིན་ངོས་དེར་གཤེགས་པའི་ཚེ། །(རིག་མཐའ་གསལ) དྲི་ཡི་བཞོན་པས་དལ་གྱིས་བསྐྱོད་པ་ཡི། ། གཡུ་ལོའི་ངོས་ཅན་རྐང་འཐུང་ཕྲེང་བ་རྣམས། ། ལག་པའི་ཡལ་འདབ་མཛེས་པར་གཡོབ་པ་ཡིས། ། ཕན་ཚུན་དུ་ནི་སྦྲོན་པར་བྱེད་པ་འདྲ། །(སེམས་མེད་རབ་གཏགས) འཇིགས་བྲལ་བག་ནི་ཕབ་པ་ཡི། ། དུལ་བའི་རི་དྭགས་ཕྲུག་གུ་རྣམས། ། དཀྱུས་རིང་ཨུཏྤལ་མིག་གིས་ནི། ། མགྲིན་པ་ཀྱོགས་ནས་ཡང་ཡང་བལྟ། །(རིགས་བར་གསལ) འབྲས་བཟང་ཁུར་གྱི་ལྕིད་ཀྱིས་ནོན་པ་ཡི། ། ལྗོན་པའི་གསེབ་ནས་སྤུ་ཡི་མདོག་སྡུག་པའི། ། འདབ་བཟང་རྣམས་ཀྱི་སྒྲ་སྙན་སྒྲོག་པ་ནི། ། གཞོན་ནུ་འོངས་ལ་ལེགས་ཞེས་བརྗོད་པ་བཞིན། །(སེམས་ལྡན་རབ་གཏགས) བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས་རབ་ཏུ་མ་བྱུང་བའི་དུས་ཀྱི་རྟོགས་པ་བརྗོད་པའི་བང་རིམ་སྟེ་དང་པོའོ།། །།

བང་རིམ་གཉིས་པ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པའི་རྟོགས་པ་བརྗོད་པ།

པདྨོའི་བཞིན་ལ་གཡོ་ལྡན་བུང་བའི་སྤྱན། ། མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། ། རོལ་སྒེག་གཟུགས་ཀྱིས་འགྱིང་བའི་དབྱངས་ཅན་མས། ། ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །(ཤིས་བརྗོད་ཀྱི་རྒྱན) དེ་ནས་དགུང་ལོ་བཅོ་ལྔ་ལ་བབ་པ་ན། གདན་ས་རིན་པོ་ཆེར་【39】ལྕགས་ཕོ་ཁྱི་ལོ་【40】ཟླ་བ་དང་པོའི་ཡར་ཚེས་བཅུ་གསུམ་གྱི་ཉིན། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་བདག་ཉིད་གངས་རིའི་ཁྲོད་ཀྱི་ལུས་ཅན་རྣམས་ཀྱི་མགོན་གཅིག་པུ། རྗེ་བཙུན་འཇམ་པའི་དབྱངས་སྙིགས་མའི་དུས་ཀྱི་འགྲོ་བ་རྣམས་ཀྱི་ཆེད་དུ་སྐྱེ་བ་བཞེས་པ་མཚན་བརྗོད་པར་དཀའ་བ་ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་【41】མཁན་པོ་【42】དང་། མཁན་ཆེན་གཞོན་ནུ་དབང་ཕྱུག་ 【43】པས་སློབ་དཔོན་【44】དང་། སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོས་【45】དུས་གོ་བ་【46】མཛད་ཅིང་། སྤྱན་སྔ་གྲགས་པ་ཤེས་རབ་པས་【47】ཐོག་དྲངས་པའི་དགེ་འདུན་བཅུ་གཉིས་ཀྱི་དབུས་སུ་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་【48】ཏེ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ་། ། ཡིད་ཀྱི་ཤེལ་ནི་སྤོང་སེམས་ཚོན་གྱིས་བསྒྱུར། ། ལག་པའི་པདྨ་ལྷུང་བཟེད་བུང་བས་མཛེས། ། སྐུ་ཡི་གསེར་རི་དམར་སེར་བླ་གོས་ཀྱི། ། མཚམས་སྤྲིན་གཞོན་ནུས་ཡོངས་སུ་ཁེབས་པར་གྱུར། །(མཐའ་དག་གཟུགས་རྒྱན) སེམས་ཀྱི་གཉིས་འཐུང་མི་སྲུན་པ། ། དྲན་དང་ཤེས་བཞིན་ལྕགས་ཀྱུ་ཡིས། ། དབང་དུ་གྱུར་དེ་མཁས་རྣམས་ཀྱིས། ། སྨད་པའི་ལམ་དུ་ག་ལ་འཇུག །(ཡན་ལག་གཟུགས་རྒྱན) ཐུབ་བསྟན་རྒྱ་མཚོ་ཀུན་གྱི་སྙིང་པོ་མཆོག ། སྐལ་ལྡན་འགྲོ་བའི་རེ་བ་སྐོང་བའི་དཔལ། ། དམ་པ་ལག་འགྲོའི་དབང་པོའི་གཙུག་གི་རྒྱན། ། ཚུལ་ཁྲིམས་འཕགས་པའི་ནོར་གྱིས་འབྱོར་པར་གྱུར། །(ལྡན་པའི་གཟུགས་རྒྱན) དེ་ནས་དགུང་ལོ་བཅུ་དྲུག་བཞེས་པ་【49】ན་གདན་སར་བྱོན་པའི་ཞུ་བ་ཕུལ་【50】ནས་ཕག་ལོ་【51】ཟླ་བ་དང་པོའི་ཚེས་ལྔ་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། འདུས་པ་རྒྱ་མཚོའི་ཚོགས་ལ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པའི་ཆོས་གསུངས་པས་ས་གཡོ་བ་དང་། ཤར་ཕྱོགས་ནས་སྒྲ་ཆེན་པོ་གྲགས་པ་ལ་སོགས་པའི་ལྟས་ཁྱད་པར་ཅན་རྣམས་བྱུང་ཞིང་དཔག་ཏུ་མེད་པའི་གདུལ་བྱ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་རིགས་ངེས་པར་མཛད་དོ། །

ལོག་སྨྲའི་ཝ་སྐྱེས་ཟིལ་གནོན་གདོང་ལྔའི་ཁྲི། ། ཟབ་ཅིང་རྒྱ་ཆེའི་ཆོས་སྒྲ་སྒྲོག་པའི་གཞི། ། ནོར་བུའི་འོད་ཚོགས་འདྲེས་པའི་གཟི་བརྗིད་ཀྱིས། ། ཉིན་བྱེད་དབང་པོར་འཁྲུལ་པ་སྐྱེད་བྱེད་པ། །(དཔེ་གཟུགས་འདྲེས་པ) ལྷ་ཡི་རི་བོ་བཞིན་དུ་བྱིན་ཆགས་ཤིང་། ། དུལ་བའི་སྤྱོད་པས་ཡིད་འཕྲོག་དེ་འཛེགས་ཏེ། ། དུང་ལྟར་དཀར་བའི་ཚེམས་ཀྱི་སྤྲིན་གསེབ་ནས། ། གསལ་བརྗིད་འབྲུག་གི་སྒྲ་ཡིས་ལེགས་བཤད་བསྟན། །(དཔེ་གཟུགས་འདྲེས་པ) དེ་ཚེ་ལྷ་ཡི་རོལ་མོའི་སྒྲས། ། ཕྱོགས་རྣམས་ཁེབས་པ་བཞིན་དུ་གྱུར། ། དབང་པོའི་གཞུ་ཡིས་འཆི་མེད་ལམ། ། གོ་སྐབས་མེད་པར་བཀྲ་བར་བྱས། །(སེམས་མེད་རབ་བཏགས) སྲིད་ན་བླ་ན་མེད་པའི་ཡོན་གནས་དེ། ། མཆོད་པར་བྱེད་ལ་སེམས་ལྡན་སྨོས་ཅི་དགོས། ། སེམས་མེད་རྣམས་ཀྱང་འོས་པ་ལྟ་བུར་ནི། ། མཆོད་པར་བྱེད་ལ་བརྩོན་པ་དེ་རྨད་དོ། །(སེམས་མེད་རབ་བཏགས) དེ་ནས་གླང་ལོ་【52】དཔྱིད་ཟླ་ར་བའི་ཡར་ཚེས་བཅུའི་ཉིན་སྣེ་གདོང་དུ་སྙིགས་དུས་ཀྱི་ཤཱཀྱའི་རྒྱལ་པོ་མཁྱེན་བརྩེའི་གཏེར་ཆེན་པོ་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པས་མཁན་པོ་དང་།མཁན་ཆེན་གཞོན་ནུ་དབང་ཕྱུག་པས་ལས་ཀྱི་སློབ་དཔོན་དང་།སློབ་དཔོན་ཚུལ་ཁྲིམས་རྒྱལ་མཚན་པས་གསང་སྟེ་སྟོན་པ་དང་། ཚིག་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་ཚོགས་ཆེན་པའི་མཁན་པོ་བཀྲ་ཤིས་ཚུལ་ཁྲིམས་པས་དུས་གོ་བ་མཛད་ཅིང་།【53】 དད་པའི་དགེ་འདུན་ཉི་ཤུ་རྩ་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་【54】ཐོབ་པས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྙིང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་ཏོ། ། དེ་ནས་དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་པའི་ཞལ་ཏ་ནན་ཅན་དང་། བཀའ་བགྲོ་བ་ལ་དབང་བ་རྣམས་ཀྱིས་ཀྱང་།བླ་དཔོན་ཕྱོགས་གཅིག་ཏུ་མཛད་པའི་【55】ཞུ་བ་ནན་ཆེར་ཕུལ་བ་ལ་བརྟེན་ནས། སྤྱན་སྔ་བསོད་ནམས་གྲགས་པ་【56】ལང་ཚོ་མ་སོན་གྱི་བར་དུ་རེ་ཞིག་ཞལ་གྱིས་བཞེས་སོ། ། དེ་ལྟར་ཞལ་གྱིས་བཞེས་ནས་རྒྱལ་སྲིད་བསྐྱངས་པའི་དུས་སུ་【57】ཡང་བདག་ཉིད་ཆེན་པོ་འདི་སྐྱེ་བ་དུ་མར་བཞེས་པ་ལ་གོམས་པ་དང་རླབས་པོ་ཆེའི་བསོད་ནམས་བསྐྲུན་པ་དང་། དམ་པའི་ཆོས་ཁོ་ནས་རྒྱལ་སྲིད་བསྐྱངས་པ་དང་།རྫོང་གོང་འོག་ཐམས་ཅད་【58】དུའང་། ཆོ་འཕྲུལ་གྱི་ཟླ་བ་【59】ལ་སྲོག་གཅོད་སྤོང་བ་ལ་སོགས་པ་མཛད་པའི་མཐུས་མངའ་རིས་ཐམས་ཅད་དུ་འཁྲུག་པ་དང་། མུ་གེ་དང་། ཡམས་ཀྱི་འཚེ་བ་ཐམས་ཅད་ནི་མིང་གི་ལྷག་མ་ཙམ་དུ་སོང་། ལྷས་དུས་དུས་སུ་ཆར་འབེབས་པ་དང་། ལོ་ཏོག་ཕུན་སུམ་ཚོགས་པ་དང་། སེམས་ཅན་རྣམས་བདེ་བ་ལ་རེག་པར་གནས་པ་ནི་རྫོགས་ལྡན་གྱི་དུས་【60】བཞིན་དུ་གྱུར། བཤད་པ་དང་སྒྲུབ་པས་བསྟན་པ་རིན་པོ་ཆེ་ཆེས་ཆེར་སྤེལ་བའི་ཤཱཀྱའི་སྲས་རྣམས་【61】ནི་ལུང་དང་རྟོགས་པའི་ཡོན་ཏན་རྣམས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཏེ།མདོར་ན་རྒྱལ་པོ་བྱམས་པའི་སྟོབས་【62】ཀྱིས། རྒྱལསྲིད་བསྐྱངས་པ་ཇི་ལྟ་བ་དེ་བཞིན་ནོ། ། རྡོ་རྗེ་ལྟ་བུར་བརྟན་པའི་ཐུགས་མངའ་ཞིང་། ། རྨོངས་པའི་རབ་རིབ་བཅོམ་པའི་བློ་གྲོས་ཅན། ། ཕྱག་གི་པདྨ་གཏོང་པའི་མདངས་ཀྱིས་མཛེས། ། ཀུན་ལ་ཁྲོ་བ་བྲལ་བའི་སྙིང་རྗེའི་གཏེར། །(དཔེ་གཟུགས་འདྲེས་པ) དེ་ཡིས་བྱམས་པའི་ཐུགས་ཀྱིས་ས་འཛིན་འདི། ། འཚེ་བ་བྲལ་བར་བསྐྱངས་པའི་གྲགས་པའི་ཚོགས། ། སྐྱོན་བྲལ་ཡིད་བབ་བདུད་རྩིའི་ཟེར་འདྲ་དེ། ། ལུས་ཅན་ཀུན་གྱི་རྣ་བའི་རྒྱན་དུ་བྱས། །(དཔེ་གཟུགས་འདྲེས་པ) དེ་ལྟ་ན་ཡང་དམ་པ་དེ། ། དབེན་པའི་གནས་ལ་ཡི་རང་བས། ། འདུ་འཛིས་ཟིལ་གྱིས་ནོན་པ་ཡི། ། གནས་དེ་ལ་ནི་དགའ་མ་གྱུར། །(ནང་ཤེས་བྱེད་ཀྱི་རྒྱུ་རྒྱན) དེའི་ཚེ་བདག་ཉིད་ཆེན་པོ་འདི་རིང་མོ་ནས་སྒྲུབ་པ་ལ་མོས་པ་བརྟན་པར་མཛད་པ་དང་། འདུ་འཛིའི་གཡེང་བས་【63】ཐུགས་ཕྱུང་བ་དང་། རྒྱལ་སྲིད་ལ་སྙིང་པོ་མེད་པར་དགོངས་ནས་གྲུབ་པའི་སྐྱེས་བུ་ཆེན་པོ་དྭགས་པོ་རིན་པོ་ཆེས་【64】བྱིན་གྱིས་རླབས་པའི་དབེན་གནས་དམ་པ་སྒམ་པོར་【65】གཤེགས་པར་བྱའོ། །སྙམ་དུ་དགོངས་ནས་གདན་ས་རིན་པོ་ཆེར་བྱོན་ཏེ། ཐུགས་དམ་རྩེ་གཅིག་ཏུ་དྲིལ་ནས་རང་གི་ལྷག་པའི་ལྷ་【66】ལ་གསོལ་བ་བཏབ་པའི་ཚེ་ལན་ཅིག་གི་གཟིགས་སྣང་ལ་དགེ་སློང་ངུར་སྨྲིག་གི་རྟགས་ཅན་ཞིག་སྔོན་ལ་བྱུང་ཞིང་དེའི་རྗེས་ལ་བུད་མེད་རྒྱན་བཟང་པོས་བརྒྱན་པ་ཞིག་བྱུང་ནས་ད་ནི་གཞན་དུ་འགྲོ་མི་དགོས་པས་འདོད་དོན་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས་ཟེར་བ་དང་། ཐུགས་ལ་དགའ་བདེའི་ཉམས་ཁྱད་པར་ཅན་སྐྱེས་ཤིང་། ད་ནི་བདག་ཐེལ་【67】རང་དུ་བསྡད་པས་ཆོག་པར་འདུག་སྙམ་པ་བྱུང་སྟེ། འབྱོན་བཞུད་ཀྱི་ཐུགས་ཐག་བཅད་པས་རིང་པོར་མ་ཐོགས་པར་སྣེ་གདོང་དུ་བཞུགས་པའི་ཁུར་དང་བྲལ་བར་【68】གྱུར་ཏོ། ། གུར་ཀུམ་གཞོན་ནུའི་དཔལ་འཛིན་འཇམ་པའི་དབྱངས། ། ཐུགས་རྗེས་སྲིད་ལས་སྒྲོལ་བའི་རྗེ་བཙུན་མ། ། རབ་མཛེས་སྐུ་ཡིས་མིག་གི་དགའ་སྟོན་བསྒྲུབས། ། རྣར་སྙན་གསུང་གིས་སེམས་ཀྱི་ཐེ་ཚོམ་བཅད། །(བྱ་བ་རང་བཞིན་བརྗོད་པ) ཞི་བའི་གནས་སུ་མི་རྟོག་ཏིང་ངེ་འཛིན། ། འཕེལ་བར་འགྱུར་བའི་མཚན་མ་མཐོང་བ་ན། ། བདག་ཉིད་ཆེ་དེ་སྐད་ཅིག་དེ་ཉིད་ལ། ། ཐུགས་ཀྱི་ཆུ་གཏེར་དགའ་བདེའི་རླབས་ཀྱིས་བསྐྱོད། །(ནང་ཤེས་བྱེད་ཀྱི་རྒྱུ) གང་གི་མཐུ་ཡིས་རྒྱལ་བའི་སྐུ། ། ཡིད་ཀྱི་མེ་ལོང་ལ་གསལ་བ། ། ཀྱེ་མ་དང་བའི་དད་པ་ཡི། ། རྨད་བྱུང་མཐུ་འདི་བསམ་མི་ཁྱབ། །(ནང་ཤེས་བྱེད་ཀྱི་རྒྱུ) དེ་ལྟ་ན་ཡང་དྲི་མེད་ཡིད་ལ་ནི། ། དག་པའི་རང་གཟུགས་འཆར་ལ་ངོ་མཚར་ཅི། ། རྙོག་བྲལ་དང་བའི་ཆུ་ཡི་སྣོད་དག་ཏུ། ། སྤྲིན་བྲལ་ཟླ་གཟུགས་སྣང་བ་ངང་ཚུལ་ཡིན། །(མངོན་འགྱུར་འགོག་པའི་རྒྱན) བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་གཉིས་པའོ།། །།


བང་རིམ་གསུམ་པ། ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོགས་པ་བརྗོད་པ།

ཆུ་གཏེར་འགྲམ་དུ་ཆུ་སྐྱེས་དཀར་པོའི་གདན་སྟེང་ན། ། ལང་ཚོ་རབ་རྒྱས་ལང་ལིང་གཡོ་བའི་རྒྱན་གྱིས་སྤུད། ། ངག་གི་ལྷ་མོ་ངག་ལ་སྤོབས་པ་སྩོལ་དེ་ལ། ། སྙིང་ནས་འདུད་དོ་སྙིང་གི་ཆུ་སྐྱེས་དབུས་སུ་རོལ། །(ཐོག་མ་དང་དབུས་ལ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན) གཞན་ཡང་བདག་ཉིད་ཆེན་པོ་འདིས་བཤེས་གཉེན་དམ་པ་རྣམས་ཀྱི་དྲུང་དུ་མང་དུ་གསན་པའི་ཐོས་བསམ་གྱིས་ཤེས་བྱའི་གནས་རྣམས་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲ་བ་རྣམས་བསལ་བར་མཛད་དོ། ། དེ་ཡང་འདི་ལྟར། གསེར་ཞུན་བརྩེགས་པ་ཇི་བཞིན་མཛེས་པའི་སྐུ། ། ཙན་དན་ཡལ་འདབ་ལྟ་བུར་མཉེན་པའི་ཕྱག ། བཅོ་ལྔའི་ཟླ་བ་བཞིན་དུ་རྒྱས་པའི་ཞལ། ། འགྲོ་མང་དབུས་ན་ལྷུན་པོ་ལྟ་བུར་མཐོ། །(དཔེ་རྒྱན) མཁྱེན་པས་ནམ་མཁའི་མཚམས་ལས་བརྒལ། ། བརྩེ་བས་སྲིད་གསུམ་ཡོངས་ལ་སྙོམས། ། གྲགས་པས་འཛིན་མའི་ཁྱོན་ཀུན་འགེངས། ། མཛད་པས་འགྲོ་ཀུན་དགེ་ལ་སྦྱོར། །(བྱ་བ་རང་བཞིན་བརྗོད་པ) རྩོད་དུས་ཐམས་ཅད་མཁྱེན་པ་ས་སྐྱ་པ། ། ལུས་ཅན་བསོད་ནམས་དཔལ་དུ་བྱོན་གྱུར་ནས། ། མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པའི་མཆོག ། སྲིད་ཞིའི་དཔལ་མགོན་ཡོངས་འཛིན་བཟང་པོ་ཞེས། །(རིགས་མཐའ་གསལ) ཁོར་ཡུག་ས་འཛིན་བར་དག་གི ། སྐྱེ་བོ་ཀུན་གྱིས་བསྔགས་པ་ཡི། ། ཡ་མཚན་གཏམ་གྱི་གཞིར་གྱུར་དེའི། ། ཞབས་རྡུལ་ཟོལ་མེད་སྤྱི་བོས་ལེན། །(བྱ་བ་རང་བཞིན་བརྗོད་པ) མང་ཐོས་འདབ་གཤོག་རྒྱས་པའི་ནམ་མཁའ་ལྡིང་། ། ཕྱི་རྒོལ་གདེངས་ཅན་འཇོམས་པའི་མཆེ་སྡེར་ཅན། ། ནག་ཕྱོགས་ལག་འགྲོའི་གཟི་བྱིན་འཕྲོག་བྱེད་པ། ། དཔལ་ལྡན་བླ་མ་འདབ་བཟང་དབང་པོར་འདུད། །(ལྡན་པའི་གཟུགས་རྒྱན) བདེ་གཤེགས་གཅིག་གི་བསྟན་པ་ལ། ། ཐུབ་དབང་གཉིས་པ་མེད་པ་བརྫུན། ། བདེན་ན་རྒྱལ་བའི་དབང་པོ་ཁྱོད། ། བསྟན་པ་འདི་ལ་ག་ལ་འབྱོན། །(བྱུང་བ་འགོག་པ) དེ་ལྟར་བརྗོད་མ་ཐག་པས་མཚོན་པའི་བགྲང་བ་ལས་འདས་པའི་ཡོན་ཏན་དང་ནི་ལྡན། མ་དག་པའི་སྐྱོན་ཐམས་ཅད་ནི་ཟད། དུལ་བ་ལ་གནས་པའི་ཕ་རོལ་ཏུ་ནི་སོན། མཐོང་བ་དང་ཐོས་པ་ཙམ་གྱིས་ནི་ཡིད་ཐར་པ་ལ་གཡོ་བར་ནུས་པའི་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྗེ་ཆོས་ཀྱི་དབང་ཕྱུག །ཤཱཀྱའི་ཏོག་ཆེན་པོ་དེའི་གསུང་གི་བདུད་རྩི་རྣ་བའི་ལམ་དུ་འོངས་པའི་རིགས་པའི་རིམ་པ་ནི་འདི་ལྟ་སྟེ། སོ་སོར་ཐར་པའི་སྡོམ་པའི་ཚིགས་སྔ་ཕྱི་གཉིས་ཀྱི་མཁན་པོ་ཞུས་ཤིང་། སྨོན་པ་དང་འཇུག་པའི་སེམས་རིན་པོ་ཆེ་བསྐྱེད་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་【69】ཏེ། རྡོ་རྗེ་ཐེག་པའི་【70】སྒོ་ནས་རྒྱུད་སྨིན་པར་བྱེད་པ་ལ། བདེ་མཆོག་འཁོར་ལོ་དང་། དཔལ་གསང་བ་འདུས་པ་ལ་སོགས་པ་རྒྱུད་སྡེ་བཞི་【71】དང་འབྲེལ་བའི་དབང་བསྐུར་བ་【72】དང་། རྗེས་སུ་གནང་བ་ཕལ་མོ་ཆེ་དང་། གྲོལ་བར་བྱེད་པའི་ལམ་ལའང་ལམ་འབྲས་【73】སྦྱོར་དྲུག་【74】ཆོས་དྲུག་【75】དམར་ཁྲིད་【76】བདེ་མཆོག་【77】རིམ་ལྔ་【78】ལ་སོགས་པ་དུ་མ་དང་། བཤད་པ་ལ་བརྟག་པ་གཉིས་པ་【79】རྡོ་རྗེ་གུར་【80】སམྦུ་ཊི་རྒྱུད་བླ་མ་【81】ལ་སོགས་པ་རྣམས་གསན་ནོ། ། གཞན་ཡང་འགྲོ་བ་དུ་མའི་དཔལ་མགོན་དམ་པ། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་【82】པ་དང་། འཕགས་པ་འཇིག་རྟེན་དབང་ཕྱུག་སྙིགས་དུས་ཀྱི་འགྲོ་བའི་དོན་དུ་བྱོན་པའི་རྒྱལ་སྲས་ཐོགས་མེད་བཟང་པོ་【83】དཔལ་དང་། ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱི་ཐུགས་སྲས་མཁན་ཆེན་དྷརྨ་ཤྲཱི་བྷ་དྲ་【84】དང་། འཇམ་དབྱངས་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་【85】དང་། རྒྱལ་བའི་སྲས་པོ་གྲགས་པ་རིན་ཆེན་པ་【86】དང་། གླན་གྱི་མཁན་བརྒྱུད་【87】འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་གཞོན་ནུ་དབང་ཕྱུག་【88】པ་དང་། མང་དུ་ཐོས་པ་དང་བསྒོམས་པའི་ཉམས་རྟོགས་ཁྱད་པར་ཅན་གྱི་ནོར་བུས་ཐུགས་ཀྱི་བལྟམས་པར་གྱུར་པ་སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པ་【89】དང་། ལྷག་བསམ་དག་པའི་ཐུགས་ཀྱིས་འགྲོ་བ་དུ་མའི་ཐར་པའི་གོ་སྐབས་འབྱེད་པར་མཛད་པ། སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ་【90】དང་། རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟེན་པས་མཐུ་ཕུལ་དུ་བྱུང་བ་མངའ་བ་བླ་མ་འབྲི་ཕྱུག་པ་རིན་ཆེན་འབུམ་པ་【91】རྣམས་གུས་པས་བསྟེན་ནས་དབང་རྗེས་གནང་བཤད་པ་ལུང་【92】གང་བཞུགས་པ་རྣམས་ཡོངས་སུ་ཞུས་སོ། ། ཁྱད་པར་འགྲོ་མགོན་ཆོས་ཀྱི་རྗེ་【93】ཞི་བའི་དབྱིངས་ལ་སྙོམས་པར་འཇུག་པ་ལ་ཉེ་བའི་ཚེ། ངེད་ལ་མ་ཐོབ་པའི་བཀའ་ལུང་རྩད་གཅོད་དགོས་རྣམས་མཁན་ཆེན་བྱང་ཆུབ་རྩེ་མོ་【94】ལ་ཞུས་གསུང་བའི་ཞལ་ཆེམས་གུས་པའི་སྤྱི་བོས་མནོས་ནས། རིག་པའི་གནས་ལྔ་ལ་ནི་མཁས་པའི་ཕ་རོལ་ཏུ་སོན། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་ནི་འབྱོངས་པར་གྱུར། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་ནི་མངའ་བརྙེས། ཕྱི་ནང་གི་རྟེན་འབྲེལ་བསྒྲིག་པ་ལ་ནི་མཐུ་ཐོགས་པ་མེད་པ་དང་ལྡན། ཆོས་བརྒྱད་ཀྱི་སྣང་བའི་མཚན་མ་ཐམས་ཅད་ནི་ཉེ་བར་ཞི་བར་གྱུར་པའི་མཁས་གྲུབ་དམ་པ་ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་【95】སྤྱན་དྲངས་ནས་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། 【96】གསང་འདུས་【97】བདེ་མཆོག་རྩ་རྒྱུད་གདན་བཞི་【98】རྣམས་ཀྱི་བཤད་པ་དང་། སྦྱོར་དྲུག་གསང་འདུས་རིམ་ལྔ་བསྙེན་བསྒྲུབ་ནེ་གུ་ཆོས་དྲུག་【99】ལ་སོགས་པའི་ཁྲིད་དང་། དཔལ་མཆོག །【100】རྩེ་མོ།【101】 རིགས་བསྡུས་【102】ལ་སོགས་པའི་དབང་དང་དཔག་ཏུ་མེད་པའི་ལུང་གིས་རྗེས་སུ་བཟུང་བར་གྱུར་ཏོ། ། དེ་ལྟར་ན་བདག་ཉིད་ཆེན་པོ་འདིས་བཤེས་གཉེན་དམ་པ་དེ་རྣམས་ལ། རྒྱ་གར་ནས་བོད་དུ་འགྱུར་བའི་【103】སྔགས་དང་མཚན་ཉིད་ཀྱི་དབང་བཤད་པ་ལུང་མན་ངག་ཕལ་ཆེར་མ་གསན་པ་མི་སྣང་ཞིང་། བོད་ཀྱི་རྗེ་ས་སྐྱ་བ་ཡབ་སྲས་ཐམས་ཅད་ཀྱི་བཀའ་འབུམ་【104】དང་། འཇིག་རྟེན་མགོན་པོ་དཔལ་ཕག་མོ་གྲུ་པ་【105】དང་། ཆོས་རྗེ་འབྲི་ཁུང་པ་【106】དང་། རྗེ་སྤྱན་སྔ་རིན་པོ་ཆེ་ཡབ་སྲས་ཀྱི་བཀའ་འབུམ་【107】ལ་སོགས་པ་གྲགས་ཆེ་བ་ཕལ་མོ་ཆེ་【108】ལ་གསན་པ་མཛད་པ་ནི། འདིར་ཚིག་མངས་སུ་དོགས་ནས་མ་བྲིས་ཏེ། རྒྱས་པར་དེ་ཉིད་ཀྱི་གསན་ཡིག་ཏུ་བལྟས་པས་ངོ་མཚར་བའི་སྣང་བ་སྐྱེད་པར་བྱེད་དོ། ། གཅིག་གིས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་གཅིག །【109】 གཅིག་བུ་འགྲན་ཟླ་བྲལ་བ་གཏན་གྱི་སྐྱབས། །【110】 སྐྱབས་གསུམ་ངོ་བོ་རྩ་བའི་འདྲེན་པ་མཆོག ། མཆོག་གི་བླ་མ་གསུམ་【111】དང་བཅས་པ་ཡི། །(མཐའ་ཐོག་སྦྱོར་བའི་ཟུང་ལྡན) མཛེས་མཛེས་བསྡུས་འདྲའི་ཞལ་གྱི་བུམ་པ་ནས། ། མཁས་མཁས་གསུང་གི་ལེགས་བཤད་བདུད་རྩིའི་རྒྱུན། ། ཡང་ཡང་རྣ་བའི་ལམ་དུ་འོངས་པ་ན། ། བཤད་བཤད་དོན་ལ་མཐའ་ཡས་མཁྱེན་པ་རྒྱས། །(ཐོག་མར་སྦྱར་བའི་ཆོད་ཅིང་མ་ཆོད་པའི་ཟུང་ལྡན) དཔག་མེད་མདོ་དང་རྒྱུད་སྡེའི་ཐོས་པ་འཛིན། ། བླ་མེད་བླ་མའི་གསུང་གི་བདུད་རྩིས་ངོམས། ། གྲངས་མེད་འགྲོ་ལ་རྒྱལ་བའི་མཛད་པ་བསྟན། ། མཚུངས་མེད་ཁྱོད་ནི་རྒྱལ་བ་གཉིས་པ་བཞིན། །(བཞི་ཀའི་བར་དུ་སྦྱར་བའི་བར་དུ་ཆོད་པའི་ཟུང་ལྡན) རྒྱ་ཆེན་ལུང་གི་ཐོས་པས་སྒྲོ་འདོགས་བཅད། ། སྐྱོན་བྲལ་སྡོམ་པ་གསུམ་གྱིས་རང་རྒྱུད་བཏུལ། ། ལུང་རྟོགས་འཁོར་ལོ་གཉིས་ཀྱིས་བསྟན་པ་སྤེལ། ། མཉམ་མེད་ཁྱོད་ནི་བསྟན་འཛིན་གཙུག་གི་རྒྱན། །(བྱ་བ་རང་བཞིན་བརྗོད་པ) རབ་རིབ་བྲལ་བའི་བློ་མིག་དང་། ། ཐོས་ལ་དགའ་པའི་འདུན་པ་དང་། ། མཁས་ལ་འདུད་པའི་སྤྱི་གཙུག་དང་། ། ལེ་ལོ་དོར་བའི་བརྩོན་འགྲུས་ཅན། །(རིགས་མཐའ་གསལ) དེ་དག་གཞུང་ལུགས་ཆུ་གཏེར་ཆེར། ། རྣམ་དཔྱོད་གྲུ་ཡིས་ལེགས་ཞུགས་ནས། ། རང་གཞན་གྲུབ་མཐའི་རྒྱ་མཚོ་ཡི། ། ཕ་རོལ་ཏུ་ནི་ཅིས་མི་སོན། །(ཡན་ལག་གཟུགས་རྒྱན) གཞན་ཡང་བདག་ཉིད་ཆེན་པོ་འདིས་རྟོགས་པའི་མཐུ་ཕུལ་དུ་བྱུང་བ་བརྙེས་པའི་ཚུལ་ཡང་འདི་ལྟ་སྟེ། དགུང་ལོ་བཅུ་གསུམ་པའི་ཚེ་བདེ་མཆོག་ལྷན་སྐྱེས་ཀྱི་སྒོམ་བཟླས་ལ་བཞུགས་པའི་དུས་གཅིག་ན་བསྐྱེད་བཟླས་ལའང་མུན་ཁང་བྱས་ན་དགའ་བའི་རིགས་སུ་འདུག་གསུང་ནས་མུན་ཁང་དུ་ཐུགས་དམ་མཛད་པའི་སྔ་དྲོ་ཞིག་ལྷའི་ཏིང་ངེ་འཛིན་བརྟན་པའི་ཚེ། རོལ་མོའི་སྒྲ་སིལ་སིལ་ཞིག་གསན་པས་ལུས་ཀྱི་སྤུ་ལོང་གཡོ་བཞིན་པའི་ངང་ནས། ནམ་མཁའ་ལ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པ་མང་པོ་བྱོན་ནས་ལུས་ལ་ཐིམ་པ་སྙམ་བྱེད་པ་བྱུང་བ་དང་། ཆོས་ཀྱི་རྗེ་ལོ་ཙཱ་བ་ཆེན་པོའི་【112】དྲུང་དུ་ཡན་ལག་དྲུག་གི་རྣལ་འབྱོར་ཞུས་པའི་ཚེ་སོར་སྡུད་ཀྱི་ཏིང་ངེ་འཛིན་གྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་གསལ་བར་གཟིགས་ཤིང་། གཞན་རྒྱུད་ཀྱི་སེམས་ཀྱི་རྒྱུ་བ་ཕྲ་མོའང་མཁྱེན་པ་ལ་སོགས་པ་དང་། མཐོང་སྨོན་དུ་བཞུགས་དུས་ཞིག་གི་ཚེ། ཐིག་ལེ་ཁ་དོག་རྣམ་པ་ལྔའི་དབུས་སུ། དེ་བཞིན་གཤེགས་པའི་སྐུ་མཚན་དཔེས་སྤྲས་པ་དུ་མ་གཟིགས་ཤིང་།གཞན་ཡང་སྟོང་གཟུགས་ཀྱི་ལྷག་པའི་ལྷ་ལ་བདེ་མཆོག་རིམ་པ་ལྔ་པ་གསན་པ་དང་། མཉམ་གཞག་ལ་བཞུགས་པའི་ཚེ་ལུས་ཀྱི་རྩ་རྣམས་ཀྱི་གནས་ཚུལ།རླུང་གི་ཁ་དོག་དང་རྒྱུ་བའི་ཚུལ་རྣམས་ཇི་ལྟ་བ་བཞིན་གཟིགས་པ་དང་། ཆོས་རྗེ་ལོ་ཙཱ་བ་ཆེན་པོའི་སྐུ་གདུང་གི་ཕྱག་ཕེབས་པ་ལ་བསྒྲུབ་མཆོད་དང་། གསོལ་འདེབས་མཛད་པའི་རྗེས་སུ་སྒྲ་བསྒྱུར་ཆེན་པོའི་ཐུགས་རྗེ་དང་། རང་ཉིད་ཀྱི་རླབས་པོ་ཆེའི་དད་པ་དང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པའི་མཐུས་ཟླ་ཕྱེད་ཙམ་གྱི་བར་དུ་བསམ་གཏན་གྱི་བདེ་བའི་རོ་ཁྱད་པར་ཅན་རྒྱུན་དུ་བྱུང་བས་ཟས་ཀྱི་སྲེད་པ་དང་བྲལ་ཞིང་ཕྱི་ནང་གང་དུ་བཞུགས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་འགག་མེད་དུ་འཆར་བ་དང་། སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བ་དང་། མནལ་ལམ་དུ་ཆོས་རྗེ་དེ་ཉིད་ལ་ཆོས་མང་པོ་གསན་བ་དང་། དག་པའི་ཞིང་མང་པོར་བགྲོད་པ་ལ་སོགས་པའི་ཉམས་རྟོགས་ཁྱད་པར་ཅན་རྣམས་འཁྲུངས་སོ། ། རྡོ་རྗེའི་ལུས་ལ་རྡོ་རྗེའི་རྣལ་འབྱོར་གྱིས། ། གནད་དུ་བསྣུན་པས་གནད་དོན་ཕྱག་རྒྱ་ཆེ། ། དམིགས་བཅས་སྟོང་ཉིད་དམིགས་མེད་སྙིང་རྗེས་འཁྱུད། ། ཟུང་དུ་འབྲེལ་བ་ཟུང་འཇུག་དབུ་མའི་ལམ། །(རྐང་པ་བཞིའི་ཐོག་བར་སྦྱར་བའི་ཆོད་པའི་ཟུང་ལྡན) ཀུན་རྟོག་རྙོག་པའི་དྲི་མས་དག ། མི་རྟོག་ཡན་ལག་དྲུག་གི་མཚོར། ། འདབ་སྟོང་སྟོང་གཟུགས་རྫོགས་པ་ལ། ། མི་འགྱུར་འགྱུར་མེད་བུང་བས་རྩེན། །(རིང་ཐོས་རྗེས་ཁྲིད་ཀྱི་རྒྱན) ཟླ་ཉིའི་བགྲོད་པ་ཟླ་བའི་དགྲ་ཡིས་ཟོས། ། འཕོ་བའི་དྲི་མ་འཕོ་མེད་ཆུ་ཡིས་བཀྲུས། ། སྲོག་འཛིན་ཐུར་སེལ་སྲོག་རྩོལ་ལམ་གྱིས་བསྲེས། ། མི་འགྱུར་བདེ་བ་མི་མཆོག་ཁྱོད་ཀྱིས་བརྙེས། ། (རྐང་པ་བཞིའི་ཐོག་བར་སྦྱར་བའི་ཆོད་པའི་ཟུང་ལྡན) གཞན་ཡང་གདན་ས་རིན་པོ་ཆེར་བཞུགས་པའི་ཚེ། བླ་མ་རྡོར་འཛིན་པ་དགེ་བ་ལ་སྦྱོར་འདོད་པའི་འཕྲོ་ཅིག་ལ་ཡུན་རིང་མོ་ཞིག་ཙོག་པུའི་ངང་ནས་གཉིད་དུ་སོང་བའི་སང་གི་སྔ་དྲོ་དང་པོ་ལ་ཤོག་གསུང་བའི་ཞལ་ཏས་སྐུ་མདུན་དུ་འོངས་པ་ན། ཁོང་གི་ཀུན་སྤྱོད་ཀྱི་ལད་མོ་ཇི་ལྟ་བ་བཞིན་མཛད་ནས་བསྟན་པ་མཐོང་བ་དང་། བླ་མ་རིན་པོ་ཆེ་བདག་གིས་དེ་འདྲ་ཅིག་བགྱིས་ལགས་ཟེར་ནས་དད་པའི་ཤུགས་ཀྱིས་མིག་མཆི་མས་གང་བར་གྱུར་ཏོ། ། དེ་བཞིན་དུ་ཁྲིད་གཉེར་བ་དགེ་བཤེས་ཀུན་ཡེས་ཀྱིས་མཚམས་ལ་སྡོད་པའི་ཞུ་བ་ཕུལ་ནས་ཞག་བཅུ་སོང་བ་དང་། སློབ་དཔོན་གྲགས་ལེགས་པ་ལ་ཁྲིད་གཉེར་བ་ཇ་བཏུང་བར་འདོད་ནས་ཁང་སར་ཐོག་ན་ཡོད་མཆི་བ་ཁྲིད་ཤོག་གསུངས་པས། ཁོང་མཚམས་ལ་སྡོད་པར་ཞུས་ནས་ཞག་མང་མི་འགྲོ་བས་མེད་མཆི་ཞུས་པ་ན།ཡོད་མཆི་བས་ད་ལྟ་བོས་ཤོག་གསུང་བ་ལྟར་ཕྱིན་པས། ཇི་ལྟར་གསུང་བ་བཞིན་འདུག་པ་ལ། ཞལ་ཏ་བསྒྱུར་བས། རྗེ་རིན་པོ་ཆེ་ལ་ཐུགས་མཁྱེན་མངའ་བར་འདུག །དེ་བཞིན་དུ་བསམས་ནས་འོངས་པ་ཡིན་ཞེས་སྨྲས་ནས་དྲུང་དུ་ཕྱིན་ནོ། ། ཡང་སློབ་དཔོན་གྲགས་ལེགས་པ་རླུང་སྦྱོར་བསྒོམ་ཞིང་མཚམས་ལ་ཡོད་པ་ན། སེམས་མི་བདེ་ཞིང་ལུས་ཀྱི་སྟོད་གཟེར་བ་ཞིག་བྱུང་བའི་ཚེ། སྐུ་མདུན་དུ་མྱུར་པོར་ཤོག་གསུང་བའི་ཞལ་ཏ་བྱུང་བས། མཚམས་གྲོལ་ཏེ་མཇལ་ནས་ཕྱག་ཕུལ་བ་ན། རླུང་སྦྱོར་བསྒོམ་ཞིང་ཡོད་དམ་གསུང་། ཆེར་མེད་ལགས་ཞུས་པས། རྫུན་མི་དགོས་སྒོམ་པར་ཡོད་འདུག་པས། དེ་ལ་གེགས་ཡོང་བ་ཡིན། ཞག་བར་འདིར་སྡོད་ལ་འཕྲལ་གྱི་བྱ་བ་ལ་བརྩོན་པར་གྱིས་གསུང་བ་བཞིན་བསྒྲུབས་པས། སྲོད་ཀྱི་སྒྲུབ་མཆོད་ཅིག་གི་དུས་སུ། ཁྱོད་ལ་རླུང་སྦྱོར་གྱི་ཡོན་ཏན་ཅིག་སྐྱེ་འདོད་པའི་དུས་སུ་བར་ཆད་ཅིག་འོང་བར་འདུག་པས་གེགས་སེལ་ཐབས་བྱས་པ་ཡིན། ད་སོང་ལ་བསྒོམ་ལུགས་འདི་ལྟར་གྱིས་ལ་སྒོམས་ཤིག་གསུང་བ་དང་ལྷག་པར་ཡང་དད་དོ། ། གཞན་ཡང་བྱི་བ་ལོ་ཟླ་བ་བཞི་པའི་ཆོས་གཅིག་གི་ཉིན་ཡབ་ལ་བསྙེན་པར་རྫོགས་པ་བྱེད་པ་ལ་ཤོག་གསུང་བའི་ཞལ་ཏ་བསྐུར་བ་ན། རེ་ཤིག་མི་འོང་བའི་ཞུ་བ་བྱུང་བས། ཁྱེད་གྲོངས་ནས་བསྙེན་རྫོགས་བྱེད་པ་མིན་མཆི། དེ་ལྟ་མིན་ན་མྱུར་པོར་ཤོག་གསུང་བའི་ཞལ་ཏ་བསྐུར་ནས་དེ་མ་ཐག་བསྙེན་རྫོགས་མཛད། དེ་ནས་ཟླ་བ་དེའི་ཉེར་ལྔ་ལ་ཡབ་ཞི་བར་གཤེགས་སོ། ། དེ་ལྟར་ན་དེ་ལྟ་བུའི་རྣམ་པར་ཐར་པ་ལ་དཔགས་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་རྣམས་ལ་ཡང་མངོན་དུ་གྱུར་པའི་མཁྱེན་པ་འཇུག་པར་ཁོང་དུ་ཆུད་དོ། ། དུས་གསུམ་ཤེས་བྱའི་གཟུགས་བརྙན་མ་ལུས་པ། ། ཏིང་འཛིན་མེ་ལོང་ནང་དུ་ལྷང་ངེ་བ། ། གཞན་ལ་ལྐོག་ཏུ་གྱུར་པའི་གཞན་གྱི་སེམས། ། གསལ་སྟོང་ཐུགས་ཀྱི་ཡུལ་དུ་གསལ་བར་གྱུར། །(ཡན་ལག་གཟུགས་རྒྱན) ཤེས་བྱ་ཀུན་ལ་སྒྲིབ་མེད་སྤྱན། ། སྤྱན་རས་གཟིགས་དང་འཇམ་པའི་དཔལ། ། དཔལ་ལྡན་གསང་བའི་བདག་པོ་ཀུན། ། ཀུན་མཁྱེན་ཁྱོད་དང་དབྱེར་མ་མཆིས། །(མཐའ་ཐོག་སྦྱར་བའི་ཟུང་ལྡན) རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་གནད། ། མ་ལུས་མངོན་དུ་གྱུར་པས་གདུལ་བྱ་ཡི། ། ནང་གི་རྟེན་འབྲེལ་སྒྲིག་ལ་མངའ་བརྙེས་པ། ། རྣལ་འབྱོར་དབང་ཕྱུག་ཁྱོད་ནི་གྲུབ་པའི་མཆོག །(ཡོན་ཏན་རང་བཞིན་བརྗོད་པ) གཞན་ཡང་ཟེ་སྔོན་གྱི་རིའི་【113】སྟེང་གི་ནམ་མཁའ་ལ་སྤྱན་རས་གཟིགས་བཅུ་གཅིག་ཞལ་རྣམ་པ་གསལ་པ་ཅིག་བྱོན་ནས་ང་ལ་ཡི་དམ་བྱེད་ན་སྨྱུང་གནས་ཀྱིས་གསུང་པ་ལ་བརྟེན་ནས།ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔ་ལ། སྨྱུང་གནས་མ་ཆག་པར་མཛད་པ་དང་། མནལ་ལམ་དུ་འཇིག་རྟེན་གྱི་མགོན་པོ་རིན་པོ་ཆེ་དཔལ་ཕག་མོ་གྲུ་པ་བྱོན་པ་ལ་ཆོས་གསན་པ་དང་། ལྷ་སར་སྤྱན་རས་གཟིགས་ཀྱི་དྲི་གཙང་ཁང་གི་ནང་དུ་གཞན་གྱིས་མ་ཚོར་བའི་དྲི་ཕུན་སུམ་ཚོགས་པ་རྒྱུན་མི་ཆད་དུ་ཚོར་བ་དང་།མནལ་ལམ་དུ་ལྷ་སའི་སྐོར་ས་ཐམས་ཅད་འཇའ་འོད་ཀྱིས་གང་བའི་གསེབ་ན་དགེ་སློང་བླ་གོས་དང་སྣམ་སྦྱར་སྦྲགས་པ་ཞིག་གི་ཕྱག་ན་དར་དཀར་པོ་བཟུང་བ་ཅིག་གིས་དེར་འདི་ལ་འཇུས་ན་བདེ་བ་ཅན་དུ་འགྲོ་ཞེས་གསུང་བ་ལ། འདིར་ཕྱག་མཆོད་བྱེད་པ་དང་། རེ་ཞིག་ལ་མི་འགྲོ་གསུང་པའི་སྣང་བ་བྱུང་བ་དང་། མུན་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་དང་བདེ་མཆོག་གི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་མཛད་པའི་ཚེ། སྐུ་དང་རྒྱན་དང་ཕྱག་མཚན་གྱི་འོད་སྤྱན་གྱིས་ལྟ་མི་བཟོད་པ་སྙམ་བྱེད་པ་བྱུང་བ་དང་། དག་པའི་སྣང་བ་ཅན་གྱི་གང་ཟག་གཞན་གྱིས་ཀྱང་ངོ་མཚར་བའི་གནས་སུ་མཐོང་བའི་རིམ་པ་ནི། ཡར་ཀླུངས་འཕྱོས་སུ་ཐུགས་བསྐྱེད་གསུངས་པའི་དུས་སུ་བསྟན་པ་རིན་པོ་ཆེའི་རྩ་ལག་མཁས་པའི་དབང་པོ་སྙེ་ཐང་པ་བཀྲ་ཤིས་སེང་གེས། དབུའི་སྟེང་ན་རྗེ་བཙུན་མི་ཕམ་པ་བྱམས་བཞུགས་མཛད་པ་གསེར་བཙོ་མའི་མདོག་ཅན་ལམ་པ་ཅིག་གཟིགས་པ་དང་། རྟོགས་ལྡན་ཚུལ་རྒྱལ་བས་སྐུ་མདུན་དུ་དགེ་བ་ལ་སྦྱོར་འདོད་པའི་དུས་གཅིག་ན་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པར་མཐོང་ནས། དེ་ལ་སེམས་ཟིན་པ་རིང་རབ་ཅིག་བྱུང་བས་ལོ་མང་པོ་ཞིག་ཏུ་སྒྲུབ་པ་བྱས་པ་བས་བོགས་ཆེ་བ་བྱུང་བ་དང་། ཀ་བཞིའི་སྟེང་ན་སྐོར་བ་མཛད་པའི་ཚེ་ཤོད་ནས་ཆོས་ཁང་བླ་མཆོད་ཀྱིས་ཕྱག་བཙལ་ནས་བལྟས་པ་ན། སྤྱན་རས་གཟིགས་སུ་མཐོང་བ་ལ་སོགས་པ་ངོ་མཚར་བའི་རྣམ་པར་ཐར་པ་ནི་མཐའ་ཡས་སོ། ། ངུར་སྨྲིག་རྟགས་ཀྱིས་མཚན་པའི་འོད་དཔག་མེད། ། བརྩེ་བའི་གཏེར་ལས་འཁྲུངས་པའི་སྤྱན་རས་གཟིགས། ། སྤྱི་གཙུག་རྒྱན་དུ་མཛེས་པའི་མི་ཕམ་མགོན། ། རྒྱལ་དང་རྒྱལ་བའི་སྲས་ཀྱིས་རྗེས་སུ་བཟུང་། །(བྱ་བ་རང་བཞིན་བརྗོད་པ) ཁྱོད་དང་འཇིག་རྟེན་དབང་ཕྱུག་ལ། ། ཡན་ལག་རྒྱན་གྱིས་སྟོང་པ་དང་། ། རལ་པའི་ཁུར་ནི་དོར་བ་ཡི། ། ཁྱད་པར་འདི་ཙམ་ཞིག་ཏུ་ཟད། །(ཕུལ་བྱུང་གི་དཔེ) ཡང་ན་སྙིང་རྗེའི་གཞན་དབང་གྱུར་པ་དང་། ། འགྲོ་བའི་སྡུག་བསྔལ་བདག་གིར་མཇེད་ནས་སུ། ། སྤྱན་རས་གཟིགས་ཀྱི་འཕྲིན་ལས་སྒྲུབ་པས་ན། ། ཁྱད་པར་ཅུང་ཟད་ཙམ་ཡང་མེད་པར་ངེས། །(རྒྱུ་དཔེ) གཞན་ཡང་བདག་ཉིད་ཆེན་པོ་འདི་བསྙེན་པར་རྫོགས་ནས་དགེ་སློང་གི་རྟགས་དང་རྡོ་རྗེ་འཛིན་པའི་ཀུན་ཏུ་སྤྱོད་པ་རྣམས་དང་། དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་དང་། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པ་དང་། སྒྲ་བསྒྱུར་ཆེན་པོ་རྩེ་མོའི་ཞབས་དང་གསུམ་གྱི་སྐུ་དང་འབྲལ་མེད་དུ་མཛད་པ་དང་།སྤྱིར་རང་གི་བླ་མ་གང་ཡིན་དང་། ཁྱད་པར་དུ་མཆོག་གི་བླ་མ་གསུམ་གྱི་མཚན་ཐོས་པ་ཙམ་གྱིས་བ་སྤུ་འཁྲུག་ཕྱག་ཐལ་མོ་སྦྱར།ཟླ་མཆོད་མ་ཆག་པར་མཇེད་པ་དང་། དགེ་བའི་རྩ་བ་ཆུང་ངུ་ཙམ་སྒྲུབ་པ་གསན་ནའང་དབུལ་པོས་གཏེར་རྙེད་པ་ལྟ་བུའི་དགའ་བ་བསྒོམ་པ་དང་། ཡི་རང་མཛད་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་དང་། སྐྱེས་བུ་དམ་པ་རྣམས་འཁྲུངས་པ་དང་། ཆོས་གསུངས་པ་དང་།ཉམས་ལེན་མཛད་པའི་གནས་ཐམས་ཅད་དུའང་ཆི་བས་པ་གཞོལ་ནས་ཕྱག་མཆོད་མཛད་ཅིང་སྨོན་ལམ་འདེབས་པ་དང་། ཡུལ་ཕྱོགས་སུ་འཁྲུག་པ་དང་། ཡམས་ལ་སོགས་པས་ཉེ་བར་གཙེས་པ་གསན་པ་ན་སྤྱན་ཆབ་འདོན་སྙིང་རྗེ་ཆེན་པོ་སྐྱེ།སྦྱོར་བས་དེ་དག་ཞི་བའི་ཐབས་ལ་རྩོལ་བ་ལྷུར་ལེན་ཅིང་བསམ་པས་ལྷག་པའི་ལྷ་ལ་གནོད་པ་དེ་དག་ཞི་བའི་གསོལ་བ་འདེབས་པ་བཅོས་མ་མ་ཡིན་པ་མཛད་དོ། ། དེ་བཞིན་དུ་ལུང་དང་རྟོགས་པས་གཞན་རྗེས་སུ་བཟུང་བའི་ཚུལ་ཡང་རྒྱ་ནག་ཡན་ཆད། ཁ་ཆེ་ཕྱིན་ཆད་ཀྱི་བགྲང་ལས་འདས་པའི་གདུལ་བྱ་རྣམས་ལ་རང་རང་གི་སྐལ་བ་དང་འཚམ་པར་ཡིད་ཐར་པའི་ལམ་གྱི་སྣོད་དུ་འཛིན་པའི་གསལ་བའི་དབྱེ་བ་ནི་བརྗོད་པར་མི་ནུས་ཤིང་། རགས་པ་ཙམ་ནི། འཇམ་དབྱངས་ཆེན་པོ་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས། ཆོས་རྗེ་འཇམ་པའི་དབྱངས་བསོད་ནམས་རྒྱལ་མཚན་གྱིས་གཙོ་མཛད་པའི་དབུས་ཕྱོགས་ཀྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་འདུན་ཁྲི་ཕྲག་གསུམ་ལྷག་དང་བཅས་པ་སྤྱན་དྲངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། གསང་བདེ། ཟུལ་སྐྱོར། རྩེས་ཐང་གུང་ཐང་ 【114】ལ་སོགས་པའི་འདུས་པ་རྒྱ་མཚོ་ལྟ་བུ་རྣམས་ལ་ཐེག་པ་ཆེན་པོ་རྒྱུད་བླ་མ་【115】གསུངས་པས། གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་རིང་ནས་སྦྱངས་པའི་མཁས་པ་རྣམས་ཀྱང་ཐུགས་ནི་ཤིན་ཏུ་ཚིམ་ཞིང་། ཐམས་ཅད་ཀྱང་དད་པའི་སྤུ་ལོང་གཡོ་བར་མཛད་པ་དང་། གདན་ས་རིན་པོ་ཆེར་རི་པ་【116】བདུན་བརྒྱ་ཙམ་དབྱར་དགུན་ཟླ་བ་གཉིས་གཉིས་སུ་མཚམས་བཅད་ནས་ཐུགས་དམ་ལྷུར་ལེན་པའི་ཞལ་ཏ་གནང་ནས། དེ་དག་གི་ཆོས་དང་ཟང་ཟིང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་མཛད་ཅིང་། ཁྲིད་བཏབ་པའི་ཚེ་ཡང་དེ་དག་གིས་ལུས་ཀྱི་རྩ་གནས་ལ་སོགས་པ་ཇི་ལྟ་བ་བཞིན་མཐོང་བ་དང་། སྐྱིལ་ཀྲུང་མ་ཞིག་པར་རྩིག་པ་ལ་འགྲོ་ནུས་པ་བྱུང་ཞིང་། དེ་དག་སྐུ་མདུན་དུ་མཇལ་བ་ནའང་། ལ་ལས་སྤྱན་རས་གཟིགས་སུ་མཐོང་བ་དང་། ལ་ལས་ལྷ་གཞན་དུ་མཐོང་བ་ལ་སོགས་པའི་ངོ་མཚར་བའི་ལྟས་ཀྱིས་ཐུན་མོང་མ་ཡིན་པའི་དད་པ་ཐོབ་པ་དང་། འཇིག་རྟེན་མགོན་པོ་ཡབ་སྲས་【117】ཀྱི་བཀའ་འབུམ་གསུངས་པ་དང་། སེམས་བསྐྱེད་ཆེན་མོ་མཛད་རེས་ཀྱི་མེ་ཏོག་གི་ཆར་རྩོད་མེད་དུ་བབ་པ་དང་། ཆོས་ཁང་སོ་མ་རབ་ཏུ་གནས་པ་མཛད་པའི་ཚེ། མེ་ཏོག་དོར་བ་ནམ་མཁའ་ལ་རྟེན་མེད་དུ་ཆགས་པ་ཀུན་གྱིས་མཐོང་བས་དད་པར་གྱུར་པ་དང་། དྲུང་དུ་བསད་པ་ཀུན་ཀྱང་ཚུལ་ཁྲིམས་ཀྱི་དྲི་གཙང་མས་ཡིད་འཕྲོག་པར་བྱེད་དོ། ། མཁའ་གོས་གློག་གི་ཕྲེང་བས་གཏམས་པ་ལྟར། ། ཕྱི་ཡི་ཀུན་སྤྱོད་སོ་སོར་ཐར་པས་མཛེས། ། ལྷུན་པོ་ཉི་ཟླའི་སྐ་རགས་བཅིངས་པ་བཞིན། ། ནང་གི་ཐུགས་ནི་རིམ་གཉིས་ཟབ་མོས་བསྟར། །(དངོས་དཔེ) བརྩེ་དང་མཁྱེན་པ་ཐུགས་ལ་བསྡུས། ། ཁྲོ་དང་རྨོངས་པ་རིང་དུ་བསྐྲད། ། ལྷ་དང་བླ་མའི་ཏིང་འཛིན་ལ། ། དྲན་དང་ཤེས་བཞིན་འབྲལ་བ་མེད། །(རྐང་བཞིའི་བར་དུ་ཡོད་པའི་བར་དུ་ཆོད་པའི་སྒྲ་རྒྱན) མཁས་མང་དབུས་ན་ཡོན་ཏན་གཏེར་ཆེན་ཁྱོད། ། རབ་བརྗིད་སེང་གེའི་ཁྲི་ལ་སེང་གེ་བཞིན། ། ཞུམ་མེད་ཐུགས་དང་ཚངས་དབྱངས་ང་རོ་ཡིས། ། ཁྲི་ཕྲག་འཁོར་ལ་འཁོར་ལོ་གསུམ་པ་བསྐོར། །(བར་དུ་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན) སླར་ཡང་ཀུན་བཟང་ནགས་ཁྲོད་དུ། ། རྒྱུད་སྡེ་པདྨོ་ལས་འོངས་པའི། ། རྫོགས་རིམ་ཟབ་མོའི་སྦྲང་རྩའི་རོས། ། སྐལ་ལྡན་བུང་བ་ཚིམ་པར་མཛད། །(ཆ་ཤས་གཟུགས་རྒྱན) ཉིན་བྱེད་འཆར་ཀའི་མདངས་ལས་ཆེས་ལྷག་པའི། ། སྐུ་ཡི་དཀྱིལ་འཁོར་མཐོང་བར་གྱུར་མ་ཐག ། མིག་གི་འབྲས་བུར་མཆི་མའི་ཆུ་ཐིགས་གཡོ། ། ལག་པའི་ཐལ་མོ་སྙིང་ཁར་ཟུམ་པར་བྱེད། །(ཡན་ལག་གཅིག་གསུགས) བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས། ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་གསུམ་པའོ།། །།


བང་རིམ་བཞི་པ། མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། དགོངས་པ་ཡོངས་སུ་རྫོགས་པར་མཛད་པའི་རྟོགས་པ་བརྗོད་པ།

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག ། མིག་གིས་བལྟ་བས་མི་ངོམས་དབྱངས་ཅན་མ། ། མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག ། ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །(མཐའ་ཐོག་སྦྱར་བའི་ཟུང་ལྡན) དེ་ལྟ་བུའི་བདག་ཉིདད་ཆེན་པོ་འདིས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་རྒྱུད་སྨིན་པར་བྱས་པའི་མཐར། གླང་ལོ་ནས་སྐུ་བསྙུང་བའི་ཚུལ་བསྟན་【118】ཅིང་། དེའི་ཚེའང་ཐེལ་ཤོད་ཀྱི་ནང་སོ་གཉིས་ཀྱིས་ཐོག་དྲངས་【119】ནས་བུ་སློབ་སྤྱི་བྱེ་བྲག་དང་བཅས་པས་བླ་མ་དང་དཀོན་མཆོག་ལ་ནི་བཅོས་མ་མ་ཡིན་པའི་གསོལ་བ་བཏབ། དཔག་ཏུ་མེད་པའི་དགེ་འདུན་ལ་ནི་གྱ་ནོམ་པའི་བསྙེན་བཀུར་གྱིས་མཆོད། བསྟན་སྐྱོང་གི་ཚོགས་རྣམས་ལ་ནི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་འཕྲིན་ལས་གཞོལ་བའི་ཆེད་དུ་【120】ཉིན་མཚན་བར་མ་ཆོད་དུ་འབད་པའི་ཤུགས་དྲག་པོ་བསྐྱེད་དོ། ། དེ་ལྟར་བྱས་ཀྱང་གསོལ་བ་མི་ཐེབས་པའི་སྔ་ལྟས་ས་བསམ་གཏན་པ་རྣམས་ཀྱི་མནལ་ལམ་དུ། ཟེ་སྔོན་གྱི་རི་ཉིལ་བ་དང་། ཐེལ་གྱི་གླིང་རྣམས་ཕག་གྲུའི་རོངས་སུ་ལྷུང་བ་དང་། གསེར་འབྲུའི་སྟེང་དུ་ཁྱེའུ་དང་བུ་མོ་གོས་བཟང་པོ་བགོས་ཤིང་མེ་ཏོག་གི་ཐོད་དང་ཕྲེང་བ་བཅིངས་པ་མང་པོ་རིན་པོ་ཆེའི་ཁྲི་འོད་འབར་བ་གཅིག་བཏེག་ནས་འདུག་པ་ལ་བདག་ཉིད་ཆེན་པོ་འདི་བླ་གོས་ངུར་སྨྲིག་ཅིག་གསོལ་ནས། ཁྲི་དེའི་སྟེང་དུ་བྱོན་པ་དང་། ནམ་མཁའ་ལ་གཤེགས་སོ། ། དེའི་ཚེ་བདག་རྗེས་སུ་བཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་ན་ཕྱིར་ལ་ཞལ་ཕྱོགས་ནས་ཕྱག་བརྐྱང་བའི་སྣང་བ་བྱུང་ཞིང་། དེ་དག་གི་རྒྱུ་མཚན་རྣམས་ཞུ་བར་བྱའོ་སྙམ་དུ་གཉིད་ལས་སད་པ་དང་། ཡང་ཨ་ཙ་ར་རས་དཀར་པོའི་གོས་གྱོན་ཞིང་དུང་ལོང་གིས་རྣ་བ་བརྒྱན་པ་ཞིག་གིས་སེང་གེ་གཅིག་ཁྲིད་ནས་བྱུང་བ་ལ་བདག་ཉིད་ཆེན་པོ་འདིས་ཕྱག་གཡས་ན་རྡོ་རྗེ་དང་། གཡོན་པས་བུད་མེད་གཅིག་གི་ཕྲག་པ་ལ་བརྟེན་པ་ལྷོ་ནུབ་མཚམས་ཀྱི་ནམ་མཁའ་ལ་གཤེགས་པ་དང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤར་མ་ཐག་ནུབ་པ་ལ་སོགས་པའི་མཚན་མ་རྣམས་བྱུང་ངོ། ། ཟེ་སྔོན་ཟེ་བའི་ཏོག་ནི་ཉིལ་བ་དང་། ། གླིང་རྣམས་གླིང་གི་འོག་ཏུ་ལྷུང་བ་ཡི། ། རྨི་ལམ་རྨི་བའི་མཚན་མ་མཐོང་བ་ན། ། ཡིད་ལ་ཡིད་མི་བདེ་བའི་ཟུག་རྔུས་ཁྱབ། །(ཐོག་བར་སྦྱར་བའི་བར་དུ་ཆོད་པའི་ཟུང་ལྡན) གསེར་མདོག་ཆུ་འཛིན་མཁའ་ལ་རྒྱུ་བ་བཞིན། ། ལྷ་ཡི་ལམ་ནས་འོངས་པའི་རིན་ཆེན་ཁྲི། ། གངས་རི་བར་སྣང་དབྱིངས་སུ་གཡོ་འདྲ་ཡི། ། རི་དྭགས་རྒྱལ་པོའི་བཞོན་པ་ང་བ་ནི། །(དངོས་དཔེ) མ་ཕམ་རྒྱལ་བའི་ཕོ་ཉ་བ། ། མེ་ཏོག་ཐོད་ཀྱི་མཛེས་རྣམས་ཀྱིས། ། མུ་མཐའ་བྲལ་བའི་ལུས་ཅན་སྐྱབས། ། མི་ཡི་ཡུལ་ནས་སྤྱན་འདྲེན་ལྟས། །(རྗེས་ཁྲིད་ཀྱི་རྒྱན) དེ་ཚེ་མ་རུང་འཇིགས་པ་སྟེར་བྱེད་པའི། ། མི་དགེའི་མཚན་མ་མཐོང་ཞིང་ཐོས་པ་ཀུན། ། བཞིན་ལ་འཛུམ་བྲལ་སྒྲ་ཡི་སྦྱོར་བ་ཞན། ། མིག་གི་ལྟ་སྟངས་དམའ་ཞིང་ཤུགས་རིངས་འདོན། །(མྱ་ངན་གྱི་ཉམས) དེ་ལྟར་བདག་ཉིད་ཆེན་པོ་འདིས། གདན་ས་རིན་པོ་ཆེར་ཆོས་ཀྱི་རྒྱལ་སྲིད་ལོ་བཅུ་དྲུག་གི་བར་དུ་བསྐྱངས་ནས། གླང་ལོའི་དགུན་ཚོགས་ཁྲིད་གསུང་བ་ལ་བྱོན་ཏེ། འཁོར་འདུས་པ་རྒྱ་མཚོ་ལྟ་བུ་རྣམས་ལ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་གི་འབྲས་བུ་ལྟར་གཅེས་པར་སྲུང་བ་དང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བར་བྱེད་པ་དང་། རང་རེའི་བརྒྱུད་པ་འདི་བཀའ་ཕྱག་གཉིས་སུ་མེད་པ་བྱ་བ་ཡིན་པས། ཕྱིའི་ཀུན་སྤྱོད་ལེགས་པར་གསུངས་པའི་ཆོས་འདུལ་བ་དང་མཐུན་ཞིང་ནང་དུ་རྒྱུད་སྡེ་རིན་པོ་ཆེའི་དགོངས་པའི་བཅུད་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པ་ཤིན་ཏུ་གལ་ཆེ་བ་དང་། ཕྱོགས་རིས་ནས་འདུས་པའི་་པ་རྣམས་ཀྱང་རང་རང་གི་བློ་དང་འཚམ་པའི་ཀློག་པ་ཐོས་བསམ་དང་སྒྲུབ་པ་བསམ་གཏན་གྱི་འཁོར་ལོ་གཉིས་ལ་འབད་པ་ཐོན་ལ། མདོར་ན་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ལ་བལྟས་ནས་སྒོ་གསུམ་གྱི་ཀུན་སྤྱོད་ཐམས་ཅད་དེ་དག་གི་རྗེས་སུ་བསླབ་དགོས་པ་དང་། སྤྱན་སྔ་རིན་པོ་ཆེ་བསོད་ནམས་གྲགས་པ་ལ་ཡང་། ཆོས་ཀྱི་རྒྱལ་སར་བཞུགས་ལ་བསྟན་པ་རིན་པོ་ཆེའི་ཁུར་སྣོམས། བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་ཟུངས་ཞེས་པ་དང་། མིའི་དབང་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་པ་དང་། སྐུ་ཞང་གྲགས་པ་རིན་ཆེན་པ་ལའང་སྡེ་སྲིད་ཆོས་ཀྱིས་སྐྱོང་དགོས་པ་དང་། བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་འགྱུར་བའི་ཐབས་ལ་འབད་དགོས་པའི་ཞལ་ཏ་རྣམས་མཛད་དོ། ། བརྩེ་བའི་ལྟ་སྟངས་དག་གིས་འཁོར་ལ་གཟིགས། ། རྒྱལ་བའི་དགོངས་པ་གསུང་གི་ཐ་མས་བསྟན། ། ཀུན་ཀྱང་ཐོག་མཐའ་བར་དུ་དགེ་ལ་བཀོད། ། ཁྱོད་ཀྱི་མཛད་པ་མཐའ་དག་སྐྱོན་དང་བྲལ། །(བྱ་བ་རང་བཞིན་བརྗོད་པ) པད་དཀར་ཕྲེང་བས་བརྒྱན་པའི་མཚོ། ། རྒྱང་ནས་མཐོང་བའི་ངང་པ་བཞིན། ། གཞན་ཕན་ཁོ་ན་དགོངས་པ་ཁྱོད། ། གཞན་གྱི་དོན་ལ་སྐྱོ་བ་བྲལ། །(དངོས་དཔེ) ཐོས་པའི་མོད་ལ་མཆི་མ་ལྷུང་བྱེད་པའི། ། གསུང་གི་ཐ་མ་ཐོས་ཚེ་གདུལ་བྱ་རྣམས། ། བློ་དང་འཚམ་པའི་གཏམ་གྱིས་རངས་པ་དང་། ། མྱ་ངན་ཁུར་གྱིས་ནོན་པ་མཉམ་དུ་བྱུང་། །(བྱ་བ་གཅིག་པའི་ལྷ་ཅིག་བརྗོད་པའི་རྒྱན) དེ་ལྟར་བདག་ཉིད་ཆེན་པོ་སྐུ་བསྙུང་བའི་ཚུལ་བསྟན་པའི་ཚེ་མུན་ཁང་དུ་སྤོས་ཀྱི་དྲི་ཞིམ་པོ་རྒྱུན་ཆད་མེད་པར་ལྡང་བ་དང་། མཚན་མོ་ལྷའི་རོལ་མོ་སྒྲ་སྙན་པོས་བར་སྣང་གང་བ་དྲུང་དུ་ཉེ་བར་གནས་པ་ཕལ་མོ་ཆེས་ཐོས་ཤིང་། སྟག་ལོ་ཟླ་བ་གཉིས་པའི་ཚེས་བཞིའི་ཉིན། བདེ་བ་ཅན་གྱི་ཞིང་བཀོད་ཆོས་རྗེ་རྣམ་པའི་སྐུ་འདྲ་ཤོམས་གསུང་ནས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོད། ཐུགས་ཐག་པ་ནས་གསོལ་བ་བཏབ། དྲི་མ་མེད་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་ནས། དེའི་ཕྱི་དྲོའི་ཚེ་ནད་འདོན་པ་རང་ལ་འདི་ལྟར་བྱས་ཀྱང་ཆོག་སྟེ། འོན་ཀྱང་ད་རང་དུས་ཚོད་དང་བྱས་པས་ཞེས་གསུངས་ནས་འཁྲུལ་འཁོར་མཛད་ནས་ལྗན་ལྗིན་དང་བཅས་པའི་ཁ་དོག་ནག་པོ་ཇ་སུན་ཙམ་ཁ་ཡར་སྐུ་ནས་འཐོན་པ་མཛད་ཅིང་། ཚེས་ལྔའི་སྔ་དྲོ་དང་པོའི་ཚེ། སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན་པ་གདན་དྲོངས་གསུང་ནས་སྤྱན་དྲངས། དེ་ཉིན་ཉིན་ཞག་ཕྲུགས་གཅིག་གི་ཐུགས་དམ་སྔ་ཕྱིར་མཛད་དགོས་རྣམས་སྔོན་ལ་མཛད་པ་ན། སྤྱན་སྔ་ན་འཁོད་པ་རྣམས་ཀྱིས། སྐུ་ཤེད་ཆུངས་པས་ཐུགས་དམ་གྱི་རིམ་པ་རྣམས་སྔར་བཞིན་མཛད་པ་བྱུང་ན་ཞུས་པས། དེ་རིང་སྔོན་ལ་བྱེད་སང་ནས་དེ་བཞིན་བྱེད་དོ་གསུང་། དེ་ནས་ཐུགས་དམ་གྱི་རིམ་པ་ཐམས་ཅད་གྲུབ་པ་དང་། ད་ནི་ལེགས་པ་ཡིན། ཡིད་བདེ་བར་གྱིས་ཤིག་གསུངས་ཏེ། དེའང་ཉིན་ཞག་གཅིག་གི་ཐུགས་དམ་ལ། ཐོ་རངས་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རིམ་གསལ་བའི་ངང་ནས་ཨོཾ་གསུམ་མ་བརྒྱ་རྩ་རེ། ཨ་ར་པ་ཙ་ནའི་སྒོམ་བཟླས་དང་། ནམ་ལངས་མ་ཐག་སྐུ་ཁྲུས་མཛད་ནས་དཀོན་མཆོག་གི་དྲུང་དུ་བརྒྱ་ཕྱག་ཡན་ལག་བདུན་པ་དང་བཅས་པ་རེ། དེ་ནས་སེམས་བསྐྱེད་རང་གིས་བླང་བའི་ཆོ་ག་ཆེར་རེ། ཚ་གོང་དུ་དཀར་གཏོར་ཆ་བཞི། ཐུན་གཏེར་ལྔ། ཛམ་ལྷ་སེར་ནག་གི་ཆུ་སྦྱིན། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་དང་། དྲོ་རྗེས་ལ་ཚ་ཚ་བདུན་ནམ་བཅུ་གཅིག་གང་རུང་རེ། བརྒྱ་རྩ། དབྱུ་གུ། མི་གཡོ་བ་སྒྲོལ་མ་འོད་ཟེར་ཅན། རྣམ་འཇོམས་ཀྱི་གཟུངས། གཏོར་མ་ཆ་གསུམ་ཆ་བཅུ། དུས་འཁོར་གྱི་ཐུན་མཚམས་ཀྱི་གཏོར་མ། ཡུམ་གྱི་སྒྲུབ་པ་ཡིག་དྲུག་སྟོང་། སྨན་བླའི་གཟུངས་ཉེར་གཅིག་རེ། འཇམ་དབྱངས་ཀྱི་བསྟོད་པ་གཉིས་དང་འཇིག་རྟེན་དབང་ཕྱུག་གི་པོ་བསྟོད་དང་། ཕྱག་འཚལ་ཉེར་གཅིག་རྣམས་ཚར་བདུན་རེ། སྤྱན་རས་གཟིགས་ཀྱི་གཟུངས་རིང་ཐུང་དང་། ཡི་གེ་བཅུ་པ་དང་། ཏཱ་རེ་བརྒྱ་ཕྲག་རེ། རྒྱལ་བའི་བཀའ་ལ་གང་གྲུབ་ཀྱི་གློག་ཐུན་རེ། སྲོད་ཐུན་ལ་བདེ་མཆོག་དང་། དཔལ་ཀྱེ་རྡོ་རྗེ་གང་རུང་རེའི་སྒྲུབ་མཆོད་རྒྱས་པ་རེ་དང་། དེ་ནས་བླ་མའི་རྣལ་འབྱོར་དང་། བསྐྱེད་རིམ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས། མཚན་མོའི་ཆ་ལ་ཕྱག་རྒྱ་ཆེན་པོའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དང་། ཉིན་མོའང་སྔར་བཤད་པའི་སྐབས་སུ་མཚན་མེད་ཀྱི་ཐུགས་དམ་ལ་གཙོ་བོར་མཛད་དོ། ། དེ་ལྟ་བུའི་རིམ་པ་འདི་ནི་གདན་སར་བཞུགས་ནས་མྱ་ངན་ལས་འདས་པའི་ཉིན་མོ་ཡན་ཆད་ལ་ཅུང་ཟད་ཙམ་ཡང་ཆག་པ་མེད་པར་མཛད་པས་ཆོས་བརྒྱད་ཀྱི་མཚན་མའི་རྣམ་པར་རྟོག་པ་རྒྱུ་བའི་སྐབས་མི་རྙེད་དོ། ། དེ་ནས་སྤྱན་ཅུང་ཟད་ཟུམ་པའི་ལྟ་སྟངས་དང་བཅས་པ་ལས། ཞལ་འཇུམ་མཛད་ནས། ད་ལྟ་བུད་མེད་རྒྱན་གྱིས་མཛེས་པ་གཉིས་བྱུང་བའི་གཅིག་གིས་འོ་མ་དཀར་ཡོལ་འབྲུག་རྒྱབ་གང་བཟུང་ནས་འདྲེན་པའི་རྣམ་པ་བྱེད། གཅིག་གིས་དར་ཡུག་དཀར་པོ་སྣ་བརྐྱངས་ཏེ་འདིའི་སྟེང་ནས་འབྱོན་པར་ཞུ་ཟེར་གད་མོ་བྲོ་གསུང་བ་དང་། གཟིགས་སྣང་གཞན་ཅི་འདྲ་གདའ་ལགས་ཞུས་པས་ཁར་སིང་ནས་མང་པོ་བྱུང་སྟེ་ཁྱེད་རྣམས་མཆི་མ་འདོན་པ་གདའ་བ་གསུང་། དེ་རྟིང་སློབ་དཔོན་ཆེན་པོ་པ་ལ་འདའ་ཁ་མ་བསྡུས་པ་དེ་གསུང་བར་ཞུ་དང་གསུང་བ་ན། དེ་མི་དགོས་པར་གདའ་ལགས་ཞུས་པས། ཁར་སང་ནས་རྟགས་འདྲ་བ་བྱུང་། ད་ས་ཆུ་ལ་ཐིམ་པའི་རྟགས་འཆར་ཞིང་འདུག །ད་ལྟ་གསུང་བར་ཞུ་གསུང་། དེ་ནས་ཡུད་ཅིག་ན་ང་ནི་གང་བྱས་ཀྱང་བདེ་བའི་རིགས་ཅིག་གདའོ་གསུང་ངོ། ། དེའི་རྗེས་ལ་སྤྱན་བཙུམས་ནས་ཡུད་ཙམ་ཞིག་བཞུགས་ཤིང་ཞལ་གྱི་སྒྲོས་ཅུང་ཟད་ཡོ་ཙམ་མཛད་པ་ན། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག་ཅེས་གསུང་ལྷང་པ་ཅིག་བྱོན་ནས། ནམ་མཁའ་ལ་སྤྱན་ཧྲིག་གེ་གཟིགས་ཏེ་རྗེ་བཙུན་མ་རྗེ་བཙུན་མ་གསུང་ཞིང་དབུ་དུད་དུད་མཛད་པས། སྐུ་མདུན་པ་རྣམས་འཇིགས་པའི་རྣམ་འགྱུར་བྱུང་བ་ལ་ཁྱེད་རྣམས་མ་འཚུབ་སེམས་ལས་མི་དགོས་ཡི་དམ་གྱི་ལྷ་འདྲ་བ་བྱོན་པ་ཡིན། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན་མོད་གསུང་། དེ་དུས་སློབ་དཔོན་ཆེན་པོ་བས་ལན་གསུམ་གྱི་བར་དུ་ཐུགས་དམ་གྱི་གསལ་འདེབས་མཛད་དོ། ། དེ་ནས་བསྟན་པ་རིན་པོ་ཆེ་འགྲིབ་པའི་མཐར་ནི་སོན། ལུས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དཔལ་ནི་འགྲིབས། དཀར་ཕྱོགས་ཀྱི་ཉིན་བྱེད་ནུབ་རིའི་རྩེར་ན་ལྷུང་། ནག་ཕྱོགས་ཀྱི་བདུད་རིས་མུན་པའི་སྟོབས་ནི་འཕེལ་བ་ལ་བརྟེན་ནས། སྟག་ལོ་ཟླ་བ་གཉིས་པའི་ཡར་ཚེས་ལྔའི་【121】ཉི་མའི་དཀྱིལ་འཁོར་ནུབ་ཏུ་ཉེ་བའི་མཚམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་གང་ནས་བྱོན་པ་དེ་ཉིད་དུ་སྤྲུལ་པའི་སྐུ་ཡིས་གཤེགས་པར་གྱུར་ཏོ། ། ལྷག་བསམ་རྩ་བ་བརྟན་ཅིང་བརྩེ་བའི་ཡལ་འདབ་ཀུན་ཏུ་གཡོ། ། ཚུལ་ཁྲིམས་དྲི་བསུང་རྒྱས་ཤིང་གཞན་ཕན་བསིལ་གྲིབ་ཕྱོགས་བཅུར་འབབ། ། རྣམ་གྲོལ་འབྲས་བུས་བརྗིད་ཅིང་སྐལ་ལྡན་འདོད་ལྷའི་དགའ་སྟོན་དུ། ། ལེགས་པར་འཁྲུངས་པའི་དཔག་བསམ་ལྗོན་པ་གློ་བུར་ཉིད་དུ་ལྷུང་། །(ཡན་ལག་གཟུགས་རྒྱན) ཀྱི་ཧུད་བསིལ་ཟེར་ཅན་གྱི་སྤུན། ། འདྲེན་མཆོག་ཡོངས་འདུའི་ལྗོན་པ་འགྱེལ། ། འདོད་ལྷ་གཉིས་པའི་གདུལ་བྱ་རྣམས། ། ཡིད་ཀྱི་རེ་བ་འབྲས་མེད་བྱས། །(རབ་སྤེལ་རྒྱན) རླབས་ཆེན་སྨོན་ལམ་རྟ་ལྗང་སྟོབས་ཀྱིས་དྲངས། ། ཕུན་ཚོགས་དགེ་མཚན་བྱ་ཡི་ལམ་ན་མཛེས། ། ལྷུན་གྲུབ་འཕྲིན་ལས་འོད་སྟོང་དྲ་བ་ཅན། ། འདྲེན་མཆོག་བླ་མའི་ཉིན་བྱེད་དཀྱིལ་འཁོར་ནུབ། །(མཐའ་དག་གཟུགས་རྒྱན) ཀྱི་ཧུད་ཐུབ་བསྟན་མཁའ་ཡི་རྒྱན། ། ལུས་ཅན་པདྨོའི་གཉེན་གཅིག་མེད། ། འགྲོ་བའི་རྐང་དྲུག་ལྡན་པ་ཡི། ། དམ་ཆོས་སྦྲང་རྩིའི་དགའ་སྟོན་ཉམས། །(མྱ་ངན་གྱི་ཉམས་དང་འགྲོགས་པའི་ལྡན་པའི་གཟུགས) བསླབ་གསུམ་འཛིན་མའི་ཁྱོན་དུ་དུ་མའི་འགྲོ་ལ་དམིགས་པ་ཡི། ། ཤུགས་དྲག་སྙིང་རྗེའི་ཆུ་རྒྱུན་རྒྱུན་ཆད་མེད་པར་འབབ་པ་ཡི། ། དམ་པ་རྣམས་ཀྱི་རྣམ་ཐར་ཐང་འདོད་བུང་བའི་ཡིད་འཕྲོག་པ། ། སྤྱོད་ཚུལ་བཟང་པོའི་འདབ་བརྒྱ་བརྒྱ་སྟོང་གིས་མཛེས་རྫིང་བུ་སྐམ། །(དབུས་ཡོད་བར་དུ་ཆོད་ཅིང་མ་ཆོད་པའི་སྒྲ་རྒྱན) ཀྱི་ཧུད་དགེ་ལེགས་པདྨོའི་ཚལ། ། བསྐྲུན་པའི་ཡོངས་འཛིན་རྫིང་བུ་མེད། ། གདུལ་བྱ་ངང་པའི་ཉེར་འཚོའི་གཞི། ། སྒྲ་ཡི་ལྷག་མ་ཙམ་དུ་ཟད། །(མྱ་ངན་དང་འགྲོགས་པའི་གཟུགས་རྒྱན) དེ་ལྟར་བདེ་བར་གཤེགས་པ་ནས་བཟུང་སྟེ་མེ་ཏོག་གི་ཆར་པ་དང་། འཇའ་ཚོན་ཁ་དོག་སྣ་ཚོགས་པའི་ཕུང་པོ་དང་། གླིང་བྱིན་པོར་སྤོས་ཀྱི་དྲི་ཞིམ་པོ་དང་། ནམ་མཁའ་ལ་རོལ་མོའི་སྒྲ་དང་། འོད་ཟེར་དཀར་སྔོན་རེང་བུའི་དུ་པ་ཙམ་གཟིམས་ཁང་གི་ནང་དང་། སྟེང་དུ་ཁྱུག་ཁྱུག་འགྲོ་བ་བྱུང་། ཞག་བཅུ་བཞིའི་བར་དུ་སྐུའི་མདངས་ལྷག་པར་གསལ་བ་དང་། དེ་ཉེ་བར་བསྡུས་པའི་ཚེ་འང་བྱང་སེམས་དཀར་པོ་གྱེན་དུ་དང་། དམར་པོ་འོག་ཏུ་གཤེགས་པ་རྒྱུད་སྡེ་ནས་བཤད་པའི་རྟགས་ཁྱད་པར་ཅན་བྱུང་ཞིང་། དེའི་དུས་ན་བདག་ཉིད་ཆེན་པོ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་ལྡན་ཞིང་དམ་ཚིག་སྒོམ་པ་རྣམ་པར་དག་པའི་སློབ་མ་འགའ་ཞིག་གིས་གསོལ་བ་དྲག་པོ་བཏབ། རྗེས་ཀྱི་རྨི་ལམ་དུ་བདེ་བར་གཤེགས་པའི་སྣང་བ་འདུག་པའི་ངང་ནས། སྤྱན་སྔ་རིན་པོ་ཆེ་བྱམས་མགོན་གྱི་དྲུང་དུ་བཞུད་ཅེས་ངག་ཏུ་གསོལ་བ་འདེབས་ཤིང་། ལུས་ཉམས་བབས་པ་སྙམ་བྱེད་ནས་འཁྲབས་པའི་ཚེ་སྐུ་གདུང་གི་དྲུང་དུ་འགྲོ་སྙམ་ནས་ཕྱིན་པ་ན། བུད་མེད་གསུམ་གྱིས་གདུང་གཉེར་བྱེད་ཅིང་སྤོས་འབུལ་བར་འདུག་པའི་བཞུགས་གདན་གྱི་རྩ་ན་རིན་པོ་ཆེའི་ཁྲི་ཟུང་གསུམ་པ་ཡར་མར་གྱི་འཕྱད་ལ་རིན་པོ་ཆེའི་ཕྲ་འོད་འཕྲོ་བས་བརྒྱན་པ་ཞིག་འདུག་པ། དགའ་ལྡན་དུ་གདན་འདྲེན་པའི་ཁྲི་ཡིན་ཟེར་པ་རྨིས་པ་དང་། དེ་བཞིན་དུ་བདག་ཉིད་ཆེན་པོ་འདི་འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་ཆོས་གྲགས་རྒྱ་མཚོའི་དབྱངས་ཀྱི་དྲུང་དུ་འབྱོན། དེ་ནས་སྐྱེ་བ་གསུམ་པ་ལ་འཛམ་བུའི་གླིང་གི་ལྷོ་ནུབ་ཀྱི་ཕྱོགས་སུ་འབྱོར་ལྡན་ཅིག་ཏུ་སྐྱེ་བ་བཞེས་ཏེ། ས་ལམ་ཕལ་ཆེར་བགྲོད་དེ། དེའི་སྐྱེ་བ་ཕྱི་མ་ལ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཞེས་སྒྲ་གྲགས་པ་རྨི་ལམ་དུ་བྱུང་ཞིང་གཞན་ཡང་། སངས་རྒྱས་པའི་ཡབ་ཡུམ་མཚན་འཁོར་སྐུ་ཚེའི་ཚད་སྐྱེ་བ་གཉིས་པའི་ཚུལ་རྣམས་ནི་གསལ་བར་རྨིས་ཀྱང་སད་པ་དང་དྲན་ལམ་ན་གསལ་བར་མ་གྱུར་ཞེས་ཟེར་རོ། ། དེ་ནས་བདེ་བར་གཤེགས་པའི་ཟླ་བ་དེའི་ཉེར་གཉིས་ཀྱི་ནུབ་མོ་སྐུ་གདུང་ཞུགས་ལ་ཕུལ་ཞིང་། དེའི་ཚེ་གླིང་གི་སྤྱིལ་བོ་ཐམས་ཅད་ཀྱི་སྟེང་དུ་སོ་སོ་ནས་མར་མེའི་ཕྲེང་བ་ཚར་དུ་དངར་བ་ཕུལ་བའི་འོད་ཀྱིས་མུན་པའི་གོ་སྐབས་ཐམས་ཅད་ཕྲོགས་ཤིང་ཟླ་བའི་དཀྱིལ་འཁོར་ས་ནས་ནམ་མཁའ་ལ་འཕགས་པ་ལྟར་གྱུར་ཏོ། ། དེའི་ཚེའང་འདབ་མའི་གྲངས་དང་ཁ་དོག་གཅིག་ཏུ་མ་ངེས་པའི་མེ་ཏོག་རྣམས་ནི་བར་མཚམས་མེད་པར་བབ། སྔོ་སེར་དཀར་དམར་གྱི་ཁ་དོག་བཀྲ་བའི་འཇའ་ཚོན་རྣམས་ནི་གུར་ཕུབ་པ་དང་བླ་རེས་བྲེས་པ་བཞིན་དུ་སྣང་། དད་པའི་གདུང་ཤུགས་ཀྱིས་གསོལ་བ་འདེབས་པའི་ཚེ་དེའི་སྒྲ་རྣམས་ཀྱིས་ནི་ས་གཞི་ཐམས་ཅད་བར་བེར་པོར་གྱུར་ཏེ། ། དེ་ནས་གངས་རིའི་ཁྲོད་ཀྱི་ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་ན་རྒྱལ་མཚན་ཀྱི་ཏོག་ལྟར་མཐོ་བོ། ཏ་དབེན་བཞི་ཐོག་པ་ཀུན་དགའ་རིན་ཆེན་པས་གཙོ་མཛད་པའི་དགེ་བའི་བཤེས་གཉེན་དུ་མས་གདན་ས་རིན་པོ་ཆེར་ཕྱི་ནང་གི་དཀྱིལ་འཁོར་དཔག་ཏུ་མེད་པའི་སྒྲུབ་མཆོད་མཛད་ཅིང་གསོལ་བ་འདེབས་པ་དང་། སྣེ་གདོང་དང་གོང་དཀར་དུའང་དགེ་བའི་བཤེས་གཉེན་དགེ་འདུན་དང་བཅས་པ་དུ་མས་ཞག་མང་པོའི་བར་དུ་སྒྲུབ་མཆོད་གསོལ་འདེབས་མཛད་དོ། ། ཟླ་བ་དེའི་ཉེར་བརྒྱད་ཀྱི་ཉིན་ཏ་དབེན་བཞི་ཐོག་པས་གཙོ་མཛད་པའི་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ཁྲི་ཕྲག་མང་པོ་ལ་ཐེལ་ཤོད་ཀྱི་ནང་སོ་གཉིས་ནས་ཕུལ་དུ་བྱུང་བའི་བསྙེན་བཀུར་གྱིས་མཆོད་ཅིང་། རེ་བ་རྫོགས་པའི་སྦྱིན་གཏོང་གིས་ཚིམ་པར་མཛད་པས་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱས་སོ། ། དེ་ནས་གནམ་སྟོང་གི་ཉིན་སྐུ་གདུང་གི་ཕོ་བྲང་ཞལ་ཕྱེ་བའི་དུས་སུ་རིང་བསྲེལ་གྱིས་བྱུར་བུར་གཏམས་པར་གྱུར་ཅིང་། འཇའ་འོད་དང་མེ་ཏོག་གིས་བཀྲ་བར་བྱས་པས་ཐམས་ཅད་ལ་ངོ་མཚར་བའི་སྣང་བ་བསྐྱེད་པར་མཛད་དོ། ། དེ་ནས་འཆི་མེད་བུ་མོའི་ལག་པ་ཡིས། ། གཏོར་བར་གྱུར་པའིཔདྨོ་གཞོན་ནུ་རྣམས། ། མཁའ་ལས་འོངས་པ་ས་ལ་འཁྲིགས་པ་ནི། ། རབགསལ་གངས་རིའི་སྟོད་གཡོགས་ཉིལ་བ་བཞིན། །(དངོས་དཔེ) ཚིག་མདའི་དབང་པོས་བསྒྲུབས་པའི་དབང་པོའི་གཞུས། ། ནམ་མཁའ་ཟ་འོག་གོས་ཀྱི་སྦུབས་སུ་བཙུད། ། སྒྲོན་མའི་འོད་ཚོགས་འདུས་པའི་འོད་ཀྱི་མཐུས། ། ས་གཞི་ཟླ་བའི་འོད་ཀྱིས་བྱུགས་བཞིན་བྱས། །(སེམས་མེད་རབ་བཏགས) རབ་མཆོག་དྲི་ཡི་བསུང་གིས་གླིང་རྣམས་ཀུན། ། མ་ལ་ཡ་ཡི་རི་བོ་བཞིན་དུ་གྱུར། ། འཛིན་མ་བཅུད་ཀྱིས་སྤངས་པར་མཐོང་བ་ན། ། ཡིད་ཀྱི་དགའ་བ་འཁྲུགས་པས་རིང་ཞིག་འདར། །(ཏིང་ངེ་འཛིན་གྱི་རྒྱན) དེ་ཚེ་མཆིལ་མས་འགགས་པའི་མགྲིན་པ་ནས། ། འཛེར་འཛེར་སྒྲ་ཡི་ཚེ་དེ་དྲག་པོ་བཏོན། ། ཁ་ཅིག་ས་ལ་འགྱེལ་ཞིང་སྨྲེ་སྔགས་འདོན། ། གཞན་དག་དྲན་པ་ཉམས་ཏེ་གཡོ་བ་མེད།།(སྡུག་བསྔལ་འཕེལ་བ་མྱ་ངན་གྱི་ཉམས) ཐམས་ཅད་མྱ་ངན་ཁང་བུར་བཙུད། ། སེམས་ཀྱི་བདེ་བའི་གོ་སྐབས་བཅོམ། ། བརྩེ་ཆེན་ཁྱོད་ཀྱི་བརྩེ་བ་ཡང་། ། བདག་ཅག་རྣམས་ལ་མིང་དུ་སོང་། ། (སྡུག་བསྔལ་འཕེལ་བ་མྱ་ངན་གྱི་ཉམས) མྱ་ངན་རི་བོས་སེམས་ལ་ནོན་པ་ཡི། ། ཉམ་ཐག་གྱུར་པའི་གནས་སྐབས་དེ་མཐོང་ནས། ། སྐབས་གསུམ་པ་ཡིས་མྱ་ངན་བསལ་བའི་ཕྱིར། ། ངོ་མཚར་མིག་གི་དགའ་སྟོན་བསྒྲུབས་པ་འདྲ། །(སེམས་ལྡན་རབ་བཏགས) བརྩེ་མེད་ལྷ་ཡི་དབང་པོ་ཡིས། ། མི་ཡི་འདྲེན་པ་སྤྱན་དྲངས་ནས། ། མེ་ཏོག་འཇའ་ཚོན་སྒྱུས་བྲིད་ཀྱང་། ། བདག་ཅག་དགའ་བར་ག་ལ་འགྱུར། །(ཏིང་ངེ་འཛིན་གྱི་རྒྱན) ཡང་ན་འདྲེན་མཆོག་བླ་མས་བདག་ཅག་རྣམས། ། ཡོངས་སུ་བཟུང་བ་བཏང་ནས་དགའ་ལྡན་དུ། ། མི་ཕམ་ཆོས་རྗེའི་དྲུང་དུ་གཤེགས་པ་ཡི། ། འགྱོད་འདལ་ཁྱོད་ལ་བྱས་ན་བཞད་གད་རྒྱུ། །(བཞད་གད་ཀྱི་ཉམས) དེ་ནས་སྔར་གྱི་ཞལ་ཆེམས་ཀྱི་ལུགས་བཞིན། ཏ་དབེན་བཞི་ཐོག་པ་【122】དང་། བདག་པོ་གྲགས་པ་རྒྱལ་མཚན་པ་དཔོན་ཞང་ 【123】དང་། མཁན་སློབ་གྱིས་ཐོག་དྲངས་པའི་ཆེ་བགྲེས་རྣམས་ཀྱིས་ཞུ་བ་ཕུལ་ནས། སྤྱན་སྔར་རིན་པོ་ཆེ་བསོད་ནམས་གྲགས་པ་ཟླ་བ་གསུམ་པའི་ཚེས་བཞི་ལ། ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་【124】ཞིང་། དཔག་ཏུ་མེད་པའི་ལུས་ཅན་གྱི་མགོར་སྐྱབས་སུ་དབང་སྐུར་རོ། ། དེ་ཉིན་ནས་གཟིམས་མལ་གསེར་སྒྱུར་དང་། ཚོགས་དང་གཟིམས་སྤྱིལ་གྱི་དར་སྐུ་བཞེངས་པའི་འགོ་བཙུགས་ཤིང་། གཟིམས་མལ་གསེར་སྐུའི་ལུགས་བཏང་བའི་ཉིན་བཟོའི་འཇའ་ཚོན་ཁ་དོག་སྣ་ལྔ་པ་ཟུག་པ་དང་། མེ་ཏོག་ཁ་དོག་དཀར་པོ་དང་སེར་པོ་དང་ཅུང་ཟད་སྔོ་བ་འདབ་མ་བཞི་པ་དང་། ལྔ་པ་ཡུ་བ་ཅན་མང་དུ་བབ་ཅིང་། བཟོའི་གནས་རྣམས་མྱུར་དུ་གྲུབ་ནས་ཟླ་བ་བཞི་པའི་ཡར་ཚེས་བརྒྱད་ལ་ཡང་དགོན་དུ་གདན་དྲངས། དབུ་ཐོད་རིལ་པོར་བྱོན་པ་གཟིམས་མལ་གསེར་སྐུའི་ཐུགས་ཀར་བཞུགས་སུ་གསོལ་ཏེ་རབ་ཏུ་གནས་པ་མཛད་དོ། ། དེ་ནས་སྤྱན་སྔ་རིན་པོ་ཆེ་དང་།བདག་པོ་བའི་ཞལ་ཏའི་ལུགས་བཞིན་སྐུ་ཞང་གྲགས་པ་རིན་ཆེན་པ་【125】དང་། སློབ་དཔོན་གྲགས་ལེགས་པས་【126】རྩོལ་བ་ཆེན་པོ་དང་། བླ་མ་སེང་གེ་རྒྱལ་མཚན་པས་ཞལ་བཅོས་ཕུན་སུམ་ཚོགས་པ་མཛད་པ་ལ་བརྟེན་ནས། གསེར་གྱི་སྒོ་མངས་མཐོ་ཞིང་ཚད་དང་ལྡན་པ་བཟོའི་ཞིང་། ཆ་རྣམས་ཡོངས་སུ་རྫོགས་པ་དགས་སུ་ཐོན་པ་སྔོན་མེད་པ་ཞིག་མྱུར་པོར་གྲུབ་པའི་སྐུའི་རྟེན་དང་། གོང་དཀར་【127】དུའང་གསུང་གི་རྟེན་དུ་དམིགས་ནས་བསྟན་བཅོས་འགྱུར་རོ་ཅོག་【128】དགས་སུ་ཐོན་པ་【129】བཞེངས་པ་དང་། ཐུགས་ཀྱི་རྟེན་མངོན་པར་རྫོགས་པར་བྱང་ཆུབ་པའི་གསེར་གྱི་འབུམ་པ་ཆེན་པོ་【130】དང་བཅས་པས་ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་རྣམས་ཡར་ངོའི་ཟླ་བ་བཞིན་དུ་རྒྱས་པར་མཛད་དོ། ། གཟི་བརྗིད་རབ་གསལ་གཟི་འོད་འཁྱུག་པ་ཡི། ། ཕྱོགས་ཀུན་འགེངས་པའི་ཕྱོགས་ཀྱི་བང་རིམ་ཀུན། ། ཀུན་ནས་མཛེས་སྐུ་ཀུན་གྱིས་བསྐོར་བ་ཡི། ། བཀྲ་ཤིས་འོད་འབར་བཀྲ་ཤིས་སྒོ་མངས་འདི། །(ཐོག་བར་ཡོད་པའི་བར་དུ་ཆོད་པའི་ཟུང་ལྡན) མཐོང་བའི་ཡིད་རབ་འཕྲོག་ལ་རྒྱལ་བ་བཞིན། ། བྱིན་རླབས་རླབས་ཆེན་གཡོ་ལ་རྒྱ་མཚོ་བཞིན། ། ལྷུན་གྲུབ་དཔལ་གྱིས་བརྗིད་ལ་རི་དབང་བཞིན། ། བྱེད་པོས་མཛེས་མཛེས་གཅིག་ཏུ་བསྒྲིགས་པ་བཞིན། །(རྒྱུ་དཔེ) པད་ཚལ་གྱིས་ནི་བུང་བ་དང་། ། འོད་དཀར་གྱིས་ནི་རི་བོང་དང་། ། སྨིན་ལེགས་གཟུགས་ལ་ཡིད་སྲུབས་བཞིན། ། འདི་ནི་འགྲོ་བའི་ཡིད་རྣམས་འཛིན། །(མང་བའི་དཔེ) འཆི་མེད་ལམ་གྱི་སྐྱེད་ཚལ་དུ། ། རྒྱུ་སྐར་ཕྲེང་བས་ཟླ་བ་བཞིན། ། ངོ་མཚར་རྟེན་གྱི་ཕྲེང་བ་ཡི། ། དབུས་ན་ཤིན་ཏུ་མཛེས་པར་གྱུར། །(དངོས་དཔེ) མགོན་པོ་ཁྱོད་ཀྱི་མཛད་པ་ལ། ། ལ་ལས་གནས་སྐབས་ཐམས་ཅད་དུ། ། དུ་མའི་བློ་ཡིས་བརྟགས་པ་ཀུན། ། ཀུན་མཁྱེན་དངོས་ཀྱི་འདུ་ཤེས་ཐོབ། །(མཐའ་ཐོག་སྦྱར་བའི་ཟུང་ལྡན) དེ་ལྟ་ན་ཡང་སྐལ་ངན་ལ། ། རང་གི་ཉེས་པས་གཞན་དུ་སྣང་། ། རྙོག་པའི་ཆུ་ལ་སྟོན་ཟླའི་གཟུགས། ། མེད་ཀྱང་ཟླ་བའི་སྐྱོན་མ་ཡིན། །(མི་འོས་པའི་དོན་གཞན་བཀོད་པའི་རྒྱན) འདྲེན་མཆོག་མཆོག་ཏུ་གྱུར་པ་སྲིད་པའི་དཔལ། ། དཔལ་གྲགས་གྲགས་པའི་གཏེར་དུ་གྱུར་པ་གང་། ། གང་དེ་དེ་བཞིན་གཤེགས་པའི་ཞིང་གཞན་གཤེགས། ། གཤེགས་ཤུལ་ཤུལ་བཟང་ལམ་དེར་ཀུན་གྱིས་བསྔགས། །(དབུས་ཡོད་བར་དུ་ཆོད་ཅིང་མ་ཆོད་པའི་ཟུང་ལྡན) བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་ལས་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། དགོངས་པ་ཡོངས་སུ་རྫོགས་པར་མཛད་པའི་རྟོགས་པ་བརྗོད་པའི་བང་རིམ་སྟེ་བཞི་པའོ།། །།

མཇུག་རྩོམ། ཡིད་འཕྲོག་ཉམས་དང་འགྱུར་བའི་རོ་ལྡན་པའི། ། སྤེལ་ལེགས་ལེའུའི་བང་རིམ་མཛེས་པའི་ནང་། ། དོན་བཟང་རིན་ཆེན་བཞི་ཡི་བརྗོད་བྱའི་ལུས། ། དབྱངས་ཅན་པིར་གྱིས་བྲིས་པའི་མཛེས་སྡུག་སྐུ། ། ཡོངས་སུ་གང་བའི་རྟོགས་བརྗོད་ལྷུན་པོ་ཆེ། ། བྱིན་རླབས་གཟི་འོད་འབར་བའི་གཙུག་ལག་ཁང་། ། གཏིང་ཟབ་ཕ་མཐའ་བྲལ་བའི་རྣམ་དཔྱོད་ཀྱི། ། བློ་གྲོས་ཆུ་གཏེར་ཆེ་དེར་ཁོ་བོས་བཞེངས། །(ཆ་ཤས་གཟུགས་རྒྱན) གང་དེ་འཛིན་མའི་ཁྱོན་ཡངས་ཡངས་པའི་རྒྱལ་སྲིད་སྲིད་ལ་རབ་བརྩེ་བྱམས་པའི་ཐུགས་ནི་དུལ་བ་ཡིས། ། གང་གིས་བསྐྱངས་པའི་གྲགས་དཀར་དཀར་བའི་འཕྲིན་ལས་ལས་ཀྱིས་བཅིངས་པ་རྣམས་ལ་རབ་མཆོག་བདེ་བ་སྟེར། ། གང་གི་མཐུ་ཡིས་ཐུབ་བསྟན་བསྟན་པའི་རྒྱལ་མཚན་མཚན་མེ་རྒྱུ་འདྲའི་ནག་ཕྱོགས་རྣམས་ཀྱིས་མི་བཟོད་པ། ། གང་དུ་གུས་པས་རབ་འཛིན་འཛིན་མའི་དཀྱིལ་འཁོར་འཁོར་ལོས་བསྒྱུར་ཞིང་སྐྱོང་བའི་གསུང་གིས་བསྐུལ་བ་དང་། །(བར་དུ་སྦྱར་བའི་ཆད་ཅིང་མ་ཆོད་པའི་ཟུང་ལྡན) དཔལ་ལྡན་བླ་མ་མཉེས་པར་བྱས་པ་ཡི། ། གྲགས་པ་བཟང་པོས་ཕྱོགས་རྣམས་ཀུན་ཁྱབ་ཅིང་། ། བདེ་ལེགས་ཡིད་ལ་སྨོན་བཞིན་གྲུབ་པ་དེས། ། ཕུན་ཚོགས་མཐུན་རྐྱེན་སྦྱར་བའི་མཐུ་ལས་ཡིན། །(ཐོབ་བྱེད་ཀྱི་རྒྱུ་རྒྱན) གྲགས་པའི་མཚན་ཅན་ཡོངས་འཛིན་གྱི། ། འཁོར་ལོས་མཚན་པའི་ཞབས་ཀྱི་རྡུལ། ། གང་གི་སྤྱི་གཙུག་ལ་འཕོས་པ། ། དཔལ་ལྡན་དཔའ་བོ་གཉིས་པ་ཡིས། །(དངོས་དཔེ) འདྲེན་པ་དེ་ཡི་ཆོས་ཀྱི་ཀུན་སྤྱོད་ནི། ། འབའ་ཞིག་སྙན་དངགས་ལམ་དུ་མཚོན་པར་བྱས། ། དམ་པ་རྣམས་ཀྱིས་མཐོང་ན་ཁྲེལ་བའི་གཞི། ། ཟང་ཟིང་གཏམ་གྱི་སྦྱོར་བ་འདིར་མ་བཀོད། །(མངོན་འགྱུར་འགོག་པ)

ལེགས་བཤད་དགའ་སྟོན་མྱོང་བའི་གེགས། ། ཁེངས་པ་དོར་ནས་མཁས་པ་བསྟེན། ། རབ་འབྱམས་གསུང་རབ་དོན་ལ་སྦྱངས། ། ཚིག་རྒྱན་གཞུང་ལ་འདྲིས་པ་བྱས། །(བྱ་བ་རང་བཞིན་བརྗོད་པ) དེ་ཕྱིར་སྙན་དངགས་གཞུང་དང་མི་འགལ་ཞིང་། ། སྙན་དངགས་ཆེ་ལ་རིང་ནས་སྦྱངས་རྣམས་ཀྱི། ། རྣ་བའི་ལམ་དུ་བདེ་བ་སྟེར་བྱེད་པའི། ། རྟོགས་བརྗོད་ལྷུན་པོ་འདི་འདྲ་བདག་གིས་རྙེད། །(རྒྱུ་རྒྱན) ཕྲག་དོག་ཟུག་རྔུའི་རབ་རིབ་ཀྱིས། ། བློ་མིག་ཁེབས་པ་དེ་ཡིས་ནི། ། ལེགས་བཤད་འགྲན་ཟླ་བྲལ་འདི་ཡི། ། ཕུན་ཚོགས་ཇི་ལྟར་བཟོད་པར་ནུས། །(མི་འོས་པའི་གཟུགས་རྒྱན[གཟུགས་རྒྱན་ཉི་ཤུ་ལས་དོན་གཞན]) དེ་ལྟ་ནའང་ལེགས་བཤད་འཇིག་རྟེན་དུ། ། བྱུང་ན་མཁས་རྣམས་དགའ་ཞིང་ཕྲག་དོག་ཅན། ། ཡིད་མི་བདེ་བ་འཕེལ་བ་ངང་ཚུལ་ཡིན། ། དེ་ཕྱིར་དེ་ལ་བདག་གིས་ཅི་བྱར་ཡོད། །(མངོན་འགྱུར་འགོག་པ) རྒྱལ་སྲས་བླ་མ་བལྟམས་པ་ནས། ། ཞི་བའི་དབྱིངས་སུ་ཞུགས་ཀྱི་བར། ། རྒྱལ་བའི་མཛད་པ་རྨད་བྱུང་ཚུལ། ། སྙན་དངགས་རྒྱན་གྱིས་སྤེལ་བ་འདི། །(རིགས་མཐའ་གསལ) འཕགས་པའི་ཡུལ་གྱི་སྨྲ་བའི་དབང་པོ་མཆོག ། དཔལ་ལྡན་དཔའ་བོ་རྒྱ་གར་ནས་གཤེགས་པ། ། གངས་རིའི་ཁྲོད་ཀྱི་སྙན་དངགས་མཁན་གཅིག་པུ། ། བློ་བཟང་གྲགས་པའི་དཔལ་དུ་གྱུར་པས་སྦྱར། །(ཟླ་བོ་དངོས་དཔེ) ཚུལ་འདིར་ཞུགས་ལས་ལས་དཀར་གང་ཞིག་བསགས་པ་དེས། ། དཔལ་ལྡན་བླ་མ་མ་ལུས་འགྲོ་བའི་སྐྱབས་གྱུར་དེའི། ། དྲི་མེད་ཐུགས་དགོངས་དགོངས་པ་ཇི་བཞིན་རྫོགས་པ་དང་། ། ལུས་ཅན་མཐའ་དག་དག་པའི་ས་ལ་གནས་པར་ཤོག །(དབུས་སུ་ཡོད་པའི་བར་དུ་ཆད་ཅིང་མ་ཆད་པའི་ཟུང་ལྡན) རྟོགས་བརྗོད་ལྷུན་ནོ་ལྷུན་ནོ་ཇི་སྲིད་གནས་ཀྱི་བར། ། བློ་གསལ་གཞོན་ནུ་གཞོན་ནུའི་དུས་ནས་སྦྱངས་རྣམས་ཀྱིས། ། དགེ་ལེགས་དཔག་མེད་དཔག་མེད་འགྲོ་ལ་སྩོལ་བ་དང་། ། བློ་གྲོས་མཐའ་མེད་མཐའ་མེད་ཤེས་བྱ་ལ་རྒྱས་ཤོག ། (དབུས་དུ་ཡོད་པའི་བར་དུ་ཆད་ཅིང་མ་ཆད་པའི་ཟུང་ལྡན) བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ་འདི་ནི། མིའི་དབང་པོ་བདག་པོ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་【131】བཀས་བསྐུལ་ཞིང་། ཆོས་ཀྱི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་གུས་པས་སྤྱི་བོས་ལེན་པ་སློབ་དཔོན་སྒོམ་པ་གྲགས་པ་ལེགས་གྲུབ་ཀྱིས་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་པ་ལ་བརྟེན་ནས། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང་ཁེངས་པ་བྲལ་ཞིང་། ཐུབ་པའི་བརྟུལ་ཞུགས་ལ་ལེགས་པར་གནས་པ། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་སྙན་དངགས་མཁན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་【132】གྱིས། ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་ཕྱིན་པའི་ཚེ་སྦྱར་བའི་ཡི་གེ་པ་ནི་མདོ་སྟོད་དུ་སྐྱེས་པའི་བཙུན་པ་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས་【133】སོ། །


༄༅། །སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ལྷུན་པོའི་ཚིག་དོན་འགའ་ཞིག་གི་མཆན་འགྲེལ་མདོར་བསྡུས།


བང་རིམ་དང་པོའི་མཆན་འགྲེལ། བྱང་རྒྱུད་ཁ་བའི་རི་ཚོམས་སྒྲིག་པའི་ཞིང་༎ ཆོས་རིག་སྣང་བས་ཀ་ཆེན་འཛུགས་པའི་འཕྲུལ༎ མེས་པོའི་བློ་ལས་འགོངས་པའི་མཛད་བཟང་གིས༎ ཤིས་པར་སྒྲུབ་པའི་སྔོན་བྱོན་མཁས་རྣམས་མཆོད༎ དམ་པའི་རྟོགས་བརྗོད་གསེར་གྱི་ལྷུན་པོའི་ངོགས༎ དུས་ཀྱི་རྡུལ་ཚོགས་སྤྲུག་པའི་རྔ་གཡབ་འདི༎ བློ་གསལ་མིག་ལ་འོད་ཀྱི་དགའ་སྟོན་དཔལ༎ ཅུང་ཟད་འགྱེད་པའི་ངལ་བ་བསྟེན་ནས་གཡོ༎ འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་ཀྱི་ཚིག་དོན་འགའ་ཞིག་ལ་རྒྱས་བསྡུས་འཚམ་པའི་མཆན་འགོད་ཅིག་ཞུ་བ་འདོད་དེ། དེ་སྔོན་གདན་སར་སྡོད་རིང་འདི་ཉིད་ལན་གཅིག་མིན་པར་ཐེངས་མང་ཁྲིད་ཁུལ་བྱས་ཤིང་། བར་ལམ་ནས་བློ་གླིང་དཔེ་མཛོད་ཀྱིས་སྒྲ་འཇུག་བྱས་ནས་འོད་སྡེར་འགྲེམས་ཚོང་ཡང་གནང་འདུག་པར་རང་ཉིད་ཀྱིས་སྐྱར་དུ་ཉན་ཞིབ་བྱས་པས། བཟླས་བཤད་འགལ་འཁྲུལ་རིགས་ཀྱང་དུ་མ་ཞིག་ཐོན་ཡོང་གི་འདུག་པ་དང་། ཕྱིས་ཝཱཎ་ཆེས་མཐོའི་གཙུག་ལག་སློབ་གྲྭར་ཡང་སློབ་ཚན་དུ་ཡོད་སྟབས། ཟུར་ཁྲིད་ཐེངས་མང་བྱས་པའི་རྒྱུད་རིམ་དང་། ཤེས་རིག་ལས་ཁུངས་ཀྱིས་བཀོད་བསྒྲིགས་གནང་བའི་སློབ་གྲྭ་ཁག་གཅིག་ཏུའང་འདི་ཉིད་སློབ་ཚན་དུ་བཞག་གནང་མཛད་འདུག་པ་དེ་ཀུན་ལ་ཕན་ཐོགས་ཅུང་ཟད་ཡོང་རེས་མཆན་འགྲེལ་འདི་བཞིན་འབྲི་འདོད་བྱུང་། ད་ཕན་བོད་ཀྱི་མཁས་པ་མི་ཉུང་བ་ཞིག་གིས་མཛད་པའི་སྙན་ངག་རང་བཞིན་གྱི་རྟོགས་བརྗོད་དང་། སྒྱུ་རྩལ་གྱི་རྣམ་པ་འབུར་དུ་ཐོན་པའི་རྩོམ་ཆོས་རྟ་མོག་གི་སྤུ་ལྟར་མཆིས་པའི་ཁྲོད་ནས། འདིའི་ཁྱད་ཆོས་འགའ་ཞིག་ལ་དམིགས་ནས་ཀྱང་དེང་རབས་ཀྱི་སྒྱུ་རྩལ་ངག་རིག་གི་སློབ་ཚན་དུ་འཚམ་པ་མཐོང་སྟེ། དང་པོ་ཚིག་སྦྱོར་གྱི་རང་བཞིན་གླུ་བརྒྱ་ངག་གཅིག་ལྟ་བུ་མ་ཡིན་པར་སྒྲ་དོན་ཅི་རིགས་སྣ་ཚོགས་པའི་རྒྱན་གྱི་རྣམ་གྲངས་འདྲ་མིན་སྤྱོད་པ། གཉིས་པ་རྒྱས་བསྡུས་ཀྱི་རང་བཞིན། ལག་པས་འཁྱོགས་ཚོད་ཀྱི་པོ་ཏི་དང་ཤོག་སྡེབ་རེ་གཉིས་ཙམ་གྱིས་རྫོགས་འགྲོ་བ་མིན་པ་མང་ཉུང་རྒྱས་བསྡུས་ཧ་ཅང་འཚམ་པའི་ནང་དུ་བརྗོད་བྱ་བསྡུས་སྟངས་ཤིན་ཏུ་སྟབས་བདེའི་འགྲོས་དང་ལྡན་པ། གསུམ་པ་བརྗོད་བྱའི་རང་བཞིན། རྒྱས་བསྡུས་འཚམ་པའི་ཚིག་སྦྱོར་ལེའུ་བཞིའི་ནང་དུ་མི་གཅིག་གི་མི་ཚེ་ལོ་རྒྱུས་ཧྲིལ་གྱིས་བསྡུས་ཤིང་། བསྡུས་ཚུལ་ཡང་ཚིག་སྙོགས་དང་དོན་སྙོགས་ཀྱི་སྤྲོས་པ་མེད་པར་མུ་ཏིག་དར་ལ་བརྒྱུད་པ་ལྟ་བུའི་ཐོག གནད་ཆེ་འགའ་ཞིག་ཐད་རྡོ་རྗེ་ཕ་ལམ་གྱི་ཕྲ་ཚོམས་བཏབ་པ་ནང་བཞིན་བྱས་པ། བཞི་པ་ལོ་རྒྱུས་རང་བཞིན། རྟོགས་བརྗོད་འདིའི་བརྗོད་གཞིའི་མི་སྣ་ནི་དཔལ་ཕག་མོ་གྲུབ་པའི་གདུང་ལས་འཁྲུངས་ཤིང་། སྣེ་གདོང་པའི་སྲིད་གཞུང་ཡང་དངོས་སུ་འཛིན་སྐྱོང་གནང་བ་དང་། ཕ་རྩ་བུ་རྒྱུད་ཚོ་བོད་ཀྱི་སྐབས་དེའི་སྲིད་སྐྱོང་རིམ་བྱོན་དང་འབྲེལ་བ་ལྡན་པས། ལོ་རྒྱུས་དང་རྒྱལ་རབས་ཀྱི་གཞི་འཛིན་ས་ཡང་རུང་པ། ལྔ་པ་ཆོས་འབྱུང་རང་བཞིན། གངས་ཅན་གྲུབ་པའི་གཙུག་རྒྱན་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་ནང་ཚན། དྭགས་བརྒྱུད་ཆེ་བཞི་ཡ་གྱལ་ཆུང་བརྒྱད་གང་ལས་བྱུང་བའི་མགོ་ཁུངས་དང་འབྲེལ་བ་དམ་ཟབ་ལྡན་པས། གངས་ཅན་པའི་ཆོས་འབྱུང་ལྟ་ཞིབ་འཇུག་དང་རྩོམ་སྒྲིག་གང་ཞིག་གནང་ནའང་གཞི་འཛིན་གནང་སའི་རང་བཞིན་ལྡན་པ། ད་དུང་བརྗོད་གཞིའི་མི་སྣ་དང་རྩོམ་པ་པོ། བརྗོད་གཞི་མི་སྣས་བསྟེན་པའི་རིས་མེད་མཁས་གྲུབ་དེ་དག་གི་བར་ནས། ཆོས་ལུགས་དང་ལྟ་གྲུབ་རིས་སུ་འབྱེད་པ་ལས་གནས་ལུགས་དང་ཤེས་བྱ་གལ་ཆེར་འཛིན་པའི་རང་བཞིན་ཡང་འབུར་དུ་ཐོན་འོང་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་ནས་འདིར་རང་གི་མཐོང་ཐོས་མྱོང་བས་གང་ནུས་ཀྱིས་ཚིག་གནད་མཆན་འགྲེལ་འགའ་ཞིག་འགོད་ཁུལ་བྱས་པ་ཡིན།

【1】 རྟོགས་བརྗོད། དེ་ཡང་སྤྱིར་རྟོགས་བརྗོད་དང་། རྣམ་ཐར། རྒྱལ་རབས། ཆོས་འབྱུང༌། དེབ་ཐེར། ལོ་རྒྱུས་སོགས་ཀྱི་ཡིག་ཆ་འདྲ་མིན་ཡོད་པའི་ནང་ནས། རྒྱལ་རབས་ནི། སྣོད་བཅུད་ཆ་ལག་གང་ཞིག་ལ་དབང་བསྒྱུར་བྱས་པའི་རྒྱལ་པོ་རིམ་པར་བྱུང་བའི་རབས་ཀྱི་ལོ་རྒྱུས་ལ་ཟེར་ཞིང༌། ཆོས་འབྱུང་ནི། དམ་པའི་ཆོས་ཚུལ་གང་ལས་འབྱུང་བའི་ཁུངས་དང་དེ་ལས་དམ་པའི་ཆོས་ཚུལ་ཇི་ལྟར་བྱུང་བའི་རྒྱུད་རིམ་གྱི་ལོ་རྒྱུས་ལ་ཟེར། དེབ་ཐེར་ནི། ཡུལ་དུས་གནས་བབ་གང་ཞིག་གི་ལོ་རྒྱུས་ཡིག་ཐོག་ཏུ་བཞག་པའི་གཏེར་རམ་ཡང་ན་ཡུལ་དུས་གནས་སྐབས་ཀྱི་བྱུང་རིམ་དེབ་ཐོག་ཏུ་ཐེར་འདོན་བྱས་ནས་བཞག་པའི་ཡིག་ཆ་དང་ཡིག་ཚང་ལ་ཟེར། རྣམ་ཐར་ནི་སྐྱེས་ཆེན་དམ་པ་གང་ཞིག་གིས་གང་ལས་རྣམ་པར་ཐར་བའི་གཞི་མ་དག་སྐྱེ་ཤི་བར་དོའི་ཁམས་གསུམ་འཁོར་བའི་ཉེས་དམིགས་དང༌། གང་གིས་རྣམ་པར་ཐར་བའི་ཐབས་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ནས་གྲོལ་བྱེད་རྫོགས་པའི་རིམ་པའི་བར་གྱི་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པའི་དགོངས་དོན་རྣམས་རང་དོན་ཐོས་བསམ་སྒོམ་པ་དང་གཞན་དོན་འཆད་རྩོད་རྩོམ་པའི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་དུ་དཀའ་སྤྱད་འབད་བརྩོན་གང་ཞིག་ལ་བརྟེན་ནས། གང་ཞིག་གང་ལས་གང་ལ་རྣམ་པར་ཇི་ལྟར་ཐར་པའི་ཚུལ་ལས་བརྩམས་པའི་ལོ་རྒྱུས་ལ་ཟེར། རྟོགས་བརྗོད་ནི། གང་ཟག་སྤྱི་བཏང་པ་ལས་རིང་དུ་འགོངས་པའི་སྙིང་སྟོབས་དང་བློ་གྲོས། སྤོབས་པ། ཐབས་ཚུལ། སྟོབས་འབྱོར། དཔའ་མཛངས་གང་ཡང་རུང་བར་གཞན་གྱི་དྲིངས་སུ་མི་འཇོག་པའི་གདེངས་ཐོབ་པ་ལ་བརྟེན་ནས་ལུགས་གཉིས་ཀྱིས་བསྡུས་པའི་ལག་རྗེས་གང་ཞིག་བཞག་པའི་ཚུལ་ལས་བརྩམས་པའི་ལོ་རྒྱུས་ལ་ཟེར་བས། དབྱེ་སྒོ་དེ་དག་ཀུན་ཀྱང་ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་མོད། བརྗོད་གཞི་གཙོ་ཕལ་ལ་ལྟོས་ནས་ནང་གསེས་དབྱེ་བ་འབྱེད་པ་ཙམ་ལས་ནང་ཕན་ཚུན་འགལ་བ་ཡིན་མི་དགོས་སོ། ། འདིར་བོད་དུ་རྟོགས་བརྗོད་ཀྱི་ཐ་སྙད་དང་འཕེལ་རིམ་སྐོར་ཅུང་ཟད་ཞུ་བར་འདོད་དེ། ཐ་སྙད་འདི་ཉིད་དང་པོ་གང་ལས་བྱུང་བའི་ཁུངས་ནི། བཅོམ་ལྡན་འདས་ཀྱི་མདོ་སྡེ་ལས་བྱུང་བ་ཡིན་ཏེ། གསུང་རབ་ཡན་ལག་བཅུ་གཉིས་ལས་རྟོགས་པ་བརྗོད་པའི་སྡེ་ཞེས་བྱུང་བ་ལ་གཞི་བཅོལ་ནས་བོད་སྐད་དུ་རྟོགས་པ་བརྗོད་པའི་སྡེ་ཞེས་བསྒྱུར་བ་ནས། ཐ་སྙད་འདིའི་དབུ་ཁྱུད་ཐོག་མ་དེ་བྲིས་པ་ཡིན་ལ། དབུ་ཁྱུད་དེའི་འོག་ནས་བོད་སིལ་བུའི་དུས་རབས་སྐབས། འཇིག་རྟེན་མིག་གཅིག་ཤོངས་ལོ་ཆེན་པོས། 《རྟོགས་བརྗོད་དཔག་བསམ་འཁྲི་ཤིང་》བོད་བསྒྱུར་གནང་བ་ནས་བོད་བསྒྱུར་བཀའ་བསྟན་ཁྲོད་ན་རྟོགས་བརྗོད་ཀྱི་བསྟན་བཅོས་མང་དུ་འཕེལ། དེའི་སྔོན་བོད་བཙན་པོའི་སྐབས་ནས་རྒྱ་གར་གྱི་《རཱ་མ་ཎའི་རྟོགས་བརྗོད》བོད་བསྒྱུར་བྱས་པ་《ཏུང་ཧོང་གཏེར་ཡིག》ལས་འབྱུང་བ་ལྟར་སྔ་ས་ནས་ཡོད་ཀྱང་། དེ་ཙམ་གྲགས་ཆེ་བ་རང་མ་བྱུང་བར་སེམས། བོད་རང་གིས་མཛད་པའི་རྟོགས་བརྗོད་ཀྱི་ཐོག་མ་དེ་དུས་རབས་གང་དང་མཁས་པ་སུས་བྱས་པ་ནི་ད་ལྟའི་བར་ཁ་ཚོན་ཆོད་པ་ཞིག་སུས་ཀྱང་བཤད་པར་མ་མཐོང་མོད། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ཁ་པའི་ནང་དུ། ཆགས་ལོའི་གནས་བཅུའི་རྟོགས་བརྗོད་ཡོད་ཚུལ་འབྱུང་བ་ལྟར་ན། དུས་རབས་བཅུ་གསུམ་པའི་སྐབས་ནས་བོད་རང་གིས་བྱས་པའི་རྟོགས་བརྗོད་ཡོད་པ་འདྲ་མོད། ཐོས་པ་ཉུང་ཞིང་མཐོང་རྒྱ་ཆུང་བའི་ཁོ་བོ་ལྟ་བུའི་མིག་སྔར་མཇལ་བའི་བོད་རང་གིས་བརྩམས་པའི་རྟོགས་བརྗོད་དང་པོ་ནི། རྗེ་ཙོང་ཁ་པས་མཛད་པའི་《རྟག་ཏུ་ངུའི་རྟོགས་བརྗོད་》དང་། 《སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་》གཉིས་ཡིན། དེ་ནས་རིམ་པར་བཞིན་བོད་རང་གིས་རྩོམ་པའི་རྟོགས་བརྗོད་ཀྱི་འཕེལ་ཁ་ཆེས་ཆེར་དར་ཏེ། ཞང་ཞུང་ཆོས་དབང་གྲགས་པའི་《རཱ་མ་ཎའི་རྟོགས་བརྗོད》། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་《སྟོན་པ་ཐུབ་པའི་དབང་བོའི་མཛད་པ་མདོ་ཙམ་བརྗོད་པ་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ》། ཀུན་མཁྱེན་ཏཱ་ར་ནཱ་ཐས་མཛད་པའི་《རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་པ་བརྗོད་པ》། གོང་ས་ལྔ་པའི་<<འཁྲུངས་རབ་ཀྱི་ཞིང་བཀོད་འདྲི་ཚུལ་གྱི་རྟོགས་བརྗོད་ཁ་བྱང་དང་བཅས་པ་གསལ་བའི་མེ་ལོང>>། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་《འཕགས་པ་གནས་བརྟན་རབ་འབྱོར་གྱི་རྟོགས་བརྗོད་ཚངས་དབྱངས》དང་། <<རིགས་ལྡན་གྲགས་པའི་རྟོགས་བརྗོད>>། <<སློབ་དཔོན་ཨ་བྷ་ཡཱཀ་རའི་རྟོགས་བརྗོད>>། <<ས་སྐྱ་པཎྜི་ཏའི་རྟོགས་བརྗོད>>། <<གཡུང་སྟོན་རི་ཁྲོད་པའི་རྟོགས་བརྗོད>>། <<བྱང་ཆུབ་སེམས་དཔའ་ཆེན་པོ་ཞི་བ་ལྷའི་རྟོགས་བརྗོད>>། <<སྐྱེ་དགུའི་བདག་མོའི་རྟོགས་བརྗོད>>། <<མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོའི་རྟོགས་བརྗོད>>།《སློབ་དཔོན་ཨ་བྷྱ་ཀ་རའི་རྟོགས་པ་བརྗོད་པ་ཚངས་པའི་དབྱངས་སྙན》། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་<<རྟོགས་བརྗོད་འདོད་འཇོ་བ་མོ>>དང་། <<རང་རྣམ་ཀ་ལ་པིང་ཀའི་ལམ་གླུ>>། རྗེ་མཁན་པོ་དགེ་འདུན་རིན་ཆེན་གྱི་《ཀརྨ་པ་ཆོས་དབྱིང་རྡོ་རྗེའི་རྟོགས་བརྗོད་ངེས་པར་འབྱུང་བ་ཆོས་ཀྱི་སྤྲིན》། རྩེ་ལེ་རྒོད་ཚང་སྣ་ཚོགས་རང་གྲོལ་གྱི་<<རྟའི་རྒྱལ་པོ་བའི་ལ་ཧའི་རྟོགས་བརྗོད་ལེགས་བཤད་ཆོས་ཀྱི་རྔ་སྒྲ>>། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱི་<<མི་དབང་རྟོགས་བརྗོད>>དང༌། <<བཀའ་བློན་རྟོགས་བརྗོད>>། འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་ལྷའི་རྔ་བོ་ཆེ་ལྟ་བུའི་པོ་ཏིསྔ་མ་དང་ཕྱི་མ》། རིགས་གྲྭ་རིག་པའི་རལ་གྲིའི《དྲི་མེད་གྲགས་པའི་རྟོགས་བརྗོད་ཛཱ་ཏིའི་འཁྲི་ཤིང༌》། རྗེ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་མཛད་པའི་《འཇིགས་མེད་རྒྱ་མཚོའི་རྟོགས་བརྗོད་ལྷའི་རྔ་སྒྲ》། དཀོན་མཆོག་དམ་ཆོས་རྒྱ་མཚོས་མཛད་པའི་《རྗེ་དཀོན་མཆོག་བསྟན་པའི་སྒྲོན་མེའི་རྟོགས་བརྗོད་ཆོས་དུང་དཀར་པོའི་སྒྲ་དབྱངས》།གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི<<བྱང་ཕྱོགས་བསྟན་པའི་གསལ་བྱེད་པནྜི་ཏ་ཧོ་ཐོག་ཐུ་པ་ཀྵི་ནོ་མོན་ཧན་བླ་མའི་འཁྲུངས་རབས་རྟོགས་བརྗོད་སྙན>>། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་<<རྟོགས་བརྗོད་གསེར་གྱི་མེ་ཏོག>>། རྡོ་སྦས་དགེ་བཤེས་ཤེས་རབ་རྒྱ་མཚོའི་<<རྟོགས་བརྗོད་ཉི་མ་བརྒྱ་བ>>། གུ་ཤྲཱི་ཚེ་འཕེལ་གྱི་《རྟོགས་བརྗོད་བརྒྱ་ལྔ་བཅུ་རྩ་གཅིག་པ》། སློབ་དཔོན་མ་ཏི་ཙི་ཊས་མཛད་པའི་《བྱང་ཆུབ་སེམས་དཔའ་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པའི་རྟོགས་བརྗོད》། ཐུའུ་བཀྭན་ཆོས་ཀྱི་ཉི་མས་གསུངས་པའི་《ལྕང་སྐྱ་རོལ་བའི་རྡོ་རྗེའི་རྟོགས་བརྗོད་བསྟན་པའི་མཛེས་རྒྱན་གྱི་ཡང་རྒྱན་ཟ་མ་ཏོག རྒྱལ་བོ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད》། ༸གོང་ས་ལྔ་པའི་《ཆོས་རྗེ་དཀོན་མཆོག་ཆོས་འཕེལ་གྱི་རྟོགས་བརྗོད་མཁས་པའི་རྣ་རྒྱན》། མཆོག་སྤྲུལ་ཆོས་ཀྱི་རྡོ་རྗེས་མཛད་པའི་《འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྟོགས་བརྗོད་མདོར་བསྡུས་མི་དབང་གཙུག་རྒྱན》། 《རྗེ་བླ་མ་འཇམ་དབྱངས་མཁྱེན་རབ་དཔལ་བཟང་བོའི་རྣམ་ཐར་རྟོགས་བརྗོད་ཉི་ཟླའི་འོད་གཙང༌》། ངག་དབང་དགེ་འདུན་རྒྱ་མཚོས་མཛད་པའི་《འཕགས་པའི་ཡུལ་གྱི་མི་རྗེ་ས་སྐྱོང་འོད་ཟེར་གྱི་རིགས་སྲས་གཞོན་ནུ་ཟླ་མཛེས་ཀྱི་རྟོགས་བརྗོད་ངོ་མཚར་ལེགས་བྱས་ཟླ་བའི་འོད་ཀྱི་གསེར་འཕྲེང༌》། འོལ་ཁ་རྗེ་དྲུང་བློ་བཟང་འཕྲིན་ལས་ཀྱི་<<རང་གི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན》། སོགས་བགྲངས་ཀྱིས་མི་ལངས་ལ། དེ་དག་གི་བརྗོད་གཞིའི་ཐད་ནས་བཤད་ན་ཕལ་ཆེ་བ་སངས་རྒྱས་བྱང་སེམས་དང༌། ལྷ་བླ་ཆོས་སྲུང་གི་རྟོགས་པ་བརྗོད་པ་ཡིན་ཞིང༌། བརྗོད་ཚུལ་ཡང་གསུང་རབ་དགོངས་འགྲེལ་ལས་བྱུང་བའི་བསྔགས་འོས་ཡོན་ཏན་རྣམས་བང་རིམ་བྱས་ནས་བགྲངས་ཏེ། བསྔགས་པ་བརྗོད་ཡུལ་ལ་རིམ་པར་བཞིན་སྦྱར་རྐྱང་ལས། དོན་དངོས་ཀྱི་ཁྱད་གཞི་ལ་སྦྱར་འོས་པའི་ཁྱད་ཆོས་གང་ཞིག་ལྡན་པ་དེ་སྦྱར་ནས་བྲི་བའི་སྲོལ་དེ་ཙམ་རྒྱ་མི་ཆེ་ལ་རྒྱང་མི་རིང༌། གནས་ལུགས་འདིར་ཕྱིས་བྱུང་བོད་ཀྱི་རྩོམ་པ་པོ་གསར་སྐྱེས་ཚོས། ཐེར་འདོན་དང་ཟུར་ཟ་གང་ཞིག་གནང་ནའང་འོས་པ་སེམས་མོད། དེ་ལྟ་ནའང༌། བོད་ཀྱི་སྔོན་བྱོན་མཁས་པའི་རྟོགས་བརྗོད་རྩོམ་རིག་ཡོངས་རྫོགས་གཅིག་པ་རང་དུ་མི་སེམས་ཏེ། དཔེར་ན། <<མི་དབང་རྟོགས་བརྗོད་>>དང༌། <<བཀའ་བློན་རྟོགས་བརྗོད>>། 《སླེ་ལུང་རྟོགས་བརྗོད་སྐལ་བཟང་དགའ་སྟོན་》ལྟ་བུས་སྐབས་སུ་བབ་པའི་ཡུལ་དུས་གནས་སྐབས་དེའི་སྤྱི་ཚོགས་འཚོ་བའི་གནས་བབ་རྗེན་པར་མཚོན་པར་མ་ཟད། ཚིག་སྦྱོར་གྱི་ཆ་ནས་ཀྱང་ཉམས་འགྱུར་དང་སྒྱུ་རྩལ་ཁྱད་དུ་ཞུགས་པས། འདི་དག་རྟོགས་བརྗོད་ཙམ་དུ་མི་བསྡད་པར་ལོ་རྒྱུས་ཀྱི་གཞི་འཛིན་ས་ཡང་རུང་བས། ད་ལྟའི་ཆར་ཡང་རང་རེ་རྩོམ་པ་པོར་ཁས་འཆེ་བ་ཚོས། ཕོ་ཁྱོ་ག་ཡིན་ན་འདི་འདྲ་བ་རེ་འབྲི་ཐུབ་ན། རྟོགས་བརྗོད་འབྲི་ཡུལ་གྱིས་འཕོང་པ་མི་འདུག་པས་སོ། ། 【2】 སྙན་དངགས། ཆེས་ཕུལ་དུ་བྱུང་བའི་ངག་གི་སྒྱུ་རྩལ་ལ་ཀློག་པ་པོའི་མཛེས་རྟོག་གི་སྣང་བརྙན་མངོན་གསལ་དོད་པའི་ཚིག་སྦྱོར་གྱི་རྩོམ་རིག་སྟེ། དཔེར་ན། སློབ་དཔོན་དཔའ་བོའི་སྐྱེས་རབས་སོ་བཞི་པ་དང་ཆོས་རྒྱལ་དགེ་དབང་གི་སྙན་དངགས་དཔག་བསམ་འཁྲི་ཤིང་ལྟ་བུ། བོད་རྩོམ་རྗེ་ཙོང་ཁ་པས་མཛད་པའི་《རྟག་ཏུ་ངུ་བའི་རྟོགས་བརྗོད་>>དང་། <<སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ>>། རྒྱལ་བ་ཀློང་རབ་འབྱམས་པ་ཆེན་པོའི་《པོ་ཏཱ་ལ་ཀུན་ཏུ་དགའ་བའི་གཏམ》ལྟ་བུ་སོགས་ཤིན་ཏུ་མང་། དེ་ཡང་སྙན་ཞེས་པ་ནི་རྣ་བ་ལ་སྙན་པ་དང་སེམས་ལ་འཇེབས་པའི་རང་བཞིན་ལྡན་པའི་བརྡ་ཞིག་ཡིན་ལ། དངགས་ནི་ཐ་སྙད་ཀྱི་བརྡ་རྙིང་སྟེ་ཆེས་སྙན་པའི་ཐ་སྙད་དེ་མིང་ཚིག་ཡིག་གེའི་རྣམ་པས་གཞན་སེམས་འགུག་པའི་འཕྲུལ་གྱི་ངག་རིག་ལ་གོ་དགོས་ཏེ། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རྒྱུད་སྡེའི་སྤྱི་རྣམ་ལས། དངགས་ཞེས་བྱ་བ་ནི་ཐ་སྙད་ཅེས་བྱ་བའི་བརྡ་རྙིང་པའོ། ཞེས་གསུངས་པས་སོ༎ འགའ་ཞིག་གིས་དངགས་ནི་ངག་གི་སྒྲ་དོན་དུ་སེམས་པ་ནི་སྒྲ་གདངས་ཕྱོགས་འདྲ་བ་ཙམ་ལ་བསམས་ནས་ཚོད་དཔག་བྱས་པ་ལས་བརྡ་སྤྲོད་པའི་གཞུང་ལུགས་གསར་རྙིང་མང་པོ་ཞིག་མིག་ལམ་དུ་མ་འཆར་ཞིང་རྣ་ལམ་དུ་མ་གོ་བའི་རང་རྟགས་ཙམ་དུ་ཟད་དོ༎ འོ་ན་སྙན་ངག་དང་སྙན་དངགས་ལ་ཁྱད་པར་ཇི་ལྟར་ཡོད་ཅེ་ན། མུ་གསུམ་སྟེ་དཔག་བསམ་འཁྲི་ཤིང་དང་རྟག་ངུའི་རྟོགས་བརྗོད་ལྟ་བུ་གཉིས་ཀ་ཡིན་པ་དང་། མེ་ལོང་མ་དང་དབྱངས་ཅན་མགུལ་རྒྱལ་ལྟ་བུ་སྙན་ངག་ཡིན་ལ་སྙན་དངགས་མིན་པའི་མུ། སུམ་རྟགས་གཉིས་དང་ངག་སྒྲོན་ལྟ་བུ་གཉིས་ཀ་མིན་པའི་མུ་སྟེ་གསུམ་ཡིན་ལ། སྙན་དངགས་ལ་སྙན་ངག་གིས་ཁྱབ་བོ༎ ཚུལ་དེ་ལྟར་ཡང་མཁས་གྲུབ་ཆོས་རྗེའི་རྒྱུད་སྡེའི་སྤྱི་རྣམ་ལས། དངགས་ཞེས་བྱ་བ་ནི་ཐ་སྙད་ཅེས་བྱ་བའི་བརྡ་རྙིང་པའོ། །དེའི་བསྟན་བཅོས་ལ་སྙན་དངགས་ཀྱི་མཚན་ཉིད་སྟོན་པའི་གཞུང་དང་། གཞུང་དེ་དང་མཐུན་པར་སྦྱར་བའི་སྙན་དངགས་གཉིས་ཏེ། སྔོན་མ་ནི། སྙན་དངགས་ཀྱི་གཞུང་ཡིན་ཞིང་། སྙན་དངགས་མ་ཡིན་ལ། ཕྱི་མ་ནི་དེ་ལས་ལྡོག་པའོ༎ སྔ་མ་ནི་ཕྱི་རིག་པའི་བསྟན་བཅོས་སོ༎ ཕྱི་མ་ལ་ཕྱི་རིག་ནང་རིག་གཉིས་ཀའི་བསྟན་བཅོས་ཡོད་དོ༎ མཚན་གཞི་ནི་རིམ་པ་ལྟར། མེ་ལོང་མ་ལྟ་བུ་དང་། དཔག་བསམ་འཁྲི་ཤིང་ལྟ་བུའོ༎ ཞེས་གསུངས། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། སྤྱིར་སྙན་ངག་ཅེས་པ་ནི། རྣ་བར་སྙན་ཅིང་ཡིད་འཕྲོག་པའི་ཚིག་སྦྱོར་ལ་ཟེར་ཞིང་། དེའི་བསྟན་བཅོས་ལ་སྙན་ངག་གི་མཚན་ཉིད་སྟོན་པའི་གཞུང་དང་། གཞུང་དེ་དང་མཐུན་པར་སྦྱར་བའི་སྙན་ངག་གི་བསྟནབཅོས་གཉིས་ཡོད་པས། སྙན་ངག་མེ་ལོང་ནི། སྙན་ངག་གི་གཞུང་ཡིན་གྱི་སྙན་ངག་དངོས་མིན་ལ། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལྟ་བུ་ནི་སྙན་ངག་ཡིན་ཀྱང་སྙན་ངག་གི་གཞུང་མིན་ནོ༎ འགའ་ཞིག་ཏུ་སྙན་དངགས་ཞེས་འབྱུང་བ་ནི། སྙན་ངག་གི་ཚིག་སྦྱོར་བཟང་པོ་འབྱུང་བར་བྱེད་པའི་གཞུང་ཡིན་པའི་ཆ་ནས་བཏགས་པ་ཡིན་པས། གཞུང་མེ་ལོང་མ་ནི་དས་འཕུལ་ཅན་གྱི་སྙན་དངགས་དང་། དཔག་བསམ་འཁྲི་ཤིང་དང་། སྐྱེས་རབས་སོ་བཞི་པ་སོགས་དས་འཕུལ་མེད་པའི་སྙན་ངག་ཏུ་བཞག་ན་ལེགས་སོ༎ ཞེས་གསུངས་པ་ནི་སྐབས་དེར་རྒྱུད་སྡེ་སྤྱི་ནོར་མ་གཟིགས་པས་ཡིན་སྲིད། 【3】ཞི་བ་འཚོ། མཁན་ཆེན་ཞི་བ་འཚོ། མཁན་པོ་ཡང་དག་རྣམ་སྣང་མཛད་དམ། མཚན་གཞན་བོ་དྷི་ས་ཏྭ་ཞེས་ཀྱང་བྱ། ལེགས་སྦྱར་གྱི་སྐད་ལ་ཤནྟཱ་རཀྵི་ཏ། བོད་སྐད་དུ་ཞི་བ་འཚོ་ཞེས་བརྗོད་པ་མཁན་ཆེན་དམ་པ་འདི་ནི། རྒྱ་གར་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། རྒྱལ་སྲིད་དོར་ཏེ་མཁན་པོ་ཡེ་ཤེས་སྙིང་པོའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། རྩ་བའི་སྡེ་པ་བཞི་ལས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན། སློབ་དཔོན་དུལ་བའི་སྡེ་ལ་བསྟེན་ཏེ་ཤེས་ཕྱིན་དང་། ཀླུ་སྒྲུབ་དགོངས་དོན་དབུ་མའི་གཞུང་རྣམས་ལ་ལེགས་པར་སྦྱངས་ཏེ་ཐུགས་སུ་ཆུད་པར་མཛད། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་སྟོན་པའི་བསྟན་བཅོས་དབུ་མ་རྒྱན་རྩ་འགྲེལ་མཛད། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསལ་སྣང་སྦ་རྒྱ་གར་དུ་མངགས་པའི་ལམ་ཞོར་བལ་ཡུལ་དུ་བྱོན་པས་བལ་རྗེའི་མཆོད་གནས་སུ་མཁས་ཤིང་གྲུབ་པའི་པཎ་ཆེན་ཤནྟཱ་རཀྵི་ཏ་བཞུགས་པ་མང་ཡུལ་སྐྱིད་གྲོང་དུ་སྤྱན་དྲངས། དེ་ནས་གསལ་སྣང་གིས་སློབ་དཔོན་ལ་ཕྱག་བྱས་ཏེ། བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་ཆེད་དུ་ཕེབས་དགོས་ཞུས་པ་ཞལ་བཞེས་གནང་ནས་རེ་ཞིག་ཕྱིར་བལ་ཡུལ་དུ་ཕེབས། སླར་བཙན་པོས་གསལ་སྣང་མངགས་པ་ལྟར་བལ་ཡུལ་ནས་གདན་དྲངས་ཏེ་མང་ཡུལ་བརྒྱུད་བོད་ཡུལ་དུ་སྤྱན་དྲངས། དགེ་བ་བཅུ་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་ཁྲོས་ཏེ་འའཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་རྒྱབ། མི་ནད་ཕྱུགས་ནད་བྱུང་བས་བོད་འབངས་ཡོངས་རྫོགས་ཆོས་བྱས་པས་ལན་ཟེར་ནས་བློན་ཆེན་ཚོ་དབང་བཙན་པས་སློབ་དཔོན་བལ་ཡུལ་དུ་བྱོན། སླར་སྐབས་དང་བསྟུན་ནས་བཙན་པོས་གསལ་སྣང་སོགས་བལ་པོར་མངགས་ནས་མཁན་ཆེན་སྤྱན་དྲངས་ཏེ་བྲག་དམར་མགྲིན་བཟང་དུ་ཕེབས་ནས་རྒྱལ་པོ་ལ། བོད་ཀྱི་ཡུལ་ལྷ་ཚོས་ཆོ་འཕྲུལ་འདྲ་མིན་གཏོང་བས། དེ་དག་འདུལ་བ་ལ་སློབ་དཔོན་པདྨ་སམ་བྷ་ཝ་སྔོན་དུ་གདན་ཞུ་དགོས་པའི་བཀའ་མངགས་ལྟར། སློབ་དཔོན་ཆེན་པོ་གདན་དྲངས་ནས་བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་སོ། །དེ་ནས་མཁན་ཆེན་བོ་དྷི་ས་ཏྭ་དང༌། སློབ་དཔོན་པདྨ་སམ་བྷ་ཝ་གཉིས་ཀྱིས་ས་ཆོག་མཛད་དེ་ཨོ་ཏཱནྟ་པཱུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་དུ་བཞེངས། ཐམས་ཅད་ཡོད་པ་སྨྲ་བའི་ལུགས་ཀྱི་སྒོ་ནས་སད་མི་མི་བདུན་རབ་ཏུ་བྱུང་། འཕྲིན་ལས་ཀྱི་གྲོགས་སུ་ལོ་ཙཱ་མཁས་པ་ཡང་མང་དུ་བསླབས་རྒྱ་གར་ནས་སློབ་དཔོན་བི་མ་ལ་མི་ཏྲ་དང༌། སློབ་དཔོན་སངས་རྒྱས་གསང་བ་སོགས་མཁས་ཤིང་གྲུབ་པའི་པཎ་ཌི་ཏ་ཆེན་པོ་མང་དུ་སྤྱན་དྲངས། རྒྱལ་བའི་བཀའ་དང་བསྟན་བཅོས་མཐའ་ཡས་པ་བསྒྱུར། གང་སྒྱུར་བའི་ཆོས་དེ་དག་ཐམས་ཅད་ལ་ལོ་ཆེན་མཁས་པ་རྣམས་ཀྱིས་ཞུས་དག་ཡང་དག་པར་བྱས། དེ་དག་ཐམས་ཅད་ཀྱང་ཆོས་རྒྱལ་ཉིད་ཀྱི་སྤྱན་ལམ་དུ་ཕབ་ནས་ཆོས་ལྟར་བཅོས་པའི་བསྲེ་བསླད་ཕྲ་མོའང་མེད་པར་མཛད། བོད་ཁམས་ཐམས་ཅད་ལ་ཁྲིམས་འདི་ལྟར་བསྒྲགས་ཏེ། བོད་ཀྱི་མངའ་འོག་ན་གནས་པ་ཐམས་ཅད་ཀྱིས་དམ་པའི་ཆོས་ཚུལ་བཞིན་དུ་བྱ་བ་དང༌། རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ལ་བླ་ལྷག་ཏུ་གུས་པར་བྱ་བ་དང༌། ཆོས་བྱེད་པ་རྣམས་ཀྱིས་ཀྱང་མཁན་ཆེན་བོ་དྷི་ས་ཏྭས་བོད་ཁམས་འདིར་རྒྱལ་བསྟན་གྱི་སྲོལ་ཇི་ལྟར་གཏོད་པ་ལྟར་འདུལ་བའི་བཅས་ཁྲིམས་རྣམ་པར་དག་པས་གཞི་བཟུང་ནས་སྤྱོད་པ་རྣམ་པར་དག་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ཇི་ལྟར་བཀྲལ་བའི་ལྟ་བ་རྣམ་པར་དག་པ་དེ་ཁོ་ན་བཞིན་བྱ་དགོས་པའི་བཀའ་ཁྲིམས་བསྒྲགས་སོ། །ཞི་བར་གཤེགས་ཁར་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ། བོད་དུ་མུ་སྟེགས་ནི་མི་འབྱུང་གིས། སངས་རྒྱས་ཀྱི་བསྟན་པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀཱ་མ་ལ་ཤིའ་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་དུ་ཆུག་ཅིག རྩོད་པ་བྱས་པས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན། བདག་ཉིད་ཆེན་པོ་འདི་ནི་དགུང་ལོ་བརྒྱ་ཕྲག་དགུ་ཙམ་བཞུགས་ནས་ཞི་བར་གཤེགས་སོ་ཞེས་འབྱུང་བ་ནི་ཕལ་ཆེར་ཀླད་ཀོར་གཅིག་ཐོལ་སོང་བ་སྙམ། སློབ་མ་གཙོ་བོ་སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་ནི་སློབ་དཔོན་སེངྒེ་བཟང་པོ་དང༌། མཁས་མཆོག་ཀཱ་མ་ལ་ཤིའ་ལ་གཉིས་ཡིན་ནོ། ། 【4】 རྒྱལ་པོ་ཁྲི་སྲོང་ལྡེ་བཙན། བོད་རྗེ་སོ་བརྒྱད་པ་ཡིན། ཆོས་རྒྱལ་མེས་དབོན་གཉིས་པ་ཞེས་གྲགས་ཤིང༌། འདི་ཉིད་ཡབ་ཁྲི་ལྡེ་སྲོང་བཙན་མེས་ཨོག་ཚོམ་དང་ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ། ཆུ་ཕོ་རྟ་༧༤༢ ལོར་ཕོ་བྲང་བྲག་དམར་དུ་སྐུ་བལྟམས། ཤིང་ལུག་སྤྱི་ལོ ༧༥༥ ལོར་བཙན་པོའི་ཁྲི་ལ་མངའ་གསོལ། མཆིམས་བཟའ་ལྷ་མོ་བཙུན་དང༌། མཁར་ཆེན་བཟའ་མཚོ་རྒྱལ། བྲོ་བཟའ་ཁྲི་རྒྱལ་མོ། ཚེ་སྤང་བཟའ་མེ་ཏོག་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་བཅས་སྔ་ཕྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས། རིགས་སྲས་མུ་ཁྲི་སྲོང་པོ་དང༌། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་པོ་བཅས་ཚེ་སྤང་བཟའ་མེ་ཏོག་སྒྲོན་གྱི་པང་དུ་འཁྲུངས། རྒྱལ་སྲས་དང་པོ་ཁྲི་ལྡེ་སྲོང་པོ་ལྕགས་ཁྱི་༧༦༠ལོར་འཁྲུངས་ཀྱང་ཆུང་དུས་ནས་གྲོངས་པས། བང་སོ་དང་རྒྱལ་སྲིད་བཟུང་བའི་ལོ་རྒྱུས་མེད། རྒྱལ་སྲས་གསུམ་པ་མུ་ཏིག་བཙན་པོ་ཡང་བློན་མ་ཞང་གི་བུ་བསད་པའི་རྐྱེན་ལས་རྒྱལ་སྲིད་བཟུང་བའི་གོ་སྐབས་མ་བྱུང་ཡང༌། རྒྱ་སོག་གི་ཡུལ་གྲུར་དམག་བྱས་པའི་རྒྱལ་ཁའི་མཛད་རྗེས་ཆེ་བ་བཀའ་ཐང་དང༌། འཕྱོངས་རྒྱས་ཟམ་སྣེ་རྡོ་རིང་ཡིག་ཆ་སོགས་ལས་གསལ། བློན་པོ་གྲགས་ཆེ་བ་ནི་སྣང་བཞེར་ཟླ་བཙན་དང༌། མཆིམས་རྒྱལ་གཟིགས་ཤུ་ཏིང༌། བློན་སྐྱེས་བཟང་རྒྱལ་ཀོང༌། ཞང་སྟོང་བཙན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང༌། འགོས་ཁྲི་བཟང་ཡབ་ལྷག གཉེར་སྟག་བཙན་གདོང་གཟིགས། མ་ཞང་གྲོམ་པ་སྐྱེས་བཅས་ཡིན།། འཕགས་པའི་ཡུལ་ནས་གུ་རུ་པདྨ་སམ་བྷ་ཝ་གདན་དྲངས་ཏེ། བརྟན་མ་བཅུ་གཉིས་སོགས་བོད་ཀྱི་མི་མ་ཡིན་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་དམ་ལ་བཏགས། བསམ་ཡས་གཙུག་ལག་ཁང་གི་རྨང་གཏིང༌། སྔར་འགྱུར་རྙིང་མའི་ཐེག་པ་རིམ་དགུ་དང་གྲུབ་པ་བཀའ་བརྒྱད་ལ་སོགས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། གྲུབ་པའི་གོ་འཕངས་མཐོན་པོར་བསྐྱོད་པའི་རྗེ་འབངས་་ཉེར་ལྔ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་མོས་པའི་གདུལ་བྱ་ཤིན་ཏུ་མང་པོ་འཕེལ།།ས་རྟ་སྤྱི་ལོ་༧༧༨ ལོར་བལ་ཡུལ་ནས་ཀུན་མཁྱེན་ཞི་བ་འཚོ་གདན་དྲངས་ཏེ། བོད་ཀྱི་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་སྟེ་དམ་ཆོས་འདུལ་བའི་བསྟན་པའི་རྨང་གཞི་གཏིང༌། དགེ་འདུན་གྱི་སྡེ་བཙུགས། བཻ་རོ་ལོ་ཙཱ་བ་ལ་སོགས་པས་མདོ་སྔགས་ཀྱི་གསུང་རབ་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར། བཙན་པོ་རང་གིས་ཀྱང་བཀའ་ཡང་དག་པ་ཚད་མར་གྱུར་པ་ཞེས་པའི་གཏན་ཚིགས་རིགས་པའི་བསྟན་བཅོས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་སོགས་བརྩམས། བཙན་པོ་འདིའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཤིན་ཏུའང་དར་བར་མཛད། ཆུ་ཡོས་སྤྱི་ལོ་༧༦༣ ལོར་རྒྱ་ལ་དཔུང་འཇུག་བྱས་ཏེ། ཐང་གོང་མ་ཏའེ་ཙུང་རང་ཉིད་གསེར་འབྲུག་སྡེ་ལྔའི་ཁྲི་ལས་བབ་ནས་ཤིན་ཅང་ལ་བྲོས་དགོས་པར་བཟོས། ཐང་གི་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་རིང་བོད་ཀྱིས་བཟུང༌། རྒྱ་གར་མ་ག་ད་བར་དམག་བྱས་ཏེ་ཆུ་བོ་གངྒཱའི་འགྲམ་བྱེ་ཁུངས་བརྐོས་ནས་ལྕགས་ཀྱི་ཀ་བ་བཙུགས་ཏེ་ད་ནས་བཟུང་འཕགས་བོད་ཀྱི་ས་མཚམས་འདི་ཡིན་ཞེས་བཀའ་བསྕལ། བཙན་པོ་འདིའི་རིང་བོད་ཀྱི་ས་ཁྱོན་ཤར་སྐར་མ་སྨིན་དྲུག་འཆར་བའི་མཐའ་ཀེམ་ཤིང་ཁྲི་སྒོ་ལ་ཐུག་ཅིང༌། ལྷོ་མེ་བཞི་འཆར་བའི་མཐའ་ཆུ་བོ་གངྒཱའི་འགྲམ་གྱི་རྡོ་རིང་བཙུགས་པ་ལ་ཐུག་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས་ཤིང༌། ད་དུང་རྒྱ་གར་བྱང་ཕྱོགས་དང་བལ་པོ་སོགས་ཀྱང་བོད་ཀྱི་ཆབ་འོག་ཏུ་བཅུག །ནུབ་ཀྱི་ཏ་ཟིག་དང་བྱང་གི་ལི་ཡུལ་ལ་ཐུག་པ་ཚུན་ཆད་བོད་ཀྱི་ཆབ་འོག་ཏུ་འདུས། མཐར་དགུང་ལོ་ང་ལྔ་པ་མེ་བྱི་སྤྱི་ལོ་༧༩༦ལོ་གསར་གྱི་དུས་སྟོན་དུ་རྟ་རྒྱུགས་འགྲན་པའི་སྐབས། བཙན་པོ་ལ་མི་མོས་པ་ཞིག་གིས་ལྐོག་ནས་འཇབ་མདའ་འཕངས་ཏེ་བཀྲོངས་ཞེས་བཀའ་ཐང་དུ་གསུངས། བང་སོ་ནི་མུ་ར་རི་ལ་བརྩིགས་ཏེ་འཕྲུལ་རི་གཙུག་སྣང་དུ་བཏགས། མདུན་དུ་རྡོ་རིང་ཡི་གེ་ཅན་ཞིག་ཀྱང་བཙུགས། 【5】 སད་མི་མི་བདུན། བསྟན་པའི་མངའ་བདག་མཁན་ཆེན་བྷོ་དྷི་ས་ཏྭའམ་ཞི་བ་འཚོ་ཤཱནྟ་རཀྵི་ཏས་མཁན་པོ་དང༌། དཱ་ན་ཤིའ་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། པཎྜིཏ་བཅུ་པོས་ཁ་སྐོང་མཛད་ནས། ས་ལུག་༧༧༩ ལོར་བོད་ཀྱི་མི་ལ་རབ་བྱུང་བཏུབ་བམ་མི་བཏུབ་ཉམས་སད་པའི་ཕྱིར།རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་དཔལ་དབྱངས་དང༌། བཙན་པོས་བསྔགས་པས་སྦ་རཏྣར་གྲགས། སྦ་གསལ་སྣང་བསྙེན་པར་རྫོགས་པ་དང་དེ་རྗེས་པ་གོར་བཻ་རོ་ཙ་ན། མཆིམས་ཤཱཀྱ་བྲ་བྷ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་དཀོན་མཆོག་དབང་པོ། གཙང་ལེགས་གྲུབ་བཅས་བོད་ཀྱི་མི་ཉམས་སད་པའི་ཆེད་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས། དེ་དག་མི་རིང་བར་མངོན་ཤེས་དང་རྫུ་འཕྲུལ་ལ་མངའ་བརྙེས་པ་བྱུང་བས། ཐོག་མར་བོད་དུ་རབ་བྱུང་སྒྲུབ་ཏུ་བཏུབ་མིན་ཉམས་སད་བྱས་པས་ན་ཕྱིས་ནས་འདི་དག་ལ་བོད་ཀྱི་སད་མི་མི་བདུན་དུ་གྲགས། འདི་དག་བོད་ཀྱི་རབ་བྱུང་གི་ཐོག་མར་གྲགས། སྔོན་གྱི་མཁས་པ་ཁ་ཅིག སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བའི་མཚན་འཁོན་ཀླུའི་དབང་པོ་ཡིན་པར་ཡང་བཤད། འགའ་ཞིག་ལ་འཁོན་ཀླུའི་དབང་པོ་སད་མི་བདུན་གྱི་ཁོངས་སུ་མི་ཐེ་ཟེར་ཏེ་དཔྱད་པའི་གཞིའོ། །ཨོ་རྒྱན་གླིང་པའི་པདྨ་བཀའ་ཐང་ལས་ནི། སད་མི་མི་བདུན་ལ། སྦ་གསལ་སྣང༌། སྦ་ཡེ་ཤེས་དབང་པོའང་ཟེར། སྦ་དཔའ་དབྱངས། ངན་ལམ་རྒྱལ་བ་མཆོག་དབྱངས། ལྷ་ལུང་དཔལ་རྡོར། རྨ་རིན་ཆེན་མཆོག ལ་གསུམ་རྒྱལ་བ་བྱང་ཆུབ། མཁས་པ་བཻ་རོ་ཙ་ན་བདུན་བགྲང་སྣང་ཞིང༌། འདི་ལ་འདྲེན་ལུགས་གཞན་ཡང་ཡོད་དེ། སྔོན་གྱི་བཀའ་ཆེམས་རྙིང་མ་ལས། སྦས་རརྣ་ར་ཀྵི་ཏ་རིན་ཆེན་བསྲུང་བ། ཛྙཱནྟྲ་རཀྵི་ཏ་ཡེ་ཤེས་དབང་པོ་བསྲུང་བ། རེརྣ་ནྟྲ་རཀྵི་ཏ་རིན་ཆེན་དབང་པོ་བསྲུང་བ། རླངས་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་ཆོ་ག་བསྲུང་བ། བཻ་རོ་ཙ་ན་རཀྵི་ཏ་རྣམ་པར་སྣང་མཛད་བསྲུང་བ། འཁོན་ན་གིནྟྲ་རཀྵི་ཏ་ཀླུའི་དབང་པོ་བསྲུང་བ། གཙང་པ་དེ་ཝནྟྲ་རཀྵི་ཏ་ལྷའི་དབང་པོ་བསྲུང་བ་དང་བདུན་ནོ། ། དེ་དག་གི་རྣམ་ཐར་གང་རྙེད་མདོར་བསྡུས་རེ་ནི་ཁོ་བོས་བྲིས་པའི་《སྲིད་ཞིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བསྙེན་རྫོགས་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་བླ་བརྒྱུད་རྣམ་ཐར་ཛམ་བུའི་གསེར་གྱི་མཆོད་སྡོང་》ཞེས་བྱ་བར་གསལ་བས་དེར་གཟིགས་དགོས། 【6】 རླངས། དཔལ་འཕགས་མོ་གྲུབ་པའི་རུས་ཀྱི་མིང་ཡིན་ཏེ། རླངས་ཀྱི་པུ་ཏི་བསེ་རུ་ལས། དང་པོ་འཇིག་རྟེན་ཆགས་པའི་དུས་ནས་ས་ཆུ་མེ་རླུང་སྟེ་འབྱུང་བ་ལྔའི་སྙིང་པོ་ཚོགས་པ་ལ་བརྟེན་ནས་དུང་སྒོང་ཞིག་བྱུང་བར་རིམ་བཞིན་དབང་པོ་གཟུགས་ཅན་པ་ལྔ་དོད་ནས་ཁྱེའུ་མཚར་སྡུག་ལྡན་པ་ཞིག་བྱུང༌། དེ་ལ་ཡེ་སྨོན་རྒྱལ་པོ་ཞེས་བྱ་བ་བཏགས་པ་ལས་རིམ་པར་བརྒྱུད་དེ་ལྡོང་གི་རུས་ཆེན་བཅོ་བརྒྱད་དང༌། འབྲས་དཀར་ནག་ཁྲ་གསུམ། བོད་མི་གདུང་དྲུག་གི་ནང་གསེས་སེ་ཁྱུང་དབྲའི་རྒྱུད་པ་ནས་མི་རབས་ལྔ་པར་གནམ་ལྷ་མཆེད་བརྒྱད་ཅེས་བྱ་བ་བྱུང་བར་གྲགས། གནམ་ལྷ་མཆེད་བརྒྱད་ནང་གི་མང་ལྡོམ་སྟག་བཙན་དང༌། གནམ་སྨན་མའམ། ཚངས་སྲས་ལྷ་མོ་འདུས་པར་ཁྱེའུ་ངོ་མཚར་ཅན། སྤྱི་བོའི་གཙུག་ན་དུང་ལྟར་དཀར་བའི་རླངས་པ་ཡོད་པ་ཞིག་འཁྲུངས་པ་དེ་ཡབ་མང་ལྡོམ་སྟག་བཙན་གྱིས་གཟིགས་ནས་རབ་ཏུ་དགའ་སྟེ་རླངས་སོ། ། རླངས་སོ། ། རླངས་སོ་བྱས་པས་ཁྱེའུ་དེའི་མིང་ལ་ལྷ་རིགས་འཕན་པོ་ཆེ་རླངས་ཞེས་བཏགས་པར་གྲགས་པ་དེ་ནས་མི་རབས་རིམ་པར་གྱེས་པ་ལ་རླངས་ཀྱི་གདུང་རྒྱུད་ཅེས་བྱའོ། །ལྷ་རིགས་འཕན་པོ་ཆེ་རླངས་ནས་མི་རབས་ཉི་ཤུ་སོང་རྗེས་མདོ་ཁམས་སུ་རླངས་གཉན་ཐོག་ཨ་ཁྲོམ་གྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱི་སྲས་སུ་སྤྱན་སྔ་གྲགས་པ་འབྱུང་གནས་འཁྲུངས་པ་དེས། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དངོས་སློབ་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་བླ་མར་བསྟེན་པ་དང༌། སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་ལྟར་ཕག་མོ་གྲུ་པའི་གདན་ས་ཐེལ་གྱི་བླ་མ་མཛད་པ་དེ་ནས་བཟུང་ལྷ་རིགས་རླངས་ཀྱི་གདུང་རྒྱུད་ཀྱིས་དཔལ་ཕག་མོ་གྲུ་པའི་གདན་ས་འཛིན་སྐྱོང་གནང་བས་ཆོས་བརྒྱུད་དང༌། རུས་རྒྱུད་ཀྱི་མིང་གཅིག་ཏུ་འདྲེས་ཏེ་ཕག་གྲུ་རླངས་ཀྱི་གདུང་རྒྱུད་ཅེས་པ་དེ་བྱུང་ངོ༌། ། རྒྱས་པར་ཤེས་འདོད་ན་རླངས་ཀྱི་ཨ་མྱེས་འདྲེ་ཁོལ་གྱིས་མཛད་པའི་《རླངས་ཀྱི་པོ་ཏི་བསྲེ་རུ་》ལ་གཟིགས་དགོས། 【7】 རླངས་ཁམས་པ་གོ་ཅ། རྟོགས་བརྗོད་འདིའི་ནང་བོད་ཀྱི་སད་མི་མི་བདུན་གྱི་ཡ་གྱལ་ཡིན་པ་གསུངས་པར། སྔོན་གྱི་ཡིག་རྙིང་ལག་སོན་བྱུང་བ་རྣམས་ཀྱི་ནང་དུ། སད་མི་མི་བདུན་གྱི་ངོས་འཛིན་མི་འདྲ་བ་ཅི་རིགས་འདུག་པའི་ཁྲོད་ནས། སྔོན་གྱི་བཀའ་ཆེམས་རྙིང་མ་ལས། རླངས་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་ཆོ་ག་བསྲུང་བ།ཞེས་འབྱུང་བ་དེ་ཡིན་ནམ་སྙམ། དེ་ནི་སྔོན་གྱི་ལོ་ཙཱ་བའི་ཁྲོད་ནས་མཚན་གྱི་སྙན་པ་འབུར་དུ་ཐོན་པའི་མཁས་པ་ཞིག་ཡིན། ཆུང་དུས་ནས་ཤེས་བྱའི་གནས་ཀུན་ལ་མཁས་པ་སྦྱངས། ཆེར་སྐྱེས་པ་ནས་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་ཤེར་ཕྱིར་འབུམ་པ་ཆ་ཚང་ཐུགས་ཐོག་ལ་བཟུང་ནས་བོད་སྐད་དུ་བསྒྱུར་བ་དེ་ཉིད། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཧ་ཅང་མཐོང་ཆེ་གནང་ནས་ཆོས་རྒྱལ་རང་གི་མཚལ་ཁྲག་དང་ར་དཀར་པོའི་འོ་མ་བསྲེས་ནས་བྲིས་པའི་པོ་ཏི་ལ་རེག་ཟིག་དམར་པོ་ཞེས་སུ་གྲགས། དེ་ཡང་། བཙན་པོའི་མཚལ་དང་ར་དཀར་པོའི་འོ་མ་བསྲེས་ནས་བྲིས་པ་ནི་ཆེ་མཐོང་མཚོན་པའི་ཆེད་དུ་ཡིན། རེག་ཟིག་དམར་པོར་གྲགས་པ་དེ་ལ་བླ་འགྱུར་ཆུང་བ་ཡང་ཟེར། རེག་ཟིག་ཅེས་པ་ནི་ཟིན་རིས་ཀྱི་དོན་ཡིན་ཞེས་གཡུང་དྲུང་བོན་གྱི་མཁས་པ་དགེ་བཤེས་ཕུན་ཚོགས་ཉི་མས་གསུང་པ་ལྟར་ལེགས་ཏེ། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་དགོངས་གཅིག་འགྲེལ་བར། དམ་པའི་ཆོས་དགོངས་པ་གཅིག་པའི་བཤད་པའི་གསུང་རྒྱུན་རེག་ཟིག་རྒྱལ་བ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞལ་ལུང་དྲི་མ་དང་བྲལ་བ་བདུད་རྩིའི་འདོད་སྟེར་གྲུབ་པའི་དཔྱིད་ཐིག་གཞོན་ནུ་བདེ་བའི་ལང་ཚོ་གར་དགུའི་སྒེག་པ་ཀུན་མཁྱེན་རབ་ཏུ་འབར་བའི་ཕུང་པོ་བསྐལ་མེ་འཇིག་བྱེད་ཅེས་བྱ་བ་ཚོམས་དང་པོ་གཞན་འགྲེལ་དུ་མཛད་པ་རྣམས་བཞུགས།། ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོར། ཟིན་ཐུན། རེག་ཟིག་གམ་ཟིན་བྲིས། བརྗོད་བྱང་ཟིན་ཐུན། བྱ་རིམ་ཟིན་ཐུན་དུ་བྲིས་པ་རྣམས་མིང་གི་རྣམ་གྲངས་སུ་བཞག་འདུག་པས་སོ། །

【8】	ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་སྤྱན་སྔ་རིན་པོ་ཆེ། མཚན་དངོས་ལ་སྤྱན་སྔ་གྲགས་པ་འབྱུང་གནས་ཞུ། ལྷ་རིགས་འཕན་པོ་ཆེ་རླངས་ནས་མི་རབས་ཉི་ཤུ་སོང་རྗེས། མདོ་ཁམས་སུ་རླངས་གཉན་ཐོག་ཨ་ཁྲོམ་གྱི་གདུང་རྒྱུད་ཡོན་ཆེན་རྒྱལ་བ་སྐྱབས་ཀྱིས་འབྲོ་ལྡོག་བཟའ་ཁུ་བྱུག་སྨན་དང༌།  དེ་གུ་མ་གཉིས་ཁབ་ཏུ་བཞེས་པ་ལས།   འབྲོ་ལྡོག་བཟའ་ལ་སྤྱན་སྔ་གྲགས་པ་འབྱུང་གནས།  དཔོན་སངས་རྒྱས་སྐྱབས།  ཤེས་རབ་རྒྱལ་མཚན།   དེ་གུ་མ་ལ་སྲས་མགོན་པོ་རྒྱལ་མཚན་དང་བཞི་འཁྲུངས་པའི་དང་པོ་སྤྱན་སྔ་གྲགས་པ་འབྱུང་གནས་འདི་ཉིད།  སྤྱི་ལོ་1175པ་རབ་བྱུང་གསུམ་པའི་ཤིང་ལུག་ལོར་འཁྲུངས་ཤིང༌།  འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོར་ལོ་བཅུ་བདུན་ཙམ་བསྟེན་རིང་བླ་མའི་སྐུ་དང་འབྲལ་བ་མེད་པའི་ཉེ་གནས་ལྟ་བུ་གནང་བས་“སྤྱན་སྔ་པ” ཞེས་བྱ་བའི་མཚན་ཐོགས། ཕྱིས་རླངས་ཀྱི་གདུང་རྒྱུད་ཀྱིས་ཐེལ་གྱི་གདན་ས་འཛིན་པ་རྣམས་དང༌།  འབྲི་གུང་པའི་བླ་མའི་མཚན་གནས་ལྟ་བུར་གྱུར་ནས་སྤྱན་སྔ་ཞེས་འབོད་སྲོལ་བྱུང༌།  སྤྱན་སྔ་གྲགས་པ་འབྱུང་གནས་དགུང་ལོ་སོ་བཞི་པར་འབྲི་གུང་སྐྱོབ་པས་བསྔགས་བརྗོད་དང་བཅས་ཕག་མོ་གྲུ་པའི་གདན་ས་འཛིན་པར་བཏང༌།  དགུང་ལོ་དོན་གཉིས་པར་འབྲི་གུང་གི་གདན་ས་ཡང་སྐྱོང་གནང་མཛད།  སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་འབྲི་གུང་གི་གདན་ས་འཛིན་སྐྱོང་གནང་བའི་སྐབས་ཧོར་གྱི་རྒྱལ་པོ་གོ་དན་གྱིས་དམག་དཔོན་དོར་རྟ་ནག་པོ་བོད་དུ་འབྱོར་སྐབས། སྣེ་ལེན་གང་ལེགས་མཛད་པས། བོད་ཡོངས་ལ་སོག་དམག་གི་རྩུབ་སྤྱོད་ཀྱི་འཇིགས་པ་མི་འབྱུང་བ་ལ་ཕན་ཐོགས་ཆེན་པོར་བྱུང༌།  མཐར་དགུང་ལོ་གྱ་གཅིག་པ་རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་1255 ལོར་སྐུ་གཤེགས། 

【9】 རྒྱལ་བ་རིན་པོ་ཆེ། མཚན་དངོས་ལ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་སམ་རྒྱལ་བ་ཐོག་རྡུགས་པ་ཞུ། ཕག་གྲུ་དཔོན་སངས་རྒྱས་སྐྱབས་ལ་སྲས་གྲགས་པ་བརྩོན་འགྲུས་དང༌། བཅུ་གཉིས་རྙིང་མ་རིན་ཆེན་རྡོ་རྗེ། གཏེར་རྒྱབ་པ། རིན་པོ་ཆེ་རྡོར་རིན་པ་བཅས་བཞི་འཁྲུངས་པ་ལས། གྲགས་པ་བརྩོན་འགྲུས་ནི། སྤྱི་ལོ་1203རབ་བྱུང་གསུམ་པའི་ཆུ་ཕག་ལོར་འཁྲུངས། དགུང་ལོ་སོ་གསུམ་པར་ཕེབས་སྐབས་ཐེལ་གྱི་གདན་ས་མཛད་དེ་ཚོགས་པ་ལོ་སུམ་ཅུ་སོ་གསུམ་ཙམ་ལ་བསྐྱངས། འདིའི་གོང་ལ་ཕག་མོ་གྲུ་པ་ལ་དད་འབུལ་བྱུང་བའི་ཞིང་འབྲོག་གི་འབབ་ཡོང་ཙམ་ལས་གཞུང་འཛིན་བདག་དབང་གི་ཆོས་གཞིས་སོགས་དམིགས་གསལ་མེད་རུང༌། རྒྱལ་བ་རིན་པོ་ཆེའི་སྐབས་ཕག་གྲུ་རང་ལ་ཕུལ་བའི་ཞིང་འབྲོག་གི་ཐོག །ཧོར་གྱི་རྒྱལ་བུ་ཧུ་ལ་ཧུར་གཏོགས་པའི་བོད་ཁུལ་ས་ཁང་མི་གསུམ་གྱི་དབང་རིས་རྣམས་ཧོར་གོང་མའི་ལུང་གིས་ཕག་མོ་གྲུ་པས་བདག་ཐོབ་བྱས་ཆོག་པ་བྱུང་བ་བཞིན་ཐོག་མར་ལྡན་མ་སྒོམ་བརྩོན་གྱིས་འབྲི་གུང་དང༌། ཕག་གྲུའི་སྤྱི་དཔོན་བྱས་ཤིང༌། དེ་རྗེས་དཔོན་རྡོ་རྗེ་དཔལ་ཧོར་གོང་མའི་ལུང་གིས་ཕག་གྲུའི་ཁྲི་དཔོན་དུ་བསྐོས་པ་ཁོང་སྔ་རྗེས་སུ་གོང་མའི་མདུན་སར་ལན་གསུམ་བྱོན་ཞིང༌། ཕོ་བྲང་སྒང་དང༌། ཚོང་འདུས་བྲག་ཁ་སོགས་གཞིས་ཀ་བཅུ་གཉིས་བརྩིགས་པ་བཅས་ཕག་མོ་གྲུ་པའི་མངའ་ཐང་འཕེལ་རྒྱས་ཀྱི་འགོ་དོད་པར་མ་ཟད། གཞིས་ཀ་བརྩིགས་པ་འདི་ནི་བོད་དུ་གཞིས་ཀའི་ལམ་ལུགས་འཕེལ་རྒྱས་བྱུང་བའི་མཚོན་རྟགས་ཤིག་ཡིན། སྐབས་དེར་གཡའ་བཟང་པ་དང་པོར་རྒྱལ་བུ་ཧུ་ལ་ཧུའི་དུས་སུ་ཕག་གྲུའི་སྟོང་སྐོར་གྱི་ཁོངས་སུ་གཏོགས་ཀྱང༌། ལྡན་མ་སྒོམ་བརྩོན་གྱི་དུས་གཡའ་བཟང་པ་ཟུར་དུ་ཐོན་ནས་མོན་ལུག་མགོ་སྟེང་ཚུན་ཆད་གཡའ་བཟང་པ་ལ་ཤོར་པ་ཕག་གྲུས་དཔུང་ཤེད་ཀྱིས་བླངས་པ་དེ་ནས་གཡའ་ཕག་བར་གྱི་འགལ་བ་རིམ་བཞིན་རྣོ་ངར་ཅན་དུ་གྱུར། མདོར་ན་རྒྱལ་བ་རིན་པོ་ཆེ་གྲགས་པ་བརྩོན་འགྲུས་ཀྱི་དུས་སུ་ཕག་གྲུའི་མངའ་ཐང་འཕེལ་རྒྱས་སོང་བར་མ་ཟད། གོང་མའི་ལུང་དང་ལག་རྟགས་ཡོད་པའི་ཁྲི་སྐོར་གྱི་གྲས་ཤིག་ཏུ་གྱུར་པ་བཅས་མཐར་དགུང་ལོ་རེ་ལྔ་པ་རབ་བྱུང་ལྔ་པའི་མེ་ཡོས་སྤྱི་ལོ་1267 བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས། 【10】 བཅུ་གཉིས་རིན་པོ་ཆེ། བཅུ་གཉིས་རྙིང་མ་རིན་ཆེན་རྡོ་རྗེ་ནི། སྤྱི་ལོ་1218རབ་བྱུང་བཞི་པའི་ས་སྟག་ལོར་འཁྲུངས། དགུང་ལོ་ལྔ་བཅུ་བ་མེ་ཡོས་ལོར་ཐེལ་གྱི་གདན་སར་ཕེབས་ཏེ་ཚོགས་པ་ལོ་བཅུ་བཞིའི་རིང་བསྐྱངས། མཐར་དགུང་ལོ་དྲུག་ཅུ་རེ་གསུམ་པ་སྤྱི་ལོ་1280རབ་བྱུང་ལྔ་པའི་ལྕགས་འབྲུག་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཉིས་ལ་སྐུ་གཤེགས། བཅུ་གཉིས་རིན་པོ་ཆེའི་དུས་ཁྲི་དཔོན་རྡོ་རྗེ་དཔལ་གྲོངས་ནས་ཁོང་གི་གཅུང་པོ་གཞོན་ནུ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་བསྐོས། ཁོང་འདས་རྗེས་ལྷོ་བྲག་གཤོང་སྡེའི་མཁན་པོ་རིན་རྒྱལ་བས་སེ་ཆེན་གོང་མའི་ལུང་བཞིན་ཁྲི་དཔོན་ལོ་གཉིས་བྱས་པ་དང༌། དེ་རྗེས་ཡར་འབྲོག་ཆུ་རྒྱུད་མཁར་པའི་བྱང་གཞོན་སེ་ཆེན་གོང་མའི་ལུང་གིས་ཁྲི་དཔོན་དུ་བསྐོས་པ་བཅས་ཁྲི་དཔོན་འདི་གསུམ་ག་བག་མེད་སྤྱོད་པའི་དབང་དུ་སོང་སྟེ་ཕག་མོ་གྲུ་པའི་སྡེ་ཚུགས་ལ་ཕན་ཐོགས་གང་ཡང་བྱུང་མེད། 【11】 སྤྱན་སྔ་གྲགས་ཡེ་བ། མཚན་དངོས་སྤྱན་སྔ་གཅེན་གྲགས་པ་ཡེ་ཤེས་ནི། ཕག་གྲུ་དཔོན་མགོན་པོ་རྒྱལ་མཚན་གྱི་སྲས་ཁྲོ་བོ་འཕན། དེའི་སྲས་རིན་ཆེན་ཤེས་རབ། གྲགས་པ་ཡེ་ཤེས། གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན། རིན་ཆེན་སྐྱབས་དང་བཞི་འཁྲུངས་པ་ལས། གྲགས་པ་ཡེ་ཤེས་ནི་སྤྱི་ལོ་1240རབ་བྱུང་བཞི་པའི་ལྕགས་བྱི་ལོར་འཁྲུངས་ཤིང༌། དགུང་ལོ་ཞེ་གཉིས་པ་ལྕགས་སྦྲུལ་ལོར་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་བརྒྱད་བསྐྱངས་མཐར་དགུང་ལོ་ཞེ་དགུ་པ་སྤྱི་ལོ་1288 རབ་བྱུང་ལྔ་པའི་ས་བྱི་ཟླ་བ་ལྔ་པའི་ཚེས་བཅུ་བརྒྱད་ཉིན་སྐུ་གཤེགས། དེ་རྗེས་ཕག་གྲུའི་ཁྲི་དཔོན་གཞོན་ནུ་ཡོན་ཏན་གྱིས་བྱས་མོད། དེ་ནི་ནག་ཆང་ཁོ་ནའི་དབང་དུ་ཤོར་པས་ཕག་གྲུའི་མངའ་ཐང་འཕེལ་རྒྱས་ལྟ་ཅི་ཉམས་རྒུད་དུ་གྱུར་པར་གྲགས། 【12】 སྤྱན་སྔ་གྲགས་རིན་པ། ཕག་གྲུ་གཅུང་རྒྱ་བོའམ་གཉིས་མཆོད་པ་གྲགས་པ་རིན་ཆེན་ནི། རབ་བྱུང་བཞི་པའི་ལྕགས་ཕོ་ཁྱི་སྤྱི་ལོ་1250ལོར་ཁྲོ་བོ་འབན་གྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ཆོས་རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་སྐུ་གཤེགས། །གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ལས་བཀའ་བརྒྱུད་ཀྱི་ཟབ་ཆོས་རྣམས་ལེགས་པར་གསན། དེ་ནས་རབ་ཏུ་བྱུང་པའི་མཚན་ལ་གྲགས་པ་རིན་ཆེན་ཞེས་གསོལ། མཁས་གྲུབ་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་ནས་ཕྱི་ནང་གི་བསྟན་བཅོས་རྣམས་ལ་མཁས་པར་སྦྱངས། དགུང་ལོ་བཞི་བཅུ་ཐམ་པ་རབ་བྱུང་ལྔ་པའི་ས་གླང་སྤྱི་ལོ་1289 ལོར་ཕག་གྲུའི་གདན་སའི་སྤྱན་སྔའི་གོ་སར་ཕེབས། དེའི་ཕྱི་ལོ་ས་སྐྱ་པས་འབྲི་གུང་བཅོམ། སེ་ཆེན་རྒྱལ་པོའི་ཏི་ཤྲི་གྲགས་པ་འོད་ཟེར་དང༌། རྒྱལ་པོ་ཐེ་མུར་བོ་ག་གཉིས་ཀྱིས་ཁོང་ལ་ཕག་གྲུའི་ཁྲི་དཔོན་གྱི་འཇའ་ས་དང༌། སྟག་མགོ་ཅན་གྱི་ཐམ་ཁ་གནང་བས་ཁྲི་དཔོན་ཟུར་དུ་མ་བསྐོས་པ་བླ་དཔོན་སྦྲགས་མར་མཛད། སྐུ་འབུམ་ཤར་ནུབ་ཀྱི་གསེར་ཐོག་ཁྱད་པར་ཅན་འདི་རྣམས་ཀྱང་ཁོང་གི་རིང་ལ་ཡ་ཙེ་རྒྱལ་པོས་ཕུལ་ནས་བཟུང་སྟེ་སྤྱན་སྔ་གསེར་ཐོག་པར་གྲགས། ལོ་ངོ་ཉི་ཤུ་རྩ་གཉིས་ཀྱི་བར་དུ་གདན་སའི་འགན་ཁུར་བཞེས་ནས་བསྟན་པ་དར་བར་མཛད། དོ་སྔོན། རྒྱལ་ཐང་། སྨོན་མཁར། མོན་ཁ་སོགས་དེ་སྔོན་ཕག་གྲུའི་འཛིན་ཁོངས་སུ་ཡོད་པའི་ས་རིས་གཞན་ལ་ཤོར་བ་ཕལ་ཆེ་བ་ཕྱག་རྫས་དང་ཐབས་མཁས་ཀྱིས་བླུས་ནས་རྒྱ་བསྐྱེད་མཛད་པས། ཕག་གྲུའི་སྐོར་ལ་བཀའ་དྲིན་ལྷག་པར་ཆེ། ཐེལ་གྱི་ལུགས་གཉིས་མི་ལོ་ཉེར་གཉིས་བར་དུ་འཛིན་སྐྱོང་ཚུལ་བཞིན་གནང་ནས། མཐར་དགུང་ལོ་དྲུག་ཅུ་རེ་གཅིག་པ་སྤྱི་ལོ་1310རབ་བྱུང་ལྔ་པའི་ལྕགས་ཁྱི་ཟླ་བ་གཉིས་པའི་ཚེས་ཉེར་གཉིས་ཉིན་སྐུ་གཤེགས། ཁོང་ནི་ཕག་གྲུའི་གདན་རབས་བདུན་པ་ཡིན། ཁོང་གི་མཚན་གྱི་རྣམ་གྲངས་ནི་སྤྱན་སྔ་གཉིས་མཆོད་པ་དང༌། སྤྱན་སྔ་གསེར་ཐོག་པ། ཕག་གྲུ་གཉིས་མཆོད་པའང་ཞུ། 【13】 སྤྱན་སྔ་གྲགས་ཡེ་བའི་གཅུང་པོ་དཔོན་རིན་ཆེན་སྐྱབས། ཕག་གྲུའི་སྲས་ཁྲོ་བོ་འཕན་ལ། སྟག་རིན་ཆེན་ཤེས་རབ་དང་། གྲགས་པ་ཡེ་ཤེས། གཅུང་གཉིས་མཆོད་པ་གྲགས་པ་རིན་ཆེན། རིན་ཆེན་སྐྱབས་བཅས་བཞི་པོའི་ཆུང་ཤོས་དེ་ཡིན། ཆེར་སྐྱེས་པ་ན་ཕག་གྲུའི་གདུང་རྒྱུད་སྤེལ་ཕྱིར་ཁྱིམ་བཟུང་སྟེ་ནང་ལྕམ་མ་དང་འབྲུམ་སྐྱིད་མ་ཞེས་པའི་ཇོ་མོ་གཉིས་བླངས་པའི་ཇོ་མོ་ཆེ་བར་སྲས་རྒྱན་བཟང་དང་ཚེ་བཞི་རྙིང་པ་གྲགས་རྒྱན་འཁྲུངས། ཆུང་མ་ལ་མི་དབང་སི་ཏུ་བྱང་ཆུབ་རྒྱལ་མཚན་དང་བཅུ་གཉིས་རིན་པོ་ཆེ་གྲགས་ཤེས་འཁྲུངས། དཔོན་རིན་ཆེན་རྡོ་རྗེ་བའི་མཛད་རྗེས་དང་འཁྲུངས་འདས་སོགས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དང་། དེབ་ཐེར་དམར་པོ་གསར་མ་བཅས་སུ་མི་གསལ་བས། ད་ཕན་ལོ་རྒྱུས་སྨྲ་བ་སུ་ཞིག་གིས་ཀྱང་བཤད་རྒྱུ་རྙེད་མི་འདུག 【14】སྤྱན་སྔ་གྲགས་པ་རྒྱལ་མཚན་པ། ཚེས་བཞི་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ནི། སྤྱི་ལོ་1293ལོ་རབ་བྱུང་ལྔ་པའི་ཆུ་སྦྲུལ་ལོར་འཁྲུངས་ཤིང༌། དགུང་ལོ་བཅོ་བརྒྱད་པ་ལྕགས་ཁྱི་ལོར་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་སུམ་ཅུ་སོ་བཞི་བསྐྱངས། མཐར་དགུང་ལོ་རེ་བརྒྱད་པ་སྤྱི་ལོ་1360 རབ་བྱུང་དྲུག་པའི་ལྕགས་བྱི་ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ཉིན་སྐུ་གཤེགས་ཀྱང་ཚེས་བཞི་པར་གྲགས་ཞེས་ལྷོ་རོང་ཆོས་འབྱུང་དུ་གསལ། གྲགས་པ་རྒྱལ་མཚན་འདིའི་དུས་སློབ་དཔོན་རྒྱལ་མཚན་བཟང་པོས་ཧོར་གོང་མའི་དྲུང་དུ་ཕྱིན་ཏེ་ལུང་དང་ལག་རྟགས་ཞུས་ཐོབ་ཀྱི་ཁྲི་དཔོན་ལོ་བདུན་དང༌། དེ་རྗེས་རྒྱལ་མཚན་སྐྱབས་ཀྱིས་ཁྲི་དཔོན་ལོ་ལྔ་བཅས་རིམ་པར་བྱས་ཀྱང༌། ཁོང་ཚོས་ཕག་གྲུའི་སྡེ་དང་ས་རིས་ལ་ཕན་པའི་མཛད་རྗེས་དམིགས་བསལ་བ་གང་ཡང་བཞག་མེད། 【15】 སྤྱན་སྔ་གྲགས་ཤེ་བ། བཅུ་གཉིས་གསར་མ་གྲགས་པ་ཤེས་རབ་སྟེ། སྤྱི་ལོ་1310 རབ་བྱུང་ལྔ་པའི་ལྕགས་ཁྱི་ལོར་འཁྲུངས་ཤིང༌། དགུང་ལོ་ང་གཅིག་པ་ལྕགས་བྱི་ལ་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་བཅུ་གཉིས་བསྐྱངས་ཤིང་། དེའི་རིང་ལ་བཤད་སྒྲུབ་ལས་གྱི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་སྤྱི་ལོ་1370རབ་བྱུང་དྲུག་པའི་ལྕགས་ཁྱི་ཟླ་བ་དགུ་པའི་ཚེས་བཅུ་གཉིས་ཉིན་སྐུ་གཤེགས། 【16】 ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པ། ཕག་གྲུའི་སྡེ་སྲིད་དང་པོ་དེ་ཡིན། རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་1302 ལོར་འཁྲུངས། དགུང་ལོ་གསུམ་པ་ནས་ཡི་གེ་འབྲི་ཀློག་སློབ་འགོ་ཚུགས། དགུང་ལོ་བདུན་པར་སྤྱན་སྔ་ཚེས་བཞི་པའི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་བྱང་ཆུབ་རྒྱལ་མཚན་ཞེས་གསོལ། དགུང་ལོ་བཅུ་བཞི་པར་ས་སྐྱ་ལ་སློབ་གཉེར་དུ་ཕེབས་ཏེ། བདག་ཉིད་ཆེན་པོ་བཟང་པོ་དཔལ་པ་དང༌། བླ་མ་མཉམ་མེད་པ་སོགས་བསྟེན་ནས་རྒྱུད་བརྟག་གཉིས་ལ་སོགས་པའི་གཞུང་ལུགས་ཁག་ལ་ཐོས་བསམ་གནང་བས་མཁས་པར་གྱུར། ལོ་ལྔ་ཙམ་བཞུགས་པའི་རྗེས་སུ་ས་སྐྱའི་དགེ་བཤེས་ཀྱི་མཚན་སྙན་ཐོབ་པ་དང༌། བདག་ཉིད་ཆེན་པོ་བཟང་པོ་དཔལ་པའི་དམ་གཉེར་གྱི་ལས་ཚན་ཡང་རེ་ཞིག་གནང༌། དེའི་དུས་སུ་བོད་ཀྱི་ཁྲི་དཔོན་ཁག་དང༌། མི་དཔོན་སོགས་ཀྱི་བུ་ཕྲུག་མང་པོ་ས་སྐྱར་སློབ་གཉེར་ལ་ཕྱིན་པ་རྣམས་ཀྱི་ནང་ནས་བྱང་ཆུབ་རྒྱལ་མཚན་ནི། བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་སོགས་བླ་མ་རྣམས་ཀྱིས་ཐུགས་རྩིས་ཆེ་ཤོས་ཤིག་ཏུ་གྱུར། དེས་ན་ས་སྐྱར་བཞུགས་རིང་ཆོས་ཀྱི་གཞུང་ལ་མཁས་པ་ཁོ་ན་ཙམ་མ་ཟད། སྲིད་དོན་སྐྱོང་བ་ལ་མཁོ་བའི་ཡོན་ཏན་མང་པོ་ཡང་སྦྱོང་བརྩོན་གནང་བའི་གོ་སྐབས་བཟང་པོ་ཐོབ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་གྱི་ལས་གནས་ལ་འཁོད་སྐབས། དེའི་གོང་གི་ཁྲི་དཔོན་རྒྱལ་མཚན་སྐྱབས་ཀྱིས་མི་འདོད་པའི་རྣམ་འགྱུར་གྱིས་སྣེ་གདོང་མཛོད་ཁང་གི་དངོས་རྫས་རྣམས་རྒྱལ་མཚན་སྐྱབས་ཀྱི་བུ་ཚས་ཁྱེར་འོས་པ་རྣམས་ཁྱེར། ཁྱེར་མི་འོས་པ་རྣམས་བཅག་སྟེ། ཁྲི་དཔོན་གསར་པ་ལ་དངོས་རིགས་རྩིས་སྤྲོད་བྱས་པ་རྣམས་ཕན་ཐོགས་གང་ཡང་མེད་པའི་ཆག་གྲུམ་ཅན་གྱི་དངོས་རིགས་འགའ་ཞིག་ལས་མེད་ཁར། ཕག་གྲུའི་ཁྲི་དཔོན་གྱི་སྡེ་ཤོག་ནས་གྲི་ཚེ་སྤོང་འབྲས་མོ་དང་བཅས་པ་གཡའ་བཟང་པས་བཟུང༌། བཙན་ཐང་བླ་བྲང་དང༌། ཁྲ་འབྲུག བཟང་མོ། ལྷ་རུ་དང་བཅས་པ་རྣམས་ཤར་པས་བཟུང༌། སྨོན་མཁར་དང༌། བྱེ་མ་ལྷ་ཁང་གི་སྐོར་བཅས་དགེ་བཤེས་དུ་དབེན་པས་བཟུང༌། ཟ་ར་སྟོད་སྨད། ལུས་ཞིང༌། དགོན་ཐང༌། ཀུན་དགའ་ར། སེ་གསེབ་ལྷ་ཁང་གི་སྐོར་བཅས་ཁང་གསར་པ་དང༌། དཔོན་ཆེན་ཡོན་བཙུན་པའི་སྐོར་རྣམས་ཀྱིས་བཟུང༌། རྩྭ། སྤོམ་ཐན་རྣམས་དུ་དབེན་ཤ་རྡོ་རྗེ་མགོན་པོའི་ཕྱོགས་ཀྱིས་བཟུང༌། འཕྱོས་མོན་མགར་རྒྱལ་མཚན་སྐྱབས་ཀྱིས་བཟུང་སྟེ་ཏཱའི་སི་ཏུ་ལ་རྩིས་མ་སྤྲད་པ་བཅས་མདོར་ན་ཕག་གྲུའི་ཁྲི་དཔོན་གྱི་མངའ་ཁོངས་དེ་ཕྱི་ནང་གང་གི་ཐད་ནས་ཉམས་ཉེས་ཆེན་པོ་ཞིག་བྱུང་ཡོད། ཏཱའི་སི་ཏུ་ཁྲི་དཔོན་གྱི་འགན་བཞེས་གནང་རྗེས་སུ་གཞོན་ནུ་འོད་ཟེར་སྣེ་གདོང་གི་གཉེར་པར་བསྐོས་ཀྱང༌། ཕྱི་ནང་གི་ལས་དོན་ཁག་ཏཱའི་སི་ཏུའི་དགོངས་དོན་དང་མཐུན་པ་ཞིག་མ་བྱུང་བས་ལོ་བདུན་ཙམ་གྱི་རིང་སྣེ་གདོང་གི་མངའ་ཐང་འཕེལ་རྒྱས་བྱུང་མེད་པའི་ཁར། གསེར་སྲང་སྟོང་ཕྲག་ལྷག་ཙམ་གྱི་བུ་ལོན་འཇལ་དགོས་པ་བྱུང་བ་བཅས་ཏཱའི་སི་ཏུ་ལ་འོ་བརྒྱལ་ཆེན་པོ་བྱུང་ཡོད། དེའི་རྗེས་སུ་ཏཱའི་སི་ཏུས་ཧོར་གཞོན་ནུ་བཟང་པོ་སྣེ་གདོང་གི་ནང་གཉེར་ལ་བསྐོས། དེས་སི་ཏུའི་དགོངས་པ་དང་མཐུན་པའི་བློ་གཅིག་སེམས་གཅིག་གིས་སྣེ་གདོང་གི་ནང་གཉེར་ཀྱི་ལས་ཀ་བསྒྲུབས་པ་དང༌། སི་ཏུ་ཉིད་ཀྱིས་ཐབས་ཤེས་གང་ཡོད་བཏོན་གནང་སྟེ་ཕག་གྲུའི་མངའ་ཁོངས་གཞན་ལ་ཤོར་པ་རྣམས་ཚུར་བླངས། ཕག་གྲུའི་ཁོངས་ཀྱི་གཞིས་ཀ་རྣམས་ཉམས་གསོ་དང༌། ཡུལ་གྲུ་སོ་སོར་སྡོང་མྱུག་འཛུགས་པ། གྲམ་ཆུ་ལ་ཟམ་ཆེན་འཛུགས་པ། སྣེ་གདོང་ཕོ་བྲང་རྒྱ་བསྐྱེད་གནང་བ་བཅས་ཀྱི་ལས་དོན་མང་པོ་ཞིག་བསྒྲུབས་པས་མཐར་ཁྲི་དཔོན་རྣམས་ཀྱི་ནང་ནས་ཕག་གྲུའི་མངའ་ཐང་ལ་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཏུ་གྱུར། ཡོན་གོང་མས་ཁྲི་དཔོན་གྱི་འཇའ་ས་དང༌། སྟག་མགོ་ནོར་བུ་གསུམ་པའི་ཐམ་ཀ་སོགས་གནང་། ཕག་གྲུའི་ཁྲི་དཔོན་གནང་བའི་སྐབས་སུ་སྔར་རང་གི་མངའ་ཁོངས་རྣམས་ལ་བདག་ཏུ་བཟུང་བའི་རྐྱེན་གྱིས་གཡའ་བཟང་པ་དང་འཁྲུག་རྩོད་ཀྱི་གྱོད་གཞི་ལངས་ནས་ས་སྐྱའི་དཔོན་ཆེན་ལ་གཏུག་བཤེར་བྱས་པ་དང༌། ས་སྐྱ་པས་ཀྱང་གཡའ་བཟང་བའི་རྒྱབ་ཏུ་ལངས་ནས་ཁྲིམས་ཐག་དྲང་གཅོད་མ་བྱས་པའི་རྐྱེན་གྱིས་ས་ཕག་འགལ་བ་བྱུང་བའི་རྒྱུད་རིམ་ཁྲོད། དཀའ་སྡུག་ཚད་ལས་བརྒལ་བ་མྱོང་བའི་མཐར་ཕག་གྲུའི་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་བོད་ཁམས་ཡོངས་ལ་དབང་སྒྱུར་བྱེད་པའི་ཕག་གྲུའི་སྡེ་སྲིད་ཀྱི་ཐོག་མ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པའི་མཚན་སྙན་དེ་འཛིན་མའི་ཁྱོན་འདིར་ཡོངས་སུ་ཁྱབ་པའི་ཚུལ་ནི། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ལུགས་གཉིས་ལེགས་པར་བསྐྱངས་པའི་བླ་ན་མེད་པའི་ཐབས་ཤེས་ཀྱི་ཡོན་ཏན་དེ། གཡའ་བཟང་པ་སོགས་ཁྲི་དཔོན་ཁག་དང༌། དཔོན་ཆེན་ཁག་གིས་ཕྲག་དོག་གི་ཚེར་མདའ་ཡང་ཡང་བཏབ་པ་ལ། ཞི་བའི་ཐབས་དང་དྲག་པོའི་དཔུང་སོགས་གང་ལ་གང་འཚམ་གྱིས་རྒོལ་ལན་སློག་པས། མཐར་རང་གི་མངའ་ཁོངས་བསྲུངས་པ་ཙམ་དུ་མ་ཟད་ཁྲི་དཔོན་ཁག་དང་ས་སྐྱའི་དཔོན་ཆེན་བཅས་པ་དབང་དུ་བསྡུས་ནས་བོད་ཁམས་ཡོངས་རྫོགས་ཕག་མོ་གྲུ་པའི་མངའ་འོག་ཏུ་བསྡུས་སོ། ། དེ་ཡང་ས་སྐྱ་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་ཀྱིས་དྲངས་པའི་དམག་དཔུང་ལ། གཞོན་ནུ་བཟང་པོས་དམག་དཔོན་བྱས་ཏེ་ཕག་གྲུའི་ཁྲི་སྐོར་གྱི་དམག་གིས་འཐབ་པས་ས་སྐྱ་པ་ལ་གཡུལ་ཉེས་བྱུང་། ཕག་གྲུ་བྱང་ཆུབ་རྒྱལ་མཚན་སྐུ་དངོས་ཀྱིས་དམག་དཔོན་བྱས་ཏེ་གྲ་ཕྱི་སོགས་ལྷོ་བརྒྱུད་ཀྱི་རྫོང་གཞིས་ཕལ་ཆེར་བླངས། དེ་ནས་དཔུང་འཇུག་བྱས་ཏེ་ཚལ་པ་ཁྲི་དཔོན་གཏོར་ཕམ་བཏང་ནས་ས་ཆ་དང་སྡེ་འབངས་ཕག་གྲུའི་དབང་དུ་བྱས། རབ་བྱུང་དྲུག་པའི་ས་གླང་སྤྱི་ལོ་1349 ལོར་འབྲི་གུང་པ་དང༌། ནམ་གྲགས་པ། གཡའ་བཟང་པ་སོགས་ཀྱི་དམག་དཔུང་ཐམས་ཅད་ཕམ་པར་བྱས་ཏེ་གོ་མཚོན་རྣམས་བླངས། དེ་ནས་བཟུང་བོད་ཡོངས་ལ་དབང་སྒྱུར་བྱེད་པའི་དབང་ཤུགས་དེ་ཕག་མོ་གྲུ་པའི་ཕྱག་ལ་ཐོབ། རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ་1354 ལོར་བྱང་ཆུབ་རྒྱལ་མཚན་རང་ཉིད་ཀྱིས་ཕག་གྲུའི་སྲིད་གཞུང་དངོས་སུ་གསར་དུ་བཙུགས། གསར་དུ་འཛུགས་མ་ཐགཔའི་པའི་སྲིད་དབང་དེ་ཉིད་བརྟན་པོ་ཡོང་ཆེད། དྲུང་ཆེན་ཤེས་རབ་བཀྲ་ཤིས་ལ་སེང་གེའི་པགས་པ་སྡེར་བཞི་མ་ཉམས་པ་སོགས་ནོར་བུ་མང་པོ་བསྐུར་ཏེ་གོང་མའི་དྲུང་དུ་བཏང༌། ཡོན་གོང་མ་ཐོ་གན་ཐེར་མུ་ལ་བཟང་ཕྱོགས་ཀྱི་འབྲེལ་བ་བཏགས། ཡོན་གོང་མས་ཀྱང་ཁྲི་དཔོན་བྱང་ཆུབ་རྒྱལ་མཚན་ལ་ཏཱའི་སི་ཏུའི་མཚན་བྱང་གི་ཆེ་མཐོང་མཚོན་པའི་བཀའ་ཤོག་དང་ཐམ་ཁ་བཅས་ཕུལ། དགུང་ལོ་རེ་བཞི་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365 ལོར་བསྙུན་བབ་ལྕི་སྟབས་ཤཱཀྱ་རྒྱལ་མཚན་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་བཀོད། རབ་བྱུང་དྲུག་པའི་ལྕགས་ཕག་སྤྱི་ལོ་1371 ལོར་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས།

【17】	དཔོན་བསོད་ནམས་བཟང་པོ། ཡབ་སྤྱན་སྔ་གྲགས་ཡེ་བའི་གཅུང་པོ་རིན་ཆེན་སྐྱབས་དང་ཡུམ་འབུམ་སྐྱིད་མ་གཉིས་ཀྱི་སྲས་སུ་འཁྲུངས་སྐུ་མཆེད་རྒན་པ་རྣམས་རབ་ཏུ་བྱུང་ནས་སློབ་གཉེར་ལ་བརྩོན་ཞིང་རང་ཉིད་ཕག་མོ་གྲུ་པའི་གདུང་རྒྱུད་སྤེལ་མཁན་ཁྱིམ་འཛིན་བྱས་པའི་སྲས་གུ་ཤཱི་ཆེན་འཇམ་དབྱངས་པ་སོགས་འཁྲུངས། དེབ་དམར་དང་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་སུ། ཕག་གྲུའི་གདུང་རྒྱུད་ཁྲོད་ནས་སྲིད་སྐྱོང་གནང་མཁན་དང་བཤད་སྒྲུབ་བསྟན་ལ་ལག་རྗེས་འཇོག་མཁན་ཚོའི་ལོ་རྒྱུས་ཁོ་ན་རྩ་འདོན་བྱས་སྟབས། རིགས་རྒྱུད་སྤེལ་མཁན་གྱི་ཕག་གྲུའི་རྒྱུད་འཛིན་ཚོའི་ལོ་རྒྱུས་ཁ་གསལ་འགོད་གནང་མཛད་མི་འདུག
【18】	གུ་ཤྲཱི་ཆེན་པོ་འཇམ་དབྱངས་པ། སྤྱན་སྔ་ཤཱཀྱ་རྒྱལ་མཚན་ཏེ། ཕག་གྲུའི་སྡེ་སྲིད་གཉིས་པ་དེ་ཡིན།   ཡབ་ཕག་གྲུ་བསོད་ནམས་བཟང་པོ་དང༌།  ཡུམ་མང་ཉི་མ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་འབྲུག་སྤྱི་ལོ་1340 ལོར་འཁྲུངས།   གཞོན་ནུའི་དུས་སུ་བླ་མ་ཀླུ་ལུང་གྲགས་པ་ལས་ཀློག་བསླབས།  ཚེས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ཞུས་པའི་མཚན་ལ་གྲགས་པ་བཟང་པོ་གསོལ།  དགུང་ལོ་དགུ་པའི་སྐབས་མཁན་ཆེན་གཞོན་ནུ་དབང་ཕྱུག་དང༌།  སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ལ་ཤཱཀྱ་རྒྱལ་མཚན་དུ་གསོལ།  དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་ལོར་རྩེད་ཐང་གི་གདན་ས་མཛད། ཐེལ་གྱི་གདན་ས་ལ་བརྟག་གཉིས་ཀྱི་བཤད་པ་དང༌།  བཀའ་པོད་བཞི་སོགས་ལ་བཤད་པ་མཛད་པས་མཁས་པའི་སྙན་གྲགས་ཐོབ། བུ་སྟོན་རིན་པོ་ཆེའི་དྲུང་དུ་རྒྱུད་སྡེ་བཞིའི་རྒྱུད་བཤད་དབང་ལུང་མན་ངག་བཅས་གསན་པ་རྒྱ་ཆེར་མཛད།  སྣེ་གདོང་གི་ཆོས་བསྐོར་ཆེན་པོ་གསར་འཛུགས་གནང་། དགུང་ལོ་བཅུ་དགུ་པར་ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ་བསྙེན་པར་རྫོགས་ནས་ལྷ་ས་ལ་ཆོས་བསྐོར་གནང༌།  ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས། ཁྱོད་ཤཱཀྱ་རྒྱལ་མཚན་གཞོན་ནུ་ནས་རབ་ཏུ་བྱུང༌།  ལོ་དགུའི་སྟེང་དུ་བརྟག་གཉིས་ལ་བཤད་པ་བྱས་པ་ནས་བཟུང་སྟེ།  བཅོ་ལྔ་ལ་འདུལ་བ་ནན་ཏན་བྱས།  བཅུ་དྲུག་ལ་བཤད་པ་བྱེད་པ་ལ་ཕྱིན་ལ།   བརྟག་གཉིས།   རྣམ་འགྲེལ།  ཕར་ཕྱིན།   མངོན་པ།   འདུལ་བ་ལ་སོགས་པོ་ཏི་ལ་ནན་ཏན་བྱེད་དུ་བཅུག །རྒྱུད་སྡེ་བཞི་དང་སྡེ་སྣོད་ལ་མཁས་པར་བསླབས།  ན་སོར་ཕྱིན་དུས་སྒྲུབ་པའི་རྒྱལ་ས་འཛིན་པ།   མཁས་བཙུན་བཟང་གསུམ་འཛོམས་པ།  མཁན་ཆེན་བུ་སྟོན་རིན་པོ་ཆེ་ལྟ་བུ་གཅིག་རེ་བ་ཡིན་ཟེར་བ་ལབ་པ་ཡིན་ནའང༌།   ཁམས་ཀྱི་གནས་ལུགས་འདིར་སོང༌།  བསམས་པ་ཐོག་ཏུ་མ་བྱུང་ཙ་ན།   ཚ་ཡུག་འདི་ཚོ་མ་ཚར་བར་དུ།  ཁྱོད་ཀྱིས་སྣེ་གདོང་གི་གོ་ས་འདི་མི་འཛིན་ཁ་མེད་དུ་འདུག་པས། རྩེ་ཐང་གི་གྲྭ་ས།   སྒོས་གཞིས།   འབྲོག་དགེ་རུ།  དབང་རིགས་རྣམས།   གྲགས་པ་རིན་ཆེན་ལ་བྱིན་ལ།   རྩེ་ཐང་གི་ཆོས་སྡེ་འདི་མ་ཞིག་པ་དང༌།  གྲྭ་ས་མ་ཉམས་པ།   བསྟན་པའི་བྱ་བ་ཚུལ་དང་མཐུན་པ།  ཁྱོད་གྲགས་པ་རིན་ཆེན་གྱིས་ཁུར་ཁུར་ལ་འབད་པ་ཐོན།  ཅེས་བཀའ་ཆེམས་གནང་བ་ལྟར། དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365 ལོར་སྣེ་གདོང་ཕོ་བྲང་གི་ཕག་མོ་གྲུ་པའི་སྲིད་གཞུང་གི་ཁྲིར་འཁོད། བླ་དཔོན་ཟུང་འབྲེལ་ལམ་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁྲིམས་སྔར་ལུགས་བཞིན་བསྐྱངས། རབ་བྱུང་དྲུག་པའི་ཆུ་བྱི་སྤྱི་ལོ་༡༣༧༣ ལོར་ཧོར་གོང་མ་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཏཱའི་སི་ཏུ་དང་ཀྭ་ཏིང་གུ་ཤྲིའི་མཚན་གནས་དང་ཆེ་མཐོང་ཕུལ།  རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ་1373 ལོའི་བར་ཕག་གྲུའི་སྲིད་ཀྱི་འགན་བཞེས།   དེའི་རིང་གོང་མ་ཏཱའི་སི་ཏུའི་ཞལ་ཆེམས་གཞི་གཟུང་གིས་ལུགས་གཉིས་ཚུལ་བཞིན་སྐྱོང་བ་ལས་ལམ་ལུགས་གསར་པ་གང་ཡང་མ་སྤེལ། དགུང་ལོ་སོ་བཞི་པ་རབ་བྱུང་དྲུག་པའི་ཆུ་གླང་སྤྱི་ལོ ༡༣༧༣ ཟླ་བ་དགུ་པའི་ཚེས་སུམ་ཅུ་ཉིན་སྐུ་གཤེགས།
【19】	དྲུང་ཤཱཀྱ་རིན་ཆེན་པ།  ཏཱའི་སི་ཏུའི་ཞལ་ཆེམས་མྱ་ངན་འདས་ཆུང་ལས།  སྣེ་གདོང་གི་དཔོན་ས་འདིར།   ཤཱཀྱ་རིན་ཆེན་འོས་པར་འདུག་བསམས་ནས་གོང་དུ་འཇའ་ས་ཞུ་བ་ལ་དཔའ་ཤི་ཤེས་བཀྲས་བཏང༌། འཇའ་ས་བཟང་པོ་གྲུབ།   ལུང་དང་འབྲེལ།   ལི་ཤང་བྱས།   འཇའ་ས་བསྒྲགས་ནས་ཁྲི་དཔོན་ལ་བསྐོས་པ་ཡིན་ནའང༌།  བསོད་ནམས་ཀྱིས་མ་ཆུན་པ་ཡིན་ནམ།  འཇའ་ས་བསྒྲགས་རྟིང༌།   ཟང་ཟིང་བདེ་དོགས་ཁ་མཆུ་ཅི་རིགས་སུ་བྱུང་བ་ཀུན་ལ་གསལ།  དེའི་དོན་ལ་རང་རེ་ཁམས་བཟང་རིང་ལ་ཁྲི་དཔོན་གྱི་མིང་གདགས་དགོས་རྒྱུ་ནི་འདུག་པས།  ཐེལ་དུ་མཚམས་ཆོད་དགེ་སྦྱོར་ལ་འབུངས།  དབོན་པོ་མཚམས་བཅད་པའི་ལུགས་ཀྱི།   ད་གཟོད་རིན་པོ་ཆེའི་དམིགས་ཡུལ་བྱེད་ས་ཁྱོད་ཤཱཀྱ་རིན་ཆེན་པ་ཡིན་པས། ཁྱེད་སྤྱན་སྔ་པས་ཁོའི་འགོ་འདོན་སྐྱོང་བྲན་གང་དགོས་གྱིས། ཞེས་གསལ་བ་ལྟར་ལགས་མོད།   འོན་ཀྱང་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ་1365ལོར་ཏཱའི་སི་ཏུ་བསྙུན་གཞིའི་བབ་ལྕི་བས་ཐོག་མའི་དགོངས་གཞི་དེར་འགྱུར་ལྡོག་བྱུང་ནས་ཤཱཀྱ་རྒྱལ་མཚན་དགུང་ལོ་ཉེར་དྲུག་པར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲི་ལ་དབང་བསྐུར་གནང་། དེའི་སྐོར་ཏཱའི་སི་ཏུའི་ཞལ་ཆེམས་མྱ་ངན་འདས་ཆུང་ལས།  འདིའི་ཁྲི་དཔོན་དེ།   བྱང་རྡོར་བུ་ཆུང་འདི་རང་རེའི་ཕྱི་ལ་ཁྲིད་གོ་མཐོང་བསླབས།  གོང་དུ་ཞུ་བ་བཏང་ནས།   ཁྲི་དཔོན་ལ་བསྐོ་བའི་འདུན་མ་ཡོད་པ་ཡིན་ནའང༌།   རང་རེའི་ཁམས་ངན་པར་གྱུར་ནས།  འདི་རིགས་ན་སོ་ཕྲ་བའི་དོན་གྱིས་དཔོན་ས་འཕེར་བ་དཀའ་བར་འདུག་པས། ཞེས་འབྱུང་བ་ལྟར་ལགས་སོ། །
【20】	དཔོན་རིན་རྡོར་བ། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་ཡབ་ཡིན། འདི་ཉིད་ཡབ་སྤྱན་སྔ་བསོད་ནམས་བཟང་པོ་ལ་ཇོ་མོ་ཉི་ཞུ་མ་དང་ཡང་ཉ་མ་གཉིས་ཁབ་ཏུ་བཞེས་པ་ལས། སྔ་མ་ལ་གུ་ཤྲི་ཤཱཀྱ་རྒྱལ་མཚན་དང་ཤཱཀྱ་རིན་ཆེན་གཉིས། ཕྱི་མ་ལ་དཔོན་རིན་རྡོར་འདི་ཉིད་འཁྲུངས། ཆེར་སྐྱེས་པ་དང་ཁྱིམ་རྒྱུད་སྤེལ་བའི་ཕྱིར་ཟིན་བཀྲ་ཤིས་སྐྱིད་ཁབ་ཏུ་བཞེས་པ་ལས་སྲས་སྤྱན་མངའ་གྲགས་པ་ཤེས་རབ་དང་བསོད་ནམས་གྲགས་པ་སོགས་འཁྲུངས་ཚུལ་ལས་ལོ་རྒྱུས་གཞན་མི་གསལ། དགོངས་པ་རྫོགས་པའི་ལོ་ནི།  རྟོགས་བརྗོད་འདི་ཉིད་ལས། བྱི་བ་ལོ་ཟླ་བ་བཞི་པའི་ཆོས་གཅིག་གི་ཉིན་ཡབ་ལ་བསྙེན་པར་རྫོགས་པ་བྱེད་པ་ལ་ཤོག་གསུང་བའི་ཞལ་ཏ་བསྐུར་བ་ན། རེ་ཤིག་མི་འོང་བའི་ཞུ་བ་བྱུང་བས། ཁྱེད་གྲོངས་ནས་བསྙེན་རྫོགས་བྱེད་པ་མིན་མཆི། དེ་ལྟ་མིན་ན་མྱུར་པོར་ཤོག་གསུང་བའི་ཞལ་ཏ་བསྐུར་ནས་དེ་མ་ཐག་བསྙེན་རྫོགས་མཛད། དེ་ནས་ཟླ་བ་དེའི་ཉེར་ལྔ་ལ་ཡབ་ཞི་བར་གཤེགས་སོ། །ཞེས་བྱུང་ལ་ལྟར་རབ་བྱུང་དྲུག་པའི་ཤིང་བྱི་སྤྱི་ལོ 1384 ལོར་ཡིན། ལོ་རྒྱུས་གཞན་མི་གསལ། 
【21】	ལུག་གི་ལོ་ལ་ལྷུམས་སུ་ཞུགས།  (རབ་བྱུང་དྲུག་པའི་ཤིང་མོ་ལུག ཕག་གྲུའི་སྲིད་ལོ ༢ པ། ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༥༩༩ ། བོད་རྒྱལ་ལོ ༡༤༨༡། སྤྱི་ལོ ་༡༣༥༥ )། (དཔལ་ཕག་མོ་གྲུ་པའི་སྲིད་གཞུང་ནི། རབ་བྱུང་དྲུག་པའི་ཤིང་རྟ སྤྱི་ལོ ༡༣༥༤ ལོ་ལ་བཙུགས་པ་ཡིན)། (ཉན་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ་ནི་མེ་སྦྲུལ་སྤྱི་ལོ་སྔོན ༥༤༤ ལ་ཡིན)། (རང་རེ་བོད་རྒྱལ་གཉའ་ཁྲི་འཁྲུངས་ལོ་ནི་ཤིང་སྟག་སྤྱི་ལོ་སྔོན ༡༢༧ ལ་ཡིན)། རྩིས་མགོ་འདི་ཚོ་ངེས་པ་སྔོན་དུ་འགྲོ་དགོས། 
【22】	མེ་ཕོ་སྤྲེའུའི་ལོ། (རབ་བྱུང་དྲུག་པའི་མེ་ཕོ་སྤྲེལ་ལོ།  ཕག་གྲུའི་སྲིད་ལོ ༣ པ། བོད་རྒྱལ་ལོ༡༤༨༢ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༠༠ ། སྤྱི་ལོ་༡༣༥༦)
【23】	ཧོར་ཟླ། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་རབ་བྱུང་བཞི་བའི་མེ་བྱི ༡༢༡༦ ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག ༡༢༢༧ ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་བརྩིས་ཏེ་ལོ་མགོར་བསྒྱུར་བ་ནས་བཟུང་། ཧོར་ཡུལ་དུ་ལོ་མགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱས་པ་ནས་བཟུང་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་གསར་གཏོང་སྲོལ་བྱུང་བ་ཡིན། དེང་སང་བོད་ཀྱིས་ཧོར་ཟླ་དང་པོ་ལ་བོད་ཀྱི་ལོ་གསར་བྱེད་པ་དང་ཟླ་བ་དང་པོ་དང་བཅུ་གཉིས་པའི་བར་ལ་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་བརྗོད་པའི་རྒྱུ་མཚན་ཡང་དེ་ཉིད་ཡིན། ཞར་བྱུང་བོད་དུ་ལོ་མགོ་འཛིན་ཚུལ་མི་འདྲ་བ་དགུ་ཡོད་སྐད་དེ། ཧོར་ཟླ་དང་པོ་ནི་ཧོར་ལུགས་དང་ནག་རྩིས་ཁ་ཅིག གསོ་དཔྱད་པ་བཅས་ཡིན། ཧོར་ཟླ་གཉིས་པ་ནི་མདོ་ཉི་མའི་སྙིང་པོ་སོགས་ཀྱི་ལུགས།ཧོར་ཟླ་གསུམ་པ་ནི་མདོ་གསེར་འོད་དམ་པ།  ཕུག་ལུགས།དུས་འཁོར།  ཧོར་ཟླ་བརྒྱད་པ་ནི་མཆིམས་ནམ་མཁའ་གྲགས་པ་སོགས་འདུལ་འཛིན་སྔོན་མ།  ཧོར་ཟླ་དགུ་པ་ནི་པཎ་ཆེན་ཤྰཀྱའི་ཤྲི་སོགས་འདུལ་འཛིན་ཁ་ཅིག  །ཧོར་ཟླ་བཅུ་པ་ནི་རྗེ་ཙོང་ཁ་པ་སོགས་འདུལ་འཛིན་ཕྱི་མ།  ཧོར་ཟླ་བཅུ་གཅིག་པ་ནི་ཁྱུང་ནག་དང་ཕུག་པ་དཔལ་མགོན།  ཧོར་ཟླ་བཅུ་གཉིས་པ་ནི་མཁའ་འགྲོ་རྒྱ་མཚོའི་རྒྱུད།  ནག་རྩིས་ཐོར་བུ་བཅས་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་།  བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་མགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད།

【24】 དཔལ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོ། ཁྲ་འབྲུག་དགོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་གི་ཁྲ་འབྲུག་དགོན་པ་སྟེ་མཚན་རྒྱས་པར་“བྱམས་པ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཡོ་རུ་གཙུག་ལག་ཁང”ཞེས་པ་རྩེད་ཐང་ནས་ཡར་ཀླུངས་ཕྱོགས་སུ་འཁོར་ལམ་དེད་ནས་སྤྱི་ལེ་བཞི་ཙམ་སོང་ན་ཁྲ་འབྲུག་གྲོང་དབུས་སུ་གཙུག་ལག་ཁང་དེ་མཇལ་རྒྱུ་ཡོད། དེ་ནི་སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་གྱིས་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་པའི་བགེགས་སེལ་དུ་བཞེངས་པའི་གཡོ་རུ་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། ཆུ་ལྷོ་ངོས་སུ་གཙུག་ལག་ཁང་ཡོངས་ཀྱི་སྔ་ཤོས་ཀྱང་ཡིན་གསུངས། གནས་དེར་མཚོ་ཞིག་ཡོད་པ་ལས་དེར་གནས་པའི་ཀླུ་གདུག་པ་ཅན་དེ་སུས་འདུལ་ནུས་པ་དེ་ལ་བྱ་དགའ་སྦྱིན་པའི་ཞལ་ལྕེ་བཅད་པས། སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་དང་། བོན་པོ་ཚེ་མི་སྣང་གྲགས་གཉིས་ཀྱིས་འདུལ་བར་ཞུས། དང་པོ་བོན་པོ་ཚེ་མི་ཡིས་འདུལ་བར་བརྩམས་ཀྱང་མ་ནུས། དེ་ནས་སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་གིས་གོང་པོ་རིར་ཁྱུང་བསྒྲུབས་པས། ས་འགུལ་ནས་འདབས་ཆགས་ཐམས་ཅད་ཀྱང་འཕུར། ནམ་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་སྒྲོག་པ་ཞིག་བྱུང་བ་ལ་མཚོ་ནང་ནས་དུག་སྦྲུལ་མགོ་ལྔ་པ་ཞིག་ཐོན་པས་བྱ་ཁྲ་དེའི་གཤོག་པ་སྤུ་གྲི་འདྲ་བས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་དེ་མཚོ་དེ་ཁྲག་ཏུ་གྱུར་ནས་རིམ་བཞིན་སྐམ་སོང་བ་དེའི་སྟེང་དུ་གཙུག་ལག་ཁང་དེ་བརྩིགས་པས། ཁྲ་འབྲུག་ཅེས་པའི་མཚན་ཡང་དེ་ནས་བྱུང་བར་གྲགས། 【25】 དགུང་ལོ་བཞི་སོང་བ། (རབ་བྱུང་དྲུག་པའི་ས་ཕག །ཕག་གྲུའི་སྲིད་ལོ ༦ པ། བོད་རྒྱལ་ལོ༡༤༨༥ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༠༣ ། སྤྱི་ལོ་༡༣༥༩) 【26】 རྒྱུད་ཀྱི་རྒྱལ་པོ་དཔལ་བརྟག་པ་གཉིས་པ་རྩ་འགྲེལ། ཀྱེ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ། རྒྱུད་སྡེའི་བྱེ་བྲག་ཅིག་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་བརྟག་པ་གཉིས་པ་སྟེ། དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་རྒྱས་པ་འབུམ་ཕྲག་བདུན་ཡོད་པ་ལས་ཅུང་ཟད་བསྡུས་པ་འབུམ་ཕྲག་ལྔ་པ་དང༌། དེ་ལས་ཀྱང་བཏུས་པའི་དགྱེས་པ་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་བཅས་རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། འབྲོག་མིའི་འགྱུར་ལ་སླར་ཡང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་འགྱུར་ཆད་བསབས་པ། སྡེ་དགེ་བཀའ་གྱུར་ལས་རྒྱུད་འབུམ་《ང་》ནང་གསལ། ཀྱཻ་རྡོར་རྩ་རྒྱུད་འབུམ་ཕྲག་ལྔ་པ་ལས་བཏུས་པའི་རྒྱུད་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་དང་།གཉིས་པ་ལ་ལེའུ་བཅུ་གཉིས་ཡོད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས།བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་༣༧༩ ན་༡ ནས ༤༣༣ ལྷ་ས་ཞོལ་དཀར་འགྱུར་ལས་རྒྱུད་འབུམ《ཀ》ནང་གསལ། རྒྱུད་བརྟག་གཉིས་ཀྱི་འགྲེལ་བ་ནི། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དགྱེས་པ་རྡོ་རྗེ་ཞེས་བྱ་བ་སྒྱུ་མ་བརྟག་པ་གཉིས་པའི་དཀའ་འགྲེལ་དྲན་པའི་འབྱུང་གནས་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ། འདི་ནག་པོ་པ་ཆུང་བས་མཛད། རྒྱ་གར་གྱི་མཁན་པོ་དཔལ་ལྡན་ཟླ་བ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར། སྡེ་དགེ་བསྟན་འགྱུར་རྒྱུད་སྡེ 《ག་》ནང་དུ་ཡོད། དགྱེས་པ་རྡོ་རྗེའི་དཀའ་འགྲེལ་རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བརྟུལ་ཞུགས་སྤྱོད་པ་ནག་པོ་པས་མཛད་པ། པཎྜི་ཏ་ཀྲྀཥྞ་པ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། བརྟག་གཉིས་ཀྱི་འགྲེལ་པ་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ་སློབ་དཔོན་ཌཱངྒད་ཤས་མཛད་པ་པཎྜི་ཏ་བི་མ་ལ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཤོང་བློ་བརྟན་གྱི་འགྱུར། སྣར་ཐང་བསྟན་འགྱུར་རྒྱུད་སྡེ་《མ》ནང་དུ་ཡོད།

【27】	ཐབས་ཅིག །ཐབས་ཅིག་ནི་ལྷན་ཅིག་པའི་དོན་ནོ། 
【28】	ལུག་ལོ། རབ་བྱུང་དྲུག་པའི་མེ་ལུག་ལོ། (ཕག་གྲུའི་སྲིད་ལོ ༡༤ པ། བོད་རྒྱལ་ལོ༡༤༩༣ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༡ ། སྤྱི་ལོ་༡༣༦༧)

【29】 ཕག་མོ་བརྡ་བཞི། 【30】 ཆོས་དྲུག་གི་ཁྲིད། ནཱ་རོ་ཆོས་དྲུག་སྟེ། རྒྱ་གར་གྱི་པཎ་ཆེན་ན་རོ་ཏ་པ་ནས་བརྒྱུད་པའི་གདམས་པ་སྟེ། འདི་ལ་ཆོས་དྲུག་འདྲེན་ལུགས་གཉིས་ལས་གཅིག་ནི། གཏུམ་མོའི་རྣལ་འབྱོར་དང༌། འོད་གསལ། སྒྱུ་ལུས། བར་དོ། འཕོ་བ། གྲོང་འཇུག་བཅས་དྲུག་བཅས་ཡིན། ཡང་གཅིག་ནི། གཏུམ་མོ་དང༌། འོད་གསལ། སྒྱུ་ལུས། ཟུང་འཇུག འཕོ་བ། གྲོང་འཇུག་སྟེ་དྲུག་ཡིན། 【31】 ལོ་དེའི་ཟླ་བ་ལྔ་པ། རབ་བྱུང་དྲུག་པའི་མེ་ལུག་ལོ། (ཕག་གྲུའི་སྲིད་ལོ ༡༤ པ། བོད་རྒྱལ་ལོ༡༤༩༣ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༢ ། སྤྱི་ལོ་༡༣༦༧)

【32】	ཆོས་གྲྭ་ཆེན་པོ་རྩེས་ཐང་། རྩེད་ཐང་དགོན་པ།  རབ་བྱུང་དྲུག་པའི་ལྕགས་ཡོས་(སྤྱི་ལོ ༡༣༥༡ ) ལོ་ལ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བཏབ་པ་ཞིག

【33】 གུ་ཤྲཱི་ཆེན་པོ། དཔོན་རིན་རྡོར་བའི་ཡབ་གཅིག་ལ་ཡུམ་མི་གཅིག་པའི་གཅེན་པོ་དང་། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་ཨ་ཁུ་འཇམ་དབྱངས་ཤཀྱ་རྒྱལ་མཚན་ཏེ། ཕག་གྲུའི་སྡེ་སྲིད་གཉིས་པ་དེ་ཡིན། གོང་གི་མཆན་རྟགས་ཨང [18]ལ་གཟིགས། 【34】 རིགས་བསྐྲུན་པའི་ཞལ་ཏ་མཛད་པ། བཙུན་མོའམ་བདག་མོ་གཞེས་ནས་ཁྱིམ་གཞིས་གཟུང་ཏེ་གདུང་རྒྱུད་སྤེལ་རྒྱུའི་བསླབ་བྱ་གནང་པའི་དོན།

【35】	གལ་གྱིས་འཆུས་ཀྱང་། འཆུས་པ་ནི་གཡེངས་པའི་དོན་ཏེ། འདིར་ཞང་པོ་དང་སྐུ་མཆེད་རྣམ་པས་ཁྱིམ་ཐབ་ལ་དགོངས་པ་ཕྱོགས་ཐབས་གང་ནུས་བྱས་ཀྱང་བུད་མེད་དང་ཁྱིམ་ཐབ་ལ་སེམས་རྩ་ནས་མ་གཡེངས་པའི་དོན་ཏོ། ། 
【36】	སྐུ་ཞང་རྫིང་ཕྱི་བ། སྐུ་ཞང་རྫིང་ཕྱི་བའམ་རྫོང་ཇི་པ་ཡང་ཞུ། འོལ་ཁ་རྫིང་ཕྱི་སྟེ་དེང་སང་གི་བོད་རང་སྐྱོང་ལྗོངས། ལྷོ་ཁ་ཁུལ་ཟངས་རི་རྫོང་ཁོང་ནས་ཡིན་ཞིང་། སྤྱན་སྔ་གྲགས་བྱང་པའི་མ་ཡུམ་ཕྱོགས་ཀྱི་གཉེན་ཚན་ཡང་ཡིན། སྤྱན་སྔ་གྲགས་པ་བྱང་ཆུབ་ཁྱིམ་འཛིན་པར་མཐའ་གཅིག་ཏུ་རྒྱབ་ཀྱིས་ཕྱོགས་པ་ན། སྤྱན་སྔ་གྲགས་ཤེ་བ་དང་། འཇམ་དབྱངས་བུ་ཤྲཱི་བ་དང་། སྐུ་ཞང་རྫིང་ཕྱི་བ་རྣམས་བཀའ་བགྲོ་བ་མཛད་ནས་གཞོན་ནུ་དེ་གངས་རིའི་ཁྲོད་ཀྱི་སྒྲུབ་རྒྱུད་ཀྱི་བསྟན་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་ན་མངོན་པར་མཐོ་ཞིང་མཐའ་ཡས་པའི་ཡོན་ཏན་དུ་མའི་གཏེར་ཆེན་པོ་འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་ཞེས་ཡོངས་སུ་གྲགས་པ་དེའི་རྒྱལ་ཚབ་ཏུ་དམིགས་ཏེ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དཔལ་མཐའ་རྩེའི་དབེན་གནས་སུ་བཏང་ཚུལ་གསལ་བ་ལྟར། ཕག་གྲུའི་སྡེ་སྲིད་གཉིས་པའི་སྐབས་ནས་གྲོས་ལ་དབང་བའི་མི་སྣ་གནད་ཡོད་ཡིན། ཕག་གྲུ་སྡེ་སྲིད་བཞི་པ་སྤྱན་སྔ་བསོད་ནམས་གྲགས་པ་དང་། ལྔ་པ་གྲགས་པ་རྒྱལ་མཚན་གཉིས་ཀའི་སྐབས་ཀྱི་བཀའ་བློན་གནང་ཞིང་། མཛད་རྗེས་དང་འཇོན་ཐང་གཞན་ལས་ཆེ་བའི་ཕོ་རབས་ཤིག་ཡིན་མོད། སྤྱན་སྔ་གྲགས་པ་རྒྱལ་མཚན་སྐུ་ན་ཕྲ་སྐབས་བློན་པོ་གཞན་གྱི་དཀྲུགས་ཤིང་ལ་གསན་ནས། བློན་ཆེན་ལས་ཐོག་སྐབས་མ་ཉེས་ཁ་གཡོག་གི་འོག་སྐུ་བཀྲོངས།

【37】འགྲོ་བའི་མགོན་པོ་ཕག་མོ་གྲུ་པ། རྗེ་ཕག་མོ་གྲུ་པའི་འཁྲུངས་ཡུལ་ནི། མདོ་ཁམས་སྡེ་དགེའི་སའི་ཆར་འབྲི་ཆུའི་རྒྱུད་རྨེ་ཤོད་ཀྱི་རྟག་ངོས་སབ་ཁང་དུ་(ད་ལྟའི་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་ཧོར་པོ་ཡུལ་ཚོ་འབྲི་ཀླུང་སྣེ་ཤོད་དུ་ཡིན)གདུང་དབས་ཡབ་བེ་ན་ཨ་ཐར་དང༌། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་བཅས་སྐུ་འཁྲུངས། དགུང་ལོ་དགུ་པ་ལ་གནས་བྱ་ཁྱིའི་ལྷ་ཁང་དུ་མཁན་པོ་ལྟིང་ངེ་ཚུལ་ཁྲིམས་འབར་བ་དང༌། ལས་སློབ་ལྟིང་ངེ་འོད་ཟེར་རྒྱ་མཚོ་ལས་རབ་ཏུ་བྱུང༌། མཚན་རྡོ་རྗེ་རྒྱལ་པོ་བཏགས། དགུང་ལོ་བཅུ་དགུ་པ་ལ་དབུས་སུ་ཕེབས། སྟོད་ལུང་རྒྱ་དམར་དང་ཉང་བྲན་ལས། དབུ་མ་དང༌། ཚད་མ། བྱམས་ཆོས། སྤྱོད་འཇུག་སོགས་གསན། གད་པ། དོན་སྟེང་པ། བྱ་ཡུལ་བ་སོགས་ལས་ཇོ་བོ་བཀའ་གདམས་པའི་གདམས་ངག་མང་དུ་གསན། དགུང་ལོ་ཉེར་ལྔ་ལ་ཟུལ་ཕུ་རུ་བྱ་འདུལ་བ་འཛིན་པ་ཆེན་པོ་ལས་བསྙེན་པར་རྫོགས། དམར་ཆོས་ཀྱི་རྒྱལ་པོ་ལས་བདེ་མཆོག་གི་རྒྱུད་མན་ངག་མཐའ་དག་གསན། འཇང་བྲག་སྟག་པ་དང༌། རྔོག་མུ་ནེ་ལས། མངོན་པ་དང༌། འཕགས་སྐོར་ཞུས། བུར་སྒོམ་ལ་རས་ཆུང་པའི་གདམས་སྐོར་ཞུས་པས་སྣང་བ་བདེ་བར་ཤར། གཞན་ཡང༌། དཔལ་ཆེན་རྒྭ་ལོ། འཇིམ་ལོ་ཙཱ་བ། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་བསྟེན་ནས་མདོ་སྔགས་ཀྱི་གདམས་ངག་ཤིན་ཏུ་མང་པོ་གསན་སྦྱང་གནང་བས་དགེ་བཤེས་ཁམས་པ་ཞེས་མཁས་པའི་སྙན་གྲགས་ཇེ་ཆེར་རྒྱས། ཁྱད་པར་དུ་ས་སྐྱ་པ་ཆེན་པོ་ལས་ཀྱཻ་རྡོ་རྗེ་སོགས་རྒྱུད་དངལམ་འབྲས་སོགས་རྫོགས་པར་གསན། མཐོང་ལམ་པར་ངོ་སྤྲོད། ཆོས་མང་པོ་ཚུར་འདྲི་ཞིང་ཁམས་པ་ཤེས་རབ་ཅན་ཞེས་ཐུགས་མཉེས་པོ་མཛད། དེ་ནས་དྭགས་པོ་རིན་པོ་ཆེར་དགུང་ལོ་ཞེ་གཅིག་ནས་ལོ་གསུམ་བསྟེན་ནས། གདམས་ངག་ཞུས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། སྔར་གྱི་རྟོགས་པ་ཐམས་ཅད་ཕྱི་ཤུན་དང་སྦུན་པ་ལྟར་བུར་གྱུར་ཏོ་ཞེས་གྲགས་སོ། ། རྗེ་སྒམ་པོ་པས། ཁྱོད་ཀྱི་གདུལ་བྱ་ངམ་ཤོད་རི་ནག་གི་དྲུང་དུ་ཡོད་ཅེས་ལུང་བསྟན་པ་ལྟར། དགུང་ལོ་ཞེ་དགུ་ལོར་ཕག་མོ་གྲུ་པ་ཀུན་བཟང་ནགས་ཁྲོད་དུ་གདན་ས་བརྒྱབ་ནས་ཕག་གྲུ་བཟུང་བས་འགྲོ་མགོན་ཕག་མོ་གྲུ་པ་དང༌། རིན་ཆེན་སྤུངས་པའི་བྲག་རྩར་བཞུགས་པས་མཐའ་རྩ་བ་ཡང་གྲགས། ཞལ་མཇལ་བ་ཙམ་དང༌། བརྡ་དང་རྣམ་འགྱུར་བསྟན་པ་ཙམ་དང༌། བྱིན་རླབས་གནང་བ་ཙམ་གྱིས་རྟོགས་པ་སྐྱེས་ཤིང་གྲོལ་བ་མང་དུ་བྱུང༌། སྐལ་ལྡན་གྱི་སློབ་མ་ཆེས་མང་པོ་ཞིག་ཚེགས་ཆུང་ངུས་གྲོལ་བར་མཛད་ནས་ལོ་བཅུ་གསུམ་བར་དུ་ཕག་མོ་གྲུ་པའི་གདན་སར་ཆོས་ཀྱི་འཁོར་ལོ་བསྐོར་བས་ཕག་གྲུ་བཀའ་བརྒྱུད་ཅེས་གྲགས་པ་དེ་བྱུང་། མཐར་ལྕགས་ཕོ་སྟག་གི་ལོ་ཟླ་བ་བདུན་པ་ཚེས་ཉེར་ལྔར་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། ། སློབ་མ་ཤིན་ཏུ་མང་པོ་བའི་ཁྲོད་ནས་གཙོ་ཆེ་བ་ཚོགས་པ་བརྒྱད་བརྒྱ་དང༌། གདུགས་ཐོགས་ལྔ་བརྒྱར་གྲགས་ཤིང༌། ཁྱད་པར་དུ་འཕགས་པའི་བུ་ཆེན་ཉེར་བཞི། མཐར་ཐུག་གི་བུ་བཞི། གདམས་པའི་བུ་བཞི། རོ་གཅིག་རྟོགས་པ་ཕྱེད་དང་བཞི། གཏུམ་ལ་གཟུགས་སྐུའི་ས་བོན་མ་ཐེབས་པས་ཕྱེད་མར་འཇོག་གོ ། ཐུགས་ཀྱི་སྲས་བཞི། ཡི་གེ་མའི་བུ་བཞི། ཉེ་བའི་སྲས་བཞི་སོགས་བྱོན། སློབ་མ་དེ་དག་རེ་རེ་བཞིན་ཕལ་ཆེ་བས་གནས་གཞིའི་གདན་ས་བཙུགས་ནས་སློབ་མ་བསྐྱངས། ཆོས་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ཕྱོགས་མཐར་ཁྱབ་པའི་ཕྲིན་ལས་མཛད། སྐུ་གདུང་གི་ཐུགས་དང་ལྗགས་ཀྱིས་མེ་མ་བཞེས་པར་གདུང་རྟེན་བཀྲ་ཤིས་འོད་འབར་དང་རྟ་རྣའི་གདུང་འབུམ་ཆེན་མོ་སོགས་སུ་བཞུགས་སོ། །

【38】	ཀུན་ཏུ་བཟང་པོའི་ནགས་ཁྲོད་དཔལ་མཐའ་རྩའི་དབེན་གནས། དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁའི་ཁུལ་ཟངས་རི་རྫོང་དུ་ཡོད། མཉམ་མེད་དྭགས་པོ་ལྷ་རྗེའི་སྲས་ཀྱི་ཐུ་བོ་རྗེ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་མཉམ་མེད་དྭགས་པོ་ལྷ་རྗེའི་དྲུང་དུ་བཅར་ཏེ་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་གསན་ནས་དབང་ལུང་མན་ངག་བུམ་པ་གང་བྱོའི་ཚུལ་ཏུ་ཞུས། དགུང་ལོ་ཞེ་དགུ་པ་སྟེ་སྤྱི་ལོ་༡༡༥༨ ལོར་ཕག་མོ་གྲུ་པ་ཀུན་བཟང་ནགས་ཁྲོད་དུ་དགོན་པ་གསར་འདེབས་མཛད་ནས་གནས་གཞིར་བཟུང་། གདན་ས་ལོ་ངོ་བཅུ་གསུམ་ཙམ་དུ་བསྐྱངས། དེ་ཡི་བརྒྱུད་པ་ལ་ཕག་གྲུ་བཀའ་བརྒྱུད་དུ་གྲགས། བཀའ་བརྒྱུད་ཆུང་བ་ཚང་མ་འདི་བ་ལས་གྱེས། ཕག་མོ་གྲུ་པར་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་གདན་ས་མཛད་པས་འགྲོ་མགོན་ཕག་མོ་གྲུ་པ་ཞེས་གྲགས་པ་བྱུང༌བའི་གནས་ཁྱད་པར་ཅན་ཞིག་ཡིན།

བང་རིམ་གཉིས་པའི་མཆན་འགྲེལ། 【39】 གདན་ས་རིན་པོ་ཆེ། ཐེལ་གྱི་གདན་ས་སྟེ། དྭགས་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པའི་ནང་ཚན། ཆེ་བཞིའི་ཡ་གྱལ་དཔལ་ཕག་མོ་གྲུ་བའི་གདན་ས། བཀའ་བརྒྱུད་ཆུང་བརྒྱད་ཡོངས་ཀྱི་ཆུ་མགོ་གང་ལ་ཐུག་པའི་མ་དགོན་ཡང་འདི་ཉིད་ཡིན། གདན་ས་མཐིལ་ཡང་ཟེར། རྩེད་ཐང་ནས་ཟངས་རིའི་ཕྱོགས་སུ་འཁོར་ལམ་བརྒྱུད་སྤྱི་ལེ་སུམ་ཅུ་ཙམ་སོང་ན་ཀླུ་ཁང་གྲུ་ཁའི་དཔྱང་ཟམ་བརྒྱུད་ད་ལྟའི་ཟངས་རི་རྫོང་གནས་ཡུལ་དུ་འབྱོར། ཟངས་རི་རྫོང་ནས་ཕྱག་འཚལ་ཤར་ཞེས་པའི་ལ་རྒྱབ་ནས་རྐང་ཐང་མར་ཆུ་ཚོད་གསུམ་ཙམ་སོང་ན་གདན་ས་མཐིལ་དུ་འབྱོར། དགོན་དེ་ནི་སྤྱི་ལོ་༡༡༥༨ལོར་མཉམ་མེད་དྭགས་པོ་ལྷ་རྗེའི་དངོས་སློབ་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ཕྱག་བཏབ། ཐེག་ཆེན་གླིང་དང་། འཕེལ་རྒྱས་གླིང་། མཛད་རྒྱས་གླིང་བཅས་གྲྭ་ཚང་གསུམ་དང་། ཚོགས་ཆེན་གཅིག གཞན་ཡང་ཤར་གླིང་བརྒྱ་དང་ནུབ་གླིང་སྟོང་ཞེས་དགེ་འདུན་ཞལ་གྲངས་ཁྲི་ཕྲག་བཅོ་བརྒྱད་དང་། བླ་མ་ལྔ་བརྒྱ་ཙམ་བར་འཕེལ་རྒྱས་བྱུང་། ཕག་གྲུ་སྡེ་སྲིད་དང་པོ་བྱང་ཆུབ་རྒྱལ་མཚན་གྱིས ༡༣༥༤ལོར་ས་སྐྱར་དམག་དྲངས་ཏེ་ས་སྐྱའི་དབང་སྒྱུར་མཇུག་སྒྲིལ་བ་བཟོས་ནས་ཕག་མོ་གྲུ་པས་བོད་ཁམས་དབང་དུ་བསྒྱུར། སྔོན་དགོན་དེར་གསེར་ཟངས་ཀྱི་ཐུབ་པ་ལྷ་ཡུལ་མ་ཞེས་གསུངས་འབྱོན་མ་མི་ཚད་དང་། གསེར་ཟངས་ཀྱི་སངས་རྒྱས་ཀྱི་སྐུ་ཐོག་སོ་གཉིས་ལྡན་ཅན་བརྒྱད། གསེར་ཟངས་ཀྱི་རྗེ་ཕག་མོ་གྲུ་པ་རིམ་བྱོན་གྱི་གདུང་རྟེན་བརྒྱད། བཀའ་བརྒྱུད་བླ་རབས་རྣམས་ཀྱི་འཇིམ་སྐུ་མི་ཚད་མ། ཧུ་མ་རྒྱལ་པོས་དམག་གིས་བཤགས་པར་ཕུལ་བའི་གསེར་རྗེན་རྡུང་མའི་ཀ་ཕན་མཐོ་ཚད་སྤྱི་ཁྲེ་གསུམ་དང་། ཞེང་ཚད་སྤྱི་སྐར་བཞི་བཅུ་ཙམ་བྱས་པ་བདུན། འབྲུག་གི་རྭ་ཅོ། སངས་རྒྱས་ཆོས་འཕགས་ཀྱི་ཚེམས། བཅོམ་ལྡན་འདས་ཀྱི་ཚེམས། ཕག་གྲུའི་དབུ་ཞྭའི་སྟེང་མུ་ཏིག་མཐེ་བོང་ཙམ་དང་། ལྷ་ཁང་རེར་བསེ་རུའི་རྭ་རེ། ད་དུང་རྒྱལ་བ་ཕེབས་རིམ་བཞིན་འབུལ་གནང་མཛད་པའི་གསེར་གྱི་མེ་ལོང་བདུན་བཅས་ལ་སོགས་པ་མཇལ་རྒྱུ་ཡོད།

【40】	 ལྕགས་ཕོ་ཁྱི་ལོ། རབ་བྱུང་དྲུག་པའི་ལྕགས་ཕོ་ཁྱི་ལོ་(ཕག་གྲུའི་སྲིད་ལོ ༡༧ པ། བོད་རྒྱལ་ལོ༡༤༩༦ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༤ ། སྤྱི་ལོ་༡༣༧༠)

【41】 ཆོས་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ནི། ཆུ་བྱི་(༡༣༡༢)ལོ་ལ་ཞ་ལུ་ཁང་གསེར་དུ་འཁྲུངས། དགུང་ལོ་གསུམ་བཞེས་པ་ན་མཁས་གྲུབ་ཆེན་པོ་རོང་པ་ཤེས་རབ་སེང་གེའི་དྲུང་དུ་གཤེད་དམར་ལྷ་ལྔའི་དབང་བསྐུར་བ་ཡང་གསན། གཞན་ཡང་བླ་མ་བསམ་སྡིངས་པ་ཞང་ལས་ཚེ་དཔག་མེད་ཀྱི་དབང་དང་། སྒྲོ་མོན་ཅན་གྱི་བླ་མ་བཟང་པོ་པ་ལས་ས་ལུགས་ཀྱི་འཇམ་དཔལ་ཨ་ར་པ་ཙ་ནའི་ལུང་དང་གདམས་པ་ནོས་ཏེ། བླ་མ་རིན་ཆེན་དཔལ་བཟང་པོའི་དྲུང་དུ་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ་གསན་སྦྱོང་མཛད། དགུང་ལོ་བརྒྱད་པ་ལ་རིན་ཆེན་སྒང་དུ་སྡེ་སྣོད་འཛིན་པ་དུ་མའི་དབུས་སུ་རྒྱ་བོད་ཀྱི་མཁས་གྲུབ་དུ་མ་དང་། ཡབ་མེས་ཀྱི་གོང་མ་རྣམས་ཀྱི་བཞེད་སྲོལ་ཕྱིན་ཅི་མ་ལོག་པར་རྣམ་གྲངས་དུ་མ་གསལ་ཞིང་རྒྱས་པ་གསུངས། བླ་མ་དེ་ཉིད་ཀྱི་དྲུང་དུ་ཀྱེེ་རྡོ་རྗེའི་ཕྱག་ལེན་དང་། གཞན་ཡང་ས་སྐྱ་པའི་ཡབ་མེས་ཀྱི་ཆོས་ཀུན་མཐར་ཕྱིན་པར་མཛད། ཇོ་ནང་པའི་ལུགས་ཀྱི་དུས་ཀྱི་འཁོར་ལོའི་རྫོགས་རིམ་ཟབ་མོ་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་སོགས་ཀྱང་གསན། དགུང་ལོ་བཅུ་གཅིག་པ་ལ་བླ་ཆེན་ཀུན་དགའ་བློ་གྲོས་ཀྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་དང་། ཐེག་ཆེན་སེམས་བསྐྱེད། བདེ་ཀྱེེ་ཡོ་ག་དང་བཅས་པའི་དབང་སོགས་གསན། དགུང་ལོ་བཅུ་དྲུག་པར་བླ་མ་དཔལ་ལྡན་སེང་གེ་བ་ལ་ཚད་མའི་བསྟན་བཅོས་ཆེན་པོ་རྣམ་འགྲེལ་སོགས་མཚན་ཉིད་ཕྱོགས་དུ་མ་དང་། རྡོ་རྗེ་འཕྲེང་བ་སོགས་དབང་བཀའ་དང་། གསུང་ངག་ལམ་འབྲས་སོགས་གསན་ཅིང་ཐུགས་སུ་ཆུད་པར་མཛད། དགུང་ལོ་བཅུ་བདུན་པ་ཇོ་གདན་ཚོགས་པའི་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ནས་མཚན་ལ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉི་ཤུ་པའི་དུས་སྔར་གྱི་མཁན་སློབ་གཉིས་པོའི་དྲུང་ནས་བོ་དོང་བྱ་རྒོད་གཤོང་གི་གཙུག་ལག་ཁང་དུ་བསྙེན་པར་རྫོགས། མཁན་ཆེན་བསོད་ནམས་གྲགས་པ་དང་། མཁན་ཆེན་བསོད་ནམས་བཟང་པོ་གཉིས་ཀྱི་དྲུང་དུ་འདུལ་བ་མདོ་རྩ། ལུང་སྡེ་བཞི་སོགས་གསན། དགུང་ལོ་བཅུ་དགུ་པ་ལ་དཔལ་ལྡན་ས་སྐྱའི་སེང་གེ་སྒང་གི་མདུན་གྱི་ཁབ་ཏུ་ལོ་ཙཱ་བ་ཆེན་པོ་དཔང་བློ་གྲོས་བརྟན་པའི་དྲུང་ནས་མངོན་པ་ཀུན་ལས་བཏུས་ཀྱི་བཤད་བཀའ་སོགས་དང་། དགུང་ལོ་ཉེར་གཅིག་པར་རིན་ཆེན་སྒང་བླ་བྲང་དུ་དབུ་མ་རྩ་བ་ཤེས་རབ་དང་། འགྲེལ་པ་ཚིག་གསལ། དབུ་མ་འཇུག་པ་རང་འགྲེལ་དང་དབུ་མ་བཞི་བརྒྱ་པ་འགྲེལ་པ་སོགས་དབུ་མའི་གཞུང་ལུགས་དང་། འཁོར་ལོ་བདེ་མཆོག་སོགས་གསན་ཅིང་། ཉེར་གཉིས་པར་བོ་དོང་ཨེར་ལོ་ཙཱ་བ་དེ་ཉིད་ཀྱི་དྲུང་དུ་བྱམས་ཆོས་སོགས་དང་། དགུང་ལོ་ཉེར་གསུམ་ལ་བོ་དོང་གི་བྱང་ཆུབ་ལུང་ཞེས་བྱ་བ་དེར་ཐུབ་པ་དགོངས་རྒྱན་བསླབ་པ་ཀུན་ལས་བཏུས། ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས། ཇོ་བོ་ཆེན་པོའི་ཆོས་འབྱུང་བརྒྱ་རྩ། བ་རི་བ་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་དང་། སྒྲུབ་ཐབས་རྒྱ་མཚོ་སོགས་གསན། དགུང་ལོ་ཉེར་བཞི་པར་བོ་དོང་ཨེར་ཚད་མ་ཀུན་ལས་བཏུས་པ་རང་འགྲེལ་དང་། དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ་རྡོ་རྗེ་སྙིང་འགྲེལ་ལ་སོགས་ཐུགས་སུ་ཆུད་པར་མཛད། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་བཤད་ཡོངས་སུ་རྫོགས་པ་གསན། ཆོས་རྗེ་ལོ་ཙཱ་བ་ཆེན་པོས་ཀྱང་བདག་ཉིད་ཆེན་པོ་འདི་ལ་བཀས་བསྐུལ་བ་ལྟར་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་མཛད། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ནི་བྲག་ཕུག་པ་ཆེན་པོ་བསོད་ནམས་དཔལ་བའི་དྲུང་དུ་གསན། བླ་མ་སྲོན་པ་ཆོས་དཔལ་བཟང་པོ་ལ་སྦྱོར་དྲུག་གི་ཁྲིད་དང་། ཁྱད་པར་ཁོང་པ་རང་གི་སྲོག་རྩོལ་ཐུན་མོང་མ་ཡིན་པ་རྣམས་དང་། གཤེད་དམར་ལྷ་ལྔའི་དབང་། གཞན་གཤིན་རྗེ་གཤེད་ཀྱི་མན་ངག་བསྐྱེད་རྫོགས་དང་འབྲེལ་བ་མང་པོ་གསན་ཅིང་ཐུགས་སུ་ཆུད་པར་མཛད། གན་པ་རིན་ཆེན་རྒྱལ་མཚན་ལ་ཡང་གུར་རིགས་བསྡུས་སོགས་མང་དུ་གསན། དགུང་ལོ་ཉེར་ལྔ་པར་མཁས་མཆོག་བུ་སྟོན་རིན་པོ་ཆེའི་དྲུང་དུ་གདན་བཞི། མདོར་ན་མཁན་ཆེན་བུ་སྟོན་རིན་པོ་ཆེའི་གསན་ཡིག་ཏུ་ཡོད་པའི་སྔགས་ཀྱི་སྐོར་ཕལ་མོ་ཆེ་གསན་ཅིང་ཐུགས་སུ་ཆུད་པར་མཛད། ཆོས་རྗེ་བུ་སྟོན་གྱི་གསུང་རྩོམ་ཕལ་ཆེར་གྱི་བསྐུལ་བ་པོའང་མཛད། སེམས་དཔའ་ཆེན་པོ་ཐོགས་མེད་པའི་ཞལ་ལས་ཀྱང་ཁམས་གསུམ་རྣམ་རྒྱལ་གྱི་དབང་སོགས་དང་། མཁན་ཆེན་གཞོན་ནུ་མགོན་པོ་ལ་གོང་མ་རྣམས་ལ་མ་གསན་པའི་དབང་། ལོ་ཆེན་བྱང་ཆུབ་རྩེ་མོ་ལས་སྒྲའི་སྐོར་རྣམས་གསན་ནས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད། དགུང་ལོ་ཉེར་བདུན་བཞེས་པའི་ཚེ། ལོ་གཅིག་གི་ནང་དུ་ཧོར་རམ་ཡོན་གོང་མ་ཐུག་ཐེའི་མུར་གྱིས་གདན་འདྲེན་ཐེངས་བཞི་ཞུས་ནའང་ཞལ་བཞེས་མ་གནང་། སྔ་ཕྱིར་སློབ་མ་ཁྲི་ཕྲག་མང་པོར་མདོ་སྔགས་ཀྱི་གཞུང་ལུགས་འཆད་ཁྲིད་རྒྱ་ཆེར་སྤེལ་བ་དང་། རྩོམ་པའི་སྒོ་ནས་མདོ་སྔགས་ཀྱི་གཞུང་ཆེན་དུ་མའི་དཀའ་འགྲེལ་དང་། ཐ་སྙད་རིག་གནས། རྒྱལ་རབས་ཆོས་འབྱུང་སོགས་ཀྱི་ལེགས་བཤད་ཤིན་ཏུ་མང་པོ་མཛད། དགུང་ལོ་རེ་གཅིག་པར་བོ་དོང་ཨེར་དང་། དགུང་ལོ་དྲུག་ཅུ་རེ་གཉིས་པར་བསམ་ཡས་སུ་ལེགས་པར་བསྐར་ཐེལ་གྱི་གདན་ས་འཛིན་པ་ས་སྐྱོང་མི་ཡི་དབང་པོ་སྤྱན་སྔར་གྲགས་པ་བྱང་ཆུབ་ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་བས་མཚོན། སྐབས་དེར་གསར་རྙིང་གི་སྐྱེས་ཆེན་མཁས་པ་ཕལ་པོ་ཆེར་རྗེ་འདི་བའི་ཞལ་ནས་སོ་བྱང་གི་སྡོམ་པ་གནང་བ་ཁོ་ནའི་རྣམ་ཐར་ཡང་གཞན་གྱིས་བསྒྲུན་དུ་མེད་པ་ཡིན། དབུས་ཀྱི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་དུ་མ་ལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་རྫོགས་བདག་པོ་ཆེན་པོ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པ་གནང་ནས། རྒྱ་གར་གྱི་དཀྱིལ་ཆོག་སོ་སོ་དང་། བོད་ཀྱི་ར་འབྲོ་ལ་སོགས་པའི་བླ་མ་རྣམས་ཀྱི་བཞེད་སྲོལ་རྣམས་ཀྱང་མ་འདྲེས་པར་བྱས་པས་རང་གཞན་གྱི་དོན་རྒྱ་ཆེ་བར་བསྒྲུབ་མཛོད་གསུང་བའི་ཞལ་ཏ་ཡང་གནང་། འཇང་ཡུལ་ནས་སྐུ་ཅུང་ཟད་སྙེལ་བ་ཅིག་ཡོད་པ་འོ་ཤང་རྡོའི་གཙུག་ལག་ཁང་གཟིགས་པ་ལ་ཡང་ཕྱག་མཆོད་མང་པོ་མཛད་དེ་རིམ་གྱིས་བསམ་ཡས་སུ་བྱོན། བསམ་ཡས་སུ་མཁན་པོ་བོ་དྷི་ས་ཏཱའི་དབུ་ཐོད་ཀྱི་དྲུང་དུ་ཕྱག་མཆོད་དང་སྨོན་ལམ་འདེབས་པ་སོགས་གནང་། དགུང་ལོ་རེ་གསུམ་(༡༣༧༤)པར་རྗེ་ཙོང་ཁ་པ་ཆེན་པོ་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ། ཕར་ཕྱིན་གསན་བསམ་མཛད་ནས་བཞུགས་པའི་སྐབས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་འདི་ཉིད་དབེན་གནས་ཆོས་རྫོང་དུ་བཞུགས་པའི་སྤྱན་སྔར་བཅར་ནས། འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་དང་། བདེ་མཆོག་དྲིལ་བུ་བའི་ལུས་དཀྱིལ་གྱི་དབང་། གུར་གྱི་མགོན་པོའི་རྗེས་གནང་རྣམས་གསན། མདོར་ན་ཆོས་རྗེ་ས་པཎ་ཡབ་སྲས་ཞི་བར་གཤེགས་པ་ནས་ས་སྐྱའི་གདུང་རྒྱུད་ཁྲོད་ནས་རྗེ་འདི་བ་ལས་མཁས་པ་དང་འཕྲིན་ལས་རྒྱས་པ་མ་བྱུང་། མཐར་དགུང་ལོ་དྲུག་ཅུ་རེ་བཞི་པ་ཤིང་ཡོས་ (༡༣༧༥) ལོ་ཟླ་བ་དྲུག་པའི་ཉི་ཤུ་ལྔའི་སྲོད་ཡོལ་བའི་དུས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས། །

【 42】མཁན་པོ། ལས་ཀྱི་འགོ་བྱེད་དམ་བྱེད་པ་པོ།  སྙན་ངག་མཁན་པོ།  ཨུཔཱདྷུཡཿརབ་བྱུང་དང༌།  བསྙེན་རྫོགས་ཀྱི་སྡོམ་པ་འབོགས་མཁན།  གྲྭ་སའི་མཁན་པོ། ཆོས་བརྒྱུད་འགའ་ཞིག་གིས་སློབ་གཉེར་མཐའ་སོན་གྱི་མིང་སྟེ་བཀའ་བདམས་པའི་དགེ་བཤེས་ཀྱི་གོ་བབ་དང་འདྲ་བའི་མཚན་དུའང་བེད་སྤྱོད་བྱེད། སྐབས་འདི་ནི་བརྟན་མཁས་ཡོད་ཏན་གཉིས་དང་ལྡན་ཞིང་། ཁྱད་པར་བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པའི་མཁན་པོར་འོས་པའི་དགེ་སློང་རྣམ་དག །མཚན་ཉིད་ཚང་བའི་སློབ་མར་སོར་ཐར་རིགས་བརྒྱད་གང་ཞིག་གི་བསླབ་སྡོམ་གནང་བ་མཛད་མཁན་གྱི་མཚན་ཡིན། 
 【43】མཁན་ཆེན་གཞོན་ནུ་དབང་ཕྱུག རབ་བྱུང་དྲུག་པ་དང་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་དུ་འཁྲུངས། རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་དགེ་ཚུལ་སློང་གི་བསླབ་སྡོམ་གནང་ས་ཕལ་ཆེ་བའི་ལས་གྲྭ་གནང་ཞིང་། རྗེ་བཙུན་བླ་མ་བསོད་ནམས་རྒྱལ་མཚན་ཞི་བར་གཤེགས་རྗེས་དབུས་གཙང་ཁུལ་གྱི་རབ་བྱུང་བསྙེན་རྫོགས་སྒྲུབ་མཁན་ཕལ་ཆེ་བའི་མཁན་པོ་གནང་བས་དམ་ཆོས་འདུལ་བའི་བསྟན་པ་བཀའ་དྲིན་གཞན་ལས་ཆེ། གངས་ཅན་པའི་བསྟན་སྲིད་གཉིས་ཀར་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་དཔལ་ཕག་པོ་གྲུབ་པའི་སྡེ་སྲིད་ཁྲི་རབ་གསུམ་པ་སྤྱན་སྔ་གྲགས་པ་བྱང་ཆུབ་དང་། བཞི་བ་སྤྱན་མངའ་བསོད་གྲགས་པ་གཉིས་ཀྱི་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་སྐབས་ལས་གྲ་དང་། སྡེ་སྲིད་ཁྲི་རབས་ལྔ་པ་སྤྱན་སྔ་གྲགས་པ་རྒྱལ་མཚན་གྱི་བསྙེན་རྫོགས་མཁན་པོ་གནང་བ་སོགས་ཀྱིས་མཚོན། རང་ཉིད་ཞབས་བཞུགས་རིང་དམ་ཆོས་འདུལ་བའི་བསྟན་པའི་བདག་པོ་ཉག་གཅིག་ལྟ་བུའི་མཛད་པ་དང་འཕྲིན་རྨད་དུ་བྱུང་བའི་རྣམ་པར་ཐར་བ་བདག་གིར་བསྐྱངས། འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།
 【44】སློབ་དཔོན། ལས་ཀྱི་སློབ་དཔོན།  འདུལ་བ་ལས་བཤད་པའི་སློབ་དཔོན་ལྔའི་ནང་གསེས།  དགེ་འདུན་གྱི་དབུས་སུ་བསྒྲུབ་བྱ་ལ་གསོལ་བཞིའི་ཆོ་ག་བརྡ་སྤྲོད་པར་བྱེད་པའི་དགེ་སློང་ངོ་།  །
【45】	 སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། 

【46】 དུས་གོ་བ། སྡོམ་པ་ཐོབ་མཚམས་ཀྱི་དུས་གོ་བར་བརྗོད་པ་ཞེས་རབ་བྱུང་གི་སྡོམ་པ་འབོག་པའི་རྗེས་ཀྱི་ཆོ་ག་ཞིག་སྟེ། བསྙེན་བཀུར་གྱི་གནས་དང་གནས་མ་ཡིན་པ་ཤེས་པའི་ཆེད་དུ། སྡོམ་པ་ཐོབ་མ་ཐག་པའི་གང་ཟག་ལ། དུས་གོ་བརྗོད་པའི་དགེ་སློང་གིས། སྡོམ་པ་ཐོབ་མ་ཐག་ཏུ་གྲིབ་ཚོད་རིག་པར་བྱས་ནས། ལོ་དང་དུས་ཚིགས་ཟླ་བའི་ངོས་ཀྱི་བྱེ་བྲག་དང༌། ཚེས་གྲངས་དང༌། ཉིན་མཚན་གྱི་ཆ་ཤས་རྣམས། སྐྱེས་བུ་དང་རྐང་པའི་ཐ་སྙད་ཀྱིས། བཀྲ་ཤིས་པའི་གནས་འདི་ཞེས་བྱ་བར། མཁན་པོ་དང་སློབ་དཔོན་མཚན་འདི་ཞེས་བྱ་བའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པ་ཡིན་ནོ་ཞེས་བརྗོད་པའོ། །

【47】	 སྤྱན་སྔ་གྲགས་པ་ཤེས་རབ། གོང་གི་མཆན་རྟགས་ཨང[15] ལ་གཟིགས་དགོས།

【48】 དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས། སོར་ཐར་སྡོམ་པ་རིགས་བརྒྱད་ལས། བླངས་འདས་སོ་དྲུག་གི་བཅས་མཚམས་ལྡན་པའི་བསླབ་སྡོམ་ལ་དགེ་ཚུལ་གྱི་སྡོམ་པ་ཟེར་ཞིང་། དེ་ཉིད་ལེགས་པར་བླངས་པར་དགེ་ཚུལ་གྱི་བརྟུལ་ཞུགས་ཡང་དག་པར་བླངས་ཞེས་ཟེར་བ་ཡིན། དགེ་ཚུལ་གྱི་བླངས་འདས་སོ་དྲུག་ནི། འདུལ་བ་རྒྱ་མཚོའི་སྙིང་པོར། རྩ་བ་བཞི་དང་ཡན་ལག་དྲུག། བཅུ་སྤོང་དགེ་ཚུལ་སྡོམ་པའོ། ། གར་སོགས་ཕྲེང་སོགས་རྣམ་གཉིས་དང་། །གསེར་དངུལ་ལེན་དང་རྣམ་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །མཁན་པོར་གསོལ་བ་གདབ་པ་དང་། །ཁྱིམ་པའི་རྟགས་ནི་སྤོང་བ་དང་། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །སྤང་བྱ་བཅུ་གསུམ་དག་ཏུ་འགྱུར། །ཞེས་འབྱུང་བ་ལྟར་རོ། །【49】དགུང་ལོ་བཅུ་དྲུག་བཞེས་པ། རབ་བྱུང་དྲུག་པའི་ལྕགས་ཕག་ལོ(ཕག་གྲུའི་སྲིད་ལོ ༡༨ པ། བོད་རྒྱལ་ལོ༡༤༩༨ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༦ ། སྤྱི་ལོ་༡༣༧༡) 【50】 གདན་སར་བྱོན་པའི་ཞུ་བ་ཕུལ། འདི་ཐེལ་གྱི་གདན་ས་ཆེན་པོ་ལ་ཟེར་ཞིང་དེའི་འགྲེལ་གོང་གི་མཆན་རྟགས་ཨང [39] ལ་གཟིགས་དགོས། གདན་ས་དེར་ཕེབས་རྒྱུའི་རེ་བ་ཞུས་པའི་དོན་ཡིན།

【51】	ཕག་ལོ། རབ་བྱུང་དྲུག་པའི་ལྕགས་ཕག་ལོ་(ཕག་གྲུའི་སྲིད་ལོ ༡༨ པ། བོད་རྒྱལ་ལོ༡ ༤༩༨ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༥ ། སྤྱི་ལོ་༡༣༧༡)
【52】	 གླང་ལོ། རབ་བྱུང་དྲུག་པའི་ཆུ་གླང་ལོ་(ཕག་གྲུའི་སྲིད་ལོ ༢༠ པ། བོད་རྒྱལ་ལོ༡༥༠༠ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༡༧། སྤྱི་ལོ་༡༣༧༣)

【53】 ཚོགས་ཆེན་པའི་མཁན་པོ་བཀྲ་ཤིས་ཚུལ་ཁྲིམས་པ། ཚོགས་ཆེན་པོ་ནི། ཁ་ཆེ་པཎ་ཆེན་གྱི་སྡོམ་རྒྱུན་འཛིན་པའི་ཆོས་སྡེ་ཆེན་པོ་བཞི་བྱུང་བར་ཚོགས་སྡེ་བཞི་ཞེས་སུ་གྲགས་པའི་ནང་ཚན། སྣེ་གདོང་གི་རྩེ་ཚོགས་པ་སྟེ་དེ་ནི། རྩེད་ཐང་ནས་སྤྱི་ལེ་གཅིག་ཙམ་ཤར་ལྷོའི་ངོས་སུ་སོང་ན་སྣེ་གདོང་གྲོང་དུ་འབྱོར་ཞིང་དགོན་དེ་མཇལ། དེ་ནི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་ཕྱག་བཏབ་གནང་བའི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཡིན། སྔོན་རྒྱ་གར་དུ་ཁ་ཆེ་པཎ་ཆེན་མུ་སྟེགས་པ་དང་རྩོད་པ་ཉིན་མང་རྩོད་ཀྱང་ལན་གྱིས་བཟློག་པར་མ་ནུས་པར་ཕམ་སྟབས། རྩོད་མཚམས་བཞག་པར་དགོངས་པའི་སྐབས་སྒྲོལ་མ་ཕྱག་བཞི་པའི་སྐུ་ཞིག་གི་ཞལ་གཟིགས། པཎ་ཆེན་ཁྱེད་ཀྱིས་སྔར་བཞིན་རྩོད་མཛོད་ཅིག ཅེས་གསུངས་པ་ལྟར་རྩོད་པས་རྒྱལ། སྒྲོལ་མའི་མཚན་ལའང་རྩོད་རྒྱལ་བ་ཞེས་ཞུ། དེའི་རྟེན་འབྲེལ་ཆེད་དགོན་འདིར་སྒྲོལ་མ་ཉེར་གཅིག་བཞེངས་ནས་པཎ་ཆེན་རང་གིས་རང་གནས་མཛད་པས། དེ་དག་གིས་གསུང་ཡང་ཡང་བྱོན། སྣེ་གདོང་བཙུན་མོ་ཧ་ཅང་དད་ནས་རང་གི་རྒྱན་ཆ་བསྟོར་ནས་མུ་ཏིག་གི་སྒྲོལ་སྐུ་གཞེས་པ་རིག་གསར་སྐབས་གཏོར་བཅོམ་མ་ཤོར་བར་དེང་སང་འཛམ་གླིང་གང་སར་བོད་ཀྱི་ལག་རྩལ་རིག་པའི་རིན་ཐང་མཚོན་བྱེད་གྱི་མཚན་སྙན་འབར་བཞིན་པ་དེའང་ཆོས་སྡེ་འདི་ན་གསར་གཞེངས་མཛད་པ་ཡིན། རྗེ་ཙོང་ཁ་པ་བོད་དུ་ཕེབས་ནས་དགུང་གྲངས་ཉེར་ལྔ་པ་ལ་དགོན་དེའི་མཁན་ཐོག་བཅུ་གསུམ་པ་ཚུལ་ཁྲིམས་རིན་ཆེན་ལས་ཡར་ཀླུངས་རྣམ་རྒྱལ་ལྷ་ཁང་དུ་དགེ་སློང་གི་སྡོམ་པ་བཞེས། དེ་ནས་རིམ་བཞིན་ཆོས་སྡེ་འདི་ཉིད་ཀྱང་དགེ་ལྡན་པའི་ཕྱག་བཞེས་མཛད་པའི་སྲོལ་ཆགས། ཕྱིས་དགོན་པའི་མཚན་ལའང་། རྩེ་ཚོགས་དགའ་ལྡན་བྱང་གྲོལ་བདེ་ཆེན་གླིང་ཞེས་འདོགས། ཚོགས་ཆེན་པའི་མཁན་པོ་བཀྲ་ཤིས་ཚུལ་ཁྲིམས་པ་ནི་ཆོས་སྡེ་འདིའི་མཁན་ཐོག་བཅུ་གཉིས་པ་ཡིན་ནམ་སྙམ་སྟེ། རྗེ་ཙོང་ཁ་པ་དགུང་གྲངས་ཉེར་ལྔ་པ་༡༣༨༡ ལ་དགོན་དེའི་མཁན་ཐོག་བཅུ་གསུམ་པ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་རྫོགས་ཞུས་ཚུལ་གསལ་བ་ལྟར་ན། སྤྱན་སྔ་གྲགས་བྱང་པས་ཚོགས་ཆེ་པའི་མཁན་པོ་ ལས་བསྙེན་རྫོགས་སྒྲུབ་པའི་དུས་གོ་བ་མཛད་ལོ་ནི་སྤྱི་ལོ་༡༣༧༣ ལོ་ལ་ཡིན་པས། མཁན་རབས་དེ་གཉིས་བར་དུ་ལོ་གྲངས་མང་པོས་བར་དུ་མ་ཆད་པའི་ཕྱིར་སྙམ་མོ། ། 【54】 བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ། བསྙེན་རྫོགས་ཀྱི་སྡོམ་པ་སྟེ། རྒྱུའི་ཀུན་སློང་ཐོབ་འདོད། དུས་ཀྱི་ཀུན་སློང་ཐོབ་ཤེས། འགལ་རྐྱེན་ངེས་པ་ལྔ་བྲལ་གྱི་བསམ་པ། མཐུན་རྐྱེན་ཕུན་ཚོགས་གསུམ་ལྡན་གྱི་བསམ་པ་དེ་ཐམས་ཅད་ངེས་འབྱུང་གི་བསམ་པས་རྩིས་ཟིན་པའི་སྒོ་ནས། བསྙེན་པར་རྫོགས་པའམ་དགེ་སློང་གི་སྡོམ་པ་ནོད་པ་ལ་ཟེར། སྡོམ་པ་དེ་ནི་སོར་ཏར་རིགས་བརྒྱད་ཀྱི་ནང་ནས་རབ་དང་ཕུལ་དུ་བྱུང་བ་དེ་ཡིན། དེ་ལ་དགེ་སློང་ཕའི་སྡོམ་དང་མའི་སྡོམ་པ་གཉིས་སུ་ཡོད་པ་ལས།་འདི་ཕ་ཡི་སྡོམ་པ་སྟེ། བསྲུང་བྱ་ལྟུང་བ་སྡེ་ལྔ། ནང་གསེས་ཕྱེ་ན་རྩ་བའི་ལྟུང་བ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། སོར་གཤགས་བཞི། འབའ་ཞིག་པ་དགུ་བཅུ། བསླབ་བྱའི་ཉེས་བྱས་བརྒྱ་དང་བཅུ་ཉིས། བསྡོམས་པས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་དེ།་དུལ་བ་རྒྱ་མཚོའི་སྙིང་པོར། ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེས་བྱས་ནི། །བརྒྱ་རྩ་བཅུ་གཉིས་བསྡོམས་པ་ཡི། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་སློང་ངོ། །ཞེས་གསུངས་པ་ལྟར་རོ། །

 【55】	བླ་དཔོན་ཕྱོགས་གཅིག་ཏུ་མཛད་པ། གང་ཟག་གཅིག་གིས་བླ་དཔོན་གཉིས་ཀ་མཛད་པའི་དོན་ཏེ། ཆོས་སྲིད་ཟུང་འབྲེལ་དང་དོན་འདྲ། སྐབས་འདི་བླ་དཔོན་གྱི་དོན་ནི། འགྲོ་མགོན་ཕག་མོ་གྲུ་བའི་གདན་ས་ཆེན་པོ་ཐེལ་གྱི་བླ་མའམ་མཁན་པོ་གནང་བ་དང་ཆབས་གཅིག་ཏུ་བོད་ཆེན་པོའི་ཆབ་སྲིད་ཀྱི་ལྟེ་གནས་སྡེ་གདོང་ཕོ་བྲང་དུ་སྲིད་ཀྱི་དཔོན་པོ་གནང་བའི་དོན་ཡིན། གང་ཟག་གཅིག་གིས་བླ་དཔོན་གཉིས་ཀ་མཛད་པའི་ལམ་སྲོལ་ཐོག་མར་འབྱེད་མཁན་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡིན། དེའི་གོང་ན་གང་ཟག་གཅིག་གིས་བླ་དཔོན་གཉིས་ཀ་མཛད་པའི་སྲོལ་བོད་དུ་མེད། དེས་ན་དུང་དཀར་རིན་པོ་ཆེས། ཆོས་སྲིད་ཟུང་འབྲེལ་གྱི་མགོ་འཛུགས་བྱེད་ས་ཡང་འགྲོ་མགོན་ཆོས་འཕགས་ནས་བྱུང་བ་གསུངས་པར་རྒྱུ་མཚན་ཆེ། ལུགས་སྲོལ་འདི་འགྲོ་མགོན་འཕགས་པའམ་ཡང་ན་བོད་བླ་མའི་དུས་རབས་ནས་མགོ་བཙུགས་ཏེ་དགའ་ལྡན་ཕོ་བྲང་པའི་བར་དུ་བྱུང་བ་ཞིག་ཡིན། 
【56】	 སྤྱན་སྔ་བསོད་ནམས་གྲགས་པ།   སྡེ་སྲིད་བསོད་ནམས་གྲགས་པའམ་བསམ་གདོང་པ་ནི།  ཕག་གྲུའི་སྡེ་སྲིད་བཞི་པ་དེ་ཡིན།    རབ་བྱུང་དྲུག་པའི་ས་ཕག་སྤྱི་ལོ་1359ལོར་འཁྲུངས།   དགུང་ལོ་དགུ་པར་སྤྱན་སྔ་བཅུ་གཉིས་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་བསོད་ནམས་གྲགས་པར་གསོལ། དེ་རྗེས་སྣེ་གདོང་དུ་ཆོས་རྗེ་བླ་མ་དམ་པས་མཁན་པོ་དང༌།  མཁན་ཆེན་གཞོན་དབང་པས་སློབ་དཔོན་མཛད་དེ་རབ་ཏུ་བྱུང༌།  དགུང་ལོ་བཅུ་དགུ་པར་རྩེད་ཐང་གི་གདན་སར་ཕེབས་ནས་འཆད་ཉན་རྒྱ་ཆེར་སྤེལ།  དེ་རྗེས་ལོ་ཙཱ་བ་བྱང་ཆུབ་རྩེ་མོ་དང༌།  མཁན་ཆེན་གཞོན་དབང་པ་སོགས་ནས་བསྙེན་རྫོགས་བཞེས།  རྩེད་ཐང་གི་ཚོགས་པ་ལོ་བཅུ་བཞིར་བསྐྱངས།   དགུང་ལོ་ཉེར་གསུམ་པ་རབ་བྱུང་དྲུག་པའི་ལྕགས་བྱ་1381ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས་ཤིང༌།  རྗེ་འདི་ཉིད་ཀྱིས་སྲིད་དབང་སྐྱོང་བའི་དུས་སུ་དུས་འཁྲུག་ཅུང་ཟད་བྱུང་ཚུལ་《ལྷོ་རོང་ཆོས་འབྱུང་》ལས།   གོང་དཀར་གཞིས་སྐོར་གྱི་ས་ནས་ཤིང་མོ་གླང་ལོར་ཐེལ་གྱི་གཟིམ་ཁང་ཤུགས་རར་བྱོན།  དེའི་ལོག་སྒྲུབ་བྱས་པ་རྣམས་ལ་མི་དགེ་བའི་ལྟས་དངོས་སུ་བྱུང་ཞིང༌།  དེའི་ཕྱི་མ་དགུང་ལོ་ཉེར་བརྒྱད་མེ་ཕོ་སྟག་གི་ལོར་ཡང་དགོན་དུ་ཆོས་ཀྱི་ཁྲི་ལ་ཕེབས་ནས་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་མཛད་ཞེས་གསལ་བ་ལྟར་རོ།  ། ཁོང་གིས་སྡེ་སྲིད་མཛད་རིང་ཡབ་མེས་གོང་མ་ཚོའི་སྲོལ་བཟང་རྩ་འཛིན་གནང་ནས་ལུགས་གཉིས་ཚུལ་བཞིན་སྐྱོང་པས། བོད་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་ཆེས་ཆེར་ཕྱིན་པ་དང་། ལྷག་དོན་སྒོ་ཕྱུགས་འཕེལ་རྒྱས་རྒྱ་ཆེར་བྱུང་བས། བསོད་ནམས་ཅན་གྱི་གོང་མ་ཞེས་སུ་གྲགས། མི་ལོ་ལྔའི་རིང་སྲིད་དབང་བཟུང་ནས། དགུང་ལོ་ཉེར་བདུན་པ་རབ་བྱུང་དྲུག་པའི་ཤིང་གླང་1385 ལོར་སྡེ་སྲིད་ཀྱི་ཁྲི་ལས་བཤོལ་ཏེ་ཐེལ་གྱི་གདན་སར་ཕེབས་ནས་ཚོགས་པ་ལོ་ཉི་ཤུར་བསྐྱངས།  དགུང་ལོ་ཞེ་བདུན་པ་རབ་བྱུང་བདུན་པའི་ཤིང་བྱ་1405ལོར་ཐེལ་གྱི་གདན་ས་སྤྱན་སྔ་དཔལ་ལ་གཏད་དེ་ཀུན་སྤངས་ཀྱི་མཛད་པས་སྙིང་པོའི་བསྟན་པ་བསྐྱངས།  དགུང་ལོ་ལྔ་བཅུ་པ་རབ་བྱུང་བདུན་པའི་ས་བྱི་1408ལོའི་བོད་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན་སྐུ་གཤེགས།
 【57】	རྒྱལ་སྲིད་བསྐྱངས་པའི་དུས། སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱིས་རྒྱལ་སྲིད་བསྐྱངས་པའི་དུས་ནི། དགུང་ལོ་བཅུ་དགུ་པ་རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་1374 ལོ་ནས་དགུང་ལོ་ཉེར་དྲུག་པ་རབ་བྱུང་དྲུག་པའི་ལྕགས་བྱ་སྤྱི་ལོ་1381ལོ་བར་མི་ལོ་བརྒྱད་ཀྱི་རིང་ལ་ཕག་གྲུའི་སྡེ་སྲིད་མཛད།  རྒྱལ་སྲིད་སྐྱོང་དགོས་བྱུང་བའི་རྒྱུ་མཚན་ནི། གུ་ཤྲི་ཤཱཀྱ་རྒྱལ་མཚན་སྐུ་གཤེགས་པ་དང༌།  དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་རང་ཉིད་ཀྱི་རྩ་བའི་བླ་མ་དང་། ཕག་གྲུའི་གྲོས་ལ་དབང་བ་རྣམས་ཀྱིས་ཕག་གྲུའི་སྡེ་སྲིད་དང༌།  ཐེལ་གྱི་གདན་ས་གཅིག་ལྕོགས་ཀྱིས་བླ་དཔོན་སྦྲགས་མར་གནང་དགོས་པའི་རེ་བ་ནན་ཆེར་ཞུས་སྟབས།  སྤྱན་སྔ་བསོད་ནམས་གྲགས་པ་སྐུ་ནར་མ་སོན་བར་རེ་ཞིག་དེ་བཞིན་གནང་བ་ཞལ་གྱིས་བཞེས་དགོས་བྱུང་བ་ཡིན་ནོ། ། འདིས་སྲིད་དབང་བཟུང་རིང་སྡེ་གཟར་དང་འབྱུང་འཁྲུག་གི་དུས་ཟིངས་གང་ཡང་མ་བྱུང་བར་ལྷིངས་འཇགས་གནས་ཐུབ་པ་བྱུང་བས། རྗེ་ཙོང་ཁ་པ་ཆེན་པོས་རྫོགས་ལྡན་གྱི་དུས་དང་འདྲ་ཚུལ་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན།  
【58】	 རྫོང་གོང་འོག་ཐམས་ཅད། རྗེ་འདིས་སྲིད་སྐྱོང་གནང་དུས། བོད་དབུས་གཙང་ཁུལ་དུ་རྫོང་བཅུ་གསུམ་ཡོད་པ་དེ་རྣམས་ལ་ཟེར། 

【59】 ཆོ་འཕྲུལ་གྱི་ཟླ་བ། བོད་ལུགས་ཀྱི་ཟླ་བ་དང་པོ་སྟེ་སྤྱི་ལོའི་སྔོན་གྱི་ལོ་གྲངས་ལྔ་བརྒྱ་བཅུ་གཅིག་(༥༡༡)ལོར་སངས་རྒྱས་ཤཱཀྱ་ཐུབ་པས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་མུ་སྟེགས་པ་རྣམས་བཏུལ་བའི་ཟླ་བ་དེ་ལ་ཟེར། 【60】 རྫོགས་ལྡན་གྱི་དུས། མི་མཇེད་འཛམ་བུ་གླིང་གི་མིའི་འགྲོ་བ་ཐོག་མ་ནི་འོད་གསལ་ལྷ་ནས་འཕོས་ནས་གླིང་འདིར་རྫུས་ཏེ་སྐྱེས། དེ་ལས་རིམ་གྱིས་ཆད་དེ་གླིང་འདིའི་མིའི་འཕེལ་རིམ་མགོ་ཚུགས་ཤིང། དེའི་དུས་སུ་གླིང་འདིའི་མི་རྣམས་ཕ་དང་མ་ལ་ལྟོས་མི་དགོས་པར་རྫུས་ཏེ་སྐྱེ་བ་དང༌། ཉི་མ་དང་ཟླ་བའི་འོད་ལ་མི་ལྟོས་པར་འོད་ཀྱིས་གསལ་བ། དུས་མིན་དུ་མི་འཆི་བར་ཚེ་ལོ་དཔག་མེད་དུ་སྡོད་པ། ཁམ་གྱི་ཟས་རགས་པ་ལ་མི་ལྟོས་པར་ཏིང་ངེ་འཛིན་གྱི་ཟས་ལ་སྤྱོད་པ་སྟེ། དུས་དེར་བསྐལ་བ་བཞི་དང་ལྡན་པའི་དུས་རབས་ལ་ཟེར། བོད་རྒྱ་ཚིག་མཛོད་དུ། འཛམ་གླིང་མི་རྣམས་ཀྱི་ཆོས་དང༌། ནོར། འདོད་པ། བདེ་བ་བཞི་ཡོངས་སུ་ཚང་བར་ལོངས་སྤྱོད་པའི་དུས་ཏེ། དེའི་ཡུན་ཚད་ལ་ལོ་གྲངས་ས་ཡ་གཅིག་དང༌། བདུན་འབུམ་ཉི་ཁྲི་བརྒྱད་སྟོང་ཡོད་པར་གྲགས། ཞེས་ཀྱང་བྲིས་སྣང་། སྐབས་འདིར་སྤྱན་སྔ་གྲགས་བྱང་པའི་ཕག་གྲུའི་ཆབ་སྲིད་མཛད་དུས་མུ་གེ་དང་དམག་འཁྲུགས་སོགས་ཀྱི་ཟིང་སློང་གང་ཡང་མ་བྱུང་བར་ལྷིངས་འཇགས་སུ་གནས་ཐུབ་པ་བྱུང་བའི་དཔེ་མཚོན་གྱི་མིང་ཚབ་ཏུ་བཀོད་པ་ཡིན།

 【61】	ཤཱཀྱའི་སྲས་རྣམས། ཤཱཀྱའི་སྲས་ནི་སྐབས་འདིར་སྤྱན་སྔ་གྲགས་བྱང་པའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་ཉན་པའི་རབ་བྱུང་གྲྭ་བ་ཚོ་ལ་ཟེར་བ་ཡིན། 

【62】 རྒྱལ་པོ་བྱམས་པའི་སྟོབས། སྲོང་བཙན་སྒམ་པའི་སྐྱེ་བ་སྔ་མ་ཞིག་ཏེ། འཇིག་རྟེན་ཁམས་ཀུན་ནས་འོད་ཅེས་པ་ན། སངས་རྒྱས་འོད་སྟོང་འབར་བའི་དབང་པོ་ཞི་བར་གནས་པ་དང་། བྱང་ཆུབ་སེམས་དཔའ་འོད་མཛད་ཅེས་བྱ་བ་ཡོད་དོ༎ གྲོང་ཁྱེར་རྩེད་མོ་ཅན་ན་རྒྱལ་པོ་བྱམས་པའི་བློ་གྲོས་དང་། བཙུན་མོ་བྲམ་ཟེ་མོ་པུནྡ་ཀ་ར་ལ་སྲས་རྒྱལ་བུ་བྱམས་པའི་སྟོབས་ལྡན་ཞེས་བྱ་བ་ཡོད་དོ༎ འོད་མའི་ཚལ་གྱི་ཀུན་དགའ་ར་བ་ན། སངས་རྒྱས་འོད་སྟོང་འབར་བའི་དབང་པོ་ཞི་བར་གནས་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་པའི་སར་རྒྱལ་བུས་ཆོས་ཉན་པས། བྱང་ཆུབ་སེམས་དཔའ་འོད་མཛད་ན་རེ་བསྟན་པའི་སྟོན་པ་ལགས། སྟོན་པའི་བསྟན་པ་འདི་ཇི་ཙམ་ཞིག་གནས། མཐར་གང་གིས་འཇིག་པར་འགྱུར་ཞུས་པས། སངས་རྒྱས་ན་རེ་ངའི་བསྟན་པ་འདི་བསྐལ་པ་འབུམ་ཕྲག་གསུམ་གནས། མཐར་བགེགས་ཀྱི་རྒྱལ་པོ་ཐར་པ་ནག་པོ་ཞེས་བྱ་བས་འཇིག་པར་འགྱུར་གསུང་ངོ་༎ བྱང་ཆུབ་སེམས་དཔའ་འོད་མཛད་ཀྱིས་ཐབས་གང་གིས་འདུལ་ཞུས་པས། སངས་རྒྱས་ཀྱི་ཞལ་ནས་སངས་རྒྱས་སྟོང་ལ་བསྙེན་བཀུར་བྱས། མཆོད་རྟེན་དམ་པ་སྟོང་བཞེངས། གསུང་རབ་མདོ་སྡེ་སྟོང་བྲིས། ཆོས་ཀྱི་འཁོར་ལོ་སྟོང་བསྐོར། འགྲོ་བ་ཐམས་ཅད་ལ་ཕན་སེམས་བསྐྱེད། ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ། སྤྲུལ་པ་མང་པོ་འགྱེད་ནུས་པ་གཅིག་གིས་འདུལ་བར་ནུས་གསུང་ངོ་༎ རྒྱལ་བུ་བྱམས་པའི་སྟོབས་ལྡན་གྱིས་བདག་གིས་དཀའ་བ་འདི་རྣམས་སྤྱད་ནས་བགེགས་དེ་འདུལ་ལོ་ཞུས་པས། སངས་རྒྱས་ཀྱིས་ལེགས་སོ་བྱིན་ནོ༎ དེ་ནས་རྒྱལ་བུས་སངས་རྒྱས་ལ་གསེར་གྱི་པདྨ་ཕུལ་ནས་སངས་རྒྱས་སྟོང་ལ་བསྙེན་བཀུར་བྱས། མཆོད་རྟེན་དམ་པ་སྟོང་བཞེངས། གསུང་རབ་མདོ་སྡེ་སྟོང་བྲིས། ཆོས་ཀྱི་འཁོར་ལོ་སྟོང་བསྐོར། འགྲོ་བ་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད། སངས་རྒྱས་ལ་ཆོས་མང་དུ་ཞུས་ནས་སྒྲུབ་པ་ལོ་ཉི་ཤུ་རྩ་གཅིག་བྱས་པས་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ་བོ༎ དེ་ལ་དྲི་མ་མེད་པའི་ཏིང་ངེ་འཛིན་ཐོབ་པས་དམྱལ་བའི་སྲིད་པ་བཅོམ། ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་བྱོལ་སོང་གི་སྲིད་པ་བཅོམ། སེམས་བདེ་བའི་ཏིང་ངེ་འཛིན་ཐོབ་པས་ཡི་དྭགས་ཀྱི་སྲིད་པ་བཅོམ། ཉི་མའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ཤར་ཕྱོགས་སུ་སྐྱེ་བའི་སྲིད་པ་བཅོམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་ལྷོ་ཕྱོགས་སུ་སྐྱེ་བའི་སྲིད་པ་བཅོམ། ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་པས་ནུབ་ཕྱོགས་སུ་སྐྱེ་བའི་སྲིད་པ་བཅོམ། དཔལ་དུ་སྣང་བའི་ཏིང་ངེ་འཛིན་ཐོབ་པས་བྱང་ཕྱོགས་སུ་སྐྱེ་བའི་སྲིད་པ་བཅོམ། རབ་ཏུ་དགའ་བའི་ཏིང་ངེ་འཛིན་ཐོབ་པས་རྒྱལ་ཆེན་རིགས་བཞིར་སྐྱེ་བའི་སྲིད་པ་བཅོམ། ཆོས་ཐམས་ཅད་མི་གཡོ་བའི་ཏིང་ངེ་འཛིན་ཐོབ་པས་རྒྱལ་ཆེན་རིགས་བཞིར་སྐྱེ་བའི་སྲིད་པ་བཅོམ། ཤིན་ཏུ་གདུལ་དཀའ་བའི་ཏིང་ངེ་འཛིན་ཐོབ་པས་སུམ་ཅུ་རྩ་གསུམ་དུ་སྐྱེ་བའི་སྲིད་པ་བཅོམ། ཡིད་དུ་འོང་བའི་ཏིང་ངེ་འཛིན་ཐོབ་པས་མཚེ་མར་སྐྱེ་བའི་སྲིད་པ་བཅོམ། མངོན་པར་སྤོང་བའི་ཏིང་ངེ་འཛིན་ཐོབ་པས་དགའ་ལྡན་དུ་སྐྱེ་བའི་སྲིད་པ་བཅོམ། སེར་པོའི་ཏིང་ངེ་འཛིན་ཐོབ་པས་འཕྲུལ་དགར་སྐྱེ་བའི་སྲིད་པ་བཅོམ། དམར་པོའི་ཏིང་ངེ་འཛིན་ཐོབ་པས་གཞན་འཕྲུལ་དབང་བྱེད་དུ་སྐྱེ་བའི་སྲིད་པ་བཅོམ། རྣམ་པ་སྣ་ཚོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་ཚངས་ཆེན་དུ་སྐྱེ་བའི་སྲིད་པ་བཅོམ། དཀར་པོའི་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་དང་པོར་སྐྱེ་བའི་སྲིད་པ་བཅོམ། ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གཉིས་པར་སྐྱེ་བའི་སྲིད་པ་བཅོམ། འབྲུག་སྒྲའི་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གསུམ་པར་སྐྱེ་བའི་སྲིད་པ་བཅོམ། ཆར་འབབ་པའི་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་བཞི་པར་སྐྱེ་བའི་སྲིད་པ་བཅོམ། ཆགས་པ་མེད་པའི་ཏིང་ངེ་འཛིན་ཐོབ་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བའི་སྲིད་པ་བཅོམ། མེ་ལོང་ལྟ་བའིུ་ཏིང་ངེ་འཛིན་ཐོབ་པས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་སྐྱེ་བའི་སྲིད་པ་བཅོམ། དགའ་བའི་ཏིང་ངེ་འཛིན་ཐོབ་པས་ཅུང་ཟད་མེད་པར་སྐྱེ་བའི་སྲིད་པ་བཅོམ། ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པས་མཐོ་རིས་དང་ངན་སོང་དུ་སྐྱེ་བའི་སྲིད་པ་བཅོམ། དེ་ལྟར་ཏིང་ངེ་འཛིན་ཉི་ཤུ་རྩ་ལྔ་ཐོབ་པ་དང་། གྲོང་ཁྱེར་དེའི་ནུབ་ཕྱོགས་ཀྱི་ཤན་པའི་གྲོང་ཁྱེར་ཅིག་ན། ཐར་པ་ནག་པོ་ཞེས་བྱ་བ་སེམས་ཅན་མཐོང་ངོ་ཅོག་ཟ་བ་ཅིག་འདུག་ཟེར་ནས་དེ་འདུལ་དུ་ཕྱིན་ནོ༎ ཕྱིན་པ་དང་ཁོ་ན་རེ་ཁྱོད་འདིར་ཅི་ལ་འོངས་ཟེར་རོ༎ ཁྱོད་འདུལ་དུ་འོངས་སོ་ཞེས་སྨྲས་པ་དང་། ཁོས་ལག་ཏུ་བླངས་ཏེ་ཁྱུར་མིད་བྱས་ནས་ད་ཐུལ་ཅིག་ཟེར་རོ༎ དེར་ངས་ཁོག་པའི་ནང་ནས་རྟ་སྐད་གསུམ་བཏོན་པས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱབས་འགྲོ་གསུམ་དང་། ཐར་པ་ནག་པོས་ཨི་ཧ་ཧ་ཞེས་པ་གསུམ་དུ་གོ ཐར་པ་ནག་པོ་ན་རེ། ཁྱོད་རྟ་ཆུང་སྔོན་པོ་ཅིག་འདུག་པའི་རིའི་རྩྭ་ཟོ། ཀླུངས་ཀྱི་ཆུ་འཐུངས་ལ་ང་ལ་གནོད་པ་མ་བྱེད་ཅིག ཁོག་པ་ནས་མ་ཐོན་ན་ང་འཆི་བར་འདུག་པས་ཡར་ཐོན་ཅིག་ཟེར། དེ་ལ་མ་ཉན་པར་བསྡད་པ་དང་། ཐར་པ་ནག་པོ་ན་རེ། སེམས་ཅན་ཀུན་ལ་གནོད་བྱེད་ཀྱང་། སྐྱེས་བུ་ཁྱེད་ལ་གནོད་མི་བྱེད། ཅི་ཡི་ལན་ཆགས་ཅིས་འཇལ་ཡང་༎ སྲོག་གི་ལན་ཆགས་སྲོག་གིས་འཇལ༎ ང་ལ་གནོད་པ་མ་བྱེད་དང་༎ ཁྱོད་ཀྱིས་ཅི་བསྒོ་ཉན་གྱིས་ཟེར། འོ་ན་སེམས་ཅན་ལ་གནོད་པ་མི་བྱེད་དམ་སྨྲས་པས་མི་བྱེད་ཟེར། འགྲོ་བ་བུ་བཞིན་སྐྱོང་ངམ་སྨྲས་པས་སྐྱོངས་ཟེར། དེ་ནས་ཡར་ཐོན་པ་དང་། ཁོས་མིའི་སྙིང་མང་པོ་ཕུལ་ནས་བཤགས་པ་བྱས་སོ༎ རྒྱལ་པོ་བྱམས་པའི་སྟོབས་ལྡན་གྱིས༎ ཐར་པ་ནག་པོ་ཆོས་ལ་བཙུད༎ སེམས་ཅན་ཐམས་ཅད་བདེ་ལ་བཀོད༎ སངས་རྒྱས་བསྟན་པ་དར་ཞིང་རྒྱས༎ དེའི་ཚེ་སངས་རྒྱས་འོད་སྟོང་འབར་བའི་དབང་པོ་ཞི་བར་གནས་ཀྱིས་ལུང་བསྟན་པ། ཁྱོད་སྐྱེ་བ་འདིའི་འོག་རོལ་དུ་འཇིག་རྟེན་གྱི་ཁམས་བཻཌཱུརྱ་སྣང་བ་ཞེས་བྱ་བར། སངས་རྒྱས་སྨན་གྱི་བླ་མཆེད་བདུན་གྱི་ཞབས་དྲུང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ༎ 【63】 འདུ་འཛིའི་གཡེང་བ། ཚེ་ཕྱི་མ་དང་དམ་པའི་ཆོས་ཚུལ་གང་ལའང་འབྲེལ་བ་མེད་པར་འཇིག་རྟེན་འདི་སྣང་སྟེ། དགྲ་འདུལ་གཉེན་སྐྱོང་དང་ལྟོ་གོས་གཏམ་གསུམ་ལ་སེམས་པ་རྦད་དེ་གཡེང་ནས་ཚེ་འདི་ཁོ་ནའི་བྱ་སྤྱོད་ལ་མགོ་འཁོར་བ་ལ་ཟེར།

【64】	 གྲུབ་པའི་སྐྱེས་བུ་ཆེན་པོ་དྭགས་པོ་རིན་པོ་ཆེ། མཉམ་མེད་དྭགས་པོ་ལྷ་རྗེའམ་ཟླ་འོད་གཞོན་ནུ་ནི། སྤྱི་ལོ་༡༠༧༩ལོར་གཉལ་བོད་རྙིང་གྲོང་གསར་ཞེས་པར་སྐུ་འཁྲུངས། འདི་ཉིད་སྐུ་གཞོན་དུས་སུ་སྨན་ལ་བསླབས་པས་ཤིན་ཏུ་མཁས་པར་གྱུར་ཏེ་དྭགས་པོ་ལྷ་རྗེ་ཞེས་ཐོགས། ཁྱིམ་ཐབ་བླངས་པ་ཡུན་རིང་མ་འཚོ་བར་ཚེའི་དུས་བྱས་པས་འཁོར་བ་ལ་ངེས་པར་འབྱུང༌། དགེ་བཤེས་ཤ་བ་གླིང་བ་དང༌། བྱ་ཡུལ་བ། སྙུག་རུམ་པ། ལྕགས་རི་གོང་ཁ་སོགས་བཀའ་གདམས་པའི་དགེ་བཤེས་དུ་མ་བསྟེན་ནས་ཆོས་མང་དུ་གསན། དུས་ཕྱིས་མི་ལའི་སྙན་པ་ཐོས་ནས་དེར་ཕེབས་ཏེ་ཕྱག་རྒྱ་ཆེན་པོའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་པར་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བཀའ་ཕྱག་ཟུང་དུ་འབྲེལ་བའི་ལམ་རིམ་ཐར་རྒྱན་མཛད་དེ་འཕྲིན་ལས་ཀྱི་འཇུག་པ་མཁའ་ལྟར་ཡངས་པོར་གྱུར། དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་པའི་གྲུབ་ཐོབ་གནམ་གྱིས་ས་བཀབ་པ་ལྟར་འཕེལ། འདི་ནས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་མཆེད་ཅིང་ཕྱིས་བཀའ་བརྒྱུད་པའི་རིང་ལུགས་འཛིན་པ་ཀུན་གྱི་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས་ལྟ་བུ་འདི་ཉིད་ཉག་གཅིག་ཏུ་བརྩི། དེར་བརྟེན་རྗེ་བཙུན་མར་པ་དང་མི་ལ་དྭགས་པོ་བ་གསུམ་ལ་བཀའ་བརྒྱུད་པའི་མར་མི་དྭགས་གསུམ་ཞེས་རྩོད་མེད་དུ་གྲགས་པ་ཡིན་ཞིང༌། སློབ་མ་ཆུ་ཁའི་བྱེ་མ་དང་ཉི་ཟེར་གྱི་རྡུལ་ལྟར་འཕེལ་བའི་ཁྲོད་ནས་གཙོ་བོ་ནི་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་དང༌། རྒྱལ་བ་ཕག་མོ་གྲུ་པ་སོགས་བཀའ་བརྒྱུད་ཕྱག་རྒྱ་ཆེན་པོའི་བསྟན་པ་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྐྱེས་ཆེན་ཡང་དུ་མ་བྱུང་། འདིར་དྭགས་པོ་བཀའ་བརྒྱུད་ཅེས་བཏགས་པ་ནི་གྲུབ་མཐའི་སྲོལ་འཛིན་པའི་གང་ཟག་གི་མིང་གྲུབ་མཐའ་ལ་བཏགས་པ་ཡིན་ནོ། མཉམ་མེད་དྭགས་པོ་བ་ལས་བརྒྱུད་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས། ཆེ་བཞི་ནི། ཀརྨ་བཀའ་བརྒྱུད་དང༌། ཕག་གྲུབ་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད་རྣམས་སོ། བཀའ་བརྒྱུད་ཆུང་བརྒྱད་ནི། ཕག་གྲུ་ལས་ཆད་པའི་འབྲི་གུང༌། སྟག་ལུང༌། འབྲུག་པ། གཡའ་བཟང༌། ཁྲོ་ཕུ། ཤུག་གསེབ། ཡེལ་པ། སྨར་ཚང་བཅས་སོ།།
 【65】	དབེན་གནས་དམ་པ་སྒམ་པོ། མཚན་རྒྱས་པར་“གདན་ས་ཆེན་པོ་དྭགས་ལྷ་སྒམ་པོ་”ཞེས་ཞུ།“དྭགས་པོ་”ཞེས་པ་ནི་སྔོན་བོད་མིའི་རིགས་རུས་ཤིག་ཡིན་པ་དང་།“དྭགས་ལྷ་སྒམ་པོ་”ནི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཡིན་པས་ལྷ་མིང་ཡུལ་ལ་ཆགས་པར་གྲགས།རྒྱ་ཚྭ་རྫོང་ནས་དཔྱང་ཟམ་ཕར་ཐོན་ཏེ་ཡར་ཀླུངས་གཙང་པོའི་བྱང་ངོས་ཀྱི་འཁོར་ལམ་སྤྱིར་བཏང་བ་བརྒྱུད་ཆོས་འཁོར་རྒྱལ་དུ་འགྲོ་སའི་ལམ་དང་།རྭ་སྒྲེང་འཁྲུངས་ཁང་སོགས་བརྒྱུད་སྤྱི་ལེ་བཞི་བཅུ་ལྷག་ཙམ་སོང་ན་གཅེས་ཞེས་པའི་གྲོང་དེར་འབྱོར།དེ་ནས་འཁོར་ལམ་མེད་ལ་རྐང་ཐང་ཆུ་ཚོད་གསུམ་མ་ཟིན་ཙམ་འཛེགས་ན་དགོན་དེར་སླེབས།དགོན་དེ་ནི་མར་མི་དྭགས་གསུམ་གྱི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེས་སྤྱི་ལོ་༡༡༢༡ལ་ཕྱག་འདེབས་གནང་མཛད།གནས་དེ་ནི་རྒྱལ་བའི་ལུང་གིས་ཟིན་པའི་རི་བོ་ཤཀྟིར་རམ་རི་བྲག་ཚང་ཚིང་ཅན་གྱི་གནས་ལ་ངོས་བཟུང་།ངོ་མཚར་ཆེ་བའི་རྒྱབ་རི་ནས་སྐྱེས་བུ་དམ་པ་སོ་སོར་གཟིགས་སྣང་མི་འདྲ་བ་མང་པོ་བྱུང་བར་གྲགས།
 【66】	རང་གི་ལྷག་པའི་ལྷ། གསོ་རིག་བསླབ་མཁན་ཚོས་ལྷ་ཀུན་གྱི་ནང་ནས་སྨན་གྱི་བླ་གཙོ་བོ་སྟོན་ཅིང་དེ་བཞིན་དུ་སྙན་ངག་པ་ཚོས་དབྱངས་ཅན་མ། ཤེས་རབ་པ་ཚོས་འཇམ་དཔལ་དབྱངས། ཚོང་པ་ཚོས་ནོར་རྒྱུན་མ་སོགས། བར་ཆད་སེལ་བ་དང་འཕྲིན་ལས་སྒྲུབ་པར་སྒྲོལ་མས་མཚོན། གང་ཟག་སོ་སོའི་གནས་བབ་གང་ཞིག་དང་འབྲེལ་བའི་སྒོ་ནས་སྐྱབས་ཡུལ་ལྷ་ཚོགས་ཚོའི་ཁྲོད་ནས་གལ་ཆེ་བ་ཞུ་ས་དེར་རང་གི་ལྷག་པའི་ལྷ་ཟེར་བ་ཡིན།
 【67】	ཐེལ། གདན་ས་ཐེལ།  གདན་ས་མཐིལ་དང་འདྲ།  དེང་སང་བོད་རང་སྐྱོངས་ལྗོངས་ལྷོ་ཁ་ཁུལ་གྱི་ཟངས་རི་རྫོང་ཁོངས་སུ་ཡོད། གདན་ས་འདི་ཉིད་རབ་བྱུང་གསུམ་པའི་ས་སྟག་(སྤྱི་ལོ ༡༡༥༨ )ལོར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་ཕྱག་བཏབ་པའི་དྭགས་པོ་བཀའ་བརྒྱུད་ཀྱི་ཤིང་བརྒྱའི་རྩ་བ་དང་ཆུ་བརྒྱའི་འབྱུང་ཁུངས་ལྟ་བུའི་གདན་ས་གཙོ་བོ་དེ་ཡིན།   གོང་གི་མཆན་ཨང་【39】ལ་གཟིགས་དགོས། 

【68】 སྣེ་གདོང་དུ་བཞུགས་པའི་ཁུར་དང་བྲལ་བ། སྣེ་གདོང་ནི་ཐོག་མར་འབྲི་གུང་སྒོམ་པ་རྡོ་རྗེ་དཔལ་གྱི་ཁྲི་དཔོན་བྱེད་སྐབས་གསར་དུ་བརྩིགས་པའི་གཞིས་ཀའི་གྲས་ཡིན་ཀྱང་། རྗེས་སུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་ཁྲི་དཔོན་བྱས་རྗེས་སྣེ་གདོང་གཞིས་ཀ་རྒྱ་བསྐྱེད་བྱས་ཤིང་། ཏཱ་སི་ཏུས་བོད་ས་གནས་ཡོངས་ཀྱི་སྲིད་དབང་བཟུང་རྗེས་སྲིད་འཛིན་ལས་ཁུངས་ལྟེ་བ་ཡང་། དེང་སང་བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་ཡོད་ས་དེ་ཡིན། ཕག་གྲུའི་སྲིད་གཞུང་སྐབས་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ལྡན་གྱི་གཞུང་གི་ལྟེ་གནས་ཀྱང་འདི་ན་ཡིན། དེ་ན་བཞུགས་པའི་ཁུལ་དང་བྲལ་བ་ནི་དཔལ་ཕག་མོ་གྲུ་བའི་རྒྱལ་སྲིད་ཀྱི་འགན་ཁུར་དང་བྲལ་བའི་དོན་ཡིན། སྣེ་གདོང་ཞེས་པ་ནི་རི་གླང་ཆེན་ཉལ་བ་ལྟ་བུའི་སྣ་སྟེང་དུ་རྫོང་དེ་ཆགས་སྟབས་སྣེ་གདོང་རྫོང་ཞེས་ཟེར། ད་ལྟའི་སྣེ་གདོང་རྫོང་ཆགས་ཡུལ་ཡང་སྔོན་སྣེ་གདོང་རྫོང་ཆགས་ཤུལ་གྱི་རི་གཤམ་དུ་ཡོད། རྫོང་དེའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་ངོས་སྙོམ་གྲུ་བཞི་མ་༢༢༡༣ དང་། ས་ཞིང་མུའུ་ཁྲི་༦.༥ རྩ་ཐང་མུའུ་ཁྲི་༡༨.༢ ལྕང་གླིང་རྒྱ་ཁྱོན་མུའུ་ཁྲི་༣༨ མི་འབོར་ཁྲི་༤.༨ ས་བབས་དམའ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༣༥༢༢ དང་། མཐོ་ཤོས་ལ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༥༠༠༠ ཙམ་གྱིས་མཐོ་བའི་རི་བོ་༡༡ དང་། ཆེས་མཐོ་ཤོས་ཡར་ལྷ་ཤམ་པོ་ནི་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༦༦༤༧ གྱིས་མཐོ་བའི་གངས་རི་ཡིན་ལ་ཡར་ཀླུངས་ཆུ་བོའི་འབྱུང་རྩའང་ཡིན། “ཡར་ཀླུངས་”ཞེས་པ་ནི་ཡར་ལྷ་ཤམ་པོའི་ཀླུངས་ཐང་དུ་ཆགས་པའི་ཡུལ་ལ་ཡར་ཀླུངས་ཞེས་ཡོངས་གྲགས་དང་། ཡང་གསུང་སྲོལ་གཞན་ལ། མུ་གེ་གནམ་ལ་ཡར་བས་ཡར་དང་། འབྲུ་རིགས་ས་ལ་བཏབ་པའི་ལུང་པ་“ཡར་ལུང་”ཞེས་ཀྱང་ཟེར།

བང་རིམ་གསུམ་པའི་མཆན་འགྲེལ། 【69】 བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པ། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། གཞན་ཕན་དོན་གཉེར་གྱི་བསམ་པས་ཀུན་ནས་བསླངས་ཏེ། གཞན་གནོད་གཞི་དང་བཅས་པ་སྤང་ཞིང༌། གཞན་ཕན་གཞི་དང་བཅས་པ་སྒྲུབ་པའི་ཚུལ་ཁྲིམས་ཏེ། སྲུང་བྱ་ཉི་ཤུ་དང་ལྡན་པའི་ཐེག་ཆེན་ཐུན་མོང་བའི་བསླབ་སྡོམ་ཞིག་ཡིན།

【70】	 རྡོ་རྗེ་ཐེག་པ། ཐབས་ཤེས་དབྱེར་མི་ཕྱེད་པའི་རྡོ་རྗེའི་ལམ་གྱིས་རྡོ་རྗེ་གསུམ་མངོན་དུ་བྱེད་པས་སྔགས་ཀྱི་ཐེག་པ་ལ་རྡོ་རྗེའི་ཐེག་པ་ཞེས་བྱའོ།  ཡང་ན། རྒྱུ་མཚན་ཉིད་ཐེག་པ་ལས་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པའི་ཐེག་པ་ལ་ཟེར། ཁྱད་ཆོས་བཞི་ནི། མ་རྨོངས་པའི་ཁྱད་པར། ཐབས་མང་བའི་ཁྱད་པར། དཀའ་བ་མེད་པའི་ཁྱད་པར། གདུལ་བྱ་དབང་པོ་ཤིན་ཏུ་རྣོ་བའི་དབང་དུ་བྱས་པའི་ཁྱད་པར་རྣམས་སོ། །མིང་གི་རྣམ་གྲངས་ནི། གསང་སྔགས་ཐེག་པ། འབྲས་པའི་ཐེག་པ། རྡོ་རྗེའི་ཐེག་པ། ཐབས་ཀྱི་ཐེག་པ། རིག་པ་འཛིན་པའི་ཐེག་པ་རྣམས་སོ། །
【71】	རྒྱུད་སྡེ་བཞི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞིའོ༎ དཔལ་སཾ་བྷོཊའི་བརྟག་པ་དྲུག་པ་ལས།   རྒོད་དང་བལྟས་དང་ལག་བཅངས་དང་༎ གཉིས་གཉིས་འཁྱུད་དང་རྣམ་པ་བཞི༎ སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས༎ ཞེས་རྒོད་པ་ལ་སོགས་པའི་འདོད་ཆགས་རིགས་བཞི་ལམ་དུ་བྱེད་པ་ལ་རྒྱུད་སྡེ་བཞིར་གསུངས་ཤིང་། ཞེས་དང་། ཁ་སྦྱོར་ལས། དགོད་དང་ལྟ་དང་ལག་བཅངས་དང་༎ གཉིས་གཉིས་འཁྱུད་དང་རྣམ་པ་བཞི༎ སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། ཞེས་ཤིང་ལས་བྱུང་བའི་སྲིན་བུས་ཤིང་ཟ་བ་བཞིན་དུ་འདོད་ཆགས་ལས་བྱུང་བའི་ལམ་གྱིས་འདོད་ཆགས་ཟད་པར་བྱེད་པའི་རྒྱུད་བཞིར་གསུངས་ཤིང་། དེ་ཡང་། བྱ་རྒྱུད་དགོད་པའི་རྒྱུད། སྤྱོད་རྒྱུད་ལྟ་བའི་རྒྱུད། རྣལ་འབྱོར་རྒྱུད་ལག་བཅངས་སམ་འཁྱུད་པའི་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་གཉིས་གཉིས་སྦྱོར་བའི་རྒྱུད་ཅེས་བྱའོ༎ མདོར་ན། དེ་ནི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་མི་འདྲ་བ་བཞི་ཡོད་པས་རྒྱུད་སྡེ་བཞིར་བཞག་པའོ༎ རྒྱུད་སྡེ་འོག་མ་གསུམ་ལ་ནི། བསྒོམས་པའི་རིག་མ་ཁོ་ནའི་འདོད་ཡོན་ལ་དམིགས་པའི་དགའ་བ་ལམ་བྱེད་ཙམ་བཞག་གོ། བྱ་རྒྱུད་སོགས་ཀྱི་སྒྲ་བཤད་ནི། བྱ་བ་ཤས་ཆེ་བས་ན་བྱ་རྒྱུད། བྱ་བ་དང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད། ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་ན་རྣལ་འབྱོར། རྣལ་འབྱོར་དེ་ལས་གོང་ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོ༎ རྗེའི་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལ་གཞི་བྱས་ཏེ་བཀོད།

【72】དབང་བསྐུར་བ། 《ཨབྷིཥེཉྩ། अभिषेक》དགེ་ལུགས་ལྟར་ན། སྔགས་བཟླ་བ་དང་ལྷ་བསྒོམ་པ་སོགས་ལ་དབང་བར་བྱེད་ཅིང་སྔགས་ཀྱི་འཇུག་སྒོར་གྱུར་པའི་རྒྱུད་སྨིན་བྱེད་ཅིག་ལ་དབང་ཟེར། མདོར་ན་དབང་ཞེས་པ་དབང་ཆ་སྤྲད་པ་ལ་ཟེར། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་ལས། སློབ་མའི་རྒྱུད་ལ་སྒོ་གསུམ་གྱི་དྲི་མ་འཁྱུད་ཅིང་བསྐྱེད་རིམ་སོགས་སྔགས་ཀྱི་ལམ་བསྒོམ་པར་དབང་བ་དང་། འབྲས་བུ་སྤྲུལ་སྐུ་སོགས་འགྲུབ་པའི་ནུས་པ་དང་བག་ཆགས་འཇོམ་ངེས་པའི་བུམ་དབང་སོགས་བཞི་ཡིན་ལ། ཞེས་གསུངས། དབང་ལ་སྨིན་བྱེད་རྒྱུའི་དབང་ནི། བུམ་དབང་སོགས་བཞི་ལ་ཟེར། གྲོལ་བྱེད་ལམ་གྱི་དབང་ནི་བསྐྱེད་རྫོགས་ཀྱི་ལས་ལ་བཤད། གྲོལ་བ་འབྲས་བུའི་དབང་ནི་ཟུང་འཇུག་གི་གོ་འཕང་ལ་བཤད་དོ༎ བཀའ་བརྒྱུད་ལུགས་སུ་ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པ་ཞིག་ལ་དབང་ཟེར། དེའི་སྐོར་རྒྱས་པ་ཤེས་བྱ་མཛོད་འགྲེལ་བར་ཆ་༦༥༧ན་གསལ། རྙིང་མ། དབང་གི་ངོ་བོ་ནི། ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་སྐྱེས་སམ་སྐྱེ་ངེས་ཀྱི་སྣོད་རུང་དུ་སྨིན་པར་བྱེད་པའོ༎ སྒྲ་བཤད་ནི། 《ཨབྷིཥེཉྩའི་अभिषेक》སྒྲ་ལས་མངོན་པར་གཏོར་བའམ་བླུགས་པས་ན་དབང་སྟེ། སྦྱང་བྱའི་དྲི་མ་འཁྲུད་པའམ་གཏོར་ཞིང་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་འཇོག་པའི་ཕྱིར་རོ༎ 【73】 ལམ་འབྲས། ས་སྐྱ་པའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སྟེ། ཐོག་མར་གྲུབ་ཆེན་བིརྺ་པས་ཀྱཻ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་ལམ་འབྲས་རྡོ་རྗེའི་ཚིག་རྐང་དང༌། རྒྱུད་ཀྱི་བཤད་བཀའ་བསྡུས་པ་དང༌། ལམ་འབྲས་བུ་དང༌། བཅས་པའི་གདམས་ངག་རྣམས་ནག་པོ་པ་དང་ཊོམ་བྷི་པ་ལ་གནང༌། དེ་ལས་རིམ་པར་བརྒྱུད་དེ་བོད་དུ་འབྲོག་མི་ལོ་ཙཱ་བ་དང༌། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང༌། ཁྱད་པར་དུ་གྲུབ་ཆེན་བིརྺ་པ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་ས་སྐྱར་བྱོན་ཏེ་ས་ཆེན་ཀུན་དགའ་སྙིང་པོ་ལ་ལམ་འབྲས་ཉེ་བརྒྱུད་སྦས་བཤད་བསྩལ། དེས་བསོད་ནམས་རྩེ་མོ་དང་གྲགས་པ་རྒྱལ་མཚན། དེ་ནས་ས་པཎ་དང༌། འགྲོ་མགོན་ཆོས་འཕགས་སོགས་ལས་རིམ་བཞིན་དར་བའོ། དེ་ལ་བཤད་པའི་རྒྱུན་རྣམ་པར་གཉིས་སུ་བྱུང་སྟེ། དང་པོ་ལམ་འབྲས་ཚོགས་བཤད་ནི། ལམ་འབྲས་ཀྱི་ཆོས་སྐོར་རྣམས་ས་སྐྱ་གོང་མ་རྣམ་ལྔ་ལས་རིམ་གྱིས་བརྒྱུད་དེ་གྲུབ་ཆེན་བུདྡྷ་ཤྲཱི་ལས་ངོར་ཆེན་ཀུན་དགའ་བཟང་པོས་གསན། དེ་ནས་རིམ་པར་བརྒྱུད་པ་ལ་ངོར་ལུགས་ཚོགས་བཤད་ཅེས་སུ་གྲགས། གཉིས་པ་ལམ་འབྲས་སློབ་བཤད་ནི། ལམ་འབྲས་ཀྱི་ཆོས་སྐོར་རྣམས་རྡོ་རིང་ཀུན་སྤངས་པ་ལས་ཚར་ཆེན་བློ་གསལ་རྒྱ་མཚོས་གསན། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གཉིས་ལ་བསྩལ་བ་ནས་རིམ་པར་བརྒྱུད་པ་ལ་ཚར་ལུགས་སློབ་བཤད་ཅེས་གྲགས། 【74】 སྦྱོར་དྲུག སྦྱོར་བ་ཡན་ལག་དྲུག སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་གྱིན་ཡན་ལག་དང་དྲུག རྗེའི་གསང་འདུས་སྨོན་ལམ་ལས། སོ་སོར་སྡུད་དང་བསམ་གཏན་སྲོག་རྩོལ་དང་༎ འཛིན་པ་རྗེས་དྲན་ཏིང་འཛིན་ཡན་ལག་དྲུག ། ཅེས་གསུངས་པ་ལྟར་རོ༎ སྦྱོར་བ་ཡན་ལག་ཅེས་པ་དང་། རྫོགས་རིམ་རིམ་པ་དྲུག་གམ། ལྔའམ། བཞིར་གསུངས་པ་རྣམས་དབྱེ་བསྡུ་ཙམ་ལས་དོན་ལ་ཁྱད་པར་མེད་དེ། སོར་བསམ་གཉིས་ལུས་དབེན། སྲོག་རྩོལ་ངག་དབེན། འཛིན་པ་དོན་གྱི་འོད་གསལ། རྗེས་དྲན་ཏིང་ངེ་འཛིན་གཉིས་ཟུང་འཇུག་གིས་བསྡུས་པའོ༎ འདི་སྐོར་རྗེའི་རིམ་ལྔ་གསལ་སྒྲོན་སོགས་ན་ཤིན་ཏུ་རྒྱས་པ་ཡོད་པས་དེར་གཟིགས་པར་ཞུ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་མཛོད་འགྲེལ་སྨད་ཆ་༡༣༡ནའང་དེའི་སྐོར་བཞུགས་པས་དེར་གཟིགས། 【75】ཆོས་དྲུག ། ཆོས་དྲུག་མན་ངག་ཅེས་བྱ་བ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པས་མཛད་པ། རྒྱ་གར་གྱི་མཁས་པ་ན་རོ་པཎྜི་ཏ་དང༌། ལྷོ་བྲག་མར་པ་ཆོས་ཀྱི་བློ་གྲོས་གྱིས་ཁ་ཆེའི་གནས་པུ་ཤྭ་ཧ་རིར་བསྒྱུར། བཀའ་ཡང་དག་པའི་ཚད་མ་ཞེས་བྱ་བ་མཁའ་འགྲོ་མའི་མན་ངག་ཀ་དཔེ་དང་པོ་དང༌། ཀ་དཔེ་ཕྱི་མ་གཉིས་འགྱུར་བྱང་མེད་པ་བཅས་སོ། །སྡེ་དགེ་བསྟན་འགྱུར་ལས་རྒྱུད་འབུམ《ཞི》པ་ནང་དུ་གསལ། 【76】 དམར་ཁྲིད། གཞུང་གང་ཞིག་ཡིན་ཡང་དེའི་གནད་དོན་རྗེན་པའམ་དམར་དམར་རྗེན་རྗེན་དུ་ཁྲིད་པ། སྨན་བཅོས་ལག་ལེན་ལྟ་བུ་ཡིན་ན་དངོས་སུ་གཟུགས་པོ་བཤའ་ནས་གློ་མཆིན་སོགས་རེ་རེ་ནས་ངོ་སྤྲོད་བྱས་ནས་ཁྲིད་པ་ལ་ཟེར། 【77】 བདེ་མཆོག བདེ་མཆོག་གི་རྒྱུད་ཀྱི་སྐོར། བདེ་མཆོག་རྩ་རྒྱུད། རིན་ཆེན་བཟང་པོའི་འགྱུར། བཤད་རྒྱུད་ཨ་བྷི་དྷན། རིན་ཆེན་བཟང་པོ་དང་། ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། རྡོ་རྗེ་མཁའ་འགྲོ་དང་། རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་གཉིས། རྗེ་འགོས་ཀྱི་འགྱུར་མཁའ་འགྲོ་རྒྱ་མཚོ། དྷརྨ་ཡོན་ཏན་གྱི་འགྱུར། སྡོམ་པ་འབྱུང་བའི་རྒྱུད། སྨོན་ལམ་གྲགས་དང་། བློ་བརྟན་གྱི་འགྱུར། ཁྲག་འཐུང་མངོན་པར་འབྱུང་བ། ལ་ཆིངས་ཡོན་ཏན་འབར་གྱི་འགྱུར། བདེ་མཆོག་ནམ་མཁའ་དང་མཉམ་པ། ཡེ་ཤེས་སྡེའི་རང་འགྱུར། གྲགས་པ་ནམ་མཁའ་དང་མཉམ་པ་ཆུང་ངུ་། བྱང་ཆུབ་ཤེས་རབ་ཀྱི་འགྱུར། ཕག་མོ་མངོན་པར་འབྱུང་བ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་གཉིས། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། ཕག་མོ་མངོན་པར་འབྱུང་བ་བཤད་པའི་རྒྱུད། ཁུ་དངོས་གྲུབ་ཀྱི་འགྱུར་རྣལ་འབྱོར་མ་བཞི་ཁ་སྦྱོར། ཡོན་ཏན་འབར་གྱི་འགྱུར། འབུམ་ཕྲག་གསུམ་པ་ལས་འབྱུང་བ་རལ་པ་གྱེན་དུ་བརྫེས་པའི་སྒྱུ་མ་ཆེན་མོ། དྷརྨ་ཡོན་ཏན་གྱི་འགྱུར་ཡིན་པ་བཅས་སོ༎ དོགས་གཅོད། རྗེ་དབལ་མང་རིན་པོ་ཆེའི་སྔགས་ཀྱི་ས་ལམ་རྡོ་རྗེ་འཆང་ཆེན་པའི་ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད་ལས། བདེ་མཆོག་རྒྱུད་ནི་རྩོད་དུས་ཐོག་མའི་རྩེ༎ གསུངས་ཤིང་སྟོན་པ་དེ་དུས་མ་བྱུང་བས། དེ་ཉིད་གསུང་པ་པོ་ནི་སུ་ཡིན་དཔྱད༎ དེ་བཞིན་དམར་ནག་རྒྱུད་སོགས་བདུན་འདུལ་ཚེ༎ གསུངས་ཀྱང་སངས་རྒྱས་ཚུལ་ནི་མ་བསྟན་པས༎ སྟོན་པ་གསུང་པ་པོར་ནི་བཞག་པར་དཀའ༎ ཞེས་གསུངས་པ་ལྟར། བདེ་མཆོག་གི་རྒྱུད་འདིའི་སྟོན་པ་སུ་ཡིན་སོགས་ལ་དོགས་གཅོད་དགོས་སོ༎ 【78】 རིམ་ལྔ། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་བརྟག་པ་བཅུ་པ་འགྱུར་བྱང་མེད་པ། གྲངས་༣༠༧ ན་༥ ནས། དེའི་རྒྱུད་ཕྱི་མའི་ཕྱི་མ་རྟོག་པ་བཅོ་བརྒྱད་པ་ནས་ཉེར་གཉིས་ཡན་གསལ་བ།རྒྱ་གར་གྱི་མཁན་པོ་ཏི་ཛྙཱ་ན་ཀིརྟི་ཉིད་ཀྱིས་བསྒྱུར་བ། གྲངས་༣༣༤ བ་༧ ནས། ཀྱཻ་རྡོར་རྩ་རྒྱུད་འབུམ་ཕྲག་ལྔ་པ་ལས་བཏུས་པའི་རྒྱུད་བརྟག་པ་དང་པོ་ལ་ལེའུ་བཅུ་གཅིག་དང་།གཉིས་པ་ལ་ལེའུ་བཅུ་གཉིས་ཡོད་པ།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས།བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་༣༧༩ ན་༡ ནས། ལྷ་ས་ཞོལ་བཀའ་འགྱུར་ལས། རྒྱུད་འབུམ་《ཀ》ནང་གསལ། བསྟན་འགྱུར་ལས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིམ་པ་ལྔའི་དཀའ་འགྲེལ་ཞེས་བྱ་བ་སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། རིམ་པ་ལྔའི་བཤད་པ་ལི་ལ་བཛྲ་ཞབས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དར་མ་བློ་གྲོས་ཀྱི་འགྱུར། རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་མཛད་ཟེར་བ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲ་དང༌། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། རིམ་ལྔའི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་དམ་ཚིག་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བའི་འགྱུར། རིམ་པ་ལྔའི་འགྲེལ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ་ལ་ཀཥྨཱིས་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁས་པ་ཏཱ་ར་ཀ་ལ་ཤའི་སྲས་མནྟྲ་ཀ་ལ་ཤ་ཉིད་ཀྱིས་བསྒྱུར་བ།་འདི་རྣམས་སྡེ་དགེ་བསྟན་འགྱུར་ལས་རྒྱུད་འབུམ《ཆི》པའི་ནང་དུ་གསལ། གཞན་ཡང་། རིམ་པ་ལྔ་བསྡུས་པ་གསལ་བ་ཞེས་བྱ་བ་དཔལ་ནཱ་རོ་པས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། རྒྱུད་འབུམ《ཞི》པའི་ནང་དུ་གསལ་བ་རྣམས་སོ། ། 【79】 བརྟག་པ་གཉིས་པ། གོང་དུ་མཆན་【26】པར་གཟིགས་དགོས། 【80】 རྡོ་རྗེ་གུར། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅོ་ལྔ་པ།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་།ལོ་ཙཱ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བ། གྲངས་༤༣༣ བ་༡ ནས། དེའི་རྒྱུད་ཕྱི་མ་ཕྱག་ཆེན་ཐིག་ལེའི་རྒྱུད་ལེའུ་ཉི་ཤུ་རྩ་བརྒྱད་པ།རྒྱ་གར་གྱི་མཁན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔར་ཀཾ་ཆོས་ཀྱི་ཡེ་ཤེས་དང་།ཕྱུག་མཚམས་དགྲ་བཅོམ་གྱིས་དད་ཅིང་གུས་པས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པ། གྲངས་༤༧༢ བ་༧ ནསརྒྱུད་ཕྱི་མའི་ཕྱི་མ་ཡེ་ཤེས་སྙིང་པོ་ལེའུ་བཞི་པ།རྒྱ་གར་གྱི་མཁན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་བསྒྱུར་བ་བཅས། ནོར་གླིང་བཀའ་འགྱུར་ལས་རྒྱུད་འབུམ་《ཁ》པའི་ནང་དུ་གསལ། 【81】 སམྦུ་ཊ། རྒྱུད་མང་པོའི་བཤད་རྒྱུད་ཐུན་མོང་བ་སཾབུཊ་འམ་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ། བརྟག་པ་རེ་རེ་ལ་རབ་བྱེད་བཞི་བཞི་ཡོད་པ། དེའི་རྒྱུད་ཕྱི་མ་དང་བཅས་པ། འདིའི་རྩ་རྒྱུད་རྒྱས་པ་སུམ་ཅུ་རྩ་དྲུག་ཡོད་པར་ཨིནྡྲ་བྷཱུ་ཏིའི་འགྲེལ་པ་ལས་འབྱུང་ཞིང་། རྩ་རྒྱུད་བསྡུས་པ་འདི་ལ་ཤློ་ཀ་ཉིས་སྟོང་བརྒྱ་བདུན་ཅུ་དོན་ལྔ། རྒྱུད་ཕྱི་མ་ལ་དྲུག་བརྒྱ་ཉི་ཤུ་རྩ་བརྒྱད་དང་རྐང་པ་གཉིས་ཡོད་པར་བཤད་དོ༎ འདི་ལ་བླ་མ་ཁ་ཅིག་ཀྱེ་རྡོར་གྱི་བཤད་རྒྱུད་དུ་བཞེད་ཀྱང་། བུ་སྟོན་གྱིས་རྒྱུད་དུ་མའི་བཤད་རྒྱུད་ཡིན་པ་དང་། ཁྱད་པར་བདེ་མཆོག་གི་བཤད་རྒྱུད་ཡིན་པར་སྒྲུབ་བྱེད་དང་བཅས་ནས་གསུངས་པ་ཉིད་དོན་ལ་གནས་ཤིང་ལེགས་པར་སེམས་སོ༎ ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས། བདེ་དགྱེས་གཉིས་ཀའི་ཐུན་མོང་བའི་བཤད་རྒྱུད་ཡིན་པར་གསུངས་སོ༎ སུམྦཏ་ཞེས་བྱ་བ་བོད་སྐད་དུ་བསྒྱུར་ན། ཡང དག་པར་སྦྱོར་བ་ཞེས་བྱ་བའི་རྒྱུད་ཆེན་པོ་ཞེས་བྱ་བ། རྒྱུད་ག་པ་༧༣བ༣ན་བཞུགས་སོ༎ རྡོར་དྲིལ་དང་བགྲང་ཕྲེང་གི་སྐོར། རྒྱུད་དེ་གའི་ཤོག་གྲངས་༡༤༤ན༢ན་གསལ་ལོ༎ ཁ་སྦྱོར་རམ་གའུ། འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ། དགེས་རྡོར་བདེ་མཆོག་ལ་སོགས་རྒྱུད་སྡེ་མང་པོའི་ཐུན་མོང་གི་བཤད་རྒྱུད་དཔལ་སམྦུ་ཊའི་འགྲེལ་པ་ལས་དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་བོ་དྷི་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཅ》པ་ནང་དུ་གསལ། 【82】 སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ། གོང་གི་མཆན་【 15】པར་གསིགས་དགོས། 【83】 རྒྱལ་སྲས་ཐོགས་མེད་བཟང་པོ། རྒྱལ་སྲས་ཐོགས་མེད་བཟང་པོ་ནི། གཙང་ས་སྐྱ་དགོན་པའི་ལྷོར་དཔག་ཚད་ཕྱེད་གསུམ་ཙམ་གྱི་སར་བྲག་སྐྱ་ཞེས་པའི་ཡུལ་དུ། ཡབ་དཀོན་མཆོག་དཔལ་དང༌། ཡུམ་འབུམ་སྒྲོན་གཉིས་ལས་རབ་བྱུང་ལྔ་པའི་ཤིང་མོ་ལུག་གི་ལོ་1295 ལ་འཁྲུངས། དགུང་ལོ་གསུམ་པར་ཡུམ་འདས། དགུང་ལོ་ལྔ་པར་ཡབ་གཤེགས། དགུང་ལོ་བཅུ་བཞིར་ཕེབས་པ་ས་ཕོ་སྤྲེལ་ལོའི་1308 ཟླ་བ་དྲུག་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། བསམ་གླིང་པའི་གདུང་རྒྱུད་བླ་མ་དཔལ་འབར་ནས་མཁན་པོ་དང༌། དེའི་གཅུང་པོ་མཁན་པོ་རིན་ཆེན་དཔལ་བཟང་ནས་སློབ་དཔོན་མཛད་པའི་མདུན། རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་བླངས། མིང་བཟང་པོ་དཔལ་བཏགས། དགུང་ལོ་བཅོ་ལྔ་པར། བོ་དོང་ཨེ་ཝཾ་གླིང་གི་ཆོས་གྲྭ་ཆེན་མོར་བྱོན། བླ་མ་ཀུན་རྒྱལ་པའི་དྲུང་དུ་མངོན་པ་སྦྱངས། ས་སྐྱ་དགོན་པར་ཕེབས་བླ་མ་གཞོན་རྒྱལ་མདུན་ཚད་མ་སྡེ་བདུན་སོགས་ཚད་མའི་སྐོར་རྣམས་གསན། དགུང་ལོ་ཉེར་གསུམ་པར་གཙང་ཕྱོགས་ཀྱི་ཆོས་གྲྭ་ཡོངས་ལ་གྲྭ་སྐོར་མཛད། ཚད་མའི་རྩོད་པ་འགྲན་ཟླ་དང་བྲལ་བས་ཀུན་གྱིས་བསྔགས་བརྗོད་བྱས། དགུང་ལོ་སུམ་ཅུ་པར། བྱང་སེམས་རིན་ཆེན་མགོན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བླངས། དགུང་ལོ་སོ་དགུ་པར། འཇམ་དབྱངས་དོན་ཡོད་རྒྱལ་མཚན་སོགས་ནས་ནན་གྱི་བསྐུལ་བ་དང་དུ་བླངས་ཏེ་ཆོས་གྲྭ་ཆེན་པོ་བོ་དོང་ཨེ་དྷ་རའི་གདན་ས་མཛད། དགུང་ལོ་ཞེ་གསུམ་པར་དངུལ་ཆུ་ཆོས་རྫོང་དུ་མཚམས་ལོ་ཉི་ཤུ་ལྷག་བཞུགས། རང་བྱུང་དྲུག་པའི་ས་མོ་བྱའི་ལོ་1369 ཟླ་བ་བཅུ་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར་ཉི་མ་ནུབ་པ་དང་མཉམ་དུ་སྐུ་གཤེགས། ཁོང་དགུང་གྲངས་དོན་ལྔ་བཞུགས། སློབ་མ་ནི་མཁན་ཆེན་བྱང་ཆུབ་རྩེ་མོ་དང༌། ཆོས་རྗེ་ཉི་མ་གཞོན་ནུ་སོགས། མཁས་ཤིང་གྲུབ་པ་བརྙེས་པའི་སློབ་མ་ཤིན་ཏུ་མང་། རྣམ་ཐར་ཅུང་ཟད་རྒྱས་པ་ནི་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ན་གསལ། 【84】 ཐུགས་སྲས་མཁན་ཆེན་དྷརྨ་ཤྲཱི་བྷ་དྲ། བུ་སྟོན་ཐམས་ཅད་མཁྱེན་པའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་ཞུས་ཏེ་མཁས་པའི་གོ་འཕང་བརྙེས། ཐོས་དོན་རྒྱུད་དང་འདྲེས་པའི་གྲུབ་པ་དང་བཙུན་པའི་སྐྱེས་མཆོག་དམ་པ་ཞིག་སྟེ། བུ་སྟོན་ཐམས་ཅད་མཁྱེན་པ་ཞི་བར་གཤེགས་པའི་རྗེས་དབང་ལུང་མན་ངག་དུ་མའི་རྒྱུན་སྤེལ་བས། སྐབས་དེའི་ཚེ་གངས་ཅན་ཆེ་རྒུའི་གཙུག་རྒྱན་ལྟ་བུར་གྱུར། དཔལ་ལྡན་ས་སྐྱ་བ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དམ་པ་བྲོག་པ་གསུམ་ཀས་བླ་མ་འདིའི་དྲུང་ནས་རང་གི་ཡང་མེས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས་ཚུལ། སྐྱེས་ཆེན་དེ་དག་གི་རྣམ་ཐར་ན་གསལ། འཁྲུངས་འདས་ཀྱི་ལོ་རྒྱུས་མ་རྙེད།

【85】 འཇམ་དབྱངས་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ། གོང་གི་མཆན་རྟགས་ཨང 【18】ལ་གཟིགས། 

【86】 རྒྱལ་བའི་སྲས་པོ་གྲགས་པ་རིན་ཆེན་པ། གོང་གི་མཆན་ཨང་【12】 ལ་གསལ། 【87】 གླན་གྱི་མཁན་བརྒྱུད། བླ་ཆེན་དགོངས་པ་རབ་གསལ་གྱི་མདུན་དུ་འདུལ་ཆོས་ཞུ་མཁན་བཅར་བའི་དབུས་གཙང་གི་སློབ་མ་བཅུའི་ནང་ཚན་གླན་ཡེ་ཤེས་ཤེས་རབ་ནས་བརྒྱུད་པའི་སྡོམ་རྒྱུན་ཏེ། དེ་དག་གི་བྱུང་བ་བུ་སྟོན་ཆོས་འབྱུང་ལས་གསུང་པ་ལྟར་བཀོད་ན། (བླ་ཆེན་གྱི་སློབ་མ་རྣམས་བོད་དུ་ཕྱིར་ལོག་རྗེས)ཀླུ་མེས་ཀྱིས་ཀ་ཆུ་བཟུང་། རྦ་མཆེད་ཀྱིས་དབུ་ཚལ་དང་དབུ་རྩེ་བཟུང་། རག་ཤི་མཆེད་ཀྱིས་དགེ་རྒྱས་བཟུང་། འབྲིང་གིས་ཟངས་ཁང་བཟུང་ངོ་། །དེ་ནས་དབུས་པ་ལྔས་རང་ཅག་གནས་གཞི་བརྩིག་དགོས་གསུངས་ནས། ཀླུ་མེས་ཀྱིས་ལ་མོ་ཆག་དེའུ་བརྩིགས། དེ་ལ་མཁན་བུ་བཞི་བྱུང་། གྲུ་མར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་ཆེན་བརྩིགས། དེ་ལས་མཆེད་པ་ལ་ཐང་སྐོར་ཟེར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་ར་ཚག་དང་རྒྱལ་བརྩིགས། དེ་ལས་མཆེད་པ་ལ་ཞང་སྐོར་ཟེར། རྡོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པ་བ་རང་བརྩིགས། སྨད་ཀྱི་ལ་མཆེད་པ་གཟད་ཀྱི་ལྡིང་བ་དང་། ཆུ་ཤུལ་གྱི་ན་བོ་དང་། སྦུ་སྡེ་ལྷོ་གོང་དང་། ཡོལ་ཐང་དང་། ལབ་སོ་དང་། གྲལ་མ་ཐང་དང་། ཁ་རག་སོ་གཅིག་རྣམས་བརྩིགས། དེ་ནས་གཙང་དུ། གཞུའི་ཀུན་དགའ་ར་བ་དང་ཚ་མིག་བརྩིགས། སྐྱིད་ཤོད་དུ་རྡོག་དང་། སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་གཡུ་སྒྲོ་ཁང་དམར་བརྩིགས་ཏེ། དེ་དག་ལས་མཆེད་པ་ལ་རྡོག་ཚོ་སྐོར་ཟེར། གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱལ་གསར་སྒང་དང་། གླག་མདའ་ལྷ་ཁང་དང་། མཚལ་ཆུང་གཉིས་བཟུང་། དེ་དག་ལས་མཆེད་པ་ལ་གླན་སྐོར་ཟེར་རོ། །སུམ་པ་ཡེ་ཤེས་བློ་གྲོས་ཀྱིས་འབྲོ་ས་ཐང་དུ་རྨེ་རུ་བརྩིགས་ཏེ། ཞིག་ནས་མེད་ལ། མཆེད་པའང་མེད་དོ། །རག་ཤིས་རག་ཤི་འཕྲང་འོག་གི་ལྷ་ཁང་བརྩིགས། སྦས་ཡུངས་འགུར་བརྩིགས། དེ་ནས་ལན་པ་སྤྱིལ་བུ་བཟུང་། དེ་དག་གིས་སྤེལ་བའི་འདུལ་བའི་བཤད་པ་དང་མཁན་རྒྱུད་རྣམས་ད་ལྟའི་བར་དུ་གནས་བཞིན་པ་ཡིན་ནོ། ། 【88】 མཁན་ཆེན་གཞོན་ནུ་དབང་ཕྱུག གླན་གྱི་མཁན་རྒྱུད་འཛིན་པའི་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་ཞིག་སྟེ། རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་བོད་མདོ་དབུས་ཀྱི་རབ་བྱུང་མང་པོར་དགེ་སློང་གི་བསླབ་སྡོམ་གནང་སྐབས་རྗེ་འདི་བས་ལས་གྲྭ་གནང་བ་དང་། རྗེ་དེ་ཉིད་ཞི་བར་གཤེགས་རྗེས་གངས་ཅན་པའི་རང་བྱུང་ཕལ་པོ་ཆེའི་བསྙེན་རྫོགས་མཁན་པོ་འདི་ཉིད་བསྟེན་ཅིང་། ལྷག་དོན་སྐབས་དེར་བོད་ཆེན་པོའི་སྲིད་འཛིན་དཔལ་ཕག་མོ་གྲུ་པའི་གདུང་རྒྱུད་ཕག་གྲུའི་སྲིད་རབས་བཞི་པ་སྤྱན་སྔ་བསོད་ནམས་གྲགས་པ་དང་ལྔ་པ་སྤྱན་སྔ་གྲགས་པ་རྒྱལ་མཚན་གཉིས་ཀའི་རབ་བྱུང་བསྙེན་རྫོགས་ཀྱི་མཁན་པོ་གནང་བས་མཚོན། གངས་ཅན་ལྗོངས་འདིར་བསྟན་པའི་རྩ་བ་སོ་སོར་ཐར་པའི་བསྟན་པའི་རྒྱལ་མཚན་བླ་ན་སྒྲེངས་པར་མཛད་པའི་རྣམ་ཐར་བདག་གིར་སྐྱོང་། འཁྲུངས་འདས་སོགས་ཀྱི་ལོ་ཚིགས་མ་རྙེད། 【89】 སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན། འདིའི་རྣམ་ཐར་ལོ་རྒྱུས་རྙེད་སོན་མ་བྱུང་། 【90】 སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། སྤྱན་སྔ་གྲགས་བྱང་པར་བསྙེན་པར་རྫོགས་པའི་དུས་གོ་བ་མཛད་པ་དང་། སྤྱན་སྔ་བསོད་ནམས་བཟང་པོ་ལ་ཕག་མོ་བརྡ་བཞིའི་དབང་རྣམས་དང་། བརྟག་གཉིས་ལ་སོགས་པ་གསུངས་པས་མཚོན། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསུང་ཞིང་། སྡོམ་པ་གསུམ་གྱི་བཅས་མཚམས་ལ་གཅེས་པར་འཛིན་པའི་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན། འཁྲུངས་འདས་སོགས་ཀྱི་རྣམ་ཐར་རྒྱས་པ་རྙེད་སོན་མ་བྱུང་། 【91】 བླ་མ་འབྲི་ཕྱུག་པ་རིན་ཆེན་འབུམ། འབྲི་ཕྱུག་པ་རིན་ཆེན་འབུམ། གསར་རྙིང་མཁས་གྲུབ་དུ་མའི་རྣམ་ཐར་ལོ་རྒྱུས་ཁྲོད་འཚོལ་སྒྲུག་བྱས་ཀྱང་ད་བར་རྙེད་སོན་མ་བྱུང་། 【92】 དབང་རྗེས་གནང་བཤད་པ་ལུང་། དབང་ནི་གོང་གི་མཆན་རྟགས་ཨང་【72】ནང་གསལ་ལྟར་རོ། །རྗེས་གནང་ནི། གསང་སྔགས་རྒྱུད་སྡེ་གང་ཞིག་ལས་འབྱུང་བའི་ཡི་དམ་གྱི་ལྷ། དེ་དང་དེའི་དམིགས་རྣམ་སྒོམ་སྒྲུབ་སོགས་ཉམས་ལེན་ཆོག་ཅེས་བླ་མས་སློབ་མ་ལ་རྗེས་སུ་གནང་བ་མཛད་པ་ལ་ཟེར། བཤད་པ་ནི། མདོ་རྒྱུད་བསྟན་བཅོས་གང་ཞིག་རང་ཉིད་ཀྱིས་དམ་པ་གོང་མའི་མན་ངག་དང་འགྲོགས་པའི་ཐོས་པ་སྔོན་དུ་སོང་ཐོག་སྐྱེས་སྟོབས་ལ་བརྟེན་ནས་དྲི་མ་མེད་པའི་རིག་པས་དཔྱད་དེ་གཞུང་དོན་ཕྱི་ཅི་མ་ལོག་པར་ཤེས་པར་སྔོན་དུ་སོང་བའི་རྗེས་རྣམ་བཤད་རིགས་པ་ལས་འབྱུང་བ་ལྟར་གྱི་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བཤད་པའམ་ཡང་ན། བཤད་པའི་ཆིངས་ཆེན་པོ་གསུམ་གྱི་སྒོ་ནས་བཤད་པ་ལ་ཟེར། འདི་ནི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་དང་པོ་དེ་ཡང་ཡིན་ནོ༎ ལུང་ནི། མདོ་རྒྱུད་བསྟན་བཅོས་ཚད་ལྡན་གང་ཞིག་ཡང་དག་པར་རྫོགས་པའི་སངས་རྒྱས་སམ་ཡང་ན་མཛད་པ་པོ་སུ་ཡིན་པ་དེ་ནས་རིམ་པར་བཞིན་གཅིག་ནས་གཅིག་ལ་བརྒྱུད་པའི་ངག་གི་འདུ་བྱེད་ཀྱི་རྒྱུན་མ་ཉམས་པར་སྤེལ་བ་ལ་ཟེར། དེ་ནི་རྒྱུད་པའི་མན་ངག་གམ་ལུང་རྒྱུན་དེ་ཉིད་གཅིག་ནས་གཅིག་གི་ངག་ཐོག་ནས་རྣ་ལམ་དུ་བརྒྱུད་དེ་འཁོར་བའི་འཁོར་ལོ་དང་འདྲ་བས། ལུང་གི་ཆོས་འཁོར་ཞེས་ཀྱང་ཟེར། 【93】འགྲོ་མགོན་ཆོས་ཀྱི་རྗེ། འདི་ས་སྐྱ་རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་ཟེར། གོང་གི་མཆན་རྟགས་ཨང་【41】ལ་གཟིགས་དགོས། 【94】 མཁན་ཆེན་བྱང་ཆུབ་རྩེ་མོ། ཆོས་རྗེ་དཔང་ལོའི་དབོན་པོ་ཡིན། ལ་སྟོད་ལྷོ་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་བཟང༌། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེ་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ཆུ་ཡོས་༡༣༠༣ལོར་སྐུ་བལྟམས། དགུང་ལོ་བདུན་པ་ལ་དཔང་ལོའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་ནོད། དགུང་ལོ་བཅུ་དྲུག་པ་ལ་ཤོང་ལོའི་དབོན་པོ་མཁན་ཆེན་ཆོས་སྐྱོང་དཔལ་ལས་དགེ་ཚུལ་བསྒྲུབས། དཔང་ལོས་མངའ་རིས་གནས་པོ་ཆེ་དང༌། ས་སྐྱ་སོགས་སུ་འཁྲིད་དེ་བསླབ་སྦྱངས་གནང༌། གུང་ཐུང་གནས་པོ་ཆེར་དཔང་ལོ་ལས་མངོན་ཚད་གསན། ཨེའི་གདན་སར་ལོ་བཞི་རིག་གནས་ཕལ་མོ་ཆེ་ལ་སྦྱངས། དགུང་ལོ་ཉེར་གཉིས་པ་ལ་དཔལ་ལྡན་ས་སྐྱའི་མཁན་པོ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང༌། ལས་ཀྱི་སློབ་དཔོན་དཔང་ལོ་དང༌། གསང་སྟོན་ཆོས་རྗེ་བླ་མ། གྲིབ་ཚོད་མཁན་ཆེན་བསོད་ནམས་བཟང་པོས་མཛད་དེ་བསྙེན་པར་རྫོགས། དེ་ནས་ས་སྐྱར་བཤད་གསར་དང༌། ཞ་ལུ་སོགས་སུ་གྲྭ་སྐོར་མཛད། དགུང་ལོ་ཉེར་ལྔ་པ་ལ་ལོ་ཙཱ་མཁས་པར་གྱུར། བཤེས་གཉེན་ཆེན་པོ་ཆོས་རྗེ་བླ་མ་སྐུ་མཆོད་དང༌། དཔང་ལོ་ཙཱ་བ། རྒྱལ་སྲས་པ། བུ་དོལ་གཉིས། གངས་ཁྲོད་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། མཆིམས་བློ་བཟང་གྲགས་པ་སོགས་མཁས་གྲུབ་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མའི་ཞབས་ལ་གཏུགས་ཏེ་མདོ་རྒྱུད་ཀྱི་ཟབ་ཆོས་གསན་སྦྱངས་དཔྱིས་ཕྱིན་མཛད་ཅིང་ཉམས་སུ་བཞེས་པས་གྲུབ་པའི་དབང་ཕྱུག་ཏུ་མངའ་གསོལ། རྒྱལ་སྲས་པས་ལོ་ཆེན་འདི་ལ་ཞལ་ཟས་ཀྱིས་བསྙེན་བཀུར་ན་མུ་གེའི་བསྐལ་པ་ལས་ཐར་གསུངས་པའི་སྙན་གྲགས་ཀྱིས་བསྙེན་བཀུར་མཆོད་པའི་མཚོ་བརྡོལ།།ཆུ་ལ་མི་འབྱིང༌། བུག་པ་ཆུང་ངུ་ལ་སྐུས་བརྟོལ། ཁང་ཆུང་དུ་མི་མང་པོ་ལ་དབང་བསྐུར་བའི་རྫུ་འཕྲུལ་བསྟན། མངོན་པར་མཁྱེན་པ་མངའ། དཔལ་ལྡན་བླ་མའི་བཀས་ཨེའི་གདན་ས་མཛད། སྟག་ལུང་པ་ནམ་མཁའ་དཔལ་བཟང་ལ་དུས་འཁོར་སྒྲ་སྙན་སོགས་གནང་བས་དེའི་བཤད་རྒྱུན་དབུས་སུ་ཆེར་དར། དེ་ནས་དྭགས་པོར་ཆོས་རྗེ་བླ་མའི་དྲུང་དུ་བྱོན། ཀ་ལཱ་པའི་ས་རིས་ཕུལ། དེ་ནས་གཙང་ཕྱོགས་སུ་བཞུགས། དགུང་ལོ་མཐོན་པོར་གྱུར་ཀྱང་སྤྱན་སྔ་གྲགས་བྱང་བས་གདན་དྲངས་ནས། ཡར་ལུང༌། གདན་ས་ཐེལ། གུང་ཐང་རྣམས་སུ་དུས་འཁོར་སྒྲ་སྙན་གྱི་ཆོས་ཆར་ཕབ། མཁས་པ་རྣམས་ཐུགས་ཚིམ་པར་གྱུར། སྟག་ཚང༌། ཤངས། འུ་ཡུག ཉང་སྟོད་རྣམས་སུ་དུས་འཁོར་གྱི་དབང་རྒྱུད་ཁྲིད་མང་དུ་གསུངས། ཀ་ལཱ་པའི་འགྲེལ་པ་སློབ་ཕན་སོགས་འགྱུར་དུ་མ་མཛད། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་བསྐྱངས། དབོན་པོ་ལོ་ཆེན་གྲགས་པ་དང༌། སྒྲ་པ་ནམ་མཁའ་བཟང་པོ་སོགས་ཐུགས་སྲས་མང་དུ་བྱུང༌། སྐུ་ཚེ་སྨད་དུ་གཙང་ཆུ་མིག་རིང་མོར་བཞུགས་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་དེ་དགུང་གྲངས་དོན་བརྒྱད་བཞེས་པ་རབ་བྱུང་དྲུག་པའི་ལྕགས་སྤྲེལ་༡༣༨༠ལོར་དག་པའི་ཞིང་དུ་གཤེགས། 【95】ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ། གོང་དང་མཚུངས། 【96】གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ། དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། མཁས་པ་ཆེན་པོ་ཞང་སྟོན་མདོ་སྡེ་དཔལ་དང་དུས་འཁོར་གྱི་ཚུལ་ཁོང་དུ་ཆུད་པའི་དགེ་སློང་ཚུལ་ཁྲིམས་དར་གྱིས་དོན་གྱི་ཆ་ལ་དཔྱད་ཅིང༌། ལོ་ཙཱ་བ་ཆེན་པོ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཡུལ་དབུས་ཀྱི་རྒྱ་དཔེ་གཉིས་ལ་གཏུགས་ཤིང་ལེགས་པར་བཅོས་ཏེ་གཏན་ལ་ཕབ་པ། འདི་བཀའ་ཡིན་ཡང་རྩ་འགྲེལ་མཉམ་སྦྱར་སླད་བསྟན་འགྱུར་དུའང་བཞུགས་པ་ཡིན་ནོ། ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་ཕྱི་འཇིག་རྟེན་གྱི་ཁམས་ཀྱི་ལེའུ་དང༌། ནང་སེམས་ཅན་གྱི་ལེའུ་གཉིས་འགྱུར་རྒྱུད་དང་འདྲ། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཐ》པ་ནང་གསལ། དཔེ་འདི་དག་སྣར་ཐང་བསྟན་འགྱུར་ནང་དུ། རྒྱུད་སྡེ་ལས། 《ཀ》བ་ལ་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ།ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འབྲོ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ལས། མཁས་པ་ཆེན་པོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བཅོས་ཤིང་གཏན་ལ་ཕབ་པའོ། །འདི་ནི་རྩ་འགྲེལ་ཕྱོགས་གཅིག་ཏུ་བསྡེབས་ན་བསོད་ནམས་ཆེ་ཞིང༌། དིང་སང་བཤད་ཉན་དར་བའི་ཕྱིར་ཕན་ཆེ་བ་ལ་བསམས་ནས་འདིར་བྲིས་པ་ཡིན་གྱི། རྒྱུད་ཀྱི་རྒྱལ་པོ་འདི་བསྟན་བཅོས་ཀྱི་ཁོངས་སུ་གཏོགས་ནས་བྲིས་པ་ནི་མ་ཡིན་ནོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་མཛད་པའི་ཕྱི་འཇིག་རྟེན་ཁམས་ཀྱི་ལེའུ་དང༌།ནང་སེམས་ཅན་ཁམས་ཀྱི་ལེའུ་གཉིས། འགྱུར་རྒྱུད་དང་འདྲ་བ་བཞུགས་སོ།། 《ཁ》པ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་འགྲེལ་པ་སྤྱན་རས་གཟིགས་ཀྱིས་མཛད་པའི་དབང་གི་ལེའུ་དང༌། སྒྲུབ་ཐབས་ཀྱི་ལེའུ་དང༌།ཡེ་ཤེས་ཀྱི་ལེའུ་རྣམས་འགྱུར་སྔ་མ་དང་འདྲ་བ་བཞུགས་སོ།།《ག》པ་ལ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ་པདྨ་དཀར་པོས་མཛད་པའི་དོན་དམ་བསྙེན་པ་ཞེས་བྱ་བ། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོས་བསྒྱུར་ནས་གཏན་ལ་ཕབ་པ་དང༌། དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ་ཞེས་བྱ་བ་དཔང་ལོ་ཙཱ་བ་བློ་བརྟན་གྱིས་བསྒྱུར་བ་དང་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོའི་དཀའ་འགྲེལ་པདྨ་ཅན་ཞེས་བྱ་བ་དཔལ་དུས་འཁོར་ཞབས་ཆེན་པོས་མཛད་པ། ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐས་བསྒྱུར་བ་དང༌། དབང་མདོར་བསྟན་པའི་འགྲེལ་བཤད་དོན་དམ་བསྡུས་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་གྲུབ་པའི་སློབ་དཔོན་དཔལ་ནཱ་རོའི་ཞབས་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་དྷརྨ་དྷ་ར་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་ལས། སླར་ཡང་སྒྲ་ཚད་བ་རིན་རྒྱལ་གྱིས་བཅོས་ཤིང་གཏན་ལ་ཕབ་པ་དབང་མདོར་བསྟན་པའི་བཤད་པ་ལེགས་པའི་བུ་དཔལ་འཛིན་དགའ་བས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་གནས་བརྟན་ཆེན་པོ་བྱང་ཆུབ་སེམས་དཔའ་ནགས་ཀྱི་རིན་ཆེན་དང༌། རྩེས་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་བསྒྱུར་བ་རྣམས་བཞུགས་སོ།། 《ང》པ་ལ་དབང་མདོར་བསྟན་པའི་འགྲེལ་པ་དུས་ཞབས་པས་མཛད་པ་པཎྜི་ཏ་ཟླ་བ་མགོན་པོ་དང༌། འབྲོ་ཤེས་རབ་གྲགས་ཀྱི་འགྱུར། དབང་མདོར་བསྟན་གྱི་དཀའ་འགྲེལ་ཤློ་ཀ་སུམ་བརྒྱ་དྲུག་ཅུ་པ་བུ་སྟོན་གྱི་འགྱུར། དབང་རབ་བྱེད་ཀྱི་འགྲེལ་པ་རྡོ་རྗེའི་ཚིག་འབྱེད་པ་ཞེས་བྱ་བ་སློབ་དཔོན་དཱ་རི་ཀ་བས་མཛད་པ་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་ཡན་ལག་བཞི་པ་ཞེས་བྱ་བ་དུས་ཞབས་པས་མཛད་པ། པཎྜི་ཏ་བི་ཤྭ་ཤྲཱི་དང༌། ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དུས་འཁོར་གྱི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ་དུས་ཞབས་པ་ཆེན་པོས་མཛད་པ། པཎྜི་ཏ་ཟླ་བ་མགོན་པོ་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་དང༌། དཀྱིལ་འཁོར་གྱི་ཆོ་ག་གཉིས་སློབ་དཔོན་སཱ་དྷུ་པུ་ཏྲས་མཛད་པ་པཎྜི་ཏ་ཝཱ་གཱི་སྭ་ར་གུཔྟ་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། དུས་འཁོར་གྱི་དཀྱིལ་ཆོག་ཡིད་འོང་ཕྲེང་བ་ཞེས་བྱ་བ་དུས་ཞབས་པ་ཆུང་བས་མཛད་པ།པཎྜི་ཏ་བིན་ཤྲཱི་དང༌། ལོ་ཙཱ་བ་མཆིམས་ཡོན་ཏན་འབར་གྱི་འགྱུར། དུས་འཁོར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་དུས་ཞབས་པས་མཛད་པ། པཎྜི་ཏ་བུད་དྷཱ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བྱམས་པའི་དཔལ་གྱི་འགྱུར། དུས་འཁོར་གྱི་སྒྲུབ་ཐབས་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་སློབ་དཔོན་རོལ་པའི་རྡོ་རྗེས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། རྭ་ཆོས་རབ་ཀྱི་འགྱུར། རྫོགས་པའི་རིམ་པ་སྟོན་པའི་སྐོར་ལ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པའི་སྦྱོར་དྲུག །དེ་བས་རབ་འབྱོར་ཞི་བ་དང༌། ཅོག་ར་ཏིང་འཛིན་བཟང་པོའི་འགྱུར། འདི་ཕྱག་རྡོར་སྟོང་འགྲེལ་ལས་གུད་དུ་ཕྱེ་བར་སྣང་། དུས་ཀྱི་འཁོར་ལོའི་སྙིང་པོའི་རྒྱན་ཞེས་བྱ་བའི་སྒྲུབ་ཐབས་བྲམ་ཟེ་བསོད་སྙོམས་པས་མཛད་པ། པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་དང༌།གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། དུས་ཀྱི་འཁོར་ལོའི་མན་ངག་དུས་ཞབས་པ་ཆེན་པོས་མཛད་པ། པཎྜི་ཏ་བུད་དྷཱ་ཀ་ར་བྷ་དྲ་དང༌། གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དཔལ་ཨ་ནུ་བམ་རཀྵི་ཏས་མཛད་པ། པཎྜི་ཏ་བི་བྷུ་ཏི་ཙནྡྲ་དང༌། ལོ་ཙཱ་བ་མི་མཉམ་བཟང་པོའི་འགྱུར།དེའི་འགྲེལ་པ་སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བི་བྷུ་ཏི་ཙདྲའི་རང་འགྱུར། དུས་འཁོར་གྱི་མན་ངག་ཉི་ཟླ་སྒྲུབ་པ་ཞེས་བྱ་བ་རིགས་གསུམ་མགོན་པོས། པཎྜི་ཏ་བེ་ཀུན་ནེ་ལ་གསུངས་པ། བི་བྷུ་ཏི་ཙནྡྲའི་རང་འགྱུར། ཡེ་ཤེས་སྤྱན་སྒྲུབ་དུས་ཞབས་པས་མཛད་པ། བི་བྷུ་ཏི་ཙནྡྲའི་རང་འགྱུར། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ་ཞེས་བྱ་བ། འཇམ་དབྱངས་གྲགས་པས་མཛད་པ།པཎྜི་ཏ་སོ་མ་ནཱ་ཐ་དང༌། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིའགྱུར། སྦྱོར་བ་ཡན་ལག་དྲུག་གི་མན་ངག་དུས་ཞབས་སྙན་རྒྱུད་ཅེས་བྱ་བ། པཎྜི་ཏ་སོ་མ་ནཱ་ཐ་ཤྲཱི་དང༌། འབྲོ་ཤེས་རབ་གྲགས་ཀྱི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་འགྲེལ་པ་སྦས་པ་མིག་འབྱེད་ཅེས་བྱ་བ། སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། ཟླ་བ་གྲགས་པའི་འགྱུར། སྦྱོར་བ་ཡན་ལག་དྲུག་གི་མན་ངག་ཙི་ལུ་པཎྜི་ཏས་མཛད་པ། པཎྜི་ཏ་ས་མནྟ་ཤྲཱི་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། ཤ་བ་རི་བའི་སྦྱོར་དྲུག་བི་བྷུ་ཏི་ཙནྡྲའི་རང་འགྱུར། སྦྱོར་བའི་ཕྲེང་བ་རྩ་མི་སངས་རྒྱས་གྲགས་པས་མཛད་པ། ལོ་ཙཱ་བ་དགེ་ཚུལ་ཤེས་རབ་དཔལ་གྱི་འགྱུར། ནང་གི་སྙེ་མ་པཎྜི་ཏ་བི་བྷུ་ཏི་ཙནྡྲས་མཛད་པ། དེ་ཉིད་ཀྱི་རང་འགྱུར། དུས་ཀྱི་འཁོར་ལོའི་རྩ་བའི་ལྟུང་བ་བྱང་ཆུབ་སེམས་དཔས་མཛད་པ། དུས་ཀྱི་འཁོར་ལོའི་སྡོམ་ཚིག་སློབ་དཔོན་ཨ་བྷ་ཡ་ཀ་རས་མཛད་པའི་པཎྜི་ཏ་རི་བོ་དང༌། ལོ་ཙཱ་བ་ཁེར་གད་འཁོར་ལོ་གྲགས་ཀྱི་འགྱུར། དཔལ་དུས་ཀྱི་འཁོར་ལོའི་བསྟོད་པ་རྒྱུན་ཆགས་ཞེས་བྱ་བ། པཎྜི་ཏ་ལེགས་པའི་གྲགས་པས་མཛད་པ། པཎྜི་ཏ་བིན་ཡ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ལྡན་མ་ཚུལ་ཁྲིམས་སེང་གེའི་འགྱུར། བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་རྣལ་འབྱོར་མའི་གཏོར་ཆོག །པཎྜི་ཏ་ཀཱིརྟི་ཙནྡྲ་དང༌། ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་འགྱུར། དུས་འཁོར་ལ་འཇུག་པ་ཞེས་བྱ་བའི་རྩིས་ཀྱི་བསྟན་བཅོས་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་དེ་ཉིད་དང༌། དིང་རི་ཆོས་གྲགས་ཀྱི་འགྱུར་ལ། པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱིས་བཅོས་པ། དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཡན་ལག་ལྔའི་རྩིས་དང༌། ཉི་ཟླ་འཛིན་པའི་རྩིས་དང༌། གཟའ་ལྔ་སོ་སོའི་རྐྱང་རྩིས་ཀྱི་མན་ངག་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ།དཔལ་ལྡན་མཆོག་གི་དང་པོའི་སངས་རྒྱས་ལ་སོགས་པ་རྒྱུད་སྣ་ཚོགས་པ་རྣམས་ཀྱི་རྣལ་འབྱོར་ཡན་ལག་དྲུག་པ་དཔེ་མེད་སྲུང་པས་མཛད་པ། ལ་སྟོད་དིང་རི་བླ་འཁོར་མཁན་པ་ཁྲོད་དུ། རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལའི་པཎྜི་ཏ་ཆེན་པོ་བི་བྷུ་ཏི་ཙནྡྲ་དང༌། གཉལ་གྱི་ལོ་ཙཱ་བ་མི་མཉམ་བཟང་པོས་བསྒྱུར་བ།རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ་ཞེས་བྱ་བ། མཁས་པ་ཆེ་པོ་གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བི་བྷུ་ཏི་ཙནྡྲས་བསྒྱུར་བ། འདི་གཉིས་ཀྱི་ཞུ་ཆེན་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པ་རྣམས་བཞུགས་སོ།།《ཅ》པ་ལ་དབང་མདོར་བསྟན་གྱི་འགྲེལ་པ་པཎྜི་ཏ་རྣམ་རྒྱལ་དབང་པོས་མཛད་པ། དབང་བློ་བརྟན་གྱི་འགྱུར། སྦྱོར་དུར་གི་མན་ངག་རྡོ་རྗེ་ཚིག་གི་སྙིང་པོ་བསྡུས་པ་ཞེས་བྱ་བ་དང༌། དེའི་འགྲེལ་པ་གཉིས་པ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ་དེ་ཉིད་དང༌། ལོ་ཙཱ་བ་དཔྱལ་ཆོས་བཟང་གི་འགྱུར། དུས་ཀྱི་འཁོར་ལོའི་རབ་གནས་ཚོགས་འཁོར། སྦྱིན་སྲེག་གསུམ་སློབ་དཔོན་དུས་འཁོར་ཞབས་ཀྱིས་མཛད་པ། པཎྜི་ཏ་ཝཱ་གཱི་ཤྭ་ར་དང༌། ལོ་ཙཱ་བ་རྭ་ཆོས་རབ་ཀྱི་འགྱུར། མཚན་བརྗོད་དུས་འཁོར་ལུགས་སུ་བཤད་པ་གྲུབ་ཐོབ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ། བདུད་རྩི་ཐིགས་པ་ཞེས་བྱ་བ། པཎྜི་ཏ་ནོར་བུ་དཔལ་ཡེ་ཤེས་དང༌། ཉི་མའི་དབང་པོའི་འོད་ཟེར་དང༌། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འགྱུར་བཅས་སོ།། 【97】གསང་འདུས། ལེགས་སྦྱར་སྐད་དུ། གུཧྱ་ས་མཱ་ཛ་སྟེ། བླ་མེད་ཀྱི་ཡི་དམ་ཞིག་སྟེ། ཞེ་སྡང་རྡོ་རྗེ་ཡང་ཟེར། དགེ་ལྡན་པའི་ཡི་དམ་གྲགས་ཆེ་གསུམ་གྱི་ཡ་གྱལ་ཞིག བླ་མེད་ཀྱི་ཡང་རྩེའི་རྒྱུད་སྡེ་ཞིག །སྒྲ་བཤད་ནི། སངས་རྒྱས་ཐམས་ཅད་ཀྱི་གསུང་གསུམ་དབྱེར་མི་ཕྱེད་པའམ་འདུས་པའི་ངོ་བོ་ཡིན་པས་དེ་སྐད་ཅེས་བྱའོ༎ (རྗེའི་རྣམ་གཞག་རིམ་པའི་རྣམ་བཤད་ལས་གསུང)། འདི་ཉིད་རྒྱུད་སྡེ་ཐམས་ཅད་ཀྱི་རྩེ་མོའམ་མཆོག་ཡིན་པར་གསུངས་ཏེ། སྤྱིར་ན་རྒྱུད་ཐམས་ཅད་ལ་རྒྱུད་ཀྱི་རྒྱལ་པོ་དང་མཆོག་དང་རྩེ་མོ་ཟེར་བ་སོགས་ཀྱི་ཆེ་བསྟོད་མང་དུ་ཡོད་པ་རྣམས་དང་མི་འདྲ་བར། རྒྱུད་འདི་ལ་དོན་ངོ་མར་རྒྱུད་གཞན་ལ་མེད་པའི་འབུར་དུ་ཐོན་པའི་ཁྱད་ཆོས་ཁྱད་པར་ཅན་ལྡན་པའི་སྒོ་ནས་རྒྱུད་ཐམས་ཅད་ཀྱི་རྩེ་མོའམ་མཆོག་ཏུ་གྱུར་པ་ཡིན་ཏེ། གསང་འདུས་ཀྱི་རྒྱུད་འདིས་རྒྱུད་སྡེ་གཞན་ལ་གསལ་ཁ་མེད་པའི་ཤིན་ཏུ་ཕྲ་བའི་གཉུག་ལུས་ཀྱི་རིགས་འདྲ་འདི་ཉིད་ཇེ་བཟང་ཇེ་བཟང་དུ་བཏང་སྟེ། སྒྱུ་ལུས་སུ་སྒྲུབ་ཚུལ་དང་། སྒྱུ་ལུས་དེ་ཉིད་ཇེ་དག་ཇེ་དག་ཏུ་སོང་སྟེ་མཐར་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུ་སྒྲུབ་ཚུལ་རྣམས་ཤིན་ཏུ་གསལ་ཞིང་རྒྱས་པར་གསུངས་པའི་གནད་ཀྱིས། འདི་རྒྱུད་ཀུན་གྱི་རྩེ་མོའམ་མཆོག་ཏུ་བཤད་དོ༎ དེ་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༣བ༧ལས། ཚེ་འདིར་འཚང་རྒྱ་བ་ལ་ནི། ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཚེ་འདིར་འགྲུབ་དགོས་ལ། དེ་ཡང་སྔ་མའི་ལས་ཉོན་གྱིས་གྲུབ་པའི་ལུས་འདི་སྐུ་དེར་འགྱུར་འགྲོ་བ་ནི་འོང་ས་མེད་ཅིང་། འདི་སྤངས་ནས་སྐུ་དེ་ཐོབ་པ་ལ་ནི། ཚེ་བརྗེས་ནས་ལུས་འདི་སྤངས་ཏེ་སྐུ་དེ་འགྲུབ་པ་ཡིན་ན། ཚེ་འདིར་འཚང་རྒྱ་བའི་རྣམ་གཞག་ཉམས་ལ། ཚེ་མ་འཕོས་པར་ལུས་འདི་སྤངས་ཏེ་མཚན་དཔེས་བརྒྱན་པའི་སྐུ་དེ་སྒྲུབ་པ་ཡིན་ན་ནི། སྐུ་དེ་རིགས་འདྲའི་རྒྱུན་མེད་པར་སྐྱེ་བ་མི་འཐད་པས། རིགས་འདྲའི་རྒྱུ་ཇི་འདྲ་ཞིག་ལས་སྒྲུབ་པ་དང་། མ་དག་པའི་ལུས་འདི་གཉེན་པོ་གང་གིས་སྟོབས་ཀྱིས་འདོར་བ་དང་། འདི་དོར་ནས་ལོངས་སྐུ་དེ་སྒྲུབ་ཚུལ་ཇི་ལྟར་བྱེད་ལ་སོགས་པ་ལེགས་པར་ཤེས་པར་བྱས་ནས། ལམ་དེ་དག་སྒྲུབ་དགོས་ཀྱི། རྒྱལ་བའི་སྐུ་མཚན་དཔེས་བརྒྱན་པ་འགྲུབ་པའི་གཞི་ཙམ་ཡང་མེད་པར། སེམས་བདེ་གསལ་མི་རྟོག་པ་ལ་གནས་པ་འདི་ཀ་གོམས་པར་བྱས་པས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་སྐུ་མངོན་དུ་གྱུར་ནས་འཚང་རྒྱའོ༎ ཞེས་བརྗོད་ཀྱང་། མཚན་དཔེ་དང་ལོངས་སྤྲུལ་སོགས་གང་ཡང་མེད་པའི་ཆོས་སྐུ་རྐྱང་པའི་སངས་རྒྱས་སོ་སྐྱེའི་ལུས་ཅན་ཞིག་ཁས་ལེན་དགོས་མོད་ཀྱི། ཚེ་འདིར་མཚན་དཔེས་བརྒྱན་པའི་སྐུ་མ་དག་པའི་ལུས་འདི་སྤངས་ནས་བསྒྲུབ་པའི་ཚུལ་ནི། དཔལ་ལྡན་འདུས་པའི་རྒྱུད་དུ་ཆེས་རྒྱས་པར་བཤད་པ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་གིས་གསལ་བར་ཕྱེ་བ། ཡང་དག་པའི་བླ་མ་མཉེས་པར་བྱས་པའི་དྲིན་ལས་ཁོང་དུ་ཆུད་དགོས་ཀྱི། རྒྱུད་སྡེ་གཞན་ལས་བདེ་སྟོང་སྦྱོར་བ་སོགས་རྒྱས་པར་བཤད་ཀྱང་། མ་དག་པའི་ལུས་འདི་སྤངས་ནས། ཚེ་འདིར་མཚན་དཔེས་བརྒྱན་པའི་ཡེ་ཤེས་ཀྱི་སྐུ་སྒྲུབ་ཚུལ་ཤིན་ཏུ་མི་གསལ་ཞིང་མི་རྒྱས་པས་རྒྱུད་གཞན་ལ་བརྟེན་ནས་ཤིན་ཏུ་རྟོགས་དཀའ་བ་ཞེས་བྱ་བའི་ཚུལ་ལ་མཐའ་ཆོད་པའི་ངེས་པ་རྙེད་དགོས་ཏེ། དེ་རྙེད་ན་ནི་དཔལ་ལྡན་འདུས་པ་གསུང་རབ་ཀུན་གྱི་མཆོག་དང་། ལམ་འདི་ལས་མཆོག་ཏུ་གྱུར་པ་མེད་པར་མི་ཕྱེད་པའི་དད་པ་རྙེད་པར་འགྱུར་ལ། ཚུལ་དེ་མ་གོ་ན། སྔགས་བླ་མེད་ལ་བརྟེན་ནས་ཚེ་འདིར་མཚན་དཔེས་བརྒྱན་པའི་སྐུ་སྒྲུབ་ཚུལ་གྱི་ཕྱོགས་ཙམ་ཡང་མ་མཐོང་བར་སྔགས་བླ་མེད་ལ་དད་པ་ཆེན་པོ་ཡོད་པར་སྨྲས་ཀྱང་། རང་ལ་ཡིད་བརྟན་ཅིའང་མེད་པར། གཞན་གྱི་ཚིག་རྗེས་འབྲངས་པའི་གཡམ་ལ་རྒྱུགས་པ་ཙམ་ཡིན་པས། སྙིང་པོ་ཅི་ཡང་མེད་པ་གསལ་བར་བྱས་སོ༎ ཞེས་གསུངས་པ་ལྟར་རོ༎ དཔལ་གསང་བ་འདུས་པའི་རྒྱུད་སྡེའི་སྐོར་ལ། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ་དང་།དེའི་རྒྱུད་ཕྱི་མ་ཟུར་དུ་ཕྱུང་བ་ལེའུ་བཅོ་བརྒྱད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷ་ཀ་ར་བརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ་བཅས། ནོར་གླིང་བཀའ་འགྱུར་ལས་རྒྱུད་འབུམ《ཅ》པའི་ནང་དུ་གསལ། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ།རྒྱ་གར་གྱི་མཁན་པོ་སུ་ཛ་ན་ཤྲཱི་ཛྙཱ་ན་དང་།སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་༡༠༥ བ་༡ ནས་བཤད་རྒྱུད་དགོངས་པ་ལུང་སྟོན་ལེའུ་བཅུ་གཉིས་པ།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་༡༨༡ བ་༡ ནས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད།རྒྱ་གར་གྱི་མཁན་པོ་ཛྙཱ་ན་ཀ་རའི་ཞལ་སྔ་ནས་དང་།ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར།སླད་ནས་བླ་མ་དེ་ཉིད་དང་།དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ཤིང་གཏན་ལ་ཕབ་པ། གྲངས་༡༨༧ བ་༣ ནསལྷ་མོ་བཞི་ཞུས་ཀྱི་རྒྱུད་ལེའུ་བཞི་པ།རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙཱ་ན་ཀིརྟི་ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་༡༩༣ བ་༤ ནས། ནོར་གླིང་བཀའ་འགྱུར་ལས་རྒྱུད་འབུམ《ཆ》པའི་ནང་དུ་གསལ། གསང་བ་འདུས་པའི་རྒྱུད་འགྲེལ་གྱི་སྐོར་ལ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་གསང་བ་འདུས་པའི་སྐོར་ལ། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་ཞེས་བྱ་བ་རྡོ་རྗེ་ཐེག་པ་ཆེན་པོ་པ་སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་ལེའུ་བཅུ་བདུན་པ་ཡན་ཆད་རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་ལ་ཤ་ཞེས་བྱ་བ་ཉིད་ཀྱི་རང་འགྱུར། ལེའུ་བཅོ་བརྒྱད་པའི་རྒྱ་ཆེར་འགྲེལ་པ་རྡོ་རྗེ་ཐེག་པ་ཆེན་པོ་པ་དཔལ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་རང་འགྱུར། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ས》པ་ནང་གསལ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནའི་མན་ངག་ལ་བརྟེན་ཏེ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་ལ། རྒྱ་གར་གྱི་མཁན་པོ་ཤྲཱི་ཛྙཱ་ནཱ་ཀ་ར་བས་བཤད་ནས། བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་བ་ལ། ཡང་སླད་ཀྱིས་རྒྱ་གར་གྱི་པཎྜི་ཏ་ནག་པོའི་ཞལ་སྔ་ནས་བཤད་ཅིང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་ཡུལ་དབུས་ཀྱི་དཔེ་དང་གཏུགས་ཏེ་བཅོས་པ། སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མཛད་པ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ་རྒྱུད་ཕྱི་མ་པཎྜི་ཏ་སྙན་གྲགས་བཟང་པོས་མཛད་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཧ》པ་ནང་གསལ། རྡོ་རྗེ་བཟླས་པའི་རྒྱ་ཆེར་བཤད་པ་ཞེས་བྱ་བ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་འབྱུང་བའི་རྒྱན་བདུན་རྣམ་པར་དགྲོལ་བ་དང་གཉིས་ཀ་སློབ་དཔོན་ཆེན་པོ་ཤྲདྡྷཱ་ཀ་ར་ཝརྨའི་ཞབས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ་སློབ་དཔོན་ཐུགས་རྗེ་དཔལ་གྱི་ཞབས་ཀྱིས་མཛད་པ། གཞུང་གི་ཚད་ནི་ཚིགས་སུ་བཅད་པའི་རྣམ་གྲངས་སྟོང་ཕྲག་གསུམ་ལ་བརྒྱ་ཕྲག་ལྔས་ལྷག་མ་ཡོད་པ། སྐད་གཉིས་སྨྲ་བའི་དབང་ཕྱུག་དགེ་སློང་རིན་ཆེན་གྲུབ་ཀྱིས་ཞ་ལུ་རེ་ཕུག་དགའ་ལྡན་གྱི་དབེན་གནས་སུ་བསྒྱུར་ཅིང་གཏན་ལ་ཕབ་པ། སྒྲོན་མ་གསལ་བ་མདོར་བཤད་པའི་ས་བཅད་སྙིང་གི་མེ་ལོང་ཞེས་བྱ་བ་དཔལ་ལཀྵྨཱི་ཀ་རའི་ཞལ་སྔ་ནས་ཀྱི་སློབ་མ་པཎྜི་ཏ་མཁས་པ་ཀུ་མཱ་རས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་གཞོན་ནུ་བུམ་པ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱི་འགྱུར། སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་ཞེས་བྱ་བ་སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར་བ་རྣམས། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཨ》པ་ནང་གསལ། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀ་སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་ཞལ་སྔ་ནས་མཛད་པ། གཞུང་གི་ཚད་ཤློ་ཀ་སྟོང་ཕྲག་བཅུ་དྲུག་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་པཎྜི་ཏ་ཀུ་མཱ་རའི་རང་འགྱུར། སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་དང་པོའི་འགྲེལ་བཤད་སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཀི་ཁི》པ་ནང་གསལ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ཞེས་བྱ་བ་པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤས་མཛད་པ། པཎྜི་ཏ་དེ་ཉིད་དང༌། སྟེང་པ་ལོ་ཙཱ་བས་བསྒྱུར་བའི་ལེའུ་བཞི་བཅུ་རྩ་ལྔ་པའི་ཕྱེད་བར་དུ་འགྲེལ་པ་ཇི་ཙམ་རྙེད་པ་རྣམས །སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《གི》པ་ནང་གསལ། 【98】 གདན་བཞི། བདག །གཞན། སྦྱོར་བ། གསང་བ་དང་བཞི་སྟེ། དེའི་བཤད་པའི་སྐོར། རྡོ་རྗེ་གདན་བཞི་པའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་གསང་བ་ལེའུ་བརྒྱ་ལྷག་པ།པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིརྟིས་གསར་དུ་བསྒྱུར་ནས་བཤད་ཅིང་གཏན་ལ་ཕབ་པ། ནོར་གླིང་བཀའ་འགྱུར་ལས་རྒྱུད་འབུམ《ཅ》པའི་ནང་དུ་གསལ། འཕགས་པ་གདན་བཞིའི་རྣམ་པར་བཤད་པ་སློབ་དཔོན་དགེ་བའི་གོ་ཆས་གཟིགས་ནས་སྦྱོར་བའི་གདན་གྱི་རྣམ་པར་བཤད་པ་ཡན་ཆད་མཛད་ཅིང༌། དེ་མན་ཆད་རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས་མཛད་པ། སྨྲྀ་ཏིའི་རང་འགྱུར། མཆན་ཁུང་གི་སྦྱོར་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞིའི་སྒྲུབ་པའི་ཐབས་སློབ་དཔོན་ཨཱརྱ་དེ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར། དཔལ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་ཞེས་བྱ་བ་བལ་པོའི་པཎྜི་ཏ་ཆེན་པོ་ཛ་ག་ཏ་ཨཱ་ནནྡ་ཛཱི་ཝ་བྷ་དྲས་མཛད་པ། སྒྲུབ་ཐབས་འདི་དང་མཐུན་པའི་བཀའ་ལུང་སྔོན་ཆད་བོད་དུ་དར་བ་མ་བྱུང་བ་ལ། དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་པཎྜི་ཏ་མ་ཧཱ་བོ་དྷི་ལས་ནོས་ཤིང་ལུང་མི་ཆད་པའི་དོན་དུ་པཎྜི་ཏའི་ཕྱག་ནས་རྒྱ་དཔེ་གདན་དྲངས་ཤིང༌། བོད་ཀྱི་པཎྜི་ཏ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲ་དང༌། ལོ་ཙཱ་བ་དཔལ་ལྡན་སྨྲ་བའི་སེང་གེས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་བ། གདན་བཞིའི་ཡུམ་སྐོར་ལ། ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་འཕགས་པ་ལྷས་མཛད་པ། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་རང་འགྱུར། ཕྱིས་པཎྜི་ཏ་ས་མ་ཡ་ཤྲཱི་ཛྙཱ་ནས་རྒྱ་དཔེ་ལ་ཞུ་ཏིག་བྱས་པ། །རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག་སྙིང་པོ་མདོར་བསགས་པ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་འགོས་ཁུགས་པ་ལྷས་བཙས་ཀྱི་འགྱུར། དཔལ་གདན་བཞིའི་ཟབ་དོན་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་དང༌། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ། དཔལ་གདན་བཞི་པའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བྷ་བ་བྷ་དྲས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱི་འགྱུར། དཔལ་གདན་བཞིའི་ཆུའི་སྦྱིན་སྲེག་གི་ཆོ་ག་སློབ་དཔོན་བྷ་བའི་མན་ངག་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུའི་འགྱུར། གདན་བཞིའི་ཡུམ་སྐོར་ལ། ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་དགེ་སློང་རིན་ཆེན་རྒྱལ་མཚན་གྱིས་རྒྱ་དཔེ་ལས་བསྒྱུར་ཏེ་ཞུས་པ། རྣལ་འབྱོར་ནམ་མཁའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ། །གདན་བཞིའི་དེ་ཁོ་ན་ཉིད་བཞི་པ་སློབ་དཔོན་ཛེ་ཏཱ་རི་པས་མཛད་པ། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང༌། །བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་འགྱུར། དེ་ཁོ་ན་ཉིད་དྲུག་རྣམ་པར་གཞག་པ་རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ། པཎྜི་ཏ་དེ་ཉིད་ཀྱི་འགྱུར་རྣམས་ཏེ། དཔལ་ལྡན་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་གསུམ། ཡབ་ཡུམ་སྒྲུབ་ཐབས་དཀྱིལ་འཁོར་ཆོ་ག་དང༌། རྫོགས་རིམ་ལ་སོགས་པའི་ཆོས་སྐྱོར་བཅུ་གཉིས་ཏེ་དྲིལ་བས་བཅུ་ཕྲག་གཅིག་དང་ལྔ་ཡོད། སྡེ་དགེ་བསྟན་འགྱུར་ལས་རྒྱུད་སྡེ་《ཡ》པ་ནང་གསལ། 【99】 ནི་གུ་ཆོས་དྲུག ན་རོ་ཆོས་དྲུག་དང་འདྲ། དྲུག་པོ་གང་ཞེ་ན།གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། སྒྲ་བཤད་ནི། ནཱ་རོའི་གསང་ཡུམ་ནུ་གུ་མ་ལས་བརྒྱུད་པའི་ཆོས་སྐོར་ཡིན་པས་དེ་སྐད་དུ་འདོགས་པ་ཡིན་ནོ། །

【100】 དཔལ་མཆོག །

【101】 རྩེ་མོ། རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་དེ། ཡོ་ག་བཤད པའི་རྒྱུད་རྡོ་རྗེ་རྩེ་མོ་རྟོག་པ་བཅུ་པ་ལས་རྡོ་རྗེ་རྒྱལ་མཚན་གྱིས་གསོལ་བ་བཏབ་པ་ཡན་ཆད་རྟོག་པ་ཕྱེད་དང་དྲུག་ཡོད་པ་བམ་པོ་བཅུ་གཉིས པ། རྒྱ་གར་གྱི་མཁན་པོ་ཀརྨ་བཛྲ་དང་ལོ་ཙཱ་བ་དགེ སློང་གཞོན་ནུ་ཚུལ་ཁྲིམས་ཀྱི་འགྱུར། སྡེ་དགེའི་བཀའ་འགྱུར་ལས་རྒྱུད་འབུམ་པོད་《ན》པའི་ནང་དུ་གསལ། རྡོ་རྗེ་རྩེ་མོའི་དབང་རིམ་པ་ཉེར་གཅིག་རེ་རེ་བཞིན། དུང་དཀར་ཚིག་མཛོད་(ཤོག ༡༡༧༡ ན་གསལ)། 【102】 རིགས་བསྡུས། 【103】 རྒྱ་གར་ནས་བོད་དུ་འགྱུར་བ། བདེ་བར་གཤེསགས་པའི་བཀའ་དང་། རྒྱ་གར་མཁས་པའི་རྩོམ་པའི་དགོངས་འགྲེལ་གྱི་བསྟན་བཅོས་སྟེ། དེ་དག་བོད་འགྱུར་བྱས་པ་ཀུན་ཕྱོགས་བསྡོམས་བྱས་པ་ལ་《བཀའ་འགྱུར》དང་《བསྟན་འགྱུར》ཞེས་པའི་ཐ་སྙད་འདོགས། དེའི་ཆོས་ཚན་དང་གླེགས་བམ་ཇི་ཙམ་ཡོད་པ་ཀུན་བཙན་པོ་སད་ན་ལེགས་ཀྱི་སྐབས་ཕྱོགས་བསྡོམ་གྱིས་དཀར་ཆག་བསྒྲིགས་པ་དེ་ལ་འཕང་ཐང་གི་དཀར་ཆག་ཟེར།་དེ་ནི་ལོ་རྒྱུས་ཐོག་སྤྱི་དཀར་ཆག་དང་། སྒོས་སུ་བཀའ་བསྟན་གྱི་དཀར་ཆག་ཐེངས་དང་པོ་དེ་ཡིན། དེ་རྗེས་བོད་བླ་མའི་དུས་རབས་སྐབས། བཅོམ་ལྡན་རིགས་རལ་དང་དབུས་པ་བློ་གསལ་གཉིས་ཀྱིས་དབུས་གཙང་ཁུལ་གྱི་བཀའ་བསྟན་ཇི་ཡོད་འཚོལ་སྒྲུག་གིས་གསར་བསྐྲུན་གནང་བ་དེ་ལ་སྣར་ཐང་གི་བཀའ་བསྟན་ཟེར། དེའི་དཀར་ཆག་ཁོང་གཉིས་ཀས་བརྩམས་ཡོད། དེ་ནི་ལོ་རྒྱུས་ཐོག་བཀའ་བསྟན་ཕྱོགས་བསྒྲིགས་ཐེངས་གཉིས་པ་དེ་ཡིན། དེ་རྗེས་ཚལ་བ་བཀའ་འགྱུར་དང་། ཡུང་ལོ། འཇང་། སྡེ་དགེ། སྣར་ཐང་། ཅོ་ནེ།་ཆབ་མདོ་བཅས་སུ་བཀའ་བསྟན་གྱི་གླེགས་བམ་བཞེངས་པ་དང་། དེ་དག་གི་དཀར་ཆག་ཀྱང་རིམ་པར་བྱུང་། དེ་དག་ལས་གསལ་བའི་ཆོས་ཚན་དང་གླེགས་བམ་གྱི་གྲངས་འབོར་མང་ཉུང་དང་སྒྲིག་སྟངས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། བུ་སྟོན་ཆོས་འབྱུང་ལེའུ་བཞི་པའི་ནང་དུ་བཀའ་བསྟན་ལག་སོན་བྱུང་རིགས་ཡོངས་ཀྱི་འགྱུར་བྱང་དང་མཚན་འགོད་གནང་འདུག་ཀྱང་། གླེགས་བམ་དང་ཆོས་ཚན་གྱི་གྲངས་འབོར་བསྡོམས་ཐོ་གནང་མི་འདུག དེང་སང་གྲངས་ཆེ་བ་སྡེ་དགེ་བཀའ་འགྱུར་གྱི་གླེགས་བམ་དང་ཆོས་མཚན་རྣམས་འགོད་ན། འདུལ་བ་པོད་བཅུ་གསུམ། ཤེར་ཕྱིར་པོད་ཉེར་གཅིག ཕལ་ཆེན་པོད་གསུམ། དཀོན་བརྩེགས་པོད་དྲུག མདོ་སྡེ་པོད་སོ་གཉིས། རྒྱུད་འབུམ་པོད་ཉི་ཤུ། རྙིང་རྒྱུད་པོད་གསུམ། གཟུང་འདུས་པོད་གཉིས། ཁྱོན་བསྡོམས་པོད་བརྒྱ་ཏག་ཏག་ནང་དུ་བསྡུས་ཡོད། ཚལ་པ་བཀའ་འགྱུར་གླེགས་བམ་དང་པོ་ནས་བཅུ་གསུམ་བར་འདུལ་པ། པོད་བཅུ་བཞི་ནས་སོ་དགུ་བར་ཤེར་ཕྱིན། བཞི་བཅུ་ནས་དོན་གཅིག་བར་མདོ་སྡེ། དོན་གཉིས་ནས་དོན་བདུན་པར་ཕལ་པོ་ཆེ། དོན་བརྒྱད་ནས་བརྒྱ་གསུམ་བར་དཀོན་བརྩེགས། གྱ་བཞི་ནས་བརྒྱ་དང་བདུན་བར་རྒྱུད་འབུམ། བརྒྱ་དང་བརྒྱད་པ་དྲི་མེད་མདོ་བཅས། ཁྱོན་བསྡོམས་གླེགས་བམ་ ༡༠༨ ཕྱེས་ཡོད། བསྟན་འགྱུར་ནི། བུ་སྟོན་ཆོས་འབྱུང་ལས། འདུལ་བ་ནས་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡེ་ཤེས་སྡེས་བསྒྱུར་པའི་བར་གྱི་བཀའ་དང་བསྒྱུར་མཁན་ལོ་ཙཱ་སུ་ཡིན་དང་བཅས་པ་བཀོད་འདུག་ཀྱང་ཆོས་ཚན་གྱི་གྲངས་འབོར་ཕྱོགས་བསྡོམས་ཀྱི་ཐོ་གཞུང་བཀོད་མི་འདུག་ཅིང་། དུས་བྲེལ་དབང་གིས་གསར་དུ་བགྲངས་ནས་བཀོད་ལོང་མ་བྱུང་།

ཀརྨ་པ་རང་བྱུང་རྡོ་རྗེའི་བསྟན་འགྱུར་དཀར་ཆག་ཏུ་འཁོད་པ། བོད་འགྱུར་དགོངས་འགྲེལ་བསྟན་བཅོས་ཡོངས་རྫོགས་གཉིས་སུ་ཕྱེས་པའི་དང་པོ། འབྲས་བུ་གསང་སྔགས་ཐེག་པ། ཀ_མུ་བར། གླེགས་བམ ༧༦། གཉིས་པ། རྒྱུ་མཚན་ཉིད་ཐེག་པར་པས་བསྡུས་པ་ཀ- ཨེ་བར། གླེགས་བམ་༡༢༠། ཁྱོན་བསྡོམས། གླེགས་བམ་༡༩༦། བཅས་འཁོད་ཡོད། དེ་ནི་དུས་རབས་བཅུ་བཞི་པའི་སྐབས་ཀརྨ་པ་རང་བྱུང་རྡོ་རྗེ་རང་ཉིད་ཀྱིས་མཐོང་ཐོས་མྱོང་བས་གང་ཞིག་རྙེད་པའི་ཕྱག་དཔེའི་གྲས་ཡིན། འདིའི་ནང་སྐབས་དེར་བསྒྱུར་ཟིན་ནའང་འཚོལ་སྒྲུག་མ་ནུས་པ་ཁག་གཅིག་དང་ཕྱིས་འགྱུར་རྣམས་འཁོད་མེད། སྒྲིག་སྟངས་ཀྱི་རིམ་པ་ནི་པོད་དང་པོ་བསྟོད་ཚོགས་དང་། དེའི་ཆོས་ཚན་དང་པོ་ཁྱད་པར་འཕགས་བསྟོད་འཇོག་པ་ནི་དེང་དུས་ཀྱི་བསྟན་འགྱུར་དག་དང་མཚུངས་མོད། རྒྱུད་སྡེའི་གླེགས་བམ་དང་པོ་གཉིས་སུ་མེད་པའི་རྒྱུད་དུ་གྲགས་པའི་དུས་ཀྱི་འཁོར་ལོའི་ཆོས་སྐོར་ནས་འཇོག་འདུག །ཆེས་མཐའ་མའི་ལེ་ཚན། རྒྱུ་མཚན་ཉིད་ཐེག་པ་བསྡུས་པའི་དགོངས་འགྲེལ་བསྟན་བཅོས་གླེགས་བམ་ཨེ་བར། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་གྲགས་ཆེ་བ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗོད་བྱང་ནས། དབྱངས་འཆར་བ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་པའི་བར། བོད་རྩོམ་གྲགས་ཆེ་བ་ཆོས་ཚན་བཅོ་ལྔ་ཙམ་བཀོད་འདུག་པའི་ནང་དུ། ཐོན་མིས་མཛད་པའི་སུམ་རྟགས་གཉིས་ཟེར་བ་རྣམས་ཀྱི་མཚོན་བྱང་བཀོད་མི་འདུག ཁོང་གིས་བཀའ་བསྟན་བཞེས་པར་སྤྱི་ལོ་༡༣༣༤ལོ་ཡན་མན་དུ་ཡིན་ངེས་ཏེ། ལོ་དེ་རང་ལ་བསྟན་འགྱུར་གསར་བཞེངས་ལ་རབ་གནས་གནང་ཚུལ་རྣམ་ཐར་ན་གསལ་བས་སོ། ། 

ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་སྡེ་དགེ་བསྟན་འགྱུར་དུ། བསྟོད་ཚོགས་པོད་གཅིག ༡། རྒྱུད་སྡེ་པོད་༧༨། ཤེར་ཕྱིན་པོད་༡༦། དབུ་མ་པོད་༡༦། སེམས་ཙམ་པོད་༡༦། མདོ་འགྲེལ་པོད་༡༠། མངོན་པ་པོད་༡༡། འདུལ་བ་པོད་༡༨། སྐྱེས་རབས་པོད་༥། སྤྲིངས་ཡིག་པོད་༢། ཚད་མ་པོད་༢༠། སྒྲ་མདོ་པོད ༤། གསོ་རིག་པོད་༥། བཟོ་རིག་པོད་༡། ཐུན་མོང་པོད་༡། སྣ་ཚོགས་པོད་༩། ཁྱོན་བསྡོམས་གླེགས་བམ་༢༡༣ ལ་བསྡུས་ཡོད། 【104】 རྗེ་ས་སྐྱ་བ་ཡབ་སྲས་ཐམས་ཅད་ཀྱི་བཀའ་འབུམ། རྗེ་ས་སྐྱ་བ་ཡབ་སྲས་ནི་ས་ཆེན་གོང་མ་རྣམ་ལྔ་སྟེ། ས་ཆེན་ཀུན་དགའ་སྙིང་པོ་དང་། བསོད་ནམས་རྩེ་མོ། གྲགས་པ་རྒྱལ་མཚན། ས་པཎ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལྔའོ། །དེ་ཐམས་ཅད་ཀྱི་བཀའ་འབུམ་ནི། རྗེ་ཀུན་དགའ་སྙིང་པོ་ལ་གསུང་འབུམ་པོད་གཉིས། ཆོས་ཚན ༦༢ ། བསོད་ནམས་རྩེ་མོ་ལ་པོད་གསུམ། ཆོས་ཚན ༣༧ ། ས་ཆེན་གྲགས་པ་རྒྱལ་མཚན་ལ་པོད་བཞི། ཆོས་ཚན་༡༤༧ འཇམ་མགོན་ས་པཎ་ཀུན་དགའ་རྒྱལ་མཚན་ལ་པོད་གསུམ། ཆོས་ཚན ༡༡༤ ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་པོད་གསུམ། ཆོས་ཚན་༣༢༠ བསྡོམས་པའི་པོད་བཅོ་ལྔ་དང་། ཆོས་ཚན་༦༨༠ ཡོད། གླེགས་བམ་དང་ཆོས་ཚན་གྱི་གྲངས་འབོར་འདི་བཞིན། དཔལ་ལྡན་ས་སྐྱའི་རྗེ་བཙུན་གོང་མ་ལྔའི་གསུང་རབ་རིན་པོ་ཆེའི་པར་གྱི་སྒོ་འཕར་འབྱེད་པའི་དཀར་ཆག་འཕྲུལ་གྱི་ལྡེའུ་མིག །ཞེས་པ་དགེ་སློང་བཀྲ་ཤིས་ལྷུན་གྲུབ་ཀྱིས། བོད་ཆེན་གྱི་སའི་ཆ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་ཆེན་པོར། མེ་འབྲུག་ལོར་མཛད་པ་དེའི་ནང་གསལ་བ་ལྟར་བཀོད་པ་ལགས། ནང་གསེས་ཆོས་ཚན་རེ་རེ་བཞིན་ཕྱེ་ན་ཧ་ཅང་མངས་བས་དོགས་ནས་མ་བཀོད། 【105】 འཇིག་རྟེན་མགོན་པོ་དཔལ། འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོ་སྟེ་འོག་གི་མཆན [106]ལ་གཟིགས་དགོས། གསུང་འབུམ་སྐོར། ཀ-ཉ། བར་པོད་བརྒྱད་དང་། ཆོས་ཚན་༣༦༠ ཡོད་པ་འཕགས་ཡུལ་ནས་གསར་སྐྲུན་གནང་འདུག་པ་འདི་ད་ཕན་དཔལ་ཕག་མོ་གྲུ་བའི་གསུང་འབུམ་ཕྱོགས་བསྡུས་བྱས་པའི་ཁྲོད་ནས་འཐུས་ཚང་ཤོས་དེ་ཡིན་རྒྱུ་རེད་སྙམ། རྒྱས་པ་གསུང་འབུམ་སོ་སོའི་དབུར་རེ་རེ་བཞིན་བཀོད་འདུག 【106】 ཆོས་རྗེ་འབྲི་ཁུང་པ། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་སྟེ། འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་ཐོག་མར་འབྱེད་མཁན་དེ་ཡིན། རབ་བྱུང་གཉིས་པའི་ཆུ་ཕག་ལོ་སྤྱི་ལོ་1143 ལོར་མདོ་ཁམས་ལྡན་སྟོད་གཙོང་དུ་ཡབ་སྐྱུ་ར་རྡོ་རྗེ་དང༌། ཡུམ་བཙུན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པར་ཡི་གེའི་སྦྱོར་ཀློག་དང་རྡོ་རྗེ་འཇིགས་བྱེད་ཀྱི་དབང་སོགས་ཡབ་ལས་ཞུས། དགུང་ལོ་བརྒྱད་པར་རྭ་སྒྲེང་སྒོམ་ཆེན་དང་སློབ་དཔོན་སྐྱེས་བུ་གཉིས་ལས་བསྟན་རིམ་དང༌། ལྷོ་པ་རྡོ་རྗེ་སྙིང་པོ་ལས་གསང་འདུས་འཕགས་སྐོར་གྱི་སྒྲུབ་ཐབས་སོགས་གསན། དགུང་ལོ་ཉི་ཤུ་ཐམ་པར་ལྷོ་ལ་བྱོན་ཏེ་སློབ་དཔོན་ཡེ་ཤེས་ལས་རྗེ་བཙུན་སྒྲོལ་མའི་དབང་དང་མན་ངག་རྣམས་ཞུས། དགུང་ལོ་ཉེར་གཉིས་པར་སྒྲུབ་པ་ཉམས་ལེན་མཛད་ཅིང་བཅད་རྒྱ་མཛད། དེ་ནས་དབུས་སུ་ཕེབས་ཏེ་དགུང་ལོ་ཉེར་ལྔ་པར་ཕག་གྲུ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ཤིང་བྱང་ཆུབ་སེམས་སྡོམ་ཞུས་པས་མཚན་ལ་རིན་ཆེན་དཔལ་ཞེས་གསོལ། ཕྱག་རྒྱ་ཆེན་པོའི་མན་ངག་སོགས་ཟབ་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་པར་མཛད། དགུང་ལོ་ཉེར་དགུ་པར་གཡེ་ཆུང་དུ་བྱོན་ཏེ་ལོ་གསུམ་གྱི་རིང་དུས་གྲུབ་པ་ཉམས་ལེན་མཛད། དགུང་ལོ་སོ་ང་པར་ཞང་སུམ་ཐོག་པ་དང༌། སློབ་དཔོན་རྩི་ལུང་པ། གཉལ་བ་འདུལ་འཛིན་སོགས་ལས་བསྙེན་པར་རྫོགས་ཤིང་འདུལ་བ་གསན། དེ་ནས་ཕག་གྲུར་ཕེབས་ཏེ་ལོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ཉན་སྤེལ། དགུང་ལོ་སོ་བདུན་པ་རབ་བྱུང་གསུམ་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་1179 ལོར་འབྲི་ཐེལ་བྱང་ཆུབ་གླིང་གསར་འདེབས་མཛད་ནས་དགེ་འདུན་མང་པོའི་ཚོགས་པ་བསྐྱངས་པས་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་ཚུགས། ཕག་གྲུའི་གདན་ས་དང་བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་མཛད་ཅིང༌། དབུས་གཙང་གི་གནས་རི་མང་པོར་འགྲིམས་ནས་བྱིན་གྱིས་བརླབས། དགུང་ལོ་ང་དྲུག་པར་ཕག་གྲུར་གཙུག་ལག་ཁང་དང་རྟེན་བརྟེན་པ་གསར་བཞེངས་མཛད། དགུང་ལོ་དྲུག་ཅུ་ཐམ་པར་སིང་ག་ལའི་དགྲ་བཅོམ་པས་མེ་ཏོག་ཕུལ་བ་དང་ཁ་ཆེ་པཎ་ཆེན་གྱིས་ཀླུ་སྒྲུབ་གཉིས་པ་ཞེས་བསྔགས་བརྗོད་མཛད། དགུང་ལོ་དྲུག་ཅུ་རེ་དྲུག་པར་སྤྱན་སྔ་གྲགས་པ་འབྱུང་གནས་ཕག་གྲུའི་གདན་སའི་ཁྲི་ལ་མངའ་གསོལ། དགུང་ལོ་དོན་གསུམ་པར་འབྲི་གུང་དུ་དགེ་འདུན་ཁྲི་ཚོ་བཅོ་བརྒྱད་འཛོམས་པ་ལས་ཆོས་རྗེ་ཕུན་ཚོགས་རྒྱ་མཚོ་སོགས་ཀྱི་གཙོས་པའི་སློབ་མ་མང་པོ་ཏེ་སེ་དང༌། གུ་གེ་གུ་ཡ་སྒང༌། མང་ཡུལ། སྤུ་རངས་སོགས་སུ་མངགས་ནས་འབྲི་གུང་གི་བསྟན་པ་དར་བར་མཛད། དགུང་ལོ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་འཛམ་གླིང་རྒྱན་ཞེས་པ་བཞེངས། སློབ་མ་གྲགས་ཆེ་བ་ནི་སྤྱན་སྔ་ཤེས་རབ་འབྱུང་གནས་དང༌། སྤྱན་སྔ་གྲགས་པ་འབྱུང་གནས་སོགས་སྤྱན་སྔ་བརྒྱད། གཉོས་རྒྱལ་བ་ལྷ་ནང་པ་སོགས་ཐུགས་སྲས་བརྒྱད། དཔལ་ཆེན་ཆོས་ཡེ་སོགས་དཔལ་ཆེན་བརྒྱད། ངོར་རྗེ་སོགས་རས་པ་བརྒྱད། གུ་ཡ་གངས་པ་སོགས་གངས་པ་གསུམ། ཁྲོ་ཕུ་ལོ་ཙཱ་བ་སོགས་ལོ་ཙཱ་བ་བརྒྱད། ཐག་མ་འདུལ་འཛིན་སོགས་འདུལ་འཛིན་བཅུ། ཉི་མ་སེང་གེ་སོགས་ཞིག་པོ་ལྔ་བཅས་བྱོན་ནོ། རབ་བྱུང་བཞི་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་1217 ལོར་འབྲི་གུང་དུ་སྐུ་གཤེགས། 【107】 རྗེ་སྤྱན་སྔ་རིན་པོ་ཆེ་ཡབ་སྲས་ཀྱི་བཀའ་འབུམ། འབྲི་ཁུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་། དེའི་སྲས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་གཉིས་ཀྱི་བཀའ་འབུམ་ལ་ཟེར། འོག་གི་མཆན་རྟགས་ཨང【117】ལ་གཟིགས་དགོས། 【108】 གྲགས་ཆེ་བ་ཕལ་ཆེ་ལ་གསན་པར་མཛད། གོང་དུ་བགྲངས་པ་དེ་དག་ལས་གཞན་པའི་སྐབས་དེར་གྲགས་ཆེ་པའི་གྲས་ནི། རྗེ་མར་པ་ཆོས་ཀྱི་བློ་གྲོས་[པོད་ཆེན་༣]དང་། རྒྱལ་བ་ཀརྨ་རང་བྱུང་རྡོ་རྗེ[པོད་༡༦]། ས་སྐྱ་རྗེ་བཙུན་བླ་མ་བསོད་ནམས་རྒྱལ་མཚན་[པོད ༢༥]། བུམ་སྟོན་རིན་ཆེན་གྲུབ[པོད ༢༥]སོགས་ཀྱི་གསུང་འབུམ་ལ་གོ་དགོས། (1) མར་པའི་གསུང་འབུམ་གླེགས་བམ་ཆེན་པོ་གསུམ། ཆོས་ཚན་༡༦༦ ཡོད། དེང་ཆར་འཕགས་ཡུལ་སྲོང་བཙན་དཔེ་མཛོད་ཀྱི་དཔེ་སྐྲུན་བྱས་འདུག (2) རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ་གྲས། སྤྱིར་པོད་ཆེན་བཅུ་དྲུག་འདུག་པ། དེ་དག་ལས་བཅུ་གཅིག་པ་མན་ཆད་རྗེས་འཛིན་ལྷག་མ་ཚོས་ཞབས་བཏགས་དང་འགྲེལ་བ་ཡིན་ལ། སྐུ་དངོས་ཀྱིས་མཛད་པའི་ཆོས་ཚན་ཧ་ཅང་མང་པོ་ཞིག་གི་མཚན་བྱང་མ་གཏོགས་གསུང་དངོས་ད་དུང་རྙེད་སོན་བྱུང་མེད། འདིར་གང་ཞིག་ལག་སོན་བྱུང་བའི་གསུང་རྩོམ་བཀའ་འབུམ་དུ་བསྡོམས་པ་ནི། ཀ་ནས་ཐ་བར་གླེགས་བམ་བཅུ་གཉིས་ཡོད་པ་དེ་དག་ཀུན་དཔལ་ལྡན་འབྲུག་པའི་ཆོས་མཛོད་དྲ་བའི་ནང་མཇལ་ཐུབ་པ་མ་ཟད་ཕབ་ལེན་ཀྱང་བཟོ་ཐུབ། (3) རྗེ་བཙུན་བླ་མ་བསོད་ནམས་རྒྱལ་མཚན་གྱི་བཀའ་འབུམ་པོད་ཉེར་ལྔ་ཡོད་པའི་ངོ་སྤྲོད་ཙམ་ལས་མཇལ་རྒྱུ་རག་མ་བྱུང་།

【109】 གཅིག་གིས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་གཅིག ༡ ས་སྐྱ་རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། ༢ སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ། ༣ རྒྱལ་སྲས་ཐོགས་མེད་བཟང་པོ། ༤ བུ་སྟོན་ཐུགས་སྲས་མཁན་ཆེན་དྷརྨ་ཤྲཱི་བྷ་དྲ། ༥ འཇམ་དབྱངས་ཤཱཀྱ་རྒྱལ་མཚན། ༦ རྒྱལ་སྲས་གྲགས་པ་རིན་ཆེན། ༧ གླན་གྱི་མཁན་ཆེན་གཞོན་ནུ་དབང་ཕྱུག །༨ སློབ་དཔོན་ཆེན་པོ་ཚུལ་ཁྲིམས་རྒྱལ་མཚན། ༩ སློབ་དཔོན་ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོ། ༡༠ འབྲི་ཕྱུག་པ་རིན་ཆེན། ༡༡ ལོ་ཙཱ་བ་ཆེན་པོ་བྱང་ཆུབ་རྩེ་མོ་བཅས་ཡིན་ནོ། །

【110】 གཅིག་བུ་འགྲན་ཟླ་བྲལ་བ་གཏན་གྱི་སྐྱབས། ས་སྐྱ་རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡིན།

【111】 མཆོག་གི་བླ་མ་གསུམ། དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་དང་། སྤྱན་སྔ་རིན་པོ་ཆེ་གྲགས་པ་ཤེས་རབ་པ་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་གསུམ་ལ་ཟེར། 

【112】 ཆོས་ཀྱི་རྗེ་ལོ་ཙཱ་བ་ཆེན་པོ། ལོ་ཆེན་བྱང་ཆུབ་རྩེ་མོ་ལ་ཟེར། 【113】 ཟེ་སྔོན་གྱི་རི། ཐེལ་གྱི་གདན་སའི་ཉེ་འཁྲིས་ཀྱི་རི་ཞིག ། 【114】 གསང་བདེ། ཟུལ་སྐྱོར། རྩེས་ཐང་། གུང་ཐང་། དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ། གསང་ཕུ། བདེ་བ་ཅན་རྭ་བ་སྟོད། ཚལ་གུང་ཐང༌། དགའ་གདོང༌། སྐྱོར་མོ་ལུང༌། ཟུལ་ཕུ་བཅས་ལ་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར། དེ་སྔོན་གདན་ས་སེར་འབྲས་དགའ་གསུམ་མ་བྱུང་སྔོན། དབུས་གཙང་གི་བཤད་གྲྭ་ཆེ་ཤོས་དྲུག་སྟེ་གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ་ཞེས་བགྲང་སྣང་ཞིང་། འདིར་དགའ་བ་གདོང་གི་ཚབ་ཏུ་རྩིས་ཐང་བགྲང་པ་ནི། སྐབས་དེར་དགའ་བ་གདོང་གྱི་བཤད་གྲྭ་ཉམས་པ་དང་རྩེས་ཐང་བཤད་གྲྭ་ཡར་རྒྱས་སུ་འགྲོ་བའི་སྐབས་དང་བསྟུན་པ་འདྲ་སྟེ། བེ་སེར་ལས། དགའ་བ་གདོང་ནི། ཞིག་པོ་ཤེས་རབ་པས་བཏབ་ཅིང་། རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་བླ་མ་དབུ་མ་བ་གཉིས་ཀྱིས་ཡུན་རིང་བཞུགས་ཤིང་། འཇམ་པའི་དབྱངས་ཀྱིས་གསུང་གི་སྣང་བ་བསྩལ་བ་སོགས་གནས་ཁྱད་པར་ཅན་ཡིན་འདུག་ཀྱང་བར་སྐབས་ནས་སེར་ཁྱིམ་དུ་སོང་ཞིང་བླ་རབས་ངེས་པ་ཞིག་མི་སྣང་། ཞེས་འབྱུང་བས་སོ། །

【115】ཐེག་པ་ཆེན་པོ་རྒྱུད་བླ་མ། ཐེག་པ་ཆེན་པོའི་རྒྱུད་ཕྱི་མ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པའི་མདོ་ཟབ་མོ་རྣམས་ཀྱི་དགོངས་འགྲེལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་དང༌། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི་ཏ་མཁས་པ་ཆེན་པོ་སཛྫ་ན་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་པ། སྡེ་དགེ་བསྟན་འགྱུར་ལས་སེམས་ཙམ་《ཕི》པ་ནང་གསལ། 

【116】 རི་པ། སྐབས་འདིར་བྱ་བཏང་རྣལ་འབྱོར་པ་ཆོས་སྒྲུབ་པའི་ཆེད་དུ་རི་དྭགས་བཞིན་རི་ལ་གརྟེན་གཞི་བྱས་སྡོད་མཁན་གྱི་ཆོས་པ་ལ་ཟེར། 【117】 འཇིག་རྟེན་མགོན་པོ་ཡབ་སྲས། འབྲི་ཁུང་སྐྱོབ་པ་འཇིག་རྟེན་མགོན་པོ་དང་། དེའི་སྲས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལ་ཟེར། དེ་དག་གིས་མཛད་པའི་གསུང་རྩོམ་ལས། སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ་ནི།མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་པའི་གསུང་འབུམ་གྱི་མཚན་བྱང་ན། <<རི་ཆོས>> དང༌། <<ཚོགས་ཆོས>>། <<བཅུ་ཆོས>>། <<གསུམ་ཆོས>>། <<ཐེག་ཆེན་བསྟན་པའི་སྙིང་པོ>>། <<དགོངས་གཅིག>>། <<ལྷན་ཐབས་བཞི་བརྒྱ་བ>>། <<སྐྱབས་བདུན་མ>>། <<ཚ་འུག་རྫོང་འབྲོམ་མ>><< ཆེ་ཆུང་གཉིས། >><<རྟེན་འཕྱག་སྟེང་མ>>། <<ལྔ་ལྡན་རྟོགས་མགུར>>། <<བསྟན་བཅོས་གླང་ཆེན་རོལ་བ>>། <<ཉམས་ལེན་མི་ཟད་རྒྱ་མཚོའི་གཏེར>>། <<མ་རིག་པའི་མུན་པ་སེར་བ་ཉི་མའི་གཟི་བརྗིད>>བཅས་ཆོས་ཚན་ལྔ་བཅུ་འཁོད་འདུག ཉེ་ཆར་འབྲི་གུང་སྐྱབས་མགོན་རིན་པོ་ཆེས་འཕགས་ཡུལ་ནས་འཚོལ་སྒྲུག་རྒྱུན་རིང་བྱས་ནས་བསྒྲིགས་པའི་བཀའ་འབུམ་དུ། ཀ-ཐ། བར་པོད་བཅུ་གཉིས་ཡོད་པ་རྣམས་གླེགས་བམ་ཆེན་པོ་གསུམ་དུ་བྱས་པར་ཆོས་ཚན་༨༣༧ འདུག བཞུགས་འདུག འདི་ནི་ད་ཕན་འབྲི་གུང་གླིང་ལོག་བྱུང་རྗེས་སུ་འཚོལ་སྒྲུག་བྱས་ནས་བསྒྲིགས་པའི་བཀའ་འབུམ་གྲ་རྒྱས་ཤོས་དེ་ཡིན་ནོ། སྲས་སྤྱན་སྔ་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་ནི་<<ལྔ་ལྡན་ནོར་བུའི་ཕྲེང་བ>> དང༌། <<ལྷན་ཅིག་སྐྱེས་སྦྱོར>>། <<ཆོས་དྲུག་གི་ཁྲིད་ཡིག>>། <<ཡེ་ཤེས་མགོན་པོ>>། <<ཨ་ཕྱིའི་སྒྲུབ་ཐབས>>། <<རྟོགས་བརྗོད>>། <<ཉམས་མགུར>>སོགས་ཡིན།

བང་རིམ་བཞི་པའི་མཆན་འགྲེལ། 【118】གླང་ལོ་ནས་སྐུ་བསྙུན་བའི་ཚུལ་བསྟན། (རབ་བྱུང་དྲུག་པའི་ཤིང་གླང་ལོ་ཕག་གྲུའི་སྲིད་ལོ ༣༢ པ། བོད་རྒྱལ་ལོ༡༥༡༢ ཉས་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༢༩། སྤྱི་ལོ་༡༣༨༥) 【119】ཐེལ་ཤོད་ཀྱི་ནང་སོ་གཉིས་ཀྱིས་ཐོག་དྲངས། ཐེལ་གྱི་གདན་ས་དང་ཤོད་ཀྱི་སྣེ་གདོང་རྒྱལ་སའི་ལས་ཀྱི་སྣེ་འཛིན་དྲུང་འཁོར་རྣམས་ཀྱིས་སྣེ་ཁྲིད་པའམ་གཙོ་བོ་བྱས་པའི་དོན་ཡིན། 【120】གཞོལ་བའི་ཆེད་དུ། གཞོལ་བ་ནི་འབབ་པ་དང་བརྩོན་པའི་དོན་ཡིན། བོད་རྒྱ་ཚིག་མཛོད་དུ། 1.ཐ་དད་པ1འབད་པ། ལས་ཀར་གཞོལ་བ། སློབ་སྦྱོང་ལ་གཞོལ་བ། འཇུག་པ་དང༌། གནས་པ། བློ་རིག་ཡོད་དགུ་རྩེ་གཅིག་ཏུ་གཞོལ་བ། གཞོལ་བའི་སེམས། ཏིང་ངེ་འཛིན་ལ་གཞོལ་བ། རང་དོན་ཙམ་དུ་གཞོལ་བར་མི་བྱེད་པ། བྱ་བྱེད་ཐ་མི་དད་པ་དམའ་སར་འབབ་པ་དང༌། ཕྱོགས་པ། གནམ་ནས་ཐོག་གཞོལ་བ། རྟ་ལས་གཞོལ་བ། ས་བབས་ལྷོ་གཞོལ་བ། ཉི་མ་མེ་ཏོག་རྟག་ཏུ་ཉི་མར་གཞོལ། ཉི་མ་ནུབ་གཞོལ། ཞེས་འབྱུང་ཞིང་། འདིར་ཆོས་སྲུང་རྣམས་ཀྱི་ཐུགས་གཞོལ་བ་སྟེ། བློ་ཁ་ཕྱོགས་པའམ་སེམས་གཏད་པའི་ཆེད་དུ་བྱས་པ་ལ་ཟེར། 【121】 སྟག་ལོ་ཟླ་བ་གཉིས་པའི་ཡར་ཚེས་ལྔ། (རབ་བྱུང་དྲུག་པའི་མེ་སྟག་ལོ་ཕག་གྲུའི་སྲིད་ལོ ༣༣ པ། བོད་རྒྱལ་ལོ༡༥༡༣ ཉན་ཐོས་སྡེ་བའི་ལུགས་ཀྱི་སངས་རྒྱས་འདས་ལོ ༡༦༣༠། སྤྱི་ལོ་ ༡༣༨༦) 【122】 ཏ་དབེན་བཞི་ཐོག་པ། 【123】 བདག་པོ་གྲགས་པ་རྒྱལ་མཚན་པ་དབོན་ཞང་། སྤྱན་སྔ་བསོད་ནམས་གྲགས་པ་དང་། དེའི་ཚ་བོ་སྤྱན་སྔ་གྲགས་པ་རྒྱལ་མཚན་གཉིས་ལ་ཟེར། 【124】 སྤྱན་སྔར་རིན་པོ་ཆེ་བསོད་ནམས་གྲགས་པ་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། ཐེལ་གྱི་གདན་ས་ཆེན་པོར་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བའི་དོན་ནོ། ། 【125】 སྐུ་ཞང་གྲགས་པ་རིན་ཆེན་པ། གོང་གི་མཆན་དང་དོན་འདྲ། 【126】 སློབ་དཔོན་གྲགས་ལེགས། 【127】 གོང་དཀར། ལྷ་ས་དང་ཐག་མི་རིང་བར་གནས་པའི་གོང་དཀར་གཞིས་ཀ་སྟེ། དེང་སང་གི་བོད་རང་སྐྱོང་ལྗོངས་ལྷོ་ཁ་ཁུལ་གོང་དཀར་རྫོང་གི་ས་གནས་སུ་ཡིན། དེ་སྔོན་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་བོད་ས་གནས་ཡོངས་ཀྱི་དབང་ཆ་བཟུང་སྐབས། གོང་དཀར་གཞིས་ཀ་དེ་ལྷོ་ཁ་དང་། དབུས། གཙང་གསུམ་གྱི་ས་ཆའི་འདུས་མདོ་གལ་ཆེར་བརྟེན། སི་ཏུ་ཉིད་དགུང་ལོ་ཞེ་དགུ་པ་རབ་བྱུང་དྲུག་པའི་ལྕགས་སྟག་༡༣༥༠ལོར་གཞིས་ཀ་འདི་བརྩིགས་པར་ལྷོ་རོང་ཆོས་འབྱུང་ལས་གསལ། 【128】བསྟན་བཅོས་འགྱུར་རོ་ཅོག བུ་སྟོན་ཆོས་འབྱུང་ལས། ཆོས་ཚན་སྔགས་ཕྱོགས་ལ་ཆིག་སྟོང་བདུན་བརྒྱ་བཞི་བཅུ་ཞེ་བདུན་ཏེ། སྔར་གྱི་མཚན་ཉིད་ཀྱི་སྐོར་གྱི་ལྔ་བརྒྱ་དགུ་བཅུ་དང་དྲིལ་བས། ཉིས་སྟོང་སུམ་བརྒྱ་སུམ་ཅུ་བོད་དུ་འགྱུར་རོ། བསྟན་འགྱུར་གྱི་དཀར་ཆག་ཆེན་མོ་ལས། ཉིས་སྟོང་སུམ་བརྒྱ་ལྔ་བཅུར་བཤད་ཀྱང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལོགས་སུ་བགྲངས་པ་དང་། སྔ་ཕྱི་ཟློས་པ་མང་པོ་སྣང་བས་ཟློས་པ་ཀུན་དོར་ཞིང་རང་གིས་མངོན་སུམ་དུ་མཐོང་བ་དང་། ཡིད་ཆེས་པའི་ཚིག་ལས་ད་ལྟ་འགྱུར་བ་ཡོད་པར་ངེས་པ་རྣམས་ཉིས་བརྒྱ་ཙམ་དང་བཅས་པ་སྔར་མ་ཆུད་པ་མཆིས་སོ་འཚལ་བསྣན་ནས་གྲངས་དང་གོ་རིམས་དང་སྡེ་ཚན་དང་གཞུང་ཚད་དང་འགྱུར་བྱང་གི་བར། སྔར་གྱི་དཀར་ཆག་ཆེན་མོ་བཞི་ལ་གཞི་མ་བྱས་ནས། ཇི་ལྟར་ཤེས་པ་ལྟར་བྲིས་སོ། །ཞེས་གསུངས་འདུག (བསྟན་འགྱུར་གྱི་དཀར་ཆག་ཆེ་ཆུང་གཉིས་ཞེས་པ་ནི་བཅོམ་ལྡན་རིག་རལ་དང་དབུས་པ་བློ་གསལ་གྱི་བསྟན་འགྱུར་དཀར་ཆག་ལ་ཟེར་བ་ཡིན)། 【129】དགས་སུ་ཐོན་པ། ངག་ཧ་ཅང་དག་པོའི་སྒོ་ནས་ཀློག་པ་ལ་དགས་སུ་ཐོན་པ་ཟེར་ཞིང་འདིས་མཚོན་ནས་སྔོན་གྱི་ཡིག་རྙིང་རྣམས་སུ། བྱ་དངོས་གང་ཞིག་གི་ཆེ་ཆུང་རིང་ཐུང་དཀར་ནག་སོགས་ཀྱི་ཁྱད་པ་ཆེས་ཆེ་བེའི་རྣམ་པར་འཆད་དུས། སྔོན་རྗེས་ཡང་འཇུག་བཅས་ཀྱི་ཁྱད་པར་བརྟེན་ནས་འབྱེད་པ་མང་སྟེ། དཔེར་མཚོན་གཞན་འགའ་ཞིག་བགྲང་ན། ལེགས་བཤད་སྙིང་པོ་སོགས་སུ། མངས་སུ་དོགས་ནས་མ་བྲིས་པའོ་ལྟ་བུ། ཧ་ཅང་མང་བ་ལ། མངས། དེ་བཞིན་སྐྲ་ཤད་ལ་སོ་མངས་དང་། སྒྲ་སྙན་ལ་རྒྱུད་མངས་འདོགས་པའི་རྒྱུ་མཚན་ཡང་དེ་བཞིན་ཡིན། དེ་བཞིན་ཧ་ཅང་ཉུང་བ་དང་ཉུངས་དང་། ཧ་ཅང་ཆུང་བ་ལ་ཆུངས་ཞེས་སྣང་སྟེ། གསེར་ཕྲེང་སྐབས་དང་པོ་ས་ལྔ་པའི་ཡོངས་སྦྱངས་བཤད་པའི་སྐབས་ནགས་གནས་འདོད་ཆུང་ཆོག་ཤེས་ཐད་ཆུངས་ཞེས་བྲིས་པས་མཚན་ནོ༎ 【130】གསེར་གྱི་འབུམ་པ་ཆེན་པོ། སྐུ་གདུང་བཞུགས་སའི་གསེར་གྱི་གདུང་རྟེན་ལ་ཟེར། 【131】མིའི་དབང་པོ་བདག་པོ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཝང་(王 )གྲགས་པ་རྒྱལ་མཚན་ཡང་ཞུ། ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་པ་དེ་ཡིན། ། རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་1374 ལོར་སྣེའུ་གདོང་དུ་ཡབ་ཤཱཀྱ་རིན་ཆེན་དང་ཡུམ་ཟིན་རིན་ཆེན་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་ལྡན་ཞིང༌། ཡི་གེའི་འབྲི་ཀློག་ཀྱང་ཆེད་གཉེར་དུ་སློབ་མི་དགོས་པར་འབད་མེད་དུ་མཁྱེན། མཁན་པོ་གཞོན་དབང་ལས་རབ་ཏུ་བྱུང༌། སྤྱན་སྔ་གྲགས་པ་བྱང་ཆུབ་ལས་བཀའ་བརྒྱུད་གོང་མའི་ཁྲིད་ཡིག་རྣམས་གསན། ཕྱི་ནང་གི་རིག་པར་མཆོག་ཏུ་མངའ་བས་རྩེད་ཐང་དུ་ཕེབས་ནས་རྟོག་གེའི་རིག་པར་མངོན་པར་རློམ་པ་རྣམས་ཀྱི་སྤོབས་པ་འཕྲོགས། སྤྱི་ལོ་1385 ལོར་ཕོ་བྲང་སྣེའུ་གདོང་གི་གསེར་ཁྲིར་ཕེབས་ནས་ཆབ་སྲིད་བསྐྱངས། སྤྱི་ལོ་1388 ལོར་ཏཱ་མིང་གོང་མ་ཆེན་པོ་ཧུང་འདུས་ཆེ་མཐོང་མཚོན་སླད། ཀྭ་དིན་གོ་ཤྲཱི་སྟེ་རྒྱལ་ཁབ་སློབ་དཔོན་གཙུག་གི་ནོར་བུ་ཞེས་པའི་འཇའ་ས་དང༌། གསེར་གྱི་ཐམ་ཁ་ཕུལ། དེ་ནས་བཟུང་མཚན་དུ་ཝང་གྲགས་པ་རྒྱལ་མཚན་ཞེས་ཡངས་པའི་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། སྤྱི་ལོ་1403 ལོར་ཏཱ་མིང་གོང་མ་ཡུང་ལོ་རྒྱལ་པོས་ཧྲན་ཧཱ་ཝང་ཞེས་པའི་ཆོ་ལོ་དང་ཤེལ་གྱི་ཐམ་ཁ་གནང་བ་དང༌། རྫོང་ཆེན་སོ་སོའི་རྫོང་སྡོད་ཁག་ལའང་མི་བརྒྱུད་དང་བཅས་པར་འཇའ་ས་ཤེལ་གྱི་ཐམ་ཁ་གནང༌། སྤྱི་ལོ་1409ལོར་རྗེ་ཙོང་ཁ་པའི་གསུང་བཞིན་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོའི་དུས་སྟོན་ཁྱད་པར་ཅན་འཛུགས་རྒྱུའི་མཐུན་རྐྱེན་གང་ལེགས་བསྒྲུབས། ཕག་གྲུའི་ཆབ་སྲིད་ལོ་ངོ་བཞི་བཅུ་ཞེ་བདུན་རིང་དུ་བསྐྱངས་ཏེ་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་བྱེད་ཐབས་གསར་བ་མང་པོ་ལག་ལེན་བསྟར་བས་དེའི་སྐབས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་དབྱར་མཚོ་རྒྱས་པ་ལྟར་ཉིན་བཞིན་གོང་དུ་འཕེལ་བར་མཛད། ཁོང་གི་དྲུང་འཁོར་གྲགས་ཆེ་བ་ནི་རིན་སྤུངས་ནམ་མཁའ་རྒྱལ་མཚན་དང༌། འཕྱོངས་རྒྱས་ཧོར་དཔལ་འབྱོར་བཟང་པོ། སྣེའུ་པ་ནམ་མཁའ་བཟང་པོ། བྲག་དཀར་བ་རིན་ཆེན་དཔལ་བཅས་ཡིན། རབ་བྱུང་བདུན་པའི་ལྕགས་སྤྲེལ་སྤྱི་ལོ་1440 ལོར་སྐུ་གཤེགས།

【132】 ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི། ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་།ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ། རབ་བྱུང་དྲུག་པའི་མེ་བྱ(༡༣༥༨ )ལོར་མདོ་སྨད་ཀྱི་སའི་ཆར་ཤར་ཙོང་ཁའི་ཡུལ་དེང་སང་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་སྐུ་འབུམ་དགོན་པ་ཆགས་ཡུལ་དུ་སྐུ་བལྟམས།དགུང་ལོ་གསུམ་གྱི་སྟེང་ཆོས་རྗེ་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་།མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དགུང་ལོ་བདུན་གྱི་སྟེང་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་སྐུ་བྱིས་པའི་དུས་ནས་བདག་སྐྱོང་གིས་ཤིན་ཏུ་གཅེས་པར་མཛད་དེ་བསྐྱངས། རབ་ཏུ་བྱུང་ཞིང་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། དགུང་ལོ་བཅུ་དྲུག་པར་རང་ཡུལ་ནས་ཆབ་མདོ་བརྒྱུད་དབུས་སུ་བྱོན། ཆུ་གླང(༡༣༧༣)ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་།ཐེག་ཆེན་སེམས་བསྐྱེད་སོགས་ཞུས། ཚལ་པའི་སྨན་པ་མཁས་པ་དཀོན་མཆོག་སྐྱབས་ལས<<སྨན་དཔྱད་ཡན་ལག་བརྒྱད་པ>>སོགས་སློབ་སྦྱོང་མཛད་པས་གསོ་རིག་ལ་ཤིན་ཏུ་མཁས་པར་གྱུར། ཆོས་གྲྭ་ཆེན་པོ་བདེ་བ་ཅན(དེང་སང་རྭ་སྟོད་དགོན་པ)དུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་།གདན་ས་པ་དགེ་བསྐོང་། བླ་མ་འཇམ་རིན་པ་བཅས་ནས་བྱམས་ཆོས་གསན། སྙེ་ཐང་ཆོས་རྫོང་དུ་རྗེ་བཙུན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་སོགས་ཞུས། དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་། བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། གཞན་ཡང་ས་བཟང་མ་ཏི་པཎ་ཆེན་ལས་ཆོས་བཀའ་འདྲ་མིན་དང་སྒྲ། ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་པ། སྣར་ཐང་ལོ་ཙྰ་བ་དོན་བཟང་པ་ལས་མཛོད་དང་ཚད་མའི་ཊིཀྐ། རྗེ་བཙུན་རེད་མདའ་བ་ལས་མཛོད་རང་འགྲེལ།དབུ་མ། ཚད་མ། མངོན་པ་ཀུན་བཏུས་དང་། སྐྱོར་མོ་ལུང་གི་མཁན་པོ་བློ་གསལ་བ་ལས་འདུལ་བ་དང་མཛོད། མལ་གྲོ་ལྷ་ལུང་བླ་མ་བསོད་གྲགས་ལས་ཆོས་ལུང་མང་པོ། ལོ་ཆེན་ནམ་མཁའ་བཟང་བོ་ལས་སྙན་དངགས་མེ་ལོང་། གདན་ས་ཐེལ་དུ་སྤྱན་སྔ་ཆོས་གྲགས་པ་ལས་ནྰ་རོ་ཆོས་དྲུག་དང་སྒྲ་སོགས། བླ་མ་ཡེ་ཤེས་རྒྱལ་མཚན་ལས་དུས་འཁོར་གྱི་འགྲེལ་ཆེན་སོགས། བུ་སྟོན་གྱི་དངོས་སློབ་གོང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལས་དུས་འཁོར་དང་རྡོ་འཕྲེང་། གསང་འདུས་ལུགས་གཉིས། བུ་སྟོན་གྱི་ཡིག་ཆ་སོགས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་ཡོ་གའི་སྐོར་སོགས།བླ་མ་དབུ་མ་བ་དང་དཔའ་བོ་རྡོ་རྗེ་ལས་དབུ་མ་འཇུག་པའི་རང་འགྲེལ་སོགས་གསན། དབུ་མ་པས་ལོ་ཙྰ་མཛད་དེ་རྗེ་བཙུན་འཇམ་དབྱངས་ལས་དབུ་མའི་ལྟ་བ། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་གནད་དང་། རིམ་ལྔའི་གོ་རིམ་དྲང་ངེས་སོགས་ཀྱི་དོགས་བཅད་གནང་། ལྷོ་བྲག་གྲུབ་ཆེན་ལས་སྙན་རྒྱུད་དང་བཀའ་གདམས་ལམ་རིམ་པ་དང་། གདམས་ངག་པའི་རྒྱུད་པ། གྲྭ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་བོ་ལས་བཀའ་གདམས་གཞུང་པ་བའི་རྒྱུད་པའི་ལམ་རིམ་སོགས་གསན། དགུང་ལོ་ཉེར་ལྔ་པར་ཡར་ལུང་རྣམ་རྒྱལ་དུ་ཁ་ཆེ་པཎྟི་ཏ་ཤྰཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པའི་མཁན་པོ་བཀའ་བཞི་ཚུལ་རིན་པས་མཁན་པོ་མཛད་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་གྲངས་སོ་དྲུག་པ་ཆུ་སྤྲེལ(༡༣༩༢)ལོའི་ཟླ་བཅུ་པར་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་འོལ་དགའ་ཆོས་ལུང་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་བཀྲལ་བར་མ་ཟད། དོན་ཉམས་སུ་བཞེས་ཏེ་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་བས་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར། མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད། དགུང་ལོ་ཞེ་དྲུག་པ་རབ་བྱུང་བདུན་པའི་ཆུ་རྟ(༡༤༠༢)ལོར་རྭ་སྒྲེང་ཡང་དགོན་དུ་བྱང་ཆུབ་ལམ་རིམ་ཆེ་མོ་གསར་རྩོམ་མཛད། དགུང་གྲངས་ང་གཅིག་པ་མེ་ཕག(༡༤༠༧)ལོར་གོང་མ་ཏྰ་མིང་ཡུང་ལོ་རྒྱལ་པོས་སྤྱན་འདྲེན་པ་སླེབས་ཀྱང་ཞལ་བཞེས་མ་གནང་། མཐར་གང་གི་སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤྰཀྱ་ཡེ་ཤེསགཏོང་གནང་མཛད་པ་ལྟར་ཕེབས་ཏེ་དགོན་པ་འདེབས་པ་དང་། དགེ་འདུན་གྱི་སྡེ་འཛུགས་པ་སོགས་མཛད་པ་སྐྱོང་། གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་སོ་དྲུག་པར་འོལ་དགའ་རྫིང་ཕྱིའི་བྱམས་པཉམས་གསོ་དང་། དགུང་ལོ་སོ་དགུ་ལ་གཉལ་གྱི་ལུང་ར་ཆེན་པོ་བཙུགས་པ། དགུང་ལོ་ང་བཞི་པ་ས་གླང(༡༤༠༩ )ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་དུས་མཆོད་གསར་འཛུགས་དང་། ལོ་དེར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གསར་བཞེངས་གནང་བ་བཞི་ལ་རྗེའི་མཛད་ཆེན་བཞི་ཞེས་ཡོངས་སུ་གྲགས། ལྕགས་སྟག(༡༤༡༠)ལོའི་ཟླ་གཉིས་པའི་ཚེས་ལྔ་ལ་རྗེ་ཙོང་ཁ་པ་དགའ་ལྡན་དུ་གདན་ཞུས་ཐོག་རབ་གནས་ཀྱི་རིམ་པ་རྒྱས་པར་མཛད། དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག(༡༤༡༩)ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོད་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་བཤེགས། གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་སྐུ་བཤེགས་རྗེས་རྒྱལ་ཚབ་རྗེས་བསྐུལ་བ་ལྟར། གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ་དགའ་ལྡན་པར་རྙིང་ཞེས་དེ་སྔོན་ཟུང་ཆུ་ཁང་ཚན་དུ་བཞུགས། རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང་། སྐུའི་གདུང་རྟེན་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་བསྐྲུན་ཏེ་བུམ་ནང་དུ་སྐུ་གདུང་རིལ་པོ་བཞུགས་སུ་གསོལ། རྗེ་བདག་ཉིད་ཆེན་པོ་སྐུ་བཤེགས་པའི་ཕྱི་ལོ་ལྕགས་བྱི(༡༤༢༠)ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་ཁོང་གི་དགོངས་རྫོགས་ཀྱི་རིམ་པ་རྒྱ་ཆེར་མཛད། དེ་ནས་བཟུང་གླིང་མེ་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས། མདོ་དབུས་ཁམས་གསུམ་དུ་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་དགོང་མོ་ཁང་པའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་སྲོལ་དེ་བྱུང་བ་ཡིན། 【133】 མདོ་སྟོད་དུ་སྐྱེས་པའི་བཙུན་པ་སྡེ་སྣོད་འཛིན་པ་གྲགས་པ་བློ་གྲོས། རྗེ་ཙོང་ཁ་པའི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུའི་ཁྲོད་ནས་སྐུ་ཚེ་སྟོད་ཀྱི་བུ་སློབ་སྔར་ཚར་བཞི་སྟེ། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ།མདོ་སྟོད་གྲགས་པ་བློ་གྲོས།སྟོང་སྟོན་ཛྙ་ན་ཤྲི།དགེ་བཤེས་ཤ་སྟོན་དང་བཞི་དང་། ཕྱི་ཚར་ཏེ་རྗེ་ཉིད་བྱ་བྲལ་ལ་ཕེབས་སྐབས་ཀྱི་སློབ་མ་བརྒྱད་ལས་དབུས་པ་བཞི་ནི་འཇམ་དཀར་བ།བཟང་སྐྱོང་བ།རིན་རྒྱལ་བ།བྱང་སེ་བ་བཞི། མདོ་ཁམས་པ་བཞི་ནི། རྗེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ།ཤེས་རབ་གྲགས་པ།འཇམ་དཔལ་བཀྲིས།དཔལ་སྐྱོང་བ་བཞི་སྟེ་བརྒྱད་པོ་འདི་དག་ལ། སྔ་ཚར་བཞི་དང་ཕྱི་ཚར་བརྒྱད་ཅེས་རྗེའི་རྣམ་ཐར་ཀུན་གྱི་ནང་ན་རྩོད་མེད་དུ་གྲགས་པ་དེ་དག་གི་ནང་ཚན་ནས། མདོ་སྟོད་པ་གྲགས་པ་བློ་གྲོས་ཏེ། མི་ཡི་དབང་པོ་གྲགས་པ་རྒྱལ་མཚན་པས། རང་གི་ཞང་པོ་སྤྱན་སྔ་གྲགས་བྱང་པ་ཞི་བར་གཤེགས་ནས་ལོ་གཅིག་སོང་བའི་འདས་མཆོད་དང་བསྟུན་རྗེ་ཙོང་ཁ་པ་ཆེན་པོ་ཐེལ་གྱི་གདན་ས་ཆེན་པོར་གདན་དྲངས་པའི་སྐབས་རྗེ་བླ་དང་མཉམ་དུ་ཕེབས་ཤིང་། རྗེས་རྟོགས་བརྗོད་འདི་ཉིད་མཛད་པའི་སྐབས་ཡི་གེ་བ་ཞུས་པས་མཚོན། རྒྱུན་ལྡན་རྗེ་བླ་མ་གང་དུ་ཕེབས་པའི་སྐབས་ཡི་གེ་བ་རེ་ཕྱག་ཕྱིར་ཁྲིད་གནང་མཛད་ཀྱི་ཡོད་པའི་ནང་ནས་གཅིག་ཡིན། རྣམ་ཐར་འདི་ཉིད་རྩོམ་པའི་ལོ་ནི། སྤྱན་སྔ་གྲགས་པ་བྱང་ཆུབ་དགོངས་པ་རྫོགས་པའི་ཕྱི་ལོ་སྟེ། རབ་བྱུང་བདུན་པའི་མེ་ཡོས། སྤྱི་ལོ་༡༣༨༧ ལོ་ལ་ཡིན། ཚུལ་འདི་བྱེད་པོ་ཚུན་མཐོང་ཡིན་མོད་ཀྱང་༎ སྐྱེས་སྦྱངས་གོམས་པའི་བག་ཆགས་མི་དམན་པས༎ ཕལ་ཆེར་ལེགས་བཤད་དཔལ་གྱིས་མཛེས་སྙམ་མོད༎ གལ་ཏེ་ཉེས་ན་མཁས་རྒུའི་མདུན་སར་གཤགས༎ འདི་བྱས་རྣམ་དཀར་རྩྭ་རྩེར་ཆགས་པའི་ཆུ༎ བྱང་ཆེན་རྒྱ་མཚོ་ཀློང་དང་འདྲེས་པ་ལས༎ ལྷུན་པོར་ཆུ་གཏེར་སྨད་གཡོག་མ་དོར་བར༎ དེ་སྲིད་རླབས་ཀྱི་རྩེད་འཇོ་སྒེག་གྱུར་ཅིག ། ཞེས་པ་འདི་ཡང་རྟོགས་བརྗོད་འདི་བཞིན་གདན་སའི་སློབ་གཉེར་པ་དང་མཐོ་སློབ་ཁག་གི་སློབ་ཚན་དུ་ཡོད་པས། སྔ་ཕྱིར་ཐེངས་མང་ཁྲིད་པའི་མྱོང་ཐོག་ནས། ཚིགས་བཅད་རྣམས་ཀྱི་རྒྱན་གང་ཡིན་པའི་ངོས་འཛིན་རྟོགས་བརྗོད་རང་གི་ལྷན་ཐབས་སུ་བཀོད་རྗེས། ཚིག་གནད་འགའ་ཞིག་ཟུར་དུ་བཀར་ནས་མཆན་འགྲེལ་གྱི་ཚུལ་དུ་འགོད་པ་པོ་ནི། གངས་ཅན་པའི་ཕྱི་ནང་རིག་པའི་གནས་ཕལ་པོ་ཆེར་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་དགེ་ཡང་། ཐོས་དོན་རྒྱུད་ལ་སྦྱོར་པའི་ཉམས་ལེན་གྱི་སྐལ་བ་དམན་པ། བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་བས་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག(སྤྱི་ལོ་༢༠༡༢)ལོར་ཟིན་བྲིས་སུ་བཏབ་པ་དགེའོ༎ །།